བྱང་སྤྱི་གསར་འཛུགས་བྱེད་དོན་དང་བཙུགས་པའི་དུས་ཚོད་དང་། བྱང་སྤྱིའི་སྲིད་འཛིན་སྒྲིག་གཞི་དང་བྱང་སྤྱི་རིམ་བྱུང་།

བྱང་སྤྱི་གསར་འཛུགས་བྱེད་དོན་དང་བཙུགས་པའི་དུས་ཚོད་དང་། བྱང་སྤྱིའི་སྲིད་འཛིན་སྒྲིག་གཞི་དང་བྱང་སྤྱི་རིམ་བྱུང་།

ལེ་ཚན་གཉིས་པ། བྱང་སྤྱི།

དང་པོ། བྱང་སྤྱི་གསར་འཛུགས་བྱེད་དོན་དང་བཙུགས་པའི་དུས་ཚོད།

གཞུང་ས་དགའ་ལྡན་ཕོ་བྲང་པའི་སྲིད་དབང་དབུ་བརྙེས་པའི་ཐོག་མའི་དུས་རིམ་ནང་སྡེ་སྲིད་ཀྱི་ལམ་ལུགས་དང་། ཕྱི་ལོ་ ༡༧༥༡ ནས་བཀའ་ཤག་གི་ལམ་ལུགས་བྱུང་བའི་རིང་། གཞི་རིམ་འཛིན་སྐྱོང་ཐད་དབུས་གཞུང་ནས་རྫོང་གཞིས་ཁག་ཐད་སྐྱོང་གནང་ལམ་ལས་ས་གནས་སྤྱི་ཁྱབ་ཀྱི་ལམ་ལུགས་ཤིག་མེད་རྐྱེན། རྫོང་དང་རྫོང་བར་དང་གཞིས་ཀ་དང་གཞིས་ཀའི་བར་གཅུན་འདོམས་བྱེད་དཀའ་བར་འགྱུར་རྐྱེན་རྟག་པར་ཁ་མཆུ་དང་། རྒྱག་རེས། གྱོད་དོན་འཁྲུག་ཟིང་རྒྱུན་མི་ཆད་པ་ཡོང་གི་ཡོད་པར་བརྟེན།

༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཕྱི་ལོ་ ༡༩༡༠ ཡས་མས་ནས་མི་མང་གི་བདེ་སྡུག་དྲང་སྙོམས་ཡོང་སླད། གཞུང་སྲིད་འཛིན་སྐྱོང་ལམ་ལུགས་ལ་ལེགས་བཅོས་གནང་ནས་སྔ་ཕྱིར་ལྷོ་སྤྱི་དང་། མདོ་སྤྱི། གཙང་སྤྱི་སོགས་དང་། ཕྱིས་བྱང་སྤྱི། དྭགས་ཀོང་སྤྱི་ཁྱབ་སོགས་བཙུགས་ཡོད་ཅིང་། སྤྱི་ཁྱབ་ངོ་མ་དེ་བཀའ་ཤག་ནས་༸གོང་ས་མཆོག་ལ་སྙན་སེང་ཐམ་ཞུ་བྱས་ནས་ཐད་བསྐོས་གནང་ལམ་ཡོད་འདུག

བྱང་སྤྱི་ནི་ཕྱི་ལོ་ ༡༩༤༢ ལོ་ནས་ཧོར་སྤྱིར་གཞུང་ཞབས་བསྐོ་གཏོང་མ་དགོས་པར་སྟག་བྲག་བླ་བྲང་ལ་སྲིད་སྐྱོང་གི་འཁྱོངས་ཐེབས་སུ་སྤྲད་ནས་ལོ་གཉིས་སོང་མཚམས། འབྲི་རུ་ཁུལ་སྟག་བྲག་བླ་བྲང་ནས་མུ་མཐུད་ཉར་བ་ཕུད་དེ་བྱིངས་ཧོར་སྤྱིའི་ཁྱབ་ཁོངས་ཤོག་ཁག་རྣམས་གཞུང་ལ་ཕྱིར་འབུལ་ཞུས་པས། བཀའ་ཤག་ནས་དེ་སྐོར་དྲུང་རྩིས་ལ་གོ་བསྡུར་དང་འབྲེལ་སྲིད་སྐྱོང་སྟག་བྲག་རིན་པོ་ཆེར་སྙན་ཞུས་ཆོག་མཆན་ཐོབ་དོན་ལྟར། སླར་ཧོར་སྤྱི་བསྐོ་གཏོང་མ་དགོས་པར་ཚོ་པ་སོ་དགུའི་སྡེ་ཤོག་རྣམས་རྫོང་འགོ་ཁག་དྲུག་[1] ཏུ་བགོས་ཏེ། རྫོང་སྡོད་སེར་སྐྱ་ཉིས་སྦྲེལ་རེ་བསྐོ་གཏོང་བྱ་རྒྱུའི་གཏན་འབེབས་གནང་བ་དང་སྦྲགས། ཕྱི་ལོ་ ༡༩༤༣ ལོར་དེ་སྔ་བྱང་རིགས་སྡེ་བཞིའི་ཁྲལ་བསྡུ་ཁྲིམས་གནོན་བྱེད་པོ་ནག་ཆུ་འགོ་པ་མཁན་ནང་(རྩེ་དྲུང་དེར་མཁན་པོ་དང་ཤོད་དྲུང་དེར་ནང་སོ་ཞེས་བརྗོད་སྲོལ་ཡོད།)སྦྲེལ་པོ། ཞེས་གནས་ལྔ་པའི་རྫོང་སྡོད་སེར་སྐྱ་གཉིས་རེ་འགྲོ་སྲོལ་ཡོད་པ་དེ་དག་གི་ཚབ་ཏུ་བྱང་ས་རྒྱབ་སྟོང་ས་གནས་འདུ་འགག་གལ་ཆེར་ཁྱབ་འདོམས་ཆེ་ཁྱད་ཡིན། ཞེས་བྱང་རྒྱུད་སྤྱི་ཁྱབ་གསར་འཛུགས་ཀྱིས་བསྐོ་གཏོང་བྱས་པ་དང་ཆབས་ཅིག་གོང་གསལ་རྫོང་ཁག་དྲུག་ཀྱང་བྱང་སྤྱིའི་བཀོད་འདོམས་བྱ་ཡུལ་གྱི་མངའ་ཁོངས་སུ་བཅུག་འདུག་གོ།

གཉིས་པ། དེ་སྔའི་བྱང་སྤྱིའི་ཁོངས་ཀྱི་རྫོང་གཞིས་ཁག་དེང་གང་དུ་གཏོགས་མིན།

ལོ་རྒྱུས་ཐོག་རྫོང་གཞིས་ཁག་ལ་འཕོ་འགྱུར་རིམ་པར་ཕྱིན་ཡོད་པས་ངེས་བརྟན་གྱི་དབྱེ་མཚམས་ཤིག་བརྗོད་དཀའ་ཡང་། ཕྱི་ལོ་ ༡༩༤༣ ལོར་བྱང་སྤྱི་ཐོག་མར་འཛུགས་སྐབས་བྱང་སྤྱིའི་མངའ་ཞབས་སུ་ཁྱོན་རྫོང་གཞིས་བཅུ་བཞི་ཡོད་པ་བཤད་ལ།[2] འགའ་རེས་བྱང་སྤྱིའི་འོག་ཏུ་རྫོང་གཞིས་བཅོ་བརྒྱད་དམ་བཅུ་དྲུག་ཡོད་པ་བཤད་མོད། འདིར་བྱང་རིགས་སྡེ་བཞིའི་ཁོངས་གཏོགས་ཀྱི་དེ་སྔའི་རྫོང་གཞིས་ཁག་དེང་གང་དུ་གཏོགས་མིན་བརྗོད་པར་འདོད་དོ།།

ལོ་རྒྱུས་ཐོག་གི་རྫོང་དང་གཞིས་ཀ ད་ལྟའི་རྫོང་།
ནག་ཆུ་རྫོང་། ནག་ཆུ་རྫོང་དང་། ཨ་མདོ་རྫོང་།
གནམ་རུ་རྫོང་། འདམ་ཆོས་འཁོར། འདམ་ས་སྐྱ་རྫོང་། དོལ་པ། ཤིང་སྒེར། མཁཪ་ཐོག དཔལ་མགོན་རྫོང་།1
ཕོད་མདོ་གཞིས། འཕན་པོ་ལྷུན་གྲུབ་རྫོང་།
འདམ་རྒྱ་ཤོག་བརྒྱད། དག་པོ་མཚོ་སྲིབ། སྦས་ཚང་གཞིས་(དེང་སྙིང་དྲུང་ཁོངས་ཡོད།) ཡངས་པ་ཅན། འདམ་གཞུང་རྫོང་།
ནག་ཚང་། གཡག་པ། བར་གླིང་ཚོ་པ། ཤན་ཚ་རྫོང་།2 ཉི་མ་རྫོང་། མཚེའུ་དོན་གཅོད་ཁྲུའུ།

གསུམ་པ། བྱང་སྤྱིའི་སྲིད་འཛིན་སྒྲིག་གཞི་དང་བྱང་སྤྱི་རིམ་བྱུང་།

དེ་ཡང་བྱང་སྤྱིའི་སྒྲིག་གཞི་ནི་ཁྱབ་འདོམས་བྱ་ཡུལ་རི་བོ་ཆེ་བླ་གཉེར་ཡན་ནས་གནམ་རུ་ནག་ཚང་མན། རྒྱལ་སྟོན་ལྷ་རི་འགོ་ཚུན་གྱི་རྫོང་འགོ་ཁག་བཅུ་དྲུག་གི་མངའ་ཁོངས་རྣམས་ཡིན་པ་དང་། དེ་དག་གི་གཞུང་སྒེར་ཆོས་བཅས་ཚང་མས་བྱང་སྤྱིའི་བཀའ་བཀོད་དང་ལེན་བྱེད་དགོས་པའི་སྲིད་ཐམ་ལག་ཁྱེར་ཡོད། བྱང་སྤྱིའི་འགན་དབང་ནི་ཁྱབ་ཁོངས་རྫོང་འགོ་ཁག་དང་། བྱང་རིགས་སྡེ་བཞིའི་དཔོན་འགོ་ཁག་གི་ས་ནས་(སྤྱི་བསྒྲིགས་གན་རྒྱ།)ལེན་པ་དང་། བཀའ་ཤག་ནས་བཀོད་རྒྱ་ནམ་འབྱོར་གྱི་ནང་དོན་རྣམས་བརྒྱུད་བསྒྲགས་བྱ་རྒྱུ། རྫོང་འགོ་ཁག་གིས་ཐག་གཅོད་མ་ཐུབ་པའི་གྱོད་དོན་ཁག་བྱང་སྤྱིར་གཏུག་བཤེར་གྱིས་ཁྲིམས་གཅོད་བྱེད་སྒོ། ཁྲིམས་འགལ་རིགས་གཅུན་འདོམས་དང་གཞུང་ཁྲལ་དུས་འབུལ། ཚོང་དོན་ལ་རྟོག་ཞིབ་དང་རྩོད་གླེང་བྱུང་ན་ཐག་གཅོད། མཐའ་མཚམས་ཀྱི་བདག་དབང་སྲུང་སྐྱོབ། ཆབ་འབངས་ཀྱི་བདེ་སྡུག་ལ་བལྟ་སྐྱོང་། དགོན་སྡེའི་འདུལ་ཁྲིམས་སྤྱི་འདོམས། གཤམ་འོག་དཔོན་རིགས་བསྐོ་འཐེན་བྱ་རྒྱུ་སོགས་ཡིན་ཀྱང་། དོན་གནད་ཆེ་རིགས་ཐོན་ཚེ་འཕྲལ་མར་བཀའ་ཤག་ལ་སྙན་སེང་ཞུ་དགོས་པ་ལས་སྒེར་ཐག་བཅད་ཆོག་གི་མེད། ཕྱི་ལོ་ ༡༩༤༣ ནས་ ༡༩༥༩ བར་གྱི་བྱང་སྤྱི་རིམ་པའི་མཚན་གཞུང་གཤམ་གསལ།

བྱང་སྤྱིའི་ཨང་རིམ། གནས་རིམ། བྱང་སྤྱིའི་མཚན།
དང་པོ། རིམ་བཞི། སེར་མོ། ཕ་ལྷ་མཁན་ཆུང་ཐུབ་བསྟན་འོད་ལྡན།
རིམ་བཞི། སྐྱ་བོ། གསུམ་མདོ་བ་རྒྱལ་མཚན་ཡོད་ཏན།
གཉིས་པ། རིམ་བཞི། སེར་མོ། ལྷའུ་རྟ་ར་ཐུབ་བསྟན་བསྟན་དར།
རིམ་བཞི། སྐྱ་བོ། ཞ་སྒབ་པ་བློ་གསལ་དོན་གྲུབ།
གསུམ་པ། རིམ་བཞི། སེར་མོ། ཐུབ་བསྟན་བཟང་པོ།
རིམ་བཞི། སྐྱ་བོ། ར་ས་རྒྱ་རྒན་པ་ཕུན་ཚོགས་དབང་རྒྱལ།
བཞི་པ། རིམ་བཞི། སེར་མོ། ཐུབ་བསྟན་བྱང་ཆུབ།
རིམ་བཞི། སྐྱ་བོ། སྨན་སྐྱིད་གླིང་པ་འཇམ་དབྱངས་རྒྱལ་མཚན།
ལྔ་པ། རིམ་བཞི། སེར་མོ། བློ་བཟང་བསྟན་འཛིན།
རིམ་བཞི། སྐྱ་བོ། སྨན་སྟོད་བློ་བཟང་དབང་འདུས།

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

 

[1].  རྫོང་དྲུག་ནི་གཉན་རྫོང། འབྲི་རུ་རྫོང་། ལྷོ་ནེམ་ཁྲི་རྡོ། སེར་ཚ་རྫོང་། སྟེང་ཆེན་རྫོང་། སྦྲ་ཆེན་རྫོང་བཅས་སོ།།

[2].  བོད་ལྗོངས་སྤྱི་བཤད། སྟོད་ཆ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༡། ཤོག ༧༡།

དབུས་གཙང་རིག་མཛོད་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།