བོད་གདོང་དམར་ཅན་ཞེས་པའི་ཐ་སྙད་ཀྱི་བྱུང་བ་བསྐྱར་གླེང་ཞུ་བ།
ར་སེ་དཀོན་མཆོག་རྒྱ་མཚོ།
ཉེ་དུས་ཁོ་བོས་གདོང་དམར་བོད་ཅེས་པའི་མིང་དེ་དོན་མཐུན་ཡིན་མིན་གྱི་བསམ་ཚུལ་དཔེ་ཀློག་འབྲས་བུར་རློམ་པ་ཅིག་ལུག་ཚང་དྲྭ་ལམ་དུ་སྤེལ་བས། ཀློག་པ་པོ་ཡི་དགོངས་པར་བབ་མིན་གྱི་བསྟོད་དམད་ཅི་རིགས་བྱུང་བ་ནི་རྒྱུན་ལྡན་གཞིར་བཅས། ཁོ་བོའི་བསམ་ཚུལ་དེར་ལོ་རྒྱུས་རིག་པ་མཁས་ཅན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་ཞིབ་དཔྱད་གནང་ཞིང་།
ཡིག་རྙིང་ཁག་དང་གནའ་རྫས་ཁག་གི་རྒྱབ་དཔུང་དང་བཅས་གཏན་ཚིགས་བརྒྱ་ཕྲག་དུ་མས་གདོང་དམར་ནི་བོད་པ་རང་གི་རང་ལ་བཏགས་པའི་མིང་ཡིན་ཚུལ་དང། གྲགས་ཤིང་གྲུབ་པའི་གནས་ལུགས་ཡིན་ཚུལ་གྱི་དཔྱད་རྩོམ་སྤེལ་བར་མཛད་འདུག་པས། དེ་ནི་ཁོ་བོའི་རྩོམ་ཉོག་གིས་སོ་ཕག་འཕངས་ནས་གཡང་ཊི་འདྲེན་པའི་དགེ་མཚན་ཐོན་འདུག་ཅིང་། ཁོང་གི་དཔྱད་རྩོམ་དེས་ཁོ་བོར་བློ་བསྐྱེད་ཆེན་པོ་ཐོབ་བྱུང་བས། ཐལ་མོ་སྙིང་ཀར་སྦྱར་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག གདོང་དམར་བོད་ཅེས་པའི་ཐ་སྙད་བསྐྱེད་བསྲིང་བྱས་པའི་ཁོར་ཡུག་ཧྲིལ་པོར་ཡོངས་བཤེར་བྱ་དགོས་པའི་ངེས་པ་བརྙེད་བྱུང་། །གཅིག རིག་གནས་གང་དང་འབྲེལ་བའི་ཐ་སྙད་ནི་སྤྱི་ཚོགས་ཀྱིས་བསྐྱེད་བསྲིང་གིས་བཀོལ་སྤྱོད་དང་རིམ་པས་ཚད་ལྡན་དུ་འགྱུར་བ་ཡིན་པས། རང་རེའི་མེས་པོའི་ཤུལ་ལམ་ཕྱིར་རྟོག་བྱེད་པ་ལ། བཙན་པོའི་དུས་རབས་ལྟ་བའི་མེ་ལོང་དུ་གྱུར་པ་ལྷ་སའི་རྡོ་རིང་། ཀོང་པོ་གཡུང་དྲུང་འཛིན་རྡོ་བརྐོས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་གཙིགས། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བཀའ་གཙིགས་དང་རྡོ་རིང་། སྒྲ་སྦྱོར་བམ་གཉིས་མ། བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་རྡོ་རིང་། དཀར་ཆག་འཕང་ཐང་མ། ལྷན་དཀར་མ། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཞེས་པ་རྣམས་ནི་མི་བུ་སྒེར་གྱི་ཡིག་ཆ་ཙམ་མ་ཡིན་པར་སྐབས་དེའི་བཙན་པོའི་སྲིད་གཞུང་གི་གཞུང་ཡིག་ཚད་ལྡན་ཤ་དག་ཡིན་པས། གལ་ཏེ་གནའ་བོའི་དུས་ནས་རང་རེས་རང་ལ་བླ་དྭགས་སུ་གདོང་དམར་ཡུལ་དང་གདོང་དམར་རིགས་སམ་བོད་ཅེས་བཏགས་ཡོད་པ་བདེན་ན། དེ་དག་ཏུ་འཕྲུལ་གྱི་ལྷ་བཙན་པོ་ཡབ་མྱེས་ལྷ་དང་མྱྀའི་རྗེར་གཤེགས་ཏེ། གདོང་དམར་བོད་ཀྱི་ཡུལ་དུ་དབང་མཛད་དེ། ཅེས་པའམ། གདོང་དམར་བོད་ཡུལ་དུ་དམ་པའི་ཆོས་ཡུན་དུ་བརྟན་པར་གཙིགས་བརྣན་པ། ཞེས་པའམ། ཐོག་མར་ཕྱྭ་ཡབླ་བདག་དྲུག་གྀ་སྲས་ལས། ཉ་ཁྲི་བཙན་པོ་མྱྀ་ཡུལ་གདོང་དམར་རིགས་གྱྀ་རྗེར། ལྷ་རྀ་གྱང་དོར་གཤེགས་པ་ཚུན་ཆད། ཅེས་པའམ། བཙན་པོ་ལྷ་སྲས་འོ་ལྡེ་སྤུ་རྒྱལ། གནམ་གྱྀ་ལྷ་ལས་གདོང་དམར་མྱྀའི་རྗེར་གཤེགས་པ། ཞེས་པའམ། བཙན་པོ་ལྷ་སྲས་ཁྲྀ་ལྡེ་སྲོང་བརྩན་གདོང་དམར་མྱྀའི་རྗེ་མཛད་པ། ཅེས་པའམ། ནུབ་ཕྱོགས་ཐམས་ཅད་ནྀ་ཡང་དག་པར་གདོང་དམར་བོད་ཆེན་པོའི་ཡུལ་ཏེ། ཞེས་པའམ། འཕྲུལ་གྱི་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ། ཡུལ་བྱུང་ས་དོད་ཚུན་ཆད་གདུང་མ་འགྱུར་བར། གདོང་དམར་བོད་ཀྱི་རྒྱལ་པོ་ཆེན་པོ་མཛད་པ་ཡང་། ཞེས་པའམ། མྱྀ་འཛངས་ཤིང་དཔའ་རུ་སྐྱེ། ཆོས་བཟང་དུ་བྱེད། རྟ་མགྱོགས་སུ་འཕེལ་བའྀ་གདོང་དམར་ཅན་གྱི་བོད་ཡུལ། གནསུ་ཚུལ་ཀྱིས་བདམསྟེ་གཤེགས་སོ། །ཞེས་འཁོད་རིགས་པ་ལ། གདོང་དམར་གྱི་རིགས་སམ་ཡུལ། གདོང་དམར་བོད་ཀྱི་ཡུལ་གྱི་རྗེ་ཅེས་གཏན་ནས་མ་བཀོད་པ་ཅི་ཡིན་ནམ། བརྗེད་སོང་བ་ཡིན་ནམ། སྐབས་དེར་མ་གྲགས་པ་ཡིན་ནམ། གྲགས་ཀྱང་ཐ་སྙད་ཚད་ལྡན་དུ་མ་གྱུར་བ་ཡིན་ནམ། མཚང་མིང་ཡིན་པས་མ་བཀོད་པ་ཡིན་ནམ་སོགས་དགོངས་པ་བཞེས་དགོས་པ་འདྲ།གཉིས། ལོ་རྒྱུས་སྨྲ་བ་ནི་སྒྲུང་ཤོད་པ་དང་མི་འདྲ་ལ། ལོ་རྒྱུས་ཞིབ་འཇུག་ནི་དེ་བས་ཡིག་ཐོག་འཁོད་ཚད་རུབ་རྒྱུ་ཙམ་མ་ཡིན་པར། དེ་དག་ལ་ཞིབ་ཆ་གཏོད་ནས་སྔ་ཕྱི་གོ་རིམ་ལོ་ནའི་བབས་བཞིན་མཐར་ཆགས་སུ་ཕྱེ་དགོས་པས། དིང་དུས་ཏུན་ཧོང་ཡིག་ཚངས་ནི་བོད་ཀྱི་ལོ་རྒྱུས་སྨྲ་བའི་དཔང་པོ་ཡང་དག་ཡིན་ལ། དུས་རབས་བརྒྱད་པ་ཙམ་ནས་བྲིས་པའི་བཙན་པོའི་དུས་རབས་ཀྱི་ཡིག་ཚངས་ཡིན་པར་བདེན་མོད། དེ་ཙམ་མ་ཟད་དུས་རབས་བཅུ་པ་དང་བཅུ་གཅིག་སོགས་ཀྱི་ཡིག་ཆ་ཅི་རིགས་པའང་དེར་སྡུད་ཡོད་པ་ཤེས་དགོས་ཏེ། དཔེར་ན་རྒྱལ་བུ་དེ་བ་པུ་ཏྲའི་ལོ་རྒྱུས་དེ་ཉིད་ལ་ལས་སློབ་དཔོན་པད་མ་ཡིན་པར་ནན་གྱིས་འདོད་དེ་ཐང་ཀ་ཡང་བཞེངས་ཡོད་ཀྱང་། ཡིག་ཆ་རང་ལས་སྦས་རྒྱལ་བ་ཡེ་ཤེས་ཀྱི་དུས་ཏེ་དུས་རབས་བཅུ་པ་ཡིན་པར་གསལ་བ་དང་། དེར་བཙན་པོའི་གདུང་རབས་ཕྱི་མ་དང་བཙན་པོ་ཨ་ཙ་རའི་སྐོར་ཡང་ཐོན་ཡོད་ཅིང་། ཁོང་ནི་ཇོ་བོ་རྗེ་བསམ་ཡས་སུ་བཞུགས་དུས་ཀྱི་སྦྱིན་བདག་ལྷ་བཙུན་བོ་དྷི་ར་ཛའི་སྤུན་ཡིན་པས་ཀྱང་དུས་ཚོད་དཔོག་ཐུབ་པའི་ཕྱིར་རོ། །ཁོང་གིས་ཏུན་ཧོང་གི་ཡིག་ཚངས་ཁུངས་སུ་དྲངས་ཏེ། ཏུན་ཧོང་ཡིག་ཚངས་ལས། བཙན་པོའི་གདུང་རབས་ཀྱི་ཁུངས་སྨོས་པའ། གནམ་གུང་གྀ་སྟེང་ནའ། །ལྷ་ཀུ་སྤྱི་སེར་བཞྀས་བརྒྱྀ་བའ། །མ་སངས་ཐམས་ཅད་གྀ་བདག་པོ། །སྲིད་པ་ཀུན་ལ་མངའ་མཛད་པའ། །ཕྱྭའི་ཡང་ཕྱྭ་ལགས་ཤེས་ཀྱི་མཆི།།རྣམ་གཉིས་སུ་ནྀ་གདོལ་བ་ཤ་ཟ་འི་རིགས། །རྒྱལ་པོ་གདོང་དམར་གྱྀ་རིགས། །གངས་རི་བྱུར་ཀོར་གྀ་བདག་པོ། །ཞེས་ཡིག་རྙིང་དེར་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོའི་གདུང་ཁུངས་མི་འདྲ་བ་ཁག་གསུམ་བཀོད་པ་ལས། རྒྱལ་པོ་གདོང་དམར་གྱི་རིགས། གངས་རི་བྱུར་ཀོར་གྱི་བདག་པོ། །ཞེས་གདོང་དམར་ཞེས་པའི་ཚིག་དངོས་སུ་ཐོན་ཡོད་ལ།ཞེས་སོགས་རྒྱ་ཆེར་བཀོད་འདུག་པའང་ཤིན་ཏུ་ལེགས་མོད། དེ་ཡིས་ཕྱོགས་གཞན་ནས་ལི་ཡུལ་ལུང་བསྟན་པའི་མདོ་ལས། གདོང་དམར་གྱི་རྒྱལ་པོ་དང་། རྒྱལ་པོ་གདོང་དམར་གྱི་རིགས་ཞེས་པ་དེ་ཉིད་སོར་བཞག་བྱས་པའི་རང་རྟགས་ཀྱང་མངོན་མི་འདུག་གམ། དཀར་ཆག་འཕང་ཐང་མར། འཕགས་པ་གླང་རུ་ལུང་བ་སྟན་པའི་མདོ། བམ་པོ་གཅིག ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་ལུང་བསྟན་པ། བམ་པོ་བཞི། ཞེས་གསལ་བར་འཁོད་འདུག་པས། དཀར་ཆག་དེ་ནི་ས་ཁྱི་ལོ་སྟེ་སྤྱི་ལོ་༨༡༩ལོ་ལ་བཀོད་པ་ཡིན་པས། དེའི་གོང་དུ་བོད་སྐད་དུ་བསྒྱུར་ཟིན་པར་ཡོད་པས། དེར་གསལ་བའི་གདོང་དམར་ཅན་གྱི་ཡུལ་དེ་བོད་ཡུལ་ཡིན་མིན་གྱི་གླེང་མོལ་ཅི་རིགས་བྱུང་མྱོང་བ་ནི་རྦ་བཞེད་སོགས་ལས་ཀྱང་ཤེས་ནུས་ཤིང་། གལ་ཏེ་ཡུལ་གཞན་གྱི་མིང་མ་ཡིན་པར་བོད་ཀྱི་མིང་ངོ་མ་ཡིན་ན་ཡང་དེ་ནི་ལི་ཡུལ་བས་བོད་ལ་བཏགས་པའི་མིང་སྟེ། གདོང་དམར་ཞེས་བོས་པ་དོན་བསྒྱུར་བྱས་པ་ཅིག་ཡིན་པར་མངོན་ཡོད་ལ། དེ་ཕྱིན་གྱི་བོད་ཀྱི་རྩོམ་ཡིག་ལ་ཤུགས་རྐྱེན་ཐེབས་སྲིད་པའང་སྨོས་ཅི་དགོས། རྒྱུ་མཚན་ཡང་སྔ་དར་དུས་གསང་སྔགས་ཀྱི་རྒྱུད་དགོངས་འདུས་བསྒྱུར་ཞིང་། དེར་རྒྱལ་པོ་ཛ་ཞེས་བྱ་བ་ལ། །ལག་ན་རྡོ་རྗེས་སྣང་བར་འགྱུར། །ཞེས་ལུང་བསྟན་མཛད་ཡོད་པ་དེ་བོད་ཀྱི་བཙན་པོ་ཁྲི་སྲོང་ལ་སྦྱར་ཡོད་དེ། མཁར་རྨེལ་གྱི་གསུང་རྩོམ་མདའ་དང་འཕང་སྟོད་ཆ་ཤོག་ངོས ༡༡ པར་བཀོད་པའི་ཏུན་ཧོང་ཡིག་ཚངས་ལས། ཡུལ་མཐོ་ས་གཙང་བོད་ཀྱི་ཡུལ། །གངས་རི་མཐོ་ཚང་ཀུན་གྱི་གཉའ། །ཆུ་བོ་ཀླུང་ཡས་ཀུན་གྱི་མགོ །ལྷ་གཉན་ཡུལ་དབྱིངས་དཀྱིལ་འདི་ན། །རྒྱལ་པོ་ཙ་ཞེས་བྱ་བ་དེ།།ལྷའི་རིགས་ལ་བྱང་ཆུབ་སེམས་དཔའི་རྒྱུ། །ལྷ་སྲས་ཁྲི་སྲོང་ལྡེ་བཙན་གྱིས། །ཞེས་སོགས་བཀོད་འདུག་པས་ཀྱང་ཤེས་ཐུབ་བོ། །གསུམ། བོད་ཡུལ་དུ་མི་རིགས་གཞན་གྱི་རིག་གཞུང་བསྒྱུར་སྤེལ་བྱུང་བ་ན། དེ་ཉིད་རིམ་པས་བོད་ཀྱི་རིག་གནས་ལ་སིམ་པའམ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད། དཔེར་ན། སྔ་དར་སྐབས་སུ་རྒྱ་གར་གྱི་གནའ་སྒྲུང་གྲགས་ཆེན་ར་མ་ཎའི་གཏམ་རྒྱུད་དེ་ཉིད་བོད་སྐད་དུ་བསྒྱུར་བ་མཛད་ཡོད་པས། དེས་བོད་ཀྱི་རྩོམ་རིག་ལ་ནུས་པ་ཧ་ཅང་ཆེན་པོ་བསམ་ལས་འདས་པ་ཅིག་ཐོན་ཡོད་དེ། གཏམ་རྒྱུད་དེའི་ནང་གསལ་སྤྲེའུ་ཧ་ལ་མནྠ་ཞེས་པ་དེ་ཉིད་བོད་དུ་འབྱོར་བའི་སྐོར་ཏེ། སྲིན་ཡུལ་ལང་ཀ་པུ་རི་ན་ཡོད་པའི་སྤྲེའུ་ཧ་ལ་མན་ཐས་རི་བོ་པོ་ཏ་ལར་སྤྱན་རས་གཟིགས་མཇལ་བ་དང་། དེ་ཉིད་ཀྱི་བཀའ་ལྟར་ཁ་བ་ཅན་དུ་བསྒོམ་པའི་ཚེ། བྲག་སྲིན་མོ་དང་འདུས་པ་ལས་བྱུང་བའི་སྤྲེལ་ཕྲུག་ལས་བོད་མི་ཐོག་མར་བྱུང་བ་དང་། ཕ་སྤྲེའུ་ལ་རིགས་ནས་གདོང་པ་དམར་པོ་བྱུང་བའི་གཏམ་རྒྱུད་སྙན་པོ་དེ་ཉིད་རིམ་པར་ཐོན་ཡོད་ལ། དེར་ལི་ཡུལ་ནས་བསྒྱུར་བའི་ཡིག་ཆའི་ཤུགས་རྐྱེན་ཡང་མངོན་ཡོད། འདིའི་སྐོར་ཀ་ཆེམས་ཀ་ཁོལ་མ་དང་མ་ཎི་བཀའ་འབུམ། སྟག་ཚང་བའི་རྒྱ་བོད་ཡིག་ཚངས་མཁས་པ་དགའ་བྱེད་དང་བཤད་མཛོད་སོགས་ན་དེ་ཉིད་ཧ་ལ་མན་ཐའི་གཏམ་རྒྱུད་ལས་བྱུང་བའི་ཡིན་ཚུལ་གསལ་པོར་གཟིགས་ཐུབ་པར་བཀོད་འདུག དེས་ན་ལི་ཡུལ་ནས་བོད་སྐད་དུ་བསྒྱུར་བའི་ཡིག་ཆའི་ཐ་སྙད་ཀྱི་ཤུགས་རྐྱེན་གང་སར་ཐེབས་པའང་བསམ་དགོས་ལ། ད་ཡོད་བཀའ་ཆེམས་ཀ་ཁོལ་མའི་ལེའུ་དང་པོར། ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །ཤ་ཟ་གདོང་དམར་འདུལ་བ་ཡི། །ཞེས་སོགས་ཇོ་བོ་རྗེས་གཏེར་འདོན་ཚུལ་གྱི་སྐབས་ན་གསལ་ཡོད་ལ། དེའི་རྗེས་སུ་བྱུང་བའི་ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད་དང་བཀའ་ཐང་ཟངས་གླིང་མར། བདག་ནི་གདོང་དམར་སྲིན་པོའི་རྗེ། །ཞེས་དང་། ཁྱོད་ནི་གདོང་དམར་སྲིན་པོའི་རྗེ། །ཞེས་བཀོད་ཡོད་ཅིང་། ཕྱིས་ཀྱི་ཡིག་ཆ་ཅི་རིགས་པར་བཀོད་ཡོད་པ་སྨོས་ཅི་དགོས་ཀྱང་། དེ་ཡང་སྔ་མ་སྔ་མའི་ཤུགས་རྐྱེན་ལས་བྱུང་བ་ཙམ་མ་གཏོགས། གཞན་པའི་རྒྱུ་མཚན་ཡང་དག་ནི་མེད་དོ། །བཞི་པ། ཁོང་གིས་བཀའ་ཐང་སྡེ་ལྔའི་ཁོངས་ཀྱི་རྒྱལ་པོ་བཀའ་ཐང་ལས། དེ་ནས་བདུད་དང་སྲིན་པོས་དབང་བྱས་ཏེ། །མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་བཏགས། །སྔ་རྟགས་ཤ་ཟ་གདོང་པ་དམར་བ་བྱུང་། །ཞེས་དང་། སྲིན་པོ་གདོང་དམར་བོད་ཀྱི་དམག་གཡོས་ནས། །ཞེས་དྲངས་པར་མཛད་འདུག་པ་ནི་ཧ་ཅང་ལེགས་ཤིང་། དེ་མིན་བཀའ་ཐང་གཞན་དག་ན་ཡང་གདོང་དམར་ཞེས་པ་ཡང་ཡང་གསལ་ཡོད་ན་ཡང་། ལི་ཡུལ་གྱི་ཐ་སྙད་གསར་པ་དེས་ཕྱིས་ཀྱི་རྩོམ་རིག་ལ་ཤུགས་རྐྱེན་ཐེབས་ཡོད་པའི་དཔང་པོར་རུང་གི །རང་རེར་ཆེས་སྔ་མོ་མངའ་མཛད་ཀྱི་དུས་ནས་གདོང་དམར་བ་ཞེས་བོས་པར་གྲུབ་པའི་སྒྲུབ་བྱེད་ནི་མི་འཐད་པར་མངོན་ཏེ། ཡིག་ཆ་འདི་ནི་དུས་ཀྱི་ཆ་ནས་རབ་བྱུང་ལྔ་པའི་ཆུ་ཕག་སྤྱི་ལོ ༡༣༢༣ ལོར་འཁྲུངས་པའི་ཡར་རྗེ་ཨོ་རྒྱན་གླིང་པས་རྩོམ་སྒྲིག་མཛད་པ་ཅིག་ཡིན་ལ། འདིར་མངའ་མཛད་དྲུག་ལས་མ་གསལ་ལ། ནང་དོན་གྱི་ཆ་ནས་ཡིག་ཆ་སྔ་མ་དང་མི་མཐུན་པ་ཡོད་པའང་ཤེས་དགོས་ཏེ། འདི་ལས་ལོ་ཉིས་བརྒྱ་ལྷག་གིས་སྔ་བའི་ལྡེའུ་ཆོས་འབྱུང་དུ་མངའ་མཛད་བཅུ་དང་། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པར་མངའ་མཛད་བཅུ་གཉིས་ཀྱི་སྐབས་སོགས་སུ་སྲིན་པོ་གདོང་དམར་ཟེར་བ་་དེ་འདྲ་མི་གསལ་བས། དོན་གྱི་གནས་ལུགས་གང་ཡིན་པ་དང་རིམ་པས་འགྱུར་བ་ཅི་འདྲ་བྱུང་ཡོད་མེད་གསལ་པོར་མངོན་ཐུབ་སྙམ། །སྤྱིར་ན་རང་རེ་ལ་གནའ་ནས་དབུ་ནག་བོད་དང་མགོ་ནག་བོད་ཅེས་གྲགས་ཆེ། དབུ་ནག་མི་བུ་འདྲ་ཆགས་ཞེས་པའི་གནའ་བོའི་ཡིག་ཚངས་ཀྱང་ཡོད་ལ། ངག་རྒྱུན་ལའང་བོད་སྲིན་པོ་མགོ་ནག་ཅེས་བོས་ཀྱི་ཡོད་པ་སོགས་ལའང་དགོངས་པ་བཞེས་ས་མང་བར་སྣང་། འདི་ནི་ཁོང་གི་ལེགས་བཤད་ལ་བརྟེན་ནས་དཔེ་ཀློག་བྱས་པའི་རང་རྟོགས་ཀྱི་གོ་བ་ཙམ་ཡིན་གྱི། ཁོ་བོ་ནི་མེས་པོའི་ལོ་རྒྱུས་ལ་དགའ་བ་ཙམ་ལས། ཆེད་ལས་ལོ་རྒྱུས་སྨྲ་བ་དང་། ཆེད་ལས་ཞིབ་འཇུག་པ་དང་གནའ་དཔྱད་པ་གང་ཡང་མ་ཡིན་པའི་ཕྱིར། ཁོ་བོའི་སུག་བྲིས་གཞན་ལྟར་ཡིད་རྟོན་འོས་པ་མ་མཆིས་ཤིང་ནོར་འཛོལ་གྱི་ཕུང་པོར་གྲུབ་ཡོད་ན། གཟུར་གནས་ཀུན་གྱིས་བཟོད་པར་མཛད་པར་སྨོན་ཏོ། །༢༠༢༢/༡༡/༡༧
Post Views: 2,474