ཟས་མཆོག་སྦྲང་དཀར་རྩམ་པ་ངོ་སྤྲོད།

ཟས་མཆོག་སྦྲང་དཀར་རྩམ་པ་ངོ་སྤྲོད།

ཟས་མཆོག་སྦྲང་དཀར་རྩམ་པ་ངོ་སྤྲོད།

 

ཀ༽ རྩམ་པའི་བྱུང་རབས།

སྔོ་ལྗང་ཟས་རིགས་སྦྲང་དཀར་རྩམ་པ་ནི་གྲོ་ནས་སྲན་གསུམ་སོགས་འབྲུ་རིགས་ཆུ་ལ་བཀྲུས་ནས་བརྔོས་ཏེ་བཏགས་པའི་ཕྱེ་མ་ལ་ཟེར་ཞིང༌། རྩམ་པ་ནི་བོད་རིགས་ཀྱི་ཟས་ཀྱི་གཙོ་བོ་ཞིག་ཡིན་སྟབས་བོད་མི་རྩམ་གཟན་པ་ཞེས་འབོད་ཅིང༌། ལོ་རྒྱུས་ཀྱི་ཡིག་རིགས་རྣམས་སུ་འཁོད་པར་གཞིགས་ན། བསྐལ་པ་ཡ་ཐོག་གི་དུས་ནས་ང་ཚོའི་མེས་པོ་རྣམས་ཀྱིས་གྲོ་དང༌། ནས། སྲན་མ། བྲ་བོ། སོ་བ་བཅས་འབྲུ་སྣ་ལྔ་ས་ལ་གཏོར་ཏེ་མ་རྨོས་པའི་ལོ་ཏོག་ཟ་བར་བྱེད། ཐང་ཡིག་གསར་མ་ལས། སྤུར་རྒྱལ་གྱི་དུས་སུ།

ལོ་ཏོག་གྲོ་ནས་བྲ་བོ་སྲན་མ་འདེབས། །སྒོ་ཕྱུགས་གཡག་རྟ་ཁྱི་ལུག་ཕག་རྣམས་འཚོ། །

ཡང་ན་བག་ཕྱེ་ལས་སྐྱོ་ར་ཞིག་བྱས་ཏེ་འོ་མ་སོགས་བཏུང་ཞིང་རྟིང་སོར་དེ་ཡང་ཟ་ཞེས་འཁོད་པ་ལྟར་ན། བོད་རིགས་ཀྱིས་རྩམ་པ་དང་གྲོ་ཞིབ་ཟ་བའི་གོམས་གཤིས་ལ་ལོ་རྒྱུས་ཧ་ཅང་རིང་པོ་ཡོད་པ་མཁྱེན་རྟོགས་ཐུབ།

 

ཁ༽ རྩམ་པའི་རྣམ་གྲངས།

          སྤྱིར་ན་རྩམ་པའི་རྣམ་གྲངས་ལ་ནས་རྩམ་དང༌། སྲན་རྩམ། གྲོ་རྩམ། འབལ་སྲན་ནམ་འདྲེས་སྲན་སོགས་ཡོད་པ་ལས་རང་ཉིད་ཀྱི་བྲོ་བ་དང་འཕྲོད་ལམ་ལ་གཞིགས་ཏེ་ཟ་བར་བྱེད་ལ་སོ་སོའི་གོམས་གཤིས་ལྟར་ནས་རྩམ་ལའང་ཞིབ་ཆེན་དང༌། བར་ཞིབ། རྩིང་ཧྲུལ་སོགས་ཞིབ་རྩིང་གི་དབྱེ་བ་མང་ཞིང༌། ཡང་ན་ནས་རྩམ་ལའང་དམངས་རྩམ། བར་རྩམ། མཆོད་རྩམ། ཞིབ་རྩམ་བཅས་ཡོད་པ་ལས། ཞིབ་རྩམ་ནི་ཡོས་ལ་གྲུས་བརྒྱབ་སྟེ་ཆེས་ཞིབ་མོར་བཏགས་པའི་ནས་རྩམ་སྤུས་ལེགས་ཏེ་ཞིབ་ཆེན་གྱི་ལྤགས་ནི་བྲོ་བ་ཞིམ་ལ་དྲི་ཞིམ་མངར་སིལ་འཐུལ་བར་བྱེད། དེ་མིན་རྩམ་པ་གཞན་དེ་འདྲའི་དྭངས་དོད་མ་བྱས་པའི་ཅུང་རྩིང་བའི་རྩིང་ཧྲུལ་ནི་ཞོགས་པ་ཇ་ལྡུར་ལྡག་པ་དང་མར་ལྤགས་ཟ་བ་ལ་མཆོག་ཏུ་གྱུར་པ་ཡིན། སྲན་རྩམ་ལའང་དེ་བཞིན་དུ་སྲན་ཞིབ་ཅེས་ལྤགས་པ་ཕུད་ནས་ཆེས་ཞིབ་མོར་བཏགས་པའི་སྲན་རྩམ་སྤུས་ལེགས་དང༌། སྤྱིར་བཏང་གི་སྲན་ལྤགས་མ་ཕུད་པའི་སྲན་རྩམ་ཁག་གཉིས་ཙམ་ཡོད། སྲན་ཞིབ་ནི་རྩམ་འགམ་རྒྱག་སྐབས་མེད་དུ་མི་རུང་བར་བྱེད་པ་དང༌། འབལ་སྲན་ནམ་སྤེལ་སྲན་ནི་ནས་དང་སྲན་མ་མཉམ་བསྲེས་ཀྱི་རྩམ་པ་ཡིན་སྟབས་འབལ་སྲན་གྱི་ལྤགས་ནི་རོ་མངར་བས་དམིགས་བསལ་གྱི་བྲོ་བ་ལྡན་ཞིང་འདྲེས་སྲན་ཡང་ཟེརག་རེད།

 

ག༽ རྩམ་པའི་ཁྱད་ཆོས།

           རྩམ་པའི་ཁྱད་ཆོས་ནི་གཞིས་ཁྱིམ་དང༌། ལམ་སོགས་གང་དུའང་ཟས་སྤྱོད་ཆོག་པའི་ཧ་ཅང་སྟབས་བདེ་བའི་བཟའ་ཆས་ཞིག་ཡིན། རྩམ་པ་ནི་གྲོ་ཞིབ་དང་འབྲས་ལྟར་ཟས་རྗེན་པ་མིན་སྟབས་མེ་བཏང་ནས་བཟོ་མི་དགོས་པར་ཇ་ཆང་ངམ་ཐ་ན་ཆུ་འཁོལ་གྱི་ལྤགས་ཁུ་ཕྲན་ཙམ་བྱུང་ན་ལག་སོར་གྱིས་གཡོས་ཏེ་འཕྲལ་འཕྲལ་ཟ་ཆོག་པར་བརྟེན། ལས་དོན་བྲེལ་འཚུབ་བ་ཆེ་བ་དང༌། ཕྱོགས་སུ་ཐོན་སྐབས་སོགས་ཧ་ཅང་སྟབས་བདེ་པོ་ཡོད་ཅིང༌། མི་སོ་སོའི་འདོད་པ་ལྟར་འཐུང་རིགས་ཇ་ཆང་ཕྱུར་ཁུ་སོགས་པག་ཁུར་སྤྱད་ནས་ཚལ་རིགས་དང་མཉམ་དུ་ཟས་སྤྱོད་ཆོག་ལ། ཆ་རྐྱེན་མེད་ན་ཆུ་རྐྱང་པག་རྐྱང་དུ་ཟས་ཀྱང་ཆོག ད་དུང་རྩམ་པ་དེ་སྐམ་པོར་འགམ་ནའང་འགྲིག་ལ་ཕྱུར་བ་དང་ཀ་ར། མར་དང་སྣུམ། ཐུད་སོགས་སྦྱར་ནས་མར་ཟན་ཞེས་པ་སོགས་བཟོས་ནས་ཟས་ཀྱང་ཆོག

 

ང༽ རྩམ་པའི་ཟས་རིགས།

          གཞི་རྩམ་པར་བརྟེན་ནས་བཟོས་པའི་རྩམ་ཐུག་གམ་འཇམ་ཐུག་དང༌། ཆང་སྐོལ། དེ་བཞིན་ཕྱུར་རུལ་གྱི་ཐུག་པ། རྩམ་པར་ཇ་ཆང་གང་རུང་བླུགས་ནས་སྐྱོ་མའམ་ཇ་འདུར་ཞེས་གར་སླ་རང་འདོད་ལྟར་བྱས་ཏེ་སྤྱོད་རྒྱུ་ཡོད་ལ། ད་དུང་ལྤགས་ལ་ཆང་རྩི་བཏབ་ནས་བརྙལ་རྗེས་ནར་མོའམ་སྒོར་ལེབ་བཟོས་ཏེ་སྐམ་པ་ལ་ཟན་ཆང་ཞེས་མངར་སྐྱུར་ལྡན་པའི་ཁ་ཟས་ལྟོགས་སྐོམས་གཉིས་ཀ་སེལ་ཐུབ་པ་ཞིམ་པོ་ཞིག་ཀྱང་ཡོད།

 

ཅ༽ རྩམ་པའི་རྒྱུ་དང་ཕན་ཡོན།

རྩམ་པའི་ཕན་ཡོན་ནི་རྩམ་པའི་རྒྱུ་མང་ཆེ་བ་ནས་ཡིན་ཞིང༌། ནས་ནི་འབྲུ་རིགས་གཞན་དང་མི་འདྲ་བར་དེར་དམིགས་བསལ་གྱི་ཁྱད་ཆོས་ཆེན་པོ་ཡོད། ནས་ཀྱི་གྲུབ་ཆའི་ནང་མིའི་གཟུགས་པོར་ཕན་པ་དང༌། ན་ཚ་བཅོས་ཐུབ་པའི་དངོས་རྫས་མང་པོ་ཡོད། རང་ཅག་བོད་མིས་ཟས་སྤྱོད་བྱེད་པའི་ནས་ནི་ཁྱད་འཕགས་རང་བཞིན་ཆེན་པོ་ལྡན་པའི་འབྲུ་རིགས་ཡིན་པ་བོད་ཀྱི་གསོ་རིག་ལས་གསུངས་ཡོད་ལ། དེང་ཚན་རིག་ཐོག་ནས་ཀྱང་ནས་ལ་སྙིང་ཁྲག་གི་ནས་བཅོས་པའི་ནུས་པ་ལྡན་པའི་ར་འཕྲོད་བྱུང་ཡོད་ལ། རྩམ་པས་གཅིན་སྙིའི་ནད་དང༌། ཁྲག་གཤེད། ཕོ་བའི་ནད་སོགས་ལ་ཕན་ཞིང་། བོད་རིགས་ཕལ་མོ་ཆེའི་ཟས་རིགས་གཙོ་བོ་ཞིག་ཡིན་པས་ས་གནས་དང་མི་རིགས་ཀྱི་ཁྱད་ཆོས་ཤུགས་ཆེན་ལྡན་པའི་ཟས་རིགས་ཤིག་ཡིན་ནོ།།

 

ཆ༽ རྩམ་པ་དང་འབྲེལ་བའི་གཏམ་དཔེ།

 

ཉི་མ་རིང་དུ་རིང་དུ། །རྩམ་པ་ཞིམ་དུ་ཞིམ་དུ། །

ཞིམ་རྒྱུ་རྩམ་པ་ཞིམ་པ། །ཟ་ཡུན་རྩམ་པ་རིང་བ། །

ཞིང་ལ་སོ་ནམ་བྱས་ནས། །རྩམ་པ་ཉོ་དགོས་བྱུང་ན། །

གྲོ་དང་སྲན་མའི་ས་བོན། །བཏབ་དང་མ་བཏབ་མི་འདུག །

བརྒྱ་བཤད་སྟོང་ལ་བབས་ཀྱང༌། །ཡོས་ལ་བབས་རྒྱུ་རྩམ་པ། །

དོན་ཆེན་སྒྲུབ་པར་ངང་རིང་དགོས། །ཐག་རིང་འགྲོ་བར་རྩམ་པ་དགོས།།

 

རྩོམ་པ་པོ། ཆུ་དབར་བུ།

བརྒྱུད་སྐུལ།

མཆན་སྤེལ།