༄༅། །སློབ་དཔོན་ཕྱྭ་པ་ལ་བསྟོད་པ་བཞུགས་སོ། །
༄༅། །ཨོཾ་སྭཱ་སྟི་སིདྡྷི། བརྩེ་ཆེན་སྤྲོས་བྲལ་གཉིས་སུ་མེད་པའི་སྐུ་ལྡན་པ། །སྟོན་པ་འཇིག་རྟེན་འདྲེན་ལ་གུས་པས་ཕྱག་འཚལ་ཏེ། །གང་གི་དྲིན་གྱིས་བདག་བློའི་པདྨ་འབྱེད་མཛད་པ། །བླ་མ་དམ་པ་དེ་ལ་དང་བས་བསྟོད་པར་བགྱི། །དཔག་མེད་དུས་ནས་སྦྱིན་སྡོམ་ཐོས་ལ་སོགས། །དགེ་ཆོས་བསམ་གྱིས་མི་ཁྱབ་རབ་ཏུ་བསྐྲུན་མཛད་རྒྱུས། །རིགས་གཟུགས་བློ་གྲོས་བརྩོན་སོགས་མཆོག་གིས་རབ་བརྒྱན་པ། །དལ་ཞིང་འབྱོར་པ་ཕུན་སུམ་ཚོགས་པ་བཟང་པོའི་གཞིར། །རང་བཞིན་གྱིས་གནས་རིགས་གྱུར་ཐར་པའི་ས་བོན་ལ། །
བཤེས་གཉེན་དམ་པའི་ཆུ་ཡིས་རྣམ་པར་བརླན་བྱས་པས། །དད་དང་ཡིད་ཆེས་མངོན་པར་འདོད་དང་བཅས་པ་ཡི། །དད་པའི་རྩ་བ་བཟང་པོ་མ་ཉམས་བརྟན་པ་ཅན། །ཆོས་འདུལ་ལེགས་པར་གསུངས་པ་བསླབ་པའི་དམ་ཆོས་ལས། །སྡོམ་གསུམ་ལྡན་པར་ཚུལ་ཁྲིམས་ལེགས་བླངས་སྡོང་པོ་ཅན། །རང་བཞིན་བཅས་པའི་ཉེས་ཚོགས་མི་འབྱུང་ཕྲ་མོ་ཡང་། །མི་ཉམས་བསྲུང་བའི་ཡལ་གས་རབ་ཏུ་མཛེས་པ་པོ། །ཀུན་ནས་དུལ་བའི་ལོ་འདབ་རབ་ཏུ་རྒྱས་གྱུར་པ། །གྲགས་པའི་དྲི་ཡིས་ཕྱོགས་རྣམས་ཀུན་ཏུ་རྣམ་ཁྱབ་པས། །སྐལ་ལྡན་སྐྱེ་བོ་བུང་བའི་ཁྱུ་མཆོག་འདུས་པ་རྣམས། །ཉོན་མོངས་གདུང་བ་གསུང་གིས་སྐྱོབ་པའི་བསིལ་གྲིབ་ཅན། །མངོན་མཐོའི་མེ་ཏོག་ཐར་པའི་འབྲས་བུ་གདུལ་བྱ་ཡི། །སྲེད་པ་ཟིལ་མངར་རོ་ཡིས་ཚིམ་མཛད་ལྗོན་པའི་ཤིང་། །འཇིག་རྟེན་གཏམ་གྲགས་ཕྱ་ལྟར་ཚུལ་ཁྲིམས་བཀོད་མཛད་པ། །མཁན་པོ་ཆེན་པོ་ལྷག་པའི་ཚུལ་ཁྲིམས་དགེ་འདུན་བསྟོད། །ཉོན་མོངས་རྩ་སྟོང་སྲེད་པའི་འཁྲི་ཤིང་དམ་པོའི་ནགས། །འདོད་ཡོན་ལོ་འབྲས་ལོངས་སྤྱོད་རང་དགར་རྣམ་འཁྱམས་ལས། །བག་ཡོད་ཉམས་དགའ་དགེ་ལྡན་རྒྱལ་པོའི་ཕོ་བྲང་དུ། །བཤེས་གཉེན་དམ་པས་ཡོངས་སུ་བཀུག་པའི་གླང་པོ་ཆེ། །རྟོག་པས་མི་བསྒུལ་ཀུན་ནས་བརྟན་པའི་ཞི་གནས་ལུས། །མཐའ་གཉིས་གཡང་ས་སྤོང་བས་ཀུན་ནས་རབ་འགྱིང་ཞིང་། །བདག་གཞན་མཉམ་བརྗེའི་རྨིག་པའི་གོམ་སྟབས་རབ་ཏུ་འགྱུར། །དྲན་པའི་ལྕགས་ཀྱུས་འདུན་པའི་ཁ་ལོ་བསྒྱུར་བ་ཅན། །ལམ་གཉིས་མན་ངག་རིན་ཆེན་དྲ་བས་ཁེབས་པའི་གདོང་། །ཐུན་བཞིར་མཉམ་འཇོག་སྤྲོ་ལྡན་བཟླས་ལ་བརྩོན་པའི་དབུགས། །རྟོག་པའི་གཟིགས་བྲལ་ཤེས་བྱའི་མཐའ་ཀུན་གཟིགས་པའི་སྤྱན། །ཚིག་འབྲུ་སྤངས་ཀྱང་གསུང་རབ་དོན་རྟོགས་སྙན་ལྡན་པ། །རྣམ་གཡེང་ཉོན་མོངས་དགྲ་ཚོགས་འཇེབས་པར་འཐག་པ་ཡི། །ཞི་གནས་ལྷག་མཐོང་ཟུང་འབྲེལ་གནམ་ལྕགས་རལ་གྲི་ཅན། །སྒྲིབ་པ་ལྔ་སྤངས་མཆེ་བ་རྣོ་དཀར་གྱིས་མཛེས་པའི། །སེམས་ཀྱི་བསླབ་པའི་གླང་ཆེན་བླ་མ་ཁྱེད་ཕྱག་འཚལ། །སྐྱེས་ཐོབ་བློ་གྲོས་མཆོག་ལྡན་རབ་ཏུ་བརྟན་པའི་གཞི། །རྟོག་གེའི་གཞུང་ལུགས་མང་ཐོས་སྲ་བརྟན་བརྩེགས་པའི་སྤོ། །བདེ་བར་གཤེགས་གསུང་དྲི་མེད་ལུང་གི་ཁ་བ་ཡིས། །རྣམ་པར་དཀར་སྒྱུར་ཐོས་པའི་གངས་ཀྱི་རི་ཡི་རྩེར། །རིགས་ཚུལ་སྦྱངས་པ་ལས་བྱུང་བསམ་པ་མཐར་ཕྱིན་ལུས། །བློ་གྲོས་ཤུགས་ཆེན་རྩལ་ལྡན་རིགས་པ་ཡངས་པའི་བྲང་། །རིགས་ཚུལ་ཐོགས་མེད་ཀུན་ལ་གོ་མཛད་ཡན་ལག་ཅན། །གཞུང་གཞན་འཇིགས་བསྐྱེད་བདག་མེད་དོན་རྟོགས་བརྗིད་ལྡན་དབུ། །རྟོག་པའི་ཡུལ་ལ་དཔྱོད་བློས་རབ་ཏུ་གཞིག་གྱུར་ནས། །དུས་མཐའ་རྡུལ་མཐའ་ཐུག་མེད་གཟིགས་པའི་སྤྱན་དམར་བ། །ལྡོག་རྫས་ཐ་དད་གཅིག་གྱུར་གཅིག་ལ་ཐ་དད་ཚུལ། །བསམ་ཡས་འདྲེས་དང་མ་འདྲེས་མཁྱེན་པའི་རལ་པ་ཅན། །དཔྱོད་པའི་དཀྱིལ་འཁོར་རབ་ཏུ་ཡངས་པའི་ཞལ་མཛེས་ལ། །འགལ་འབྲེལ་རིགས་པ་ལས་གྲུབ་རྡོ་དཀར་མཆེ་བ་གཙིགས། །སྤྲོས་བྲལ་ཆོས་ཀྱི་རོ་ཡིས་ཀུན་ནས་ཚིམ་པའི་ལྗགས། །དངོས་འཛིན་རི་དྭགས་སྐྲག་མཛད་སྟོང་ཉིད་ང་རོ་སྒྲོགས། །བདེན་གཉིས་དོན་རྟོགས་དཔལ་ལྡན་ཤུགས་ཆེན་གོམ་སྟབས་ཀྱིས། །ཕྱི་རྒོལ་གླང་ཆེན་དྲེགས་པའི་མགོ་བོ་རྣམ་འཕྱངས་ཏེ། །སྡེབ་སྦྱོར་མ་དཀྲུགས་གསལ་བའི་སྡེར་མོ་རབ་རྣོ་བས། །ལྟ་ངན་ཀླད་ཁག་མ་ལུས་རྩད་ནས་འདོན་མཛད་འདུད། །ཨེ་མ་ལྷག་པའི་ཤེས་རབ་བསླབ་ལྡན་ས་སྟེང་ན། །དོ་ཟླ་ཀུན་སྤངས་སེང་གེ་དང་མཚུངས་རྟོགས་གྱུར་ནས། །སྟོན་ཕྱིར་སྟོན་པ་སངས་རྒྱས་བླ་མ་དོན་ལྡན་མཚན། །ཕྱྭ་པ་ཆོས་ཀྱི་སེང་གེའི་ཞབས་ལ་མགོས་ཕྱག་འཚལ། །བསླབ་པ་གསུམ་དང་དེ་བཞིན་དཀོན་མཆོག་གསུམ་གྱི་དོན། །ལྗོན་ཤིང་ཆེ་དང་གླང་པོ་ཆེ་དང་སེང་གེའི་དཔེས། །གསལ་བྱེད་དེ་དག་བླ་མའི་མཚན་དང་ལྡན་པར་བསྟོད་པ་ཡི། །སྡེབ་སྦྱོར་འདི་ནི་འཕགས་པའི་དབྱངས་ཞེས་མིང་དུ་གྲགས། །ཀྱེ་མ་ཀྱི་ཧུད་ཀྱི་ཧུད་སྙིགས་མའི་དུས་གྱུར་ཅིང་། །ཐུབ་པའི་བསྟན་པ་རྙིངས་པས་ས་མོ་གླང་གི་ལོའི། །ནག་པ་ཟླ་བའི་ནག་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ། །དགེ་ལེགས་གང་ཟག་མཆོག་ཁྱོད་གཤེགས་ཞེས་བདག་གིས་ཁུམས། །གདུལ་བྱའི་སྐྱེ་བོ་སྐལ་ལྡན་འདུས་པར་གྱུར་པ་རྣམས། །ལྟ་ངན་དྲ་བ་སྣ་ཚོགས་རབ་ཏུ་དྲལ་བ་དང་། །སྤྱོད་ངན་ཚང་ཚིང་མ་ལུས་རྗེས་གཞིག་མཛད་པ་ཡི། །གཞན་དོན་དགོངས་མཛད་བཤོལ་ནས་སྐྱེས་མཆོག་གང་དུ་བཞུད། །ལེ་ལོའི་དབང་གིས་གོམ་སྟབས་འཁྱོར་བས་རྣམ་གཡེང་གི། །ཆོམ་པོས་ཕྲོགས་ཤིང་ཡུན་རིང་རྣམ་པར་འཁྱམས་གྱུར་པ། །བདག་ལའང་མི་བཞུགས་དཔའ་ཁྱོད་མྱུར་བར་གཤེགས་གྱུར་པས། །ཀྱི་ཧུད་ཀྱི་ཧུད་ཅེས་བྱའི་ཚིག་ནི་འདིར་བྱས་ལགས། །འོན་ཀྱང་ཁྱོད་གསུང་བདེན་གཉིས་རྣམ་པར་འབྱེད་པའི་དོན། །ཐོས་པ་ལས་རྙེད་ཆོས་ཀུན་སྒྱུ་མ་དང་མཚུངས་པར། །རྟོགས་པའི་མྱུ་གུ་ཅུང་ཟད་ཤར་བ་གང་ལགས་པ། །འདི་ལ་བསམ་པར་བགྱིས་ལས་བདག་གིས་གཞན་ཅི་བགྱི། །གཞན་ཡང་ཁྱོད་གཤེགས་གྱུར་ཡང་ཐུགས་སོགས་མཆོད་པའི་རྟེན། །སྐལ་དམན་གཟུང་ཕྱིར་བཞག་ལའང་ཡུན་དུ་བཞུགས་པ་དང་། །རིང་བསྲེལ་མཆོད་ལ་ཁྱད་པར་མེད་པར་བདེ་གཤེགས་གསུང་། །དེ་ཕྱིར་མཆོད་རྟེན་བདག་གི་མཆོད་དམན་དག་གིས་མཆོད། །གླེགས་བམ་ཕུལ་ལ་བསོད་ནམས་མཆོག་ཕྱིར་རྒྱལ་བའི་ཡུམ། །གླེགས་བམ་ཐུབ་པ་གཉིས་དང་དེ་བཞིན་རིན་ཆེན་ཏོག །བཀོད་མཛེས་བྱེད་དང་ཤིང་གི་སྙིང་པོ་ཚེས་ཟླ་བ། །འབྱོར་དམན་འདིས་མཆོད་ད་དུང་ཁྱོད་ལ་མཆོད་པར་སྨོན། །ཐོག་མེད་སྲིད་པར་མ་རིག་རྒྱུས་བྱུང་ཉེས་པའི་ཚོགས། །བག་ཆགས་གང་བསགས་དེ་འདིར་བཤགས་བགྱི་སླད་ཆད་བསྡམ། །ཟླ་མེད་སྐྱེས་བུ་ཁྱོད་ལ་དམ་པ་གཞན་མཆོད་དང་། །གཞན་ཡང་དགེ་གང་མཛད་པ་དེ་ལ་རྗེས་ཡི་རང་། །སྲིད་པར་བདག་གིས་འཁོར་བའི་སྐྱེ་བར་ཁྱོད་ཀྱི་ཞབས། །བསྟེན་ཅིང་དམ་པའི་ཆོས་ཀྱི་གསུང་སྒྲ་སྒྲོགས་པར་བསྐུལ། །འགྲོ་བའི་མ་རིག་ཇི་སྲིད་གསལ་བར་མ་གྱུར་པར། །སྐུ་ཚེའི་འདུ་བྱེད་རྟག་ཏུ་བཞུགས་པར་གསོལ་བ་འདེབས། །ཟླ་མེད་མི་ཡི་སེང་གེ་སྐྱེས་བུ་མཆོག་ཁྱོད་ལ། །བསྟོད་མཆོད་བགྱིས་ལས་བསོད་ནམས་ཐོབ་པ་གང་ཡིན་པ། །དེ་ཡིས་བླ་མ་དམ་པ་ཁྱེད་ཀྱི་དྲུང་ཉིད་དུ། །ཚེ་རབས་ཀུན་ཏུ་རྗེས་སུ་བསྟེན་པ་བྱེད་པར་ཤོག །བླ་མ་དམ་པ་ཁྱེད་ཐུགས་ཀུན་ཏུ་མི་སྐྱོ་བར། །བདག་སེམས་དང་བའི་སྤྱོད་པས་ཀུན་ཏུ་བསྟེན་བྱེད་ཅིང་། །དགེ་གསུམ་དོན་གཉིས་ལྡན་པ་བདེ་བར་གཤེགས་གསུང་གི །དགོངས་དོན་རྣམ་འབྱེད་ཐོས་བསམ་བྱེད་ལ་བརྩོན་འགྱུར་ཤོག །རྟེན་ཅིང་འབྲེལ་འབྱུང་སྤྲོས་ཀུན་སྟོང་པའི་རང་བཞིན་ཅན། །རྣལ་འབྱོར་ལྡན་པས་སྣ་ཚོགས་རྟོག་པའི་དྲ་བ་ཀུན། །རབ་ཏུ་དྲལ་ཏེ་གཉིས་མེད་ཡེ་ཤེས་མཆོག་ཐོབ་ནས། །མ་རིག་ལྡོངས་པའི་འགྲོ་ལ་ལམ་མཆོག་སྟོན་པར་ཤོག །འཛམ་གླིང་གངས་ཅན་བཙན་པོའི་ཆབ་འོག་བར་གྱི་ས། །རུ་བཞི་གཙང་སྟོད་འབྲོ་ཡི་ས་ཆ་གྲོམ་པའི་སྟོད། །དམ་པ་མང་པོའི་བཞུགས་གནས་དགེ་ལེགས་སྣོད་གྱུར་པ། །གྲགས་པས་རབ་མཛེས་ས་སྐྱ་ཞེས་བྱའི་དབེན་གནས་སུ། །ཆུ་མོ་སྦྲུལ་གྱི་ལོ་ལ་སྣྲོན་གྱི་ཟླ་བ་སྟེ། །ཉི་མ་ལུག་གི་ཁྱིམ་གནས་དཀར་པོའི་བཅུ་གཅིག་ཚེས། །བླ་མའི་བསྟོད་ཚིག་ཡན་ལག་བདུན་དང་ལྡན་གྱུར་པ། །སྡེབ་སྦྱོར་ཚིག་སྙན་དོན་མང་གསལ་བར་བགྱིས་པ་འདི། །བླ་གཉིས་དང་ལྡན་འོག་དང་བར་ཡོད་འཁོན་གྱི་རུས། །མང་དུ་ཐོས་ལ་མངོན་མཐོའི་བློ་གྲོས་མིག་ལྡན་ཞིང་། །དགེ་བསྙེན་ལ་སློབ་ཐེག་པ་མཆོག་གི་རྣལ་འབྱོར་པ། །བསོད་ནམས་རྩེ་མོ་བདག་གིས་དང་བས་སྦྱར་བགྱིས་ཏེ། །དམ་པའི་བཤེས་གཉེན་དུ་མས་བྱིན་གྱིས་བརླབས་པའི་གཞི། །བསོད་ནམས་གཟི་བརྗིད་དང་ལྡན་མཁས་པའི་འབྱུང་གནས་གྱུར། །གྲགས་པས་ཀུན་ཁྱབ་དགེ་སློང་དུ་མས་རབ་མཛེས་པ། །དཔལ་ལྡན་ནེའུ་ཐོག་གཙུག་ལག་ཁང་དུ་འདི་འབུལ་ལོ། །བློ་ཆེན་ལྡན་རྣམས་མགུ་བར་བྱེད་པའི་ཕྱིར། །འདི་ལ་བློ་གྲོས་ངན་པས་སྨོད་འགྱུར་མོད། །དེ་ཕྱིར་རྟོག་དཔྱོད་ལྡན་པའི་སྐྱེ་བོ་རྣམས། །གསུམ་བདུན་དོན་སྟོན་བསྟོད་འདིར་འཇུག་པར་རིགས། །སློབ་དཔོན་ཕྱྭ་པ་གཤེགས་པའི་རྗེས་སུ་རྗེ་བཙུན་བསོད་ནམས་རྩེ་མོས་དུས་དྲན་ལ་དམིགས་ནས། སློབ་དཔོན་ཕྱྭ་པའི་སྐུ་འདྲ་ཐང་སྐུ་ཆེན་པོའི་གཤམ་ན་གོང་གི་བསྟོད་པ་འདི་བྲིས་པ་ཅིག་དང་། ཕྱྭ་པ་སྐུ་འབུམ་ལ་གསེར་གྱི་འགན་ཇི་ར་ཆེན་པོ་དང་། གསེར་ཁྲི་འབུམ་བཅུ་གཉིས་དུམ། མཎྜལ་ཆེན་པོ་བདུན་ཚར། བུར་བཏང་མང་པོ་དང་བཅས་པ་ཕུལ། ཞེས་པ་ཡར་ལུང་བསམ་གཏན་གླིང་པའི་དཔེ་ལས་འབྱུང་ངོ་། །