དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷོ་ཁ་ཞེས་པའི་མིང་བྱུང་ཚུལ།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷོ་ཁ་ཞེས་པའི་མིང་བྱུང་ཚུལ།

ལེའུ་བཅུ་གསུམ་པ། ལྷོ་ཁའི་ལོ་རྒྱུས།
ས་བཅད་དང་པོ། ལྷོ་ཁ་སྤྱི་བཤད།

དང་པོ། ལྷོ་ཁ་ཞེས་པའི་མིང་བྱུང་ཚུལ།

ལྷོ་ཞེས་པའི་ཚིག་འདི་ཉིད་གནའ་རབས་བོད་ཀྱི་ལོ་རྒྱུས་ཡིག་ཆའི་ཁྲོད་གཉའ་ཁྲི་བཙན་པོའི་དུས་སྐབས་ནས་མཇལ་དུ་ཡོད་ཅིང་། ལྷོ་ཞེས་པའི་ཐ་སྙད་དེ་བཞིན་ཐོག་མའི་ཆར་ས་གནས་དེའི་ཕྱོགས་སུ་འཚོ་སྡོད་བྱེད་པའི་རུས་ཚོ་བྱེ་བྲག་པ་ཞིག་གི་རུས་མིང་སྟེ། བཙན་པོ་གཉའ་ཁྲིས་བོད་ཡུལ་རྒྱལ་ཕྲན་བཅུ་གཉིས་དབང་དུ་བསྡུས་རྗེས། ལྷོ་དང་རྔེགས་གཉིས་ཀྱང་རང་གི་མངའ་འབངས་སུ་གཏོགས་ལ། རུས་དེ་གཉིས་ལས་མཛངས་བློན་ཡང་གཉིས་བྱུང་བར་གསལ། དེ་ཡང་《ལྡེའུ་ཆོས་འབྱུང་།》ལས།

ཡོ་ག་ལྷ་གྱེས་ཅན་གྱི་ལོ་རྒྱུས་གསུང་སྐབས། གཉའ་ཁྲི་བཙན་པོ་བོད་ཡུལ་དུ་གཤེགས་རབས་ཉི་ཤུ་རྩ་བདུན་བསྟན་པའི་ནང་། དེའི་ཚེ་བུད་ཀྱི་བྲམ་སྣར་བྱིས་པ་ཁྲེ་ཁྲེ་ཅན་ལུས་ལ་བྱའི་སྤུས་བརྒྱན་པ་གསུམ་དང་ཕྲད་དོ། །གཅིག་ལ་ལྷོ་ན་ག་བེར་བཏགས། གཅིག་ལ་སྙགས་ལྕང་ག་བེར་བཏགས། གཉིས་ཚུར་ལ་འོངས་པ་ནི་ལྷོ་དང་སྙགས་ཀྱི་མེས་པོ་ལགས་སོ། །ཞེས་དང་། དེ་མཚུངས་བཙན་པོའི་རྒྱལ་དུས་སུ་བཙན་མོ་སད་མ་ཀར་གྱིས་རང་གི་ཕུ་བོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་བཞེངས་པའི་མགུར་ནང་། ཡར་ཀྱྀ་ནི་ལྷོ་དང་རྔེགས[1] ཞེས་གྱེར་བ་ལས། ལྷོ་དང་རྔེགས་ཞེས་པ་ཡུལ་ཡར་ལུང་ཁུལ་གྱི་གནའ་བོའི་རྒྱལ་ཕྲན་གྱི་མངའ་ཁོངས་སུ་གཏོགས་པའི་རུས་ཚོ་ཞིག་གི་མིང་ཡིན་པ་གསལ་བཤད་གང་ལེགས་བྱུང་འདུག དེ་བཞིན་ཡར་གྱི་ལུང་པར་སྟོད་སྨད་གཉིས་སུ་ཡོད་པའི་ས་མཚམས་ཀྱང་། ཡར་སྟོད་སྨད་ཀྱི་མཚམས་ཡུམ་བུ་བླ་སྒང་།[2] ཞེས་བཙན་པོའི་མཁར་གྱི་དང་པོ་ཡུམ་བུ་བླ་སྒང་ལ་བརྩི་བར་སྣང་།

ད་ཕན་བོད་ཀྱི་སྔ་མོའི་ཡིག་ཚང་ལ་གཞིགས་ཚེ། གཡོ་རུའི་ཡུལ་སྡེ་ལྷོ་བྲག་ཏུ་སྐུ་འཁྲུངས་པའི་རྗེ་བཙུན་མར་པ་ལོ་ཙཱའི་རྣམ་ཐར་ནང་། བླ་མ་མར་པ་ལྷོ་པ་ཞེས་བྱུང་། དུས་ཕྱིས་རིམ་གྱིས་ལྷོ་ཞེས་པ་དེ་རུས་མིང་ལས་ཡུལ་མིང་དུ་གྲགས་ཆེ་ཞིང་། དེ་ལས་ཀྱང་ལྷོ་ཞེས་པ་དེ་ཕྱོགས་དང་མཚམས་ཀྱི་དོན་ལ་གོ་བ་དང་འགྲེལ་བ་མང་ཆེ་བར་བྱུང་བ་ཡང་། ཁུལ་དེ་བཞིན་དབུས་གཙང་ལྟེ་བར་བྱས་པའི་ལྷོ་ཕྱོགས་ཀྱི་ཡུལ་ཁམས་ཡིན་པས་ན་དེ་ལྟར་བསྙད་པར་བསམ་ཞིང་། ཕྱོགས་དེར་གནས་བཅའ་པོ་དག་ལའང་ལྷོ་ཡི་ཡུལ་པའམ་ལྷོ་པ་ཞེས་འབོད་པར་སྙམ།[3] གཞན་ཡང་། གནའ་བོའི་དུས་ལྷོ་ཡུལ་ལམ་ལྷོ་པ་གནས་ཡུལ་གྱི་ཤར་ཕྱོགས་སུ་དེང་གི་རྫ་ཡུལ་དང་། ནུབ་མོན་ཡུལ། བྱང་ཡར་ལྷ་ཤམ་པོ་བར་གྱི་ཡངས་པའི་ས་ཁྱོན་རྣམས་ཡིན་ཞིང་དེའི་སྐོར་དབུས་གཙང་ལོ་རྒྱུས་སྟོད་ཆར་བྲིས་ཡོད། ཕྱིས་ཀྱི་ལྷུན་རྩེ་རྫོང་དང་། ལྷོ་བྲག་རྫོང་། མཚོ་སྣ་རྫོང་། མཚོ་སྨད་རྫོང་(གྲི་གུ་རྫོང་)དུ་གནས་པའི་མི་རྣམས་ལ་དུས་སྐབས་དེར་ལྷོ་པ་ཞེས་འབོད་པའི་ལུགས་སུ་བྱུང་འདུག  འོ་ན་དེང་ཡོངས་སུ་གྲགས་པའི་ཡུལ་མིང་ལྷོ་ཁ་ཞེས་པའི་ཐ་སྙད་དེའི་དོན་ཇི་ལྟར་འགྲེལ་སྙམ་ན། ལྷོ་ཡི་དོན་ནི་གོང་དུ་བྱུང་བ་ལྟར་ཡིན་ལ། ལྷོའི་མིང་མཐའ་ཁ་ཞེས་པར་འགྲེལ་ཚུལ་མི་འདྲ་བ་ཅི་རིགས་སྣང་སྟེ་ཆུ་ཁ་དང་། ལ་ཁ། སོ་ཁ་ལྟ་བུ་ཉེ་འགྲམ་ལ་གོ་བའི་སྐབས་ཡོད་པས་ན། ལྷོ་ཁ་ཞེས་པ་གོང་གསལ་ས་ཡུལ་རྣམས་བོད་(ཡར་ལུང་)ཀྱི་ལྷོ་ཡི་ཁ་འམ་མཐའ་ལ་གནས་ཡོད་པས་ན་ལྷོ་ཁ་ཞེས་བྱུང་བར་སྣང་ངོ་། །རྒྱུ་མཚན་གང་ལགས་ཤེ་ན། བོན་གྱི་ཡིག་ཆ་《གསས་མཁར་སྤྱི་སྤུངས་ཀྱི་བཤད་བྱང་།》ལས། ལྷོ་བོད་ཀྱི་ལ་མཚམས་ཡར་ལྷ་ཤམ་པོ།[4] ཞེས་བྱུང་བས་སོ། །

དུས་རབས་བདུན་པའི་ནང་བོད་ཀྱི་ཁབ་མཐའ་རིམ་གྱིས་རྒྱ་བསྐྱེད་ཅིང་། སྤུར་རྒྱལ་བོད་ཀྱི་བཙན་པོའི་ལྟེ་གནས་བོད་ཀ་གཡག་དྲུག་གམ་ཡར་ལུང་ནས་སྐྱི་ཤོད་འོ་ཐང་དུ་གནས་སྤོས་པས། གནའ་དུས་གྲ་དོལ་གཞུང་གསུམ། ཡར་ལུང་ཕུ་མདའ་བར་གསུམ། ཨེ་མོ་ཡུལ་བཞི་ལ་སོགས་པ་ཡང་བོད་ཀྱི་ལྷོ་ཕྱོགས་སུ་ཡོད་པས་གོང་དང་འདྲ་བར་ལྷོ་ཁ་ཞེས་བོས་པར་ཡང་སེམས། ཡང་ན་ལྷོ་ཁ་ཞེས་པའི་ཁ་ཡིས་ཆུ་ཁ་དང་། ལ་ཁ། སོ་ཁ་ལྟ་བུ་ཉེ་འགྲམ་ལ་གོ་བའི་སྐབས་ཡོད་པས་ན། ལྷོ་ཁ་ཞེས་པ་ལྷོ་ཡུལ་གྱི་འགྲམ་དུ་གནས་པའི་ཡུལ་ལ་གོ་དགོས་པར་སྙམ་ཞིང་། དེ་ནི་གངས་རི་ཆེན་པོ་ཡར་ལྷ་ཤམ་པོའི་ཤར་དང་། ནུབ། བྱང་བཅས་སུ་གནས་པའི་ཡུལ་གྲུ་ཁག་ཡིན་དགོས་པར་སྣང་བ་འམ། ཡར་ཀླུང་གཙང་པོའི་ལྷོ་ངོས་ཀྱི་ཁ་འམ་འགྲམ་དུ་གནས་པའི་ཡུལ་གྲུ་ཡིན་པས་ན་ལྷོ་ཁ་ཞེས་འབོད་སྲོལ་བྱུང་བའང་སྲིད། གོང་གསལ་གཉིས་ལས་ལུགས་སྔ་མ་དག་པར་མངོན་ཏེ།《ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ།》ལས། ལྷོ་ཁ་བལ་བོད་གཉིས་ཀྱི་མཚམས། །དགུན་ལོ་སར་སྒང་ལ་མེ་ཏོག་སྐྱེས། །འབྲས་དཀར་སཱ་ལུ་འདེབས་པའི་ས། །མོན་སྐད་རིགས་མི་གཅིག་ཡུལ་ཁམས་སུ། །ནད་བརྡ་མི་མཇལ་གྱི་ཚད་པ་ལ། །ཤི་ཚད་ཀྱི་འཇིགས་པས་སྲོག་བསྡོས་བྱས། །[5] ཞེས་བྱུང་བ་ལས། ལྷོ་ཁ་ཞེས་ལྷོ་ཡི་སོ་ཁ་བལ་བོད་གཉིས་ཀྱི་མཚམས་མོན་ཡུལ་ལ་གོ་དགོས་པ་སྣང་བའི་ཕྱིར་རོ། །འོན་ཀྱང་། དེང་གི་མཁས་བླུན་ཕལ་མོ་ཆེས་ལྷོ་ཁ་ཞེས་པ་བོད་ཁམས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སའི་ལྷོ་ངོས་སུ་གནས་པས་ལྷོ་ཁ་ཞེས་འབོད་སྲོལ་ཆགས་པར་བཞེད་ཀྱི་འདུག་ན་བརྟག་པར་བྱ་བའི་གནས་སོ།།

བོད་ཀྱི་གྲོང་ཁྱེར་ལྟེ་བ་ལྷ་སའི་ལྷོ་ངོས་སུ་གནས་པའམ་ཡང་ན་ཡར་ཀླུང་གཙང་པོའི་ལྷོ་ངོས་སུ་ཆགས་པའི་ཡུལ་གྲུ་ཆེན་པོ་དེའི་སྤྱི་མིང་དུ་ལྷོ་ཁ་ཞེས་དུས་ནམ་ཞིག་ནས་འབོད་སྲོལ་བྱུང་འདུག་གམ་སྙམ་ན། ད་ཕན་གུས་པས་མཐོང་བའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལྟར་ན། ༸གོང་ས་ལྔ་པ་ཆེན་པོས་མཛད་པའི་《༸རྒྱལ་དབང་བསོད་ནམས་རྒྱལ་མཚོའི་རྣམ་ཐར།》ནང་། བསོད་ནམས་རྒྱལ་མཚོ་ལྷོ་ཁ་ཕྱོགས་བརྒྱུད་རོང་ཆད་དཀར་དུ་ལྷ་བྱམས་པ་རབ་བརྟན་སྐུ་མཆེད་ཀྱིས་བསྙེན་བཀུར་གྱ་ནོམ་པ་བསྟབ།[6] ཅེས་བྱུང་། ༸རྒྱལ་དབང་སྐུ་ཕྲེང་བདུན་པའི་སྐབས་ཙམ་ནས་བྱུང་བར་སྣང་སྟེ། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་(༡༦༩༧-༡༩༨༡)ལགས་ཀྱིས་ཕྱི་ལོ་ ༡༧༦༢ ལོར་བརྩམས་པའི་《བཀའ་བློན་རྟོགས་བརྗོད།》ལས། ༸གོང་ས་ཐམས་ཅད་མཁྱེན་པའི་སྐུ་འཁོར་གྲས་ནས་བཀྲ་ཤིས་དཔལ་ར་བའི་ཆོས་མཛད་ལྷོ་ཁ་བརྒྱུད་གསང་སྟབས་ཀྱིས་འབྱོར།[7] ཞེས་གསལ་བའི་ལྷོ་ཁ་ཞེས་པའི་ཐ་སྙད་འདི་ཡར་ལུང་གིས་གཙོས་གྲ་དོལ་གཞུང་གསུམ་བརྒྱུད་ཀྱི་ཡུལ་གྲུ་ཆེན་པོ་དེའི་སྤྱི་མིང་ལ་འབོད་པའི་སྲོལ་བྱུང་འདུག གང་ལྟར་ཡང་༸གོང་ས་བདུན་པའི་གོང་ནས་འབོད་སྲོལ་བྱུང་ཡོད་པ་ཁ་ཚོན་གཅོད་ཐུབ་པ་འདུག་གོ།

༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐབས་ལྷོ་ཁ་ཞེས་པའི་ཐ་སྙད་བྱུང་ཡང་། དེ་ནི་དེང་གི་ཡར་ཀླུང་གཙང་པོའི་ལྷོ་ངོས་ཀྱི་ཡུལ་གྲུ་ཆེན་པོ་དེའི་སྤྱི་མིང་དུ་གོ་གི་མེད་པའི་ཚོད་དུ་སྣང་སྟེ། ཕྱི་ལོ་ ༢༠༡༣ ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་ཞུས་པའི་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།《སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར།》དེབ་དང་པོའི་ཤོག ༡༠༧ ནང་། བདེ་ཆེན་ཚལ་དུ་ཕྱིན་རྩེ་ཚོགས་མཁན་པོ་ཁང་དམར་པས་གཙོས་པའི་ཡར་ཀླུང་ལྷོ་བྱང་གི་སྐྱ་སེར་ཕྲད་མི་སྟོང་ཕྲག་ཕྱེད་གསུམ་ཙམ་དང་། རྫོང་དུའང་རྩེད་ཐང་ལྔ་མཆོད་པ། རི་བོ་ཆོས་གླིང་པ། རབ་བརྟན་ཤར་པ། ས་བ་གྲུ་པ་སོགས་སླེབས་བྱུང་། སྡེ་པ་དཔོན་གཡོག་ལ་ཚེ་རྟ་དང་དཔོན་ས་ཤར་སྟོད་མར་སྒྲོལ་དཀར་གྱི་རྗེས་གནང་བྱས། ཁོང་དཔོན་གཡོག་ཆས་ཤིན་ཏུ་ཉམས་དོད་པའི་གྲ་འགྲིག་(སྒྲིག)གིས་སྐྱེལ་ཐུང་ལ་རྒྱང་ཙམ་བྱོན། ཞྭ་འབེམ་དང་རྟ་ལྕག་འདྲད་པ་སོགས་སྒྱུ་རྩལ་གྱི་རྣམ་འགྱུར་མང་དུ་བསྟན། ལྷོ་ཁ་ཕྱོགས་ཀྱི་དྲུང་འཁོར་འདྲ་ཡང་ཁ་ཤས་འདུག་པ་འབེམ་ལ་ས་པ་གྲུ་པའི་དམག་དཔོན་བཀྲ་ཤིས་འབྲུག་མ་གཏོགས་ཕེབས་མཁན་མ་བྱུང་བས། བྲག་ཁ་ནས་དཔོན་གཡོག་རྣམས་ཞལ་ཅུང་ཟད་སྐྱེངས་འདུག་ཟེར། ཞེས་འབྱུང་བས་སོ། །

 

དཔྱད་གཞིའི་ཡིག་ཆ།

[1].  དཀོན་མཆོག་ཚེ་བརྟན། བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས། ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༥། ཤོག ༣༧༧།

[2].  སྡེ་སྲིད་སངས་རྒྱས་རྒྱ་མཚོ། རབ་གསལ་གསེར་གྱི་སྙེ་མ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༤༢༣།

[3].  ཆབ་འགག་རྟ་མགྲིན། གངས་ལྗོངས་མི་རིགས་ཁག་གི་འབྲེལ་བ་བརྗོད་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༩། ཤོག ༡༠༧།

[4].  ནམ་མཁའི་ནོར་བུ། ཞང་བོད་ལོ་རྒྱུས་ཏི་སེའི་འོད། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༩༩།

[5].  ལྷོ་བྲག་མར་པ་ལོ་ཙཱའི་གསུང་འབུམ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡། ཤོག ༨༠།

[6].  ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་གསུང་འབུམ་པོད་ཉ་པ། དཔེ་གཟུགས། ཤོག ༡༥༥།

[7].  མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། བཀའ་བློན་རྟོགས་བརྗོད། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༤། ཤོག ༩།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།