རྒྱལ་ཕུ་བཀྲ་ཤིས་སྟེང་འགྲོ་དགོན་གྱི་ལོ་རྒྱུས་དཀར་ཆག་གསལ་བའི་མེ་ལོང་།
བསྡུ་སྒྲིག་པ། དགེ་བཤེས་བློ་བཟང་རྒྱལ་བསྟན།
དཀར་ཆག
༡ མཆོད་བརྗོད།………………………………….……..…… …… .4
༢ རྒྱལ་བ་རྒོད་ཚང་པ་སྟེང་འགྲོར་འབྱོན་པ་ཞུས་པའི་སྐོར། …….……….….….5
༣ སྟེང་འགྲོ་དགུ་མའི་མགུར་གསུངས་པའི་སྐོར། ………………….………….6
༤ བྱིན་འབེབས་བཅུ་གཅིག་གི་མགུར་གསུངས་པའི་སྐོར། ………….………….7
༥ གདན་ཕེབས་བཅུ་གཉིས་ཀྱི་མགུར་གསུངས་པའི་སྐོར། ……….………… ….9
༦ སྟེང་འགྲོའི་གནས་ཀྱི་ཡོན་ཏན་བརྗོད་པའི་སྐོར། …………….……..… …10
༧ དཀའ་བ་སྤྱད་ཚུལ་གྱི་སྐོར། ………………………….….………..….11
༨ དག་པའི་འཁོར་ལ་སྐུའི་བཀོད་པ་བསྟན་པའི་སྐོར། …………..……….….. 11
༩ གསང་བའི་རྣམ་ཐར་བཀའ་རྒྱ་མའི་མགུར་གསུངས་པའི་སྐོར།……………… .12
༡༠ སྟེང་འགྲོ་གནས་ཆེན་ཡིན་ཚུལ་སྐོར། ……………..………….…….. .14
༡༡ མངོན་རྟོགས་མངོན་གསུམ་དུ་བསྟན་པའི་སྐོར། ….………..………….…14
༡༢ ཆོས་རྒྱགས་མི་ཆད་པའི་རྟེན་འབྲེལ་མཛད་པའི་སྐོར། ………..…………. .14
༡༣ གཏོར་ཆེན་མཛད་པའི་སྐོར། …………………..………………. ….15
༡༤ སྟེང་འགྲོར་ཆོས་འཁོར་བསྐོར་བའི་སྐོར། ………………………………15
༡༥ འཆི་བ་མི་རྟག་དང་ཚེ་བློས་གཏོང་གསུངས་པའི་སྐོར། ………….… ……..16
༡༦ མགུར་འབུམ་ཆེན་མོ་ནང་གསལ་སྟེང་འགྲོ་རུ་གསུངས་པ།………..……… .18
༡༧ སྟེང་འགྲོ་དགོན་གྱི་རྒྱ་ཁྱོན་སྐོར། …………………..…………….. …20
༡༨ སྟེང་འགྲོའི་རྟེན་རྙིང་པའི་སྐོར། ……………..………………….…..23
༡༩ རྒྱལ་བ་རྒོད་ཚང་པའི་སྐུ་ང་འདྲ་མའི་སྐོར། ……………………….…. 24
༢༠ རྒྱལ་བ་ཨུ་རྒྱན་པས་སྐུ་ཚབ་གནང་བའི་སྐོར། ……..…………….……26
༢༡ དཀར་ཆག་གསུང་རྒྱུན་སྐོར། ……………………..………….. …27
༢༢ སྟེང་འགྲོ་བྱེ་བྲག་གང་གིས་ཀྱང་འཇོམས་པར་མི་ནུས་སྐོར། ….….….……28
༢༣ མཁས་དབང་སངས་རྡོར་སྟེང་འགྲོར་བྱོན་པའི་སྐོར།….….. …….……..29
༢༤ སྟེང་འགྲོ་རུ་སྐྱེས་མཆོག་དུ་མས་ཞབས་བཅགས་པའི་སྐོར། ….…….……33
༢༥ དབྱར་ཆོས་དང་དགུན་ཆོས་ཀྱི་སྐོར། .………….…….……………..34
༢༦ སྟེང་འགྲོ་དབུ་མ་པའི་སྐོར། …………………… ..………………35
༢༧ ཁྲིད་དཔོན་པདྨ་ཆོས་རྒྱལ་བླ་མར་བསྟེན་པའི་སྐོར། ….…….…………. 37
༢༨ རིག་གནས་གསར་བརྗེའི་སྐབས་ནང་རྟེན་སྦས་པའི་སྐོར། .….……..…….38
༢༩ ལོ་རབས་བརྒྱད་ཅུའི་རྗེས་སྟེང་འགྲོ་གསར་བཞེངས་ཀྱི་སྐོར། .……..….….39
༣༠ ༸སྐྱབས་རྗེ་སེང་བྲག་རིན་པོ་ཆེའི་ཞབས་བཅགས་པའི་སྐོར། .…….,.……..41
༣༡ རྒྱལ་ཁྲོམ་མམ་རྒྱལ་ནོར་གྱི་ལོ་རྒྱུས་སྤྱིར་བཤད་པ། …….….……………42
༣༢ རྗེ་རྒོད་ཚང་པའི་སྐུ་བརྙན་ཤར་ཁུམ་དུ་གདན་དྲངས་་པའི་སྐོར། .….…….…48
༣༣ ལོ་དྲུག་ཅུ་ཤར་ཁུམ་དུ་བཞུགས་པའི་སྐོར། ………..….……………….50
༣༤ བལ་ཡུལ་དུ་གདན་དྲངས་པའི་སྐོར། …………………….…………..51
༣༥ ཕན་ཐོགས་ཀྱི་ཨ་ཁུ་ནོར་རྒྱས་སྐོར། ……..……….………………….55
༣༦ ཚིགས་སུ་བཅད་པ་དོན་བསྡུས།……..……….………….….……. .64
༣༧ པར་བྱང་སྨོན་ཚིག ………………………………………………72
མཆོད་བརྗོད།
ཡངས་པའི་རྒྱལ་ཁམསས་སྤྱི་དང་འཛམ་གླིང་འདིར། །
མགོན་མེད་ཉམ་ཐག་གནས་སུ་ལྷུང་བའི་དུས།།
འཇིགས་མེད་ཐུགས་བསྐྱེད་མ་ལུས་སྐྱབས་གཅིག་པོ། །
ལྷ་མིའི་སྟོན་པ་ཤཱཀྱ་སེང་གེར་མཆོད། །
འཛམ་གླིང་ཡངས་པའི་གོ་ལ་ཧྲིལ་པོའི་སྟེང་། །
ཆེར་སྙིགས་དུས་ཀྱི་རྒུད་པས་འཁྲུག་སྐབས་འདིར། །
བདག་གིར་བཞེས་ནས་སྣོད་བཅུད་ཀུན་སྐྱོབ་པའི། །
སྙིང་རྗེའི་དབང་གྱུར་ལྷ་གཅིག་པད་དཀར་མཆོད། །
ཐུབ་བསྟན་གངས་རིའི་ཁྲོད་ན་ཉིན་བཞིན་གསལ། །
ཡང་སྒོས་སྒྲུབ་བརྒྱུད་གངས་ལ་ཉི་ཤར་བཞིན། །
དཔལ་གྱི་རི་ལ་སྟོད་འབྲུག་རྩ་བ་བཙུགས། །
ཁམས་གསུམ་ཆོས་རྒྱལ་རྒོད་ཚང་ཆོས་རྗེ་མཆོད། །
དེ་སྲས་ཐུ་བོ་མཆོག་གྱུར་ཟླ་མེད་པ། །
སྐུ་གསུམ་མངོན་གྱུར་རྒྱལ་བ་ཡང་དགོན་པ། །
གངས་ཅན་གཙུག་གི་ནོར་བུ་ཨུ་རྒྱན་པ། །
འཇེིག་རྟེན་སྒྲོན་མེ་གཉིས་ལ་གུས་པས་མཆོད། །
ཇོ་མོ་གླང་མའི་ཕྱོགས་སུ་ཉི་ཟླ་ཟུང་།།
ཤར་བའི་བོད་ཡུལ་མཛེས་རྒྱན་ཤོང་དཔང་གཉིས། །
བོ་དོང་པཎ་ཆེན་བོད་མཁས་མི་ཕམ་པ། །
ཡོངས་རྫོགས་པཎ་ཆེན་བཞི་ལ་སྙིང་ནས་མཆོད། །
མཁའ་སྤྱོད་གནས་གཤེགས་རས་པ་ཞི་བ་འོད། །
མི་ལས་རྗེས་བཟུང་གླང་བཙུན་སངས་རྒྱས་དང་། །
ཆོས་ཉིད་མངོན་གཟིགས་ནམ་མཁའ་རིན་ཆེན་ཞབས། །
འཕྲིན་ལས་མི་ནུབ་ནམ་མཁའ་དཀར་པོ་རྗེ། །
མཁས་བཙུན་གྲུབ་པའི་འདྲེན་དཔོན་ཆོས་མཛད་དཔལ། །
གྲུབ་རྟགས་མངོན་སྟོན་མཁྱེན་རབ་འཇམ་དཔལ་ཞབས། །
རྒྱལ་ཁྲོམ་སྐྱེས་མཆོག་དྲུག་ལ་གུས་པས་མཆོད། །
གནས་ཆེན་རྒྱལ་གྱི་ཤྲཱི་རི་དཔལ་གྱི་འདབས། །
རྒྱལ་བ་རྒོད་ཚང་སྒྲུབ་གནས་ཀུན་གྱི་གཙོ། །
རྒྱལ་ཁྲོམ་ཕུ་ཡི་གནས་ཆེན་སྟེང་འགྲོ་ཡི། །
སྔ་ཕྱི་བྱུང་རབས་རགས་རིམ་དཀར་ཆག་ཏུ། །
འགོད་ལ་བླ་མ་ཆོས་སྲུང་གནང་བ་སྩོལ། །

རྒྱལ་བ་རྒོད་ཚང་པ་རྒྱལ་ཕུ་སྟེང་འགྲོར་འབྱོན་པ་ཞུས་ཚུལ་སྐོར།
རྒྱལ་བ་རྒོད་ཚང་པ་ཤྲཱི་རིར་ལོ་ངོ་བཅུ་གཅིག་བཞུགས་ནས་དགུང་ལོ་བཞི་བཅུ་ཞེ་ལྔ་པ་ལ་བཀྲ་ཤིས་སྟེང་འགྲོར་བྱོན་ཏེ། འགྲོ་དོན་གྱི་མགོ་ཡང་རྒོད་ཚང་ནས་བཙུགས་པ་ཡིན་གསུངས། དེ་ནས་ཆོས་རྗེ་བས་སྐུ་མཚམས་གྲོལ་བ་དང་། དེའི་དུས་སུ་ཁྲོམ་གྱི་ཡོན་བདག་ལ་སྔ་པ་༼རྒྱལ་ཁྲོམ་གྱི་སྦྱིན་བདག་ལ་སྔ་པ་༽བྱང་ངེ་བ་འོད་འབར་བཟའ་མིས་ཐོག་དྲངས་མི་མང་པོས་མཇལ་དུ་འོངས་ནས་ཞུས་པ། ཆོས་རྗེ་བས་རྟེན་འབྲེལ་ཆིག་ཆོག་མ་གནད་དུ་ཆུད་པས། མི་དང་མི་མ་ཡིན་པ་ཐམས་ཅད་དབང་དུ་འདུ་བས། བྱ་རྒོད་དང་རི་དྭགས་གནའ་བས་མི་ཐར་བའི་ས་ཕྱོགས་འདིར། བདག་ཅག་པའི་མི་མང་པོ་གཡང་ལ་ལྷུང་བར་གདའ་བས། བདག་ཅག་གི་ས་ཕྱོགས་ཕ་གི་ན་རི་ཁྲོད་ངོ་མཚར་ཅན་བདོག་པས་འབྱོན་པར་ཞུ་ཞུས་པས། ཆོས་རྗེའི་ཞལ་ནས་རི་ཁྲོད་ཇི་སྐད་བྱ་བ་ཡོད་གསུངས་པས། སྟེང་འགྲོ་བྱ་བ་ཡོད་ལགས་ཞུས་པས། ཆོས་རྗེའི་ཞལ་ནས་རྟེན་འབྲེལ་བཟང་དེར་འགྲོ་བ་ཡིན་ནོ་གསུངས་ནས། སྟེང་འགྲོ་དགུ་མའི་མགུར་གསུངས་སོ། །
སྟེང་འགྲོ་དགུ་མའི་སྐོར།
སྟེང་འགྲོ་དགུ་མའི་མགུར་གསུངས་པ། ༈ན་མོ་རཏྣ་གུ་རུ། སྤངས་རྟོགས་ཡོན་ཏན་ཕུན་ཚོགས་ཤིང་། །དགོས་འདོད་མི་ཟད་ནམ་མཁའི་མཛོད། བདེ་བ་མཆོག་གིས་འགྲོ་བ་ཚིམས། །རྗེ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །རྒྱལ་ཁམས་གྱི་སྤྲང་པོ་མགོན་རྡོར་ང་། །སྐབས་སུ་ཞེན་མེད་ཀྱིས་འགྲོ་འདུག་བྱེད། །བླ་མ་གོང་མའི་རྣམ་ཐར་འཛིན། །མི་སྡོད་སྟེང་འགྲོའི་གླུ་ཞིག་ལེན། ། ཆགས་ཞེན་འདམ་ལ་མི་སྡོད་པར། །དགོས་འདོད་དོན་ལ་སྦྱངས་ལགས་པས། །རྒོད་ཚང་དུ་འཛིན་མེད་རྒོད་ཕྲུག་འཚར། །འདོད་པ་ཟད་པས་སྟེང་དུ་འགྲོ། །ལོག་ཤེས་འཁྲུལ་པར་མི་སྡོད་པར། གནས་ལུགས་ཡང་དག་དོན་ལ་སྦྱངས། །རྒོད་ཚང་དུ་རང་རིག་རྒོད་ཕྲུག་འཚར། གང་ཤར་འོད་གསལ་གྱི་སྟེང་དུ་འགྲོ། །ཉོན་མོངས་རང་གར་མི་སྡོད་པར། །གཉིས་མེད་དོན་ལ་སྦྱངས་ལགས་པས། །རྒོད་ཚང་དུ་ཡེ་ཤེས་རྒོད་ཕྲུག་འཚར། །སྤང་བླང་མེད་པའི་སྟེང་དུ་འགྲོ། །གཟུང་འཛིན་རང་རྒྱུད་མི་སྡོད་པར། ། སོ་མའི་དོན་ལ་སྦྱངས་ལགས་པས། །རྒོད་ཚང་དུ་མ་བཅོས་རྒོད་ཕྲུག་འཚར། སྣ་ཚོགས་རང་གྲོལ་སྟེང་དུ་འགྲོ། སྡུག་བསྔལ་རྒྱུད་མར་མི་སྡོད་པར། །རོ་སྙོམས་དོན་ལ་སྦྱངས་ལགས་པས། རྒོད་ཚང་དུ་བདེ་ཆེན་རྒོད་ཕྲུག་འཚར། །འཁོར་འདས་དབྱེར་མེད་སྟེང་དུ་འགྲོ། །ཐབས་མེད་ཐབས་ལ་མི་སྡོད་པར། །སྒོ་གསུམ་སྐུ་གསུམ་ལ་སྦྱངས་པས། །རྒོད་ཚང་དུ་སྐྱེད་རྫོགས་རྒོད་ཕྲུག་འཚར། །ཐབས་ཤེས་ཟུང་འཇུག་གི་སྟེང་དུ་འགྲོ། སྟོང་པ་ཕྱོགས་གཅིག་མི་སྡོད་པར། །རྒྱུ་འབྲས་དོན་ལ་སྦྱངས་ལགས་པས། །རྒོད་ཚང་དུ་ཕྲ་ཞིབ་རྒོད་ཕྲུག་འཚར། །ཕྱོགས་ཟུང་སྐྱོན་བྲལ་སྟེང་དུ་འགྲོ། །ཞི་བདེའི་ངང་ལ་མི་སྡོད་པར། །འགྲོ་བའི་དོན་ལ་སྦྱངས་ལགས་པས། །རྒོད་ཚང་དུ་བྱམས་སེམས་རྒོད་ཕྲུག་འཚར། །གཞན་དོན་ཕྱོགས་མེད་སྟེང་དུ་འགྲོ། །ཡོན་ཏན་ཚོད་འཛིན་མི་སྡོད་པར། །བླ་མ་སངས་རྒྱས་ཐུགས་དགོངས་བསྙེགགས། །རྒོད་ཚང་དུ་ཚོགས་གཉིས་ཀྱི་རྒོད་ཕྲུག་འཚར། །སྐུ་གསུམ་འབྲས་བུའི་སྟེང་དུ་འགྲོ། །མི་སྡོད་སྟེང་འགྲོ་དགུ་མ་འདི། །ཡིད་སྨོན་གླུ་རུ་བླངས་པ་ལགས། །མཚན་ལྡན་བླ་མ་རིན་པོ་ཆེ། །ཡིད་སྨོན་འགྲུབ་པར་བྱིན་གྱིས་རློབས། །ཞེས་གསུངས། །གཞན་ཡང་རྒོད་ཚང་དུ་མགུར་མང་པོ་གསུངས་ཤིང་། སྟོན་སྒོམ་རྣམས་ལ་ཉིད་ཅག་རྣམས་སོང་ལ་དགོན་པ་ཐོབ། །སྤྱིལ་བུ་རྣམས་འདི་ལྟར་གྱིས་གསུངས།།
བྱིན་འབེབས་བཅུ་གཅིག་གི་མགུར་སྐོར།
བྱིན་འབེབས་བཅུ་གཅིག་གི་མགུར་གསུངས་པ་ནི། ༈ན་མོ་རཏྣ་གུ་རུ། །རྗེ་འགྲན་ཟླ་བྲལ་བ་འགྲོ་བའི་མགོན། །ཀུན་གྱི་སྤྱི་གནས་འཁོར་འདས་དཔལ། །མཐོང་ཐོས་དྲན་དང་རེག་པ་རྣམས། །བདེ་ཆེན་ལམ་འགོད་ཁྱོད་ཕྱག་འཚལ། །སྔོན་ཚེ་དཀར་པོའི་ལས་འབྲེལ་དེ། །དུས་འདིར་སྨོན་ལམ་མཚམས་སྦྱར་ནས། །ཡོན་མཆོད་ཐུགས་ཡིད་གཅིག་ཏུ་འདྲེས། །དགོན་པ་བྱིན་འབེབས་དབྱངས་ཤིག་ལེན། །ནག་པོ་བདུ་བཞིའི་ཕྱོགས་ལས་རྒྱལ། །མཐར་ཐུག་གནས་ལུགས་རྟོགས་པའི་བུ། །སྐུ་གསུམ་ལྷུན་གྲུབ་སྟེང་དུ་འགྲོ། །མཚན་ལྡན་དགོན་པའི་བྱིན་ཆེན་འབེབས། །རྡོ་རྗེ་འཆང་ཆེན་མན་ཆད་ནས། །ཆོས་རྗེ་ཁུ་དབོན་ཡན་ཆད་དུ། །སངས་རྒྱས་བརྒྱུད་པ་མ་ཆད་པས། །བཀའ་བརྒྱུད་བླ་མའི་བྱིན་ཆེན་འབེབས། །མ་ལུས་རྒྱལ་བའི་ངོ་བོ་ཉིད། །སྐད་ཅིག་གདུང་བའི་གསོལ་བ་འདེབས། །མཆོག་ཐུན་དངོས་གྲུབ་མ་ལུས་སྟེར། །རྩ་བའི་བླ་མའི་བྱིན་ཆེན་འབེབས། །སངས་རྒྱས་འདུ་ཤེས་མ་བྲལ་ཅིང་། །ཅི་གསུང་བཀའ་ལས་མི་འདའ་བས། །རྒྱུན་དུ་གསོལ་བ་འདེབས་པ་དེ། །མོས་གུས་ཆེན་པོའི་བྱིན་ཆེན་འབེབས། །ཚེ་འདི་བློ་ཡིས་བཏང་ལགས་ནས། །ཆོས་བརྒྱད་ཐལ་བ་རླུང་ལ་བསྐུར། །ཉིན་མཚན་མེད་པར་བརྩོན་འགྲུས་བརྩམས། །སྒྲུབ་པ་ལག་ལེན་བྱིན་ཆེན་འབེབས། །སྣ་ཚོགས་སྣང་བ་གང་ཤར་དེ། །གཉིས་མེད་ཕྱག་རྒྱ་ཆེན་པོར་རྟོགས། །ཁ་འཛིན་ཕྱོགས་ལྷུང་མེད་པ་དེ། །མཐའ་བྲལ་ལྟ་བའི་བྱིན་ཆེན་འབེབས། །མ་བཅོས་སོར་བཞག་བློ་ལས་འདས། །བདེ་ཆེན་མི་རྟོག་ཞེན་པ་བྲལ། །མ་སྒོམ་འབྲལ་བ་མེད་པ་དེ། །བློ་འདས་སྒོམ་པའི་བྱིན་ཆེན་འབེབས། །བདེ་སྡུག་ཀུན་ལ་རོ་སྙོམས་བྱེད། །བཟང་ངན་རྐྱེན་ལ་སྤང་བླང་མེད། །ཞེན་པའི་འབྱར་རྩི་བྲལ་བ་དེ། །རང་གྲོལ་སྤྱོད་པའི་བྱིན་ཆེན་འབེབས། །རང་སེམས་རྣམ་དག་དཔང་བཙུགས་ནས། །གཡོ་སྒྱུ་མེད་པར་དྲང་པོར་སྲོང་། །དག་སྣང་ཕྱོགས་མེད་ཀུན་ལ་སྦྱོངས། །དྲི་མེད་དམ་ཚིག་བྱིན་ཆེན་འབེབས། །བདེ་སྡུག་སྣང་བ་སྐད་ཅིག་མ། །རང་སེམས་བག་ཆགས་གཟུགས་བརྙན་བཞིན། །དགེ་སྡིག་འཕྲལ་ལ་འདོར་ལེན་བྱེད། ལག་ལེན་རྟེན་འབྲེལ་བྱིན་ཆེན་འབེབས། །མཉམ་རྗེས་གཉིས་པོ་གཅིག་ཏུ་འདྲེས། །བདེ་ཆེན་རྒྱུན་ཆད་མེད་པར་ཤར། །དམིགས་མེད་བརྩེ་བས་གཞན་རྒྱུད་གྲོལ། །ལྷུན་འགྲུབ་འབྲས་བུའི་བྱིན་ཆེན་འབེབས། །བྱིན་འབེབས་བཅུ་གཅིག་དབྱངས་ཆུང་འདི། །སྟེང་འགྲོར་བཞུགས་ཀྱི་སྒོམ་ཆེན་ལ། །བྱ་དགའ་གླུ་རུ་བླངས་པ་ལགས། །བྱིན་དེ་ལྟར་འབེབས་པས་བདེ་ཆེན་འབྱུང་། །ཞེས་གསུངས། དེ་ནས་སྟོན་སྒོམ་རྣམས་ཀྱིས་དགོན་པ་ལེགས་པར་བཏབ་ནས། །ཆོས་རྗེ་རྒོད་ཚང་པ་སྤྱན་དྲངས་པས། །ཆོས་རྗེ་བས་མ་འོངས་པའི་སེམས་ཅན་དད་པ་བསྐྱེད་པའི་ཕྱིར་དུ། རྒོད་ཚང་གི་བྲག་ལ་ཞབས་རྗེས་ཕྱག་རྗེས་འཇིམ་པ་བརྫིས་པ་ལྟ་བུ་བཞག་ཅིང་ཤྲཱི་རིའི་གནས་ལ་ཐུགས་འཕྲེང་བཞིན་པའི་ངང་ནས། བཀྲ་ཤིས་སྟེང་འགྲོ་རི་ཁྲོད་དུ་བྱོན་ནས་གདན་ཕེབས་པའི་དུས་སུ། །ནོར་ཁོག་གི་བཅེས་ཕྲུག་བཞི་རབ་ཏུ་བྱུང་བས། མིང་སངས་རྒྱས་རྡོ་རྗེ། རིན་ཆེན་རྡོ་རྗེ། བྱང་ཆུབ་རྡོ་རྗེ། བཀྲ་ཤིས་རྡོ་རྗེ། ཞེས་མི་འགྱུར་བ་བཞིའི་མཚན་བཏགས་ནས།
གདན་འབེབས་བཅུ་གཉིས་ཀྱི་མགུར་སྐོར།
གདན་འབེབས་བཅུ་གཉིས་ཀྱི་མགུར་གསུངས་པ། ༈ན་མོ་རཏྣ་གུ་རུ། འགྱུར་མེད་ཆོས་སྐུའི་གདན་སྟེང་དུ། འགག་མེད་གཟུགས་སྐུ་རྣམ་གཉིས་ཏེ། དབྱེར་མེད་ངོ་བོ་ཉིད་སྐུ་བཞུགས། །རྗེ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །རྒྱལ་ཁམས་སྤྲང་པོ་མགོན་རྡོར་འདི། །ད་ནི་འགྲོ་འདུག་མི་བྱེད་པར། །བཀྲ་ཤིས་སྟེང་འགྲོའི་རི་ཁྲོད་དུ། །གདན་ལ་འབེབས་པའི་གླུ་ཞིག་ལེན། །མི་རྟག་འཆི་འཇིག་ཞེན་ལོག་གསུམ། །ཚེ་འདིར་འགྲོ་འདུག་མི་བྱེད་པར། །འགྱུར་མེད་དད་པའི་རི་ཁྲོད་དུ། །ངེས་འབྱུང་བརྟན་པའི་གདན་ལ་འབེབས། །གཉེན་པོ་ཕན་སེམས་བསྐྱེད་རྫོགས་གསུམ། །ཉེས་ལྟུང་འགྲོ་འདུག་མི་བྱེད་པར། །དྲན་པ་ཤེས་བཞིན་རི་ཁྲོད་དུ། །ཡེངས་པ་མེད་པའི་གདན་ལ་འབེབས། །དྲིན་ཐོབ་ལན་ལྡོན་བཀའ་སྒྲུབ་གསུམ། ལོག་ལྟ་འགྲོ་འདུག་མི་བྱེད་པར། །སངས་རྒྱས་ཡེ་ཤེས་རི་ཁྲོད་དུ། །འབྲལ་མེད་མོས་གུས་གདན་ལ་འབེབས། །སྙིང་རུས་སྤྱོད་པ་གོ་ཆ་གསུམ། ཚུགས་མེད་འགྲོ་འདུག་མི་བྱེད་པར། །ཤེས་པ་དྭངས་གསལ་རི་ཁྲོད་དུ། །བྱིང་རྒོད་མེད་པའི་གདན་ལ་འབེབས། །ལྷན་ནེ་ལྷང་ངེ་ལྷམ་མེ་གསུམ། །རྨོངས་འཁྲུལ་འགྲོ་འདུག་མི་བྱེད་པར། མ་རིག་དག་པའི་རི་ཁྲོད་དུ། །རྨུགས་སྐྱོན་མེད་པའི་གདན་ལ་འབེབས། །འབེལ་ལེ་ཤིག་གེ་ལྷོད་དེ་གསུམ། ། འཕྲོ་འདུར་མེད་པའི་གདན་ལ་འབེབས། །རྟོག་པས་དབེན་པའི་རི་ཁྲོད་དུ། རྒོད་སྐྱོན་མེད་པའི་གདན་ལ་འབེབས། །མ་ཡེངས་ངོ་ཤེས་རོ་སྙོམས་གསུམ། །བླང་དོར་མེད་པའི་གདན་ལ་འབེབས། །གནས་ལུགས་རྟོགས་པའི་རི་ཁྲོད་དུ། །ངན་རྟོག་མེད་པའི་གདན་ལ་འབེབས། །མ་སྒོམ་བློ་འདས་ཞེན་བྲལ་གསུམ། །གཉེན་པོ་མེད་པའི་གདན་ལ་འབེབས། །སྒོམ་མཁན་དག་པའི་རི་ཁྲོད་དུ། །བཟང་རྟོག་མེད་པའི་གདན་ལ་འབེབས། །མ་སྐྱེས་མི་འགག་སེམས་གཟུགས་གསུམ། །ཕྱོགས་ལྷུང་མེད་པའི་གདན་ལ་འབེབས། །གནད་འགག་ཤེས་པའི་རི་ཁྲོད་དུ། །མ་རིག་ཉེས་བྲལ་གདན་ལ་འབེབས། །བྱང་སེམས་དངོས་ཕན་སྐྱོན་མེད་གསུམ། །རང་རིག་རང་གསལ་གདན་ལ་འབེབས། །སྦྱངས་པ་མཐར་ཕྱིན་རི་ཁྲོད་དུ། །ལྷུན་གྱིས་གྲུབ་པའི་གདན་ལ་འབེབས། །གདན་འབེབས་བཅུ་གཉིས་སྡེབ་སྦྱོར་འདི། །ཉམས་དགའ་ནས་གླུ་དེ་བླངས་པ་ལགས། །དད་པ་སྤྲོ་ནས་ཡི་གེར་བཀོད་པ་ཡིན། །གདན་དེ་ལ་ཐམས་ཅད་བཞུགས་པར་ཞུ། །ཞེས་གསུངས་སོ།།
སྟེང་འགྲོའི་གནས་ཀྱི་ཡོན་ཏན་བརྗོད་པའི་སྐོར།
དེ་ཡང་གནས་མཆོག་དམ་པ་བཀྲ་ཤིས་སྟེང་འགྲོ་ཞེས་བྱ་བ་དེར་ས་རྒོད་རྟུལ་བར་སོང་ནས། བྱིན་རླབས་གནས་ཆེན་གང་བས་ཆེ་བ། ས་གཞི་ཉམས་དགའ་བ། མཐུན་རྐྱེན་སྣ་ཚོགས་འཛོམ་ཞིང་མཚན་དང་དགེ་ལྟས་ཚང་བ། ཕུ་ན་སེང་གེ་དཀར་མོ་གནམ་དུ་མཆོང་བ་ལྟ་བུ། མདའ་ན་གྲོང་ཁྱེར་རྒྱ་ཞོ་ནན་པ་འདྲ་བ་ཡོད་པ། བར་ན་རིའི་རྒྱལ་པོ་གདན་ལ་བཞུགས་པ་འདྲ་བའི་ཕང་ན་དགོན་པ་བཏབ་པ་ཡིན་ཞིང་། དེ་ལ་ཡང་དཔའ་བོ་དང་མཁའ་འགྲོ་སྤྲིན་བཞིན་དུ་འདུ་བ། གྲུབ་ཐོབ་མང་པོའི་བཞུགས་གནས། སྐལ་ལྡན་མང་པོའི་རྒྱུད་གྲོལ་ས། དད་ལྡན་བསམ་གྱིས་མི་ཁྱབ་པའི་ཚོགས་ས། འབྱོར་བ་ཅན་གྱིས་བསོད་ནམས་བསག་ས་ཡིན་ཞིང་། དེ་ཡང་ཆོས་རྗེའི་ཞལ་ནས། ཤྲཱི་རི་ཡང་འདི་ནས་མཐོང་ཞིང་། ཤྲཱི་རི་དང་འདི་ལ་ཁྱད་པར་མི་འདུག་པས། གནས་ཆེན་བྱིན་རླབས་ཅན་མཆོག་ཏུ་གྱུར་པ་ཞིག་འདུག་གསུངས། བྱང་སེམས་ཤེར་གཞོན་གྱིས། རི་བརྒྱུད་གངས་ལྷ་གཉན་ལ་གཏུགས་པ། ལུང་པའི་ཕུ་ཡོལ་བ་གཡོགས་པ་འདྲ་བ། མདའ་རྐྱོང་བ་འདྲ་བ། བར་མདུན་རི་དང་རྒྱབ་རི་བཟང་བ། བྱ་དང་རི་དྭགས་དཔག་ཏུ་མེད་པ་ཡོད་པ། མི་རྒོད་དང་གཅན་གཟན་ཐོགས་མེད་དུ་རྒྱུ་ཡང་འཚེ་བ་སྐད་ཅིག་ཀྱང་མེད་པ། གནས་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་པ་ཞིག་ལགས་སོ།། ཞེས་གསུངས། ལྷ་བཙུན་རིན་ཆེན་རྣལ་རྒྱལ་གྱིས། ཤྲཱི་རིའི་ཆུ་དེ་བག་གྱོང་། སྟེང་འགྲོའི་དགོན་པ་འདི་ཉིད་ཆུ་ཤིན་ཏུ་འབོལ་བ་ཞེས་གསུངས།༼འབོལ་བ་ནི་མང་པོའི་དོན༽
དཀའ་བ་སྤྱད་པའི་སྐོར།
དེ་ལྟ་བུའི་གནས་དེར་གཟིམས་ཁང་ཤིན་ཏུ་གྲང་བ། གཞན་བེར་ཐུལ་གོན་ཀྱང་མི་དྲོས་པའི་ས་དེར། རིན་པོ་ཆེ་བས་རས་རྐྱང་གསོལ། གཞན་ཅི་ཡང་མ་བཞེས་པར་ལོ་གསུམ་བཞུགས། ང་མིན་པ་སུས་བསྡད་ཀྱང་གནས་འདིར་རླུང་ལ་འཆོར་བ་ཡིན་གསུང་། ངས་ཐབས་ལམ་ཐུན་རེ་ཙམ་བསྒོམས་པས་ཁམས་བཟང་བར་བྱུང་གསུང་། ལོ་གསུམ་གྱི་སྐུ་མཚམས་གྲོལ་བ་དང་། དབུ་ཆེ་བ་རྣམས་དང་མཇལ་བས། རྗེའི་ཞལ་ནས། བྱང་ཆུབ་ཀྱི་སེམས་མ་ཉམས་པ་ལ། ངའི་ལུས་པོ་འདི་འདྲ་ཡོང་བ་ཡིན་གསུང་། སྐུ་ལུས་གསེར་ཟངས་ཕྱིས་པ་འདྲ་བ་བཀྲག་མདངས་གཟི་མདངས་བསམ་གྱིས་མི་ཁྱབ་པར་འདུག་ཅིང་། དེ་དུས་སྐུ་ཁམས་བཟང་ཞིང་སྐུ་ཚེ་ལ་ཡང་དམ་བྲེལ་མ་བྱུང་ན། དགུང་ལོ་བརྒྱད་ཅུ་བཞུགས་པར་གསུངས།
དག་པའི་འཁོར་ལ་སྐུའི་སྒོ་ནས་རང་དབང་ཐོབ་པའི་བཀོད་པ་བསྟན་པ།
དུས་དེར་ཡང་ཉིན་ཞིག་ཨ་པོ་བྱང་དཔལ། ཉེ་གནས་རིན་རྒྱལ་ལ་སོགས་པའི་དག་པའི་འཁོར་འགའ་ཞིག ཆོས་རྗེའི་དྲུང་དུ་ཚོགས་འཁོར་ཞིག་མཛད་པ་ལ། ཆོས་རྗེ་བས་སྐུའི་བཀོད་པ་འདི་ལྟར་བསྟན་ཏེ། དེ་ཡང་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པའི་སྐུ་རུ་བསྟན་ནས་མཛད་པ་བཅུ་གཉིས་ཀྱི་ཆོས་གསུངས་སོ། །དེ་ཉིད་ཡང་བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོའི་སྐུ་རུ་སྤྲུལ་ནས་དགྲ་བགེགས་འཇོམས་པའི་ཚུལ་བསྟན། ཡང་བཅོམ་ལྡན་འདས་བདེ་མཆོག་ལྷན་སྐྱེས་རྡོ་རྗེ་རྣལ་འབྱོར་མ། ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་སོགས་སུ་བསྟན་ནས་སྤྲུལ་པ་སྣ་ཚོགས་མཛད། གཞན་ཡང་བཅོམ་ལྡན་འདས་རྒྱལ་བ་རིགས་ལྔའི་སྐུར་རིམ་པ་བཞིན་དུ་སྤྲུལ་ནས། ཞིང་ཁམས་ལྔའི་བདག་པོ་མཛད་པ་ལ་སོགས་པའི་ཚུལ་སྣ་ཚོགས་བསྟན་ཏེ། མདོར་ན་ཡི་དམ་གྱི་ལྷ་ཚོགས་མང་པོར་བསྐྱེད་ཅིང་སྤྲུལ་ནས། དེ་རྣམས་ཀྱང་སྐབས་སུ་མི་སྣང་བར་རྗེ་རང་ལ་བསྡུས་ནས་རྫོགས་རིམ་གྱིས་ངང་ལ་བཞུགས་ཤིང་། དེ་ལྟ་བུའི་བསྐྱེད་རྫོགས་གང་མཛད་ཐམས་ཅད་ལ་སྐུའི་སྒོ་ནས་རང་དབང་ཐོབ་པའི་ཚུལ་མཐའ་ཡས་པ་བསྟན་ཏོ།།
གསང་བའི་རྣམ་ཐར་བཀའ་རྒྱ་མའི་སྐོར།
དེ་ཡང་བྱང་སེམས་ཤེར་གཞོན་ལ་སོགས་པའི་སྣོད་ལྡན་རེ་རེ་ཙམ་ལ་གསང་བའི་རྣམ་ཐར་བཀའ་རྒྱ་མའི་མགུར་གསུངས་པ། ན་མོ་རཏྣ་གུ་རུ།
རྗེ་མཚན་ལྡན་བླ་མ་རིན་པོ་ཆེ། །
མོས་པས་བུ་ལ་བྱིན་གྱིས་རློབས། །
ང་ཁམས་གསུམ་གྱི་མགོན་པོ་བྱེད་པ་ལ།།
ཆོག་ཤེས་དགྲ་ལས་བསྐྱབ་ཏུ་གསོལ།
ང་ལྷོ་བྲག་མཁར་ཆུར་སྒོམ་ཙ་ན། །
སྣང་སྲིད་ལྷ་འདྲེ་བཀའ་བཞིན་བསྒྲུབ། །
ནུས་མཐུ་འདོད་ན་ཡོང་ཚོད་གདའ། །
ང་ཚེ་འདི་སྤངས་པའི་རྣལ་འབྱོར་ལགས། །
ཏི་སེ་གངས་ལ་སྒོམ་ཙ་ན། །
དྭངས་ཆ་ལ་ཤེས་བྱའི་དཀྱིལ་འཁོར་གསལ། །
མངོན་ཤེས་ཤིག་འདོད་ན་ཡོད་ཚོད་གདའ། །
ང་རང་འདོད་སྤངས་པའི་རྣལ་འབྱོར་ལགས། །
ང་ཁ་ཆེའི་དུར་ཁྲོད་དུ་སྒོམ་ཙ་ན། །
མཁའ་འགྲོ་ལག་པའི་མཐིལ་ན་འཁྲབ། །
ཐུན་མོང་བསྒྲུབ་ན་འགྲུབ་ཚོད་འདུག །
ང་མཆོག་ལ་དྲིལ་བའི་རྣལ་འབྱོར་ལགས། །
ང་ལྷ་ཁབ་ཀྱི་ངོ་ལ་སྒོམ་ཙ་ན། །
ཆུ་ལ་ས་བཞིན་སྟེང་ལ་འགྲོ། །
རྫུ་འཕྲུལ་འདོད་ན་ཡོང་ཚོད་གདའ། །
ང་ཆོས་བརྒྱད་སྤངས་པའི་རྣལ་འབྱོར་ལགས། །
ང་ཙ་རིའི་གནས་ལ་སྒོམ་ཙ་ན། །
ཞི་ཁྲོའི་ལྷ་ཚོགས་མི་བཞིན་མཐོང་། །
འཕྲིན་ལས་འདོད་ན་ཡོང་ཚོད་གདའ། །
ང་ཆོག་ཤེས་སྤངས་པའི་རྣལ་འབྱོར་ལགས། །
ང་རྒྱལ་གྱི་ཤྲཱི་རིར་སྒོམ་ཙ་ན། །
མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །
འགྲོ་དོན་བྱས་ན་འགྲུབ་ཚོད་གདའ། །
ད་ལྟ་སྦས་པའི་རྣལ་འབྱོར་ལགས། །
ཞེས་གསུངས་ནས། རེ་ཞིག་བཀའ་རྒྱས་བཏབ་བོ། །
སྟེང་འགྲོ་གནས་ཆེན་ཡིན་ཚུལ་སྐོར།
གཞན་ཡང་ཨ་པོ་བྱང་དཔལ་གྱིས། ཆོས་རྗེ་ལ་དགོན་པ་སྟེང་འགྲོ་འདི་གནས་ཆེན་ཞིག་ཡིན་པ་མི་གདའ་འམ་ཞུས་པས། ཆོས་རྗེའི་ཞལ་ནས། སྤྱིར་ངའི་སྡོད་ས་དེ་གནས་ཆེན་ཡིན་མོད་གསུང་ངོ་།།
མངོན་རྟོགས་མངོན་སུམ་དུ་བསྟན་པ།
ཡང་ཨ་པོས་བདག་བློ་ངན་འདི་ངེས་ཤེས་སྐྱེ་བའི་ཕྱིར་དུ། ཆོས་རྗེའི་མངོན་རྟོགས་ཤིག་བསྟན་པར་ཞུ་བྱས་པས་རུང་གསུངས་ནས་དུས་ལན་གཅིག་ཆོས་རྗེ་རིན་པོ་ཆེའི་ཞལ་ནས། རྒན་པོ་ཁོ་རེ་ཤོག་དང་གསུངས་ནས་སྤྱན་སྔར་ཕྱིན་པས་ཁང་པ་ཀ་གཅིག་མའི་ཤར་ཕྱོགས་ཀྱི་དཀར་ཁུང་གི་ཉི་ཟེར་ལ་རྡོ་རྗེ་དྲིལ་བུ་བཀལ་ནས་འདུག །
ཆོས་རྒྱགས་མི་ཆད་པའི་རྟེན་འབྲེལ་མཛད་པ།
དགུན་ལོ་གསར་གྱི་སྒང་ལ། ཐུན་གཏོར་གྱི་ཁ་ན་བུམ་པ་གཅིག་གི་ནང་ན་ཡར་ཁྲག་སྲུས་དམར་ཤིག་གེ་བ་ཕོན་གཅིག་བཙུགས་ནས་འདུག སྲུས་དེ་ཕུར་ལ་ཟོ། ནས་ཡོད་ཚད་སྐྱོགས་རྣམས་སུ་བླུག་ལ་ཞོག སྲུས་དེ་འཕུར་གྱིན་དེ་པའི་ནང་དུ་བླུག་ཅིག་རྒྱགས་མི་ཆད་པ་ཡིན་གསུང་། མི་ལ་མ་སྨྲ་ཞིག་བྱ་བའི་ལན་གསུམ་བཀའ་རྒྱས་བཏབ། ཨ་པོ་བྱང་དཔལ་གྱིས་ཀྱང་ཟླ་བ་གསུམ་མི་ལ་མ་བཤད། ནས་ལོངས་སྤྱད་ཀྱིན་ཇེ་མང་ལ་ཕེལ་ནས། དེ་ནས་ཨ་པོ་དགའ་ནས་མ་བཟོད་དེ། གྲྭ་པ་རྣམས་ལ་ཁྱེད་ཚོའི་བཟའ་བ་མི་ཡོང་ངམ། ང་ལ་ནི་ཆོས་རྒྱགས་མི་འཆད་པའི་རྟེན་འབྲེལ་མཛད་ནས་ཡོང་བྱས་པས། དེར་ནས་འཕེལ་འཕྲོ་ཆད། ཡང་ཆོས་རྗེ་ལ་ཞུས་པས། ཆོས་རྗེའི་ཞལ་ནས། ཁ་སང་ནས་མི་ལ་མ་བཤད་བྱས་པས། ད་བྱས་ཀྱང་མི་ཡོང་གསུངས་ནས་མ་གནང་ངོ་། །དེས་ན་བླ་མས་ཅི་གསུང་ཚད་མར་བཟུང་བ་འདི་ཤིན་ཏུ་གལ་ཆེ་བར་འདུག་གསུང་ངོ་། །
གཏོར་ཆེན་མཛད་པ།
གྲུབ་ཆེན་ཨུ་རྒྱན་པས། དེ་རྗེས་རྒྱལ་བུ་སྟེང་འགྲོར་བཞུགས་པའི་ཚེ། ཞེ་སྡང་གདུག་པ་བེ་རིའི་དམག་དཔུང་ལ། །ཆོས་ཀྱི་རྒྱལ་པོས་སྡིགས་མཛུབ་གཏད་པ་ལས། །དུས་མཐའི་རླུང་གིས་སྤྲིན་ཕུང་གཏོར་བ་བཞིན། །བེ་རིའི་དམག་དཔུང་ཕྱོགས་བཅུ་ཀུན་ཏུ་ཐོར། །སྟོབས་ལྡན་སྡུག་པ་ཧོར་གྱི་དམག་དཔུང་ལ། །ཐུགས་འདུན་བཏང་བས་རང་གི་གནས་སུ་ལོག །ཅེས་གསུངས། །སྟེང་འགྲོ་དང་ཁྲོམ་དུ་བཞུགས་པའི་དུས་སུ་ངས་ནས་ཁལ་སུམ་སྟོང་ལ་བྱས་པའི་གཏོར་མ་ལ། གཏོར་རྒྱན་ཤ་གཟུགས་ཁོག་སུམ་བརྒྱ་བརྒལ་བའི་གཏོར་ཆེན་མཛད་ནས། འཕྲིན་ལས་ཧོར་གྱི་ཇག་པ་བཟློག་པ་ལ་སོགས་པ་མཛད། འཛམ་བུའི་གླིང་ན་ཡང་འགྲན་པའི་དོ་མེད། སྐུའི་སྙན་པ་སྲིད་པ་གསུམ་དུ་ཁྱབ་པ་རྗེ་རིན་པོ་ཆེ་རྒོད་ཚང་པའི་སྐུ་གསུང་ཐུགས་ཀྱི་རྣམ་ཐར་ཟབ་མོ་ཞིག་ལགས་སོ།།
སྟེང་འགྲོར་ཆོས་འཁོར་བསྐོར་བའི་སྐོར།
སྟེང་འགྲོ་གནས་སུ་ཆོས་འཁོར་བསྐོར་བ་རྒྱ་ཆེ་བ་ནི།། དབུ་ཆེན་བརྒྱད་ཙམ་ལ་ཆོས་རྗེ་བས་ཆོས་གསུངས་པ་དང་ཏིང་ངེ་འཛིན་རྒྱས་པའི་དབང་མཛད། དེ་ནས་ཚོགས་པ་བརྒྱད་ཅུ་ཙམ་གྱིས་ནས་ཁལ་ལྔ་བཅུའི་གཏོར་མ་བཤམས་ནས་རྗེ་བཙུན་མའི་བྱིན་རླབས་ཞུས་པས། བྱིན་རླབས་ཀྱིས་ཐམས་ཅད་འུར་བ་བྱུང་། དེ་ནས་ཁྲིད་དང་གདམས་ངག་བསམ་གྱིས་མི་ཁྱབ་པ་གསུངས་པས། གསར་པ་ཐམས་ཅད་ཀྱི་ཁྲིད་ཟླ་བ་རེ་ཚར་ཞིང་། འཁོར་གསར་རྙིང་མེད་པ་ལ་ཟླ་བ་བཅུ་གཅིག་ལ་ཐད་ཀའི་གདམ་ངག་ཐམས་ཅད་ཚར་བ་མཛད། ཡང་དཔལ་ལྡན་ཡང་དགོན་པ་ཆེན་པོ། ཞིག་པོ་དཀོན་སེང་། དབང་ཕྱུག་རྒྱལ་མཚན། ཁྲི་སྟོན་མཁན་པོ་ཁུ་ལུང་བ་ལ་སོགས་པའི་ཕྱོགས་ཕྱོགས་ཀྱི་མི་ཆེན་བླ་མ་སློབ་དཔོན་དགེ་བཤེས་ལ་སོགས་པ་བཞི་བརྒྱ་ཙམ་འདུས་ནས་ཁྲིད་བསྐྱངས། འགྲོ་དོན་རྒྱ་ཆེན་པོ་མཛད།
འཆི་བ་མི་རྟག་པ་དང་ཚེ་བློས་གཏོང་གི་ཆོས་གསུངས་པ།
སྐབས་ཤིག་མི་ཆེན་ལ་སོགས་པ་བྱོན་ཀྱང་མ་མཇལ་བར་སྐུ་མཚམས་དམ་པོ་ལ་བཞུགས། ཉེ་གནས་ལ་ཡང་གསུངས་མ་གནང་བར་འཁོར་གཡོག་ཐམས་ཅད་ཀྱང་སྒྲུབ་པ་དམ་པོ་ལ་བཞུགས། དེ་ཙ་ན་མཚན་མོ་ཡང་རྣལ་མི་མཛད་པར། གཟིམས་མལ་བཞི་བཞི་སྤོས་ནས་ཐུགས་དམ་མཛད་དེ། རྟོགས་པ་ནམ་མཁའ་ལྟ་བུའི་ངང་ནས་ཆོས་སྤྱོད་སྒྱུ་མ་ལྟ་བུ་བྱེད་པ་ཡིན་གསུང་། དེའི་དུས་སུ་དབུ་ཆེ་དང་དགེ་འདུན་ཡོན་བདག་ལ་སོགས་པའི་ཚོགས་པ་སུམ་སྟོང་ཙམ་ཚོགས་ནས་འགྲོ་དོན་མཛད་པར་ཞུས་པས། གསུང་ཡི་གེར་བྱོན་པ། ཁྱེད་འདིར་བཞུགས་ཀྱི་སྐྱེས་བུ་དམ་པ་རྣམས་གསོན་དང་། ཁོ་བོ་སྤྲང་པོ་བདག་ལ་སྤྱིར་བསམ་རྒྱུ་མ་རྒན་སེམས་ཅན་ལས་མེད། སྒོས་རྗེས་འཇུག་རྣམས་ལ་ཡོན་ཏན་ཇི་ལྟར་བྱས་ན་སྐྱེས་སྙམ་པ་ལས་མེད། དེ་ལ་རང་ཉིད་རྫོགས་པའི་སངས་རྒྱས་ཐོབ་དགོས། སངས་རྒྱས་ཐོབ་པར་བྱེད་པ་ལ་སྒྲུབ་པ་བྱེད་དགོས་པར་འདུག་པས། གནས་སྐབས་སུ་མངོན་ཤེས་དང་རྫུ་འཕྲུལ་དང་། མཐར་ཐུག་རྫོགས་པའི་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྒྲུབ་པ་བྱེད། སྒྲུབ་པ་བདུད་དངོས་གྲུབ་དུ་བརྫུས་པའི་འཁོར་སློབ་སྙན་གྲགས་བསོད་ཆུང་གི་དབང་དུ་མི་གཏོང་། སྙིགས་མའི་དུས་སུ་སྒྲུབ་བརྒྱུད་ཀྱི་བསྟན་པ་ལ་བྱི་དོར་བྱེད། ཁྱེད་རང་ཞལ་སློབ་རྣམ་པ་ཚོ་ཡང་གང་དགྱེས་པའི་རི་ལ་རྒྱུག་ལ་སྒྲུབ་པ་གྱིས་ཤིག སྒྲུབ་པ་མ་བྱས་ན་མཉམ་ཉིད་ཀྱི་ངང་དུ་བསྡུ་བར་མཆིའོ། ཞེས་པའི་གསུང་བྱོན། ཡང་གདམས་ངག་གནང་ནས་སྒྲུབ་པ་བྱས་ཤིང་ཉམས་སུ་བླང་ན་ཡོན་ཏན་ཐམས་ཅད་སྐྱེ་སྟེ། དེ་ཉམས་སུ་ལེན་པ་ནི་མི་འདུག ཉམས་སུ་མ་བླངས་ན་འགྲོ་དོན་བྱས། ཆོས་བཤད་ཀྱང་མི་ཕན་བྱས་པའི་གསུང་ཡང་བྱོན། མགུར་ཡང་གསུངས་ཤིང་། དེ་ཙ་ན་ཚོགས་པ་ལ་ལས་ལོ་གསུམ་ཙམ་གྱི་བར་དུ་ཞལ་མ་མཇལ། གསུང་མ་ཐོས་ཏེ། སླར་ཡང་ཞུ་བ་ནན་གྱིས་ཕུལ་བས། ཁྱེད་རྣམས་ཀྱང་བདེན་གསུང་། དེར་ཚོགས་པ་རྣམས་ཀྱི་ཆོས་ཞུས་པས། མི་རྟག་འཆི་བར་ངེས་ཀྱིས་ཚེ་འདི་བློ་ཡིས་ཐོངས། སྐྱོན་དག་ཡོན་ཏན་རྫོགས་པའི་རྗེ་ལ་གསོལ་བ་ཐོབ། རང་གི་སེམས་ལ་ལྟོས་དང་མ་རིག་གཞི་རྩ་བྲལ། བྱམས་དང་སྙིང་རྗེ་སྒོམས་དང་གཞན་དོན་ལྷུན་གྱིས་འགྲུབ། ཅེས་པ་ལ་སོགས་ཟབ་ལ་རྒྱ་ཆེ་བ་གསུངས། ཁྲིད་ཆེན་བརྒྱད་ཀྱི་ཁྲིད་དང་སེམས་བསྐྱེད་གནང་བ། རྙིང་པ་རྣམས་ལ་གང་ལ་གང་འདོད་ཀྱི་ཟབ་ཆོས་གནང་། ལམ་གྱི་སྲོལ་ཁྱད་པར་དུ་འཕགས་པ་ཐུན་མོང་མ་ཡིན་པའི་གདམས་ངག་ཁྲིད་ཆེན་བརྒྱད་ཀྱི་ཁྲིད་རྣམས་རིམ་པར་བསྐྱངས། བྱིན་རླབས་དང་གདམས་ངག་གི་ཁྲིད་བཏབ་ཚད་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་མ་སྐྱེས་པ་གཅིག་ཀྱང་མ་བྱུང་། དུས་དེར་ཡང་ཕྱོགས་རིས་ནས་བྱོན་པའི་མི་ཆེན་དགེ་འདུན་ལ་སོགས་པ་ཚོགས་ཕྱེད་དང་ལྔ་བརྒྱ་ཙམ་རེ་ཚོགས་པ་ལ། སེམས་བསྐྱེད་ཆེན་པོ་ཡང་མཛད། སྐབས་གཞན་ཡང་སྒྲུབ་ཐབས་དང་གདམས་ངག་མང་པོ་གསུངས། བླ་མ་ངོ་སྤྲོད་དང་ཏིང་ངེ་འཛིན་གྱི་དབང་གི་དབང་བསྐུར་ཡང་མཛད་དོ། །དབང་དང་བྱིན་རླབས་མཛད་པས། མཁའ་འགྲོ་མ་ན་རེ། དབང་བསྐུར་མང་ན་ཚེ་ལ་གཟན། སྣོད་ལྡན་སློབ་མ་ཤིན་ཏུ་དཀོན། ཅེས་ཟེར་རོ། ཚོགས་པ་རྒྱ་ཆེ་བ་འདུ་བའི་སྐབས་ལ་གྲངས་ཚད་སྟོང་ཕྲག་ཕྱེད་དང་བཞི་སྟོང་ཙམ་རེ་ཚོགས་པར་གསལ་ཁ་གསུངས།།
མགུར་འབུམ་ཆེན་མོ་ནང་གསལ་སྟེང་འགྲོ་རུ་གསུངས་པ།
དཔལ་མཉམ་མེད་རྒྱལ་བ་རྒོད་ཚང་པའི་མགུར་འབུམ་ཆེན་མོ་ལས་སྟེང་འགྲོ་གནས་སུ་གསུངས་པ་རྣམས་རྐང་གྲངས་འདིར་བཀོད་པ་ནི། མགུར་འབུམ་ཆེན་མོ་ལས། སྟེང་འགྲོར་དགོན་ཐེབས་པའི་མགུར་མ་དེ་གསུངས་ནས། འདག་ཁ་ལོ་གསུམ་མཛད། ཚོགས་པ་ཕོ་མོ་དྲུག་ཅུ་འདུས་པ་གང་དགར་བོར་ནས་ངོ་མ་སྲུང་བས་སླར་ཚོགས་པ་ཇེ་མང་། འགྲོ་དོན་ཇེ་ཆེ་ལ་སོང་ངོ་། །ཞེས་གསུངས་ཤིང་། མགུར་དབྱངས་གསུངས་པའི་རྐང་གྲངས་ནི། །
(1)གཏེར་མཛོད་བརྒྱད་ཀྱི་དབྱངས་ཆུང་། །(2) སྐྱོ་སྐྱེས་བདེན་ཚིག་གླུ། །(3 )རང་ཚང་རང་སྟོན་པའི་གླུ། །(4 )འགྱོད་པ་མེད་པའི་གླུ། །(5) ཆོས་མེད་རྣམས་ལ་ཟུར་ཟ་རིང་མོའི་དབྱངས་ཆུང་། །(6) ཞལ་ཏ་རིང་མོའི་དབྱངས་ཆུང་། །(7) མི་ཆེན་བརྒྱད་ཀྱི་དབྱངས་ཆུང་། །(8) ངོ་མཚར་ཆེ་བའི་མགུར། །(9) ངེས་པ་བདུན་གྱི་དབྱངས་ཆུང་། །(10) ཞལ་མཇལ་བཅུ་ཅིག་དབྱངས་ཆུང་། །(11) བདེན་ཚིག་དཔེ་དོན་དབྱངས། །(12) བཀྲཤིས་རྒྱན་དང་རིན་ཆེན་རྒྱན་གཉིས་བསྒྲུབ་པ་བསྐུལ་བ་ལ་གསུངས་པ།
(13) བཀའ་གདམས་པ་དང་ཤེར་གཞོན་གཉིས་ཀྱི་གཙོ་བྱས་པ་རྣམས་ལ་གསུང་ནོན་ཆེ་བས་གདམས་པ།(14) སྟེང་འགྲོ་ན་ཟླ་བ་བདུན་འགྲོ་དོན་མཛད་ནས་འདག་ཁ་བྱེད་པ་ལ་ཇོ་བཙུན་གྱིས་དེའི་རྒྱུ་མཚན་ཞུས་པ་ལ་གསུངས་པ། (15) ཡེ་ཤེས་དཔལ་འོང་བའི་སྣེ་ལེན་དུ་གསུངས་པ། (16) ཨ་པོ་བྱང་དཔལ་ཉེ་གནས་བྱེད་པའི་དུས་སུ་གསུངས་པ། (17 ) རབས་བདུན་མ་སྒོམ་པ་རྣམས་ལ་གསུངས་པ། (18) སྒྲུབ་པ་པོ་ཡོངས་ལ་གསུངས་པ། (19) བླ་མ་བསྒྲུབས་པ་མཛད་པ་རྣམས་ལ་གསུངས་པ།(20) ཟུང་འཇུག་གཙོ་བོར་སྟོན་པའི་མགུར་གསུངས་པ།(21) བསམ་གཏན་འོད་ཉེ་གནས་བྱེད་པ་ལ་གསུངས་པ། (22 ) ཞེན་པ་ལོག་ནས་བཤོ་མི་གསོལ་གསུངས་པ། (23) ཧོར་བཟློག་པ་ལ་གཏོར་མ་གཏོང་བའི་དུས་སུ་གསུངས་པ། (24) དབང་ཕྱུག་རིན་ཆེན་གྱིས་བཙུན་པ་ངག་འཁྱལ་བྱས་པ་ལ་གསུངས་པ། (25 ) མཁའ་འགྲོ་སྡེས་ཉམས་མྱོང་ཕུལ་ནས་ཡི་གེ་གཅིག་ཞུ་བྱས་པ་ལ་གསུངས་པ། (26) སློབ་དཔོན་ཇོ་བསམ་གྱིས་ཆོས་རྗེས་དཀའ་བ་སྤྱད་པའི་ཉམས་མྱོང་ཞིག་ཞུ་བྱས་པ་ལ་གསུངས་པ། (27) ར་ལུང་དུ་དཀོན་མཆོག་གིས་?གཏད་རྩི་སྐྱལ་བ་ལ་གསུངས་པ། (28) རིན་ཆེན་རྒྱལ་དཀོན་གཉེར་གྱི་དཔོན་ལ་འགྲོ་བས་ཡི་མུག་མེ་འདྲ་ཞིག་བྱུང་ཟེར་བར་ལ་གསུངས་པ། (29) སྒོམ་མ་ཚོར་དཀོན་གཉེར་ལ་འགྲོ་བ་ལ་མི་དགའ་ཟེར་བ་ལ་གསུངས་པ། (30) ཡང་དཀོན་མཆོག་གི་གཏང་རྩི་སྐྱལ་བ་ལ་གསུངས་པ། (31) ཡོན་བདག་འགོང་འདུལ་བྱ་བ་ལ་གདམས་ངག་ཞུས་པ་ལ་གསུངས་པ། (32 ) ཞབས་སྙུང་བའི་དུས་སུ་གསུངས་པ། ( 33 ) སྐུ་རིམས་བྱས་པར་ཞུས་པས་ཀྱང་དམ་ཚིག་ལ་འགར་ནས་མ་གནང་བར་ཐབས་ཅགས་ནས་གསུངས་པ། (34) སློབ་དཔོན་རང་གྲོལ་གྱིས་ཞུས་པ་ལ་གསུངས་པ། (35) ཤྭཀྱ་འོད་ཀྱིས་ཞུས་པ་ལ་གསུངས་པ། (36) དགེ་སློང་སངས་རྒྱས་འོད་ཀྱིས་གསོལ་འདེབས་ཀྱི་ཕན་ཡོན་ཞུས་པ་ལ་གསུངས་པ། (37) ཇོ་མོ་ཚོ་ལ་བྱི་བོ་བྱུང་ནས་བསྒྲུབས་འདེགས་པ་ལ་གསུངས་པ།(38) ཡང་དེ་དུས་བསྒྲུབ་པ་འདེགས་སུ་བྱུང་བ་ལ་གསུངས་པ། (39) སྒྲུབ་པ་ཕོ་མོ་ཡོངས་ལ་སྐུལ་མ་གསུངས་པ། (40) ཨ་བོས་གཡོག་བྱས་པ་ལ་བྲོད་པ་བསྐྱེད་ཕྱིར་གསུངས་པ།
(41)སྤྱི་བཙན་དང་སྒོས་བཙན་གྱི་ཧོར་བཟློག་ཐབས་འདི། ཨ་པོ་བྱང་དཔལ་དང་། བྱང་སེམས་ཤེར་གཞོན་གཉིས་ཀྱི་བསམ་པ་གཅིག་ཏུ་དྲིལ་ནས་ཞུས་པས་དགྱེས་བཞིན་དུ་གསུངས་པ།(42)བསྒྲུབ་པ་ལ་བློ་དྲེད་པ་རྣམས་ལ་གསུངས་པ། (43) ཚོགས་པ་ཡོངས་ཀྱི་ནང་ན་དྲེད་པོ་རྣམས་ལ་གསུངས་པ། (44 ) ཨ་པོས་རྒྱགས་ཆད་ནས་ཞུས་པ་ལ་གསུངས་པ།
(45) ཆོས་བརྒྱད་མགོ་སྙོམས་མགུར་བྱང་སེམས་ཤེར་གཞོན་ལ་བྱོན་པ། (46) སྙུང་མར་མ་བྱུང་བའི་དུས་སུ་གསུངས་པ། (47) སྙུང་དེ་དྭངས་པའི་དུས་སུ་གསུངས་པ། (48) ཨ་པོ་བཀའ་གདམས་པ་སངས་རྒྱས་འོད་རྣམས་སྐྱེན་བག་རེ་བསྒྲུབས་པ་འདེགས་པ་ལ་གསུངས་པ།(49 ) བླ་མ་གྲོགས་མེད་དུ་གསང་སྤྱོད་ལ་ཟླ་བ་གསུམ་པའི་དུས་སུ་ཞིང་ཁམས་རེ་ལ་མཐོང་སྣང་རེ་བྱུང་གསུངས་ཞིང་དེ་རྣམས་གསུངས་པ། (50) ཤྭཀྱ་འོད་ཡུལ་དུ་འགྲོ་བ་ལ་གསུངས་པ། དེ་ཡན་ཆད་སྟེང་འགྲོར་གསུངས་པ་ལགས་སོ། །ཞེས་མགུར་འབུམ་ཆེ་མོ་ནང་གསལ་ལོ།།

སྟེང་འགྲོ་དགོན་གྱི་རྒྱ་ཁྱོན་སྐོར།
རྒྱལ་བ་རྒོད་ཚང་པའི་སྐབས་ཚོགས་པ་ཆེ་བའི་དུས། སློབ་ཚོགས་(4500 )ཙམ་ཚོགས་པ་རྣམ་ཐར་དུ་གསལ་ཡོད། རྒྱལ་བ་རྒོད་ཚང་པ་སྐུ་དངོས་ནས་གསུངས་པ། གྲུབ་ཐོབ་མང་པོའི་བཞུགས་གནས། སྐལ་ལྡན་མང་པོའི་རྒྱུད་གྲོལ་ས། དད་ལྡན་བསམ་གྱིས་མི་ཁྱབ་པའི་ཚོགས་ས། འབྱོར་བ་ཅན་གྱིས་བསོད་ནམས་གསག་ས་ཡིན་ཞིང་། ཞེས་གསུངས། ཡང་རྗེ་རྒོད་ཚང་པ་ལ་རྫོང་ཁ་བས་ཞུས་ལན་དུ། ཆོས་རྗེ་འབྲུག་པའི་འཁྲུངས་ཡུལ་ཀྱང་ར་ལུང་གི་སྨད་དེ་རང་ན་ཡོད་དེ། ཕ་ཡུལ་གྱི་མི་གནོད་པར་བྱུང་བ་ཡིན་མོད། ཕ་ཡུལ་སྤངས་ཀྱང་ཐག་རིང་དུ་ཟས་ནོར་མངའ་རིས་ལ་ཞེན་ན་ཅི་ཕན་ཏེ། ངེད་སྟེང་འགྲོ་ན་ཡོད་པའི་དུས་སུ་གྲོང་པའི་ཡོན་བདག་ལ་སྔ་པ་བྱུང་བས། བཙུན་ཆུང་ཞིག་ན་རེ་ངེད་ཀྱི་རྟ་འབྲོག་མ་རྔ་ཟེར་ནས་བསྲུང་བར་འདུག དེར་ངས་ཨ་པ་ང་ལྷོ་བྲག་པའི་སྤྲང་པོ་གཅིག་གིས་ཁོང་པའི་ལུང་པ་བཟུང་ནས་ཡུལ་པའི་ཡུལ་བསྲུང་བ་འདི་འདྲའི་དཔེ་ཡོད་དམ་སྙམ་ནས། དེ་ནས་ངས་བཞག་པ་ཡིན། སྤྱིར་སྟེང་འགྲོ་དེ། ལ་སྟོད་ཀྱི་ས། དགོན་པའི་ཁུལ་ཅིག་ལ་དེ་ལས་བཟང་བ་མེད་དེ་ངས་དེར་བསྡད་ན་ཡོན་སྒོམ་དུ་བྱས་པ་དང་། གང་ཟག་ཕྱུག་པོ་ལ་སོགས་པ་རྣམས། གནག་རྟ་མང་པོ་གསོལ་བར་འདུག དེ་ལྟར་སོང་ཙ་ན་ཡོན་བདག་ཚོ་འབྲོག་ལ་རྔ་བ་དང་འཚོ་སྐྱོང་ལ་ཡོང་། དགོན་པ་ནས་འབྲོག་བསྲུངས་པ་ལ་བརྟེན་ནས་ཆགས་སྡང་དུ་འགྲོ་བར་འདུག་པས་བཞག་པ་ཡིན་གསུང་། ཡང་སྟེང་འགྲོ་ན་བཞུགས་པའི་དུས་སུ། ཐུགས་དམ་ཆོག་ནས་ཐོ་རངས་མནལ་དུ་བག་ཙམ་བྱོན་པ་དང་། བར་སྣང་ནས་གཟུགས་མེད་པའི་མཁའ་འགྲོ་མའི་སྐད་དུ། ནམ་ལངས་ཉི་མ་ཤར། བདག་གཞན་དོན་གཉིས་གྲུབ་ཟེར་བ་དང་། མནལ་སད་ཙ་ན། ཇོ་མོ་གླང་མའི་རི་རྩེ་ལ་ཉི་མ་ཤར་ཙམ་འདུག ཅེས་གསུངས་པ་བཞིན། ཇོ་མོ་གླང་མའི་མཛེས་སྡུག་ཤེལ་གྱི་མཆོད་སྡོང་གནམ་གྱི་ཀ་བ་ལྟར། ཞོགས་པ་གངས་རིའི་རྩེ་ནས་སྤྲིན་དཀར་བུན་བུན་ཐོན་ཅིང་། ཉིན་མོ་ཆུ་འཛིན་དཀར་པོའི་ན་བཟའ་ཀླུབས་ཤིང་། དགོང་མོ་ཉི་མ་ནུབ་ནས་ས་མ་རུབ་བར་གྱི་དུས་ཚོད་ལ་ཇོ་མོ་གླང་མའི་རི་ལ་ཉི་ཟེར་གྱི་གཟི་མདངས་གསེར་འོད་ལམ་ལམ་འཕྲོས་པ་སྟེང་འགྲོ་དགོན་ནས་མཇལ་ཅིང་། དེའི་མདུན་རྒྱལ་གྱི་ཤྲཱི་བརྗིད་ཆགས་པ་འཁོར་ལོ་སྡོམ་པའི་ཕོ་བྲང་མཇལ་ལ། ཤེལ་དཀར་སྒྲོལ་མའི་རི་སོགས་མཇལ། མ་ཟད་སྟེང་འགྲོ་ཧ་ཅང་གྲང་ངར་ཆེ་བ་ཡང་། ཇོ་མོ་གླང་མའི་ངར་ཁེལ་གྱི་རེད་ཟེར་ལ། རྒྱལ་བ་རྒོད་ཚང་པའི་་མགུར་དུ་ཡང་།
སྟེང་འགྲོ་ལྷགས་པའི་སྒང་བུ་ལ། །
ལུས་ལ་བགོ་བའི་གོས་མེད་ན། །
གྲང་པོའི་འཛིན་པ་མི་འདུག་ན། །
རོ་སྙོམས་གདེང་དུ་ཚུད་པ་ངེས། །
ཞེས་གསུངས། ། སྟེང་འགྲོའི་གཙུག་ལག་ཁང་གི་མདུན་ལ་སྔ་དུས་ནས་ཁང་རོལ་མང་པོ་ཡོད་ལ། བྲག་འོག་ད་ལྟ་ལྷས་ར་ཡོད་ས་གཡས་གཡོན་དང་། སྟེང་འགྲོའི་བྱང་འདབས་ཉ་གང་སྦུག་ས་ཆ་ལ་སྒྲུབ་ཁང་གི་ཤུལ་མང་པོ་ཡོད། དེ་བཞིན་སྟེང་འགྲོའི་ལྷོའི་ཕྱོགས་སུ་ཡོད་པའི་དུར་ཁྲོད་གཤོང་འདབས་སུ་སྒྲུབ་ཁང་གི་ཤུལ་ཡོད། རི་ཁུ་ཆེའི་ལྷོ་ནུབ་ལ་རྫ་ཚང་ཞེས་སྟེང་འོག་ལ་དགོན་ཤུལ་ཡོད། གནས་བཟང་དཀར་མོའི་ཕྱོགས་སུ་ཡང་རྡོ་རྩིག་ཞིག་རལ་དེ་འདྲ་མཐོང་རྒྱུ་ཡོད། དེའི་སྐབས་ཕལ་མོ་ཆེ་ནི་བྱ་བཏང་གི་རྣལ་བྱོར་བ་ཡིན་སྟབས་གཏན་གཏན་མི་ཚོགས་ཆེན་པོ་གནས་ཐུབ། སྟེང་འགྲོའི་ཉེ་འཁོར་སེ་ར་དང་། རྒྱུལ་བུ་ན་ཏྲ་བཅས་སུ་ཡང་ཕལ་ཆེར་ལུང་པ་ཡོད་ཚོད་འདུག རྒྱལ་བ་རྒོད་ཚང་པས།
སེ་ར་ལུང་པའི་ཡ་ཚད་ན། །
རྒྱལ་བུ་ན་ཏྲའི་མ་ཚད་ན། །
བཀྲ་ཤིས་སྟེང་འགྲོའི་ཡང་དབེན་ན། །
རྒྱལ་ཁམས་སྤྲང་པོ་རྒོད་ཚང་པ། །
བདེན་ཚིག་གླུ་རུ་ལེན་ལགས་ཀྱིས། །ཞེས་གསུངས།
མི་རབས་རྒན་པ་རྣམས་ཀྱི་བཤད་རྒྱུན་ལ་རྗེ་རྒོད་ཚང་པ་སྟེང་འགྲོར་ཆིབས་བསྒྱུར་སྐབས་སེར་ཕྲེང་གིས་བསུ་བ། སྟེང་འགྲོ་ནས། རིང་ཚད་ནི་ཐེ་བོ་རོག་རོག་ཞེས་རྡོ་བརྐོས་རིང་པོའི་བར་དུ་ཡོད་པར་གསུངས། རྒྱལ་བ་རྒོད་ཚང་པ་བཞུགས་དུས་ལས། རྗེས་སུ་དར་རྒྱས་ཆེན་པོ་མ་བྱུང་བ་ནི། རྒྱལ་བ་རྒོད་ཚང་པ་དགའ་ལྡན་གླིང་དུ་དགུན་འགྲོ་དོན་མཛད་དུས་སུ། ཨུ་རྒྱན་པ་རིན་ཆེན་དཔལ། མཁན་པོ་གསེར་ཕུག་པ། མཁན་པོ་ཆུ་བེ་བ། ཡང་བཟང་དབོན་པོ། ཞང་བསམ་གླིང་པ་ལ་སོགས་པའི་སྟོན་སྒོམ་བརྒྱད་བརྒྱ་ལ་ཕྱག་རྒྱ་ཆེན་པའི་ཁྲིད། གྲུབ་ཐོབ་བརྒྱུད་པའི་རྣམ་ཐར་དང་མགུར་འབུམ། རོ་སྙོམས་སྐོར་དྲུག་ལ་སོགས་པ་གཞན་ཡང་ཟབ་ཆོས་མང་པོ་གསུངས། དེ་དུས་སློབ་དཔོན་དབང་ཕྱུག་རྒྱལ་མཚན་ལ་རོ་སྙོམས་འགངས་སྒྲིལ་ཕག་ཏུ་གནང་། ཆོས་རྗེའི་ཞལ་ནས་ཉེ་གནས་པ་ལ། དགོན་པ་སྟེང་འགྲོའི་ཁང་མོ་ཆེ་ཕ་གི་ལ་མེ་རྒྱོབས་་ལ་ཤོག་གསུངས་པས། དེར་ཉེ་གནས་པས་གཟིམས་ཁང་ལ་མེ་བརྡེག་མ་སྤོབས་པས། ཆོས་རྗེའི་གསུང་ནས་ཕ་གི་ལ་མེ་སྦར་ན་དུ་བས་ཁྱབ་ཚད་ལ་དགོན་པ་ཆགས་པ་ཡིན་ཏེ། ད་དགོན་པ་སྨིན་འཁྱུག་ཙམ་ལས་མི་ཆགས་གསུངས།།
སྟེང་འགྲོའི་རྟེན་རྙིང་པའི་སྐོར།
འབྲུག་ཁམས་སྤྲུལ་ཆོས་ཀྱི་ཉི་མའི་རང་རྣམ་ལས། རྒྱལ་ཕུ་དཔལ་གྱི་སྟེང་འགྲོར་སོང་གཙུག་ལག་ཁང་རྟེན་བཅས་དང་། དེ་ཡང་རྒྱལ་བ་རྒོད་ཚང་པ་ཉིད་ཀྱིས་དགོན་བཏབ་ནས་དེར་ལོ་བཅུ་གསུམ་བཞུགས། དེ་ནས་ཚུར་བྱོན་ཁར་སྐུ་ཚབ་ཏུ་བཞེངས་པའི་རྒྱལ་བ་ཉིད་ཀྱི་སྐུ་འདྲ་རིན་པོ་ཆེ་དང་། ཕྱིས་གྲུབ་ཐོབ་ཨུ་རྒྱན་པས་ཨོ་ཌི་ཡ་ཎའི་ས་སྣ་ལས་བཞེངས་པ་རྒྱལ་བ་ཉིད་ཀྱི་སྐུ། ཡང་སྐུ་འདྲ་གསེར་ཞལ་མ། རྗེ་ལྷ་རྩེ་བ་ཆེན་པོའི་སྐུ། དཔལ་འཁོར་ལོ་སྡོམ་པའི་སྐུ་སོགས་བཞུགས་པ་མཇལ་སྙན་ཤལ་མཆོད་འབུལ་སྨོན་ལམ་ཞུས། རྒྱལ་ནོར་པ་ཚོས་བོས། སླར་མངོན་དགར་འབྱོར། ཞེས་གསལ་བས། སྐུ་ཚབ་ཏུ་བཞེངས་པའི་རྒྱལ་བ་ཉིད་ཀྱི་སྐུ་འདྲ་རིན་པོ་ཆེ་དང་། ཞེས་པས་རྒྱལ་བ་རྒོད་ཚང་པ་སྟེང་འགྲོར་བཞུགས་དུས་སུ་སྐུ་ཚབ་ཏུ་བཞེངས་པ་ལ་གོ་ཞིང་། གང་ཞེ་ན། ཕྱིས་ཨུ་རྒྱན་པས་བཞེངས་པའི་སྐུ་གསུངས་པས་དུས་སྔ་ཕྱི་སྟོན་པས། རྒྱལ་བ་རྒོད་ཚང་པ་སྟེང་འགྲོར་ལོ་བཅུ་གསུམ་ཞུགས་རྗེས། གཉའ་ནང་བདེ་ཆེན་སྟེང་དང་དགའ་ལྡན་གླིང་གཉིས་སུ་ལོ་ཧྲིལ་པོ་དགུ། སྦྱང་དུ་སེང་གེ་གླིང་དང་ཧོར་ཐང་གཉིས་སུ་ལོ་གཅིག བར་འབྲོག་རྡོ་རྗེ་གླིང་དུ་ལོ་གཉིས་སྟེ། སྟེང་འགྲོ་ནས་ཕེབས་ནས་ལོ་བཅུ་གཉིས་རྗེེས་སུ་རང་དབང་གིས་སྒོ་ནས་སྐུ་གཤེགས། དེའི་རྗེས་སུ་ཨུ་རྒྱན་པས་སྐུ་བཞེངས་པ་ལ་ཕྱིས་གསུངས་པས། མདོར་ན་སྟེང་འགྲོར་སྐུ་ཚབ་ང་འདྲ་མ་རྗེ་རྒོད་ཚང་པ་སྟེང་འགྲོར་བཞུགས་དུས་བཞེངས་པ་སྔ་མ་དང་། ལོ་བཅུ་གཉིས་རྗེས་སུ་ཨུ་རྒྱན་པས་རྒྱལ་བ་རྒོད་ཚང་པའི་སྐུ་བཞེངས་པ་ལ། ཕྱིས་གསུངས་པ་གོ་སླའོ། །ལ་ལས་ངག་རྒྱུན་དུ་སྐུ་འདི་རྗེ་རྒོད་ཚང་པ་རང་ཉིད་ཀྱིས་བཞེངས་པ་རེད་གསུང་མཁན་ཡང་ཡོད་དོ། །ད་ལྟ་བོད་རྒྱལ་ནོར་སྟེང་འགྲོ་དགོན་པ་ན། ཡོངས་གྲགས་སུ་རྗེ་རྒོད་ཚང་པའི་སྐུ་རྙིང་རྒྱ་གར་ཤ་ལི་མ་བཞུགས་ཡོད་པ། སྐུའི་པདྨའི་མཚམས་སུ་ཡི་གེ་བྲིས་པ་གསལ་པོར་དྲན་ཀྱང་། ཡིག་དོན་མ་དྲན། དེ་བཞིན་མཁས་དབང་སངས་རྒྱས་རྡོ་རྗེའི་སྐུ་རྙིང་། རྒྱུ་ཀོ་བ་ལས་བཞེངས་པ་རེད་ཟེར་ཧ་ཅང་ཡང་པོ་ཡོད། གྲུབ་ཐོབ་གཙང་སྨྱོན་པའི་སྐུ་ནི་དེ་ཙམ་སྐུ་ཆེན་པོ་མ་རེད། སྐུ་རྒྱུ་ནི་ལི་ནག་འདྲ་པོ་ཡོད་ཧ་ཅང་མཐོང་དཀོན་པའི་སྐུ་ཞིག་ཡིན། མདོར་ན་སྔ་དུས་རྒོད་ཕྲུག་གི་སྐུ་བཅས་རྟེན་མང་ཞིག་ཡོད་པར་བཤད། ད་ལྟ་གསེར་ཆོས་ཡང་བཞུགས་ཡོད། མཆོད་ཁུང་དགའ་ར་འཆང་ཞེས་པའི་རྒྱུ་ལས་གྲུབ་པ་གཞན་དུ་མཐོང་དཀོན་པ་ཞིག་ཀྱང་ད་ལྟ་ཡོད།

རྒྱལ་བ་རྒོད་ཚང་པའི་སྐུ་ང་འདྲ་མའི་སྐོར།
རྒྱལ་བ་རྒོད་ཚང་པའི་སྐུ་བརྙན་ང་འདྲ་མ་འདིའི་ལོ་རྒྱུས། སྔ་དུས་སྟེང་འགྲོའི་དཀར་ཆག་བྲིས་མ་ནང་གསལ་བ་མ་གཏོགས་གཞན་འབྲེལ་ཡོད་དཔེ་ཆ་གང་དུ་ཡང་ལོ་རྒྱུས་ཁ་གསལ་ཞིག་ཡོད་པར་མི་སྣང་། དཀར་ཆག་ཐོག་མ་ནས་བྲིས་མ་དེ་སྟེང་འགྲོ་དགོན་གྱི་དཀོར་གཉེར་གསར་རྙིང་རྩིས་སྐྲོད་སྐབས་ལ། ལག་བརྒྱུད་བྱས་ནས་མི་རབས་ནས་མི་རབས་འགྲོ་བ་ལས། དཔེ་ཆ་གཞན་ནང་བཞིན་ལྟ་ཆོག་ཆོག་ཞིག་དང་། གཡར་བྱའི་དཔེ་ཆ་ཞིག་མ་ཡིན་སྟབས། ཧ་ཅང་རྩིས་འཇོག་ཆེ་བས་དེང་སྐབས་བལྟས་ན་སྐྱོན་ཆའང་མཐོང་ལ། སྔ་དུས་སུ་དགོས་དབང་ཁྱད་པར་ཅན་ལོས་ཡོད། དཀར་ཆག་ནང་གསལ་ཞིང་། རྒན་རབས་རྣམ་པའི་ངག་རྒྱུན་དུ་ཡང་། རྒྱལ་བ་རྒོད་ཚང་པ་སྐུ་དངོས། སྟེང་འགྲོར་བཞུགས་སྐབས་སུ་སྐུ་བརྙན་འདི་བཞེངས་པ་དང་། རྒྱལ་བ་རྒོད་ཚང་པས་ཕྱག་གི་མཛུ་གུའི་སྐུ་ཁྲག་གཏར་ནས། སྐུ་བརྙན་བཞེངས་ཆེད་ལ་བྱིན་རླབས་སུ་གནང་ཡོད་པ་དང་། སྐུ་བཞེངས་ཚར་ནས་གཟུངས་གཞུག་ལ། སྐབས་དེར་རྒྱལ་ཁྲོམ་སྨད་ཀྱི་ཞིང་ས། ནས་ལུང་ལ། སྔར་བྱུང་མྱོང་མེད་པའི་དམིགས་བསལ་ལོ་ཐོག་བྱུང་བ་མ་ཟད། སྙེ་མ་གཅིག་གི་སྟེང་ནས་བྱ་མོ་དཀར་མོའི་སྒོ་ང་ཙམ་གྱི་ནས་རྡོག་ཆེན་པོ་ཞིག་སྨིན་པས། ནས་འབྲུ་དེ། རྒྱལ་བ་རྒོད་ཚང་པའི་སྐུ་བརྙན་གྱི་གཟུངས་ལ་ཕུལ་ཡོད་ཅིང་། སྐུ་བརྙན་ཚང་མ་གྲུབ་རྗེས་སུ། རྒྱལ་བ་རྒོད་ཚང་པ་ལ་གཟིགས་འབུལ་ཞུས་པས། རྒྱལ་བ་རྒོད་ཚང་པས་ང་ཧ་ཅང་འདྲ་པོ་འདུག་གསུངས་ཤིང་། རབ་གནས་ཀྱང་གནང་། རྗེས་སུ་ངའི་སྐུ་ཚབ་ཡིན་གསུངས། མ་འོངས་སྐལ་ལྡན་ལས་འཕྲོ་ཅན་ལ་གསུང་འབྱོན་པ་ཞལ་བཞེས་ཡོད་པར་གསུང་ངོ་། །གང་ལྟར་ཡང་རྒྱལ་བ་རྒོད་ཚང་པའི་སྐུའི་སྣང་བརྙན། ཐོག་མཐོ་ཤོས་ཡིན་པ། ང་འདྲ་མ། གསུང་འབྱོན་མ་ཡིན་པ། དཀར་ཆག་ཏུ་གསུངས་པ་ལ་བརྟེན་ནས། སྟེང་འགྲོ་དགོན་པ་ལ་སྐུ་རྒྱུ་རྒྱ་གར་ཤར་ལི་ནུབ་ལི་དང་། གསེར་བཟང་དང་། གསེར་ཆོས་སོགས་ནང་རྟེན་མང་པོའི་ཁྲོད་ནས། སྐུ་བརྙན་འདི་རང་གཙོ་གནད་བཟུང་ནས་ཤར་ཁུམ་བུར་གདན་འདྲེན་ཞུ་དགོས་དོན་ཡང་། རྒྱུ་མཚན་གོང་གསལ་དཀར་ཆག་ཏུ་གསུངས་པ་རྣམས་ཡོངས་སུ་ཧ་གོ་དོན་གསལ་གྱི་སྒོ་ནས་གདན་འདྲེན་ཞུས་པ་ཡིན་ཞེས་ཨ་ཁུ་ཕན་ཐོགས་ཀྱི་ནོར་རྒྱས་ནས་གུས་རང་ལ་དངོས་སུ་གསུངས་བྱུང་། བྱ་མོ་དཀར་མོའི་སྒོ་ང་ཙམ་གྱི་ནས་རྡོག་དེ། ཐོག་མ་རྗེ་རྒོད་ཚང་པ་སྟེང་འགྲོར་གདན་འདྲེན་ཞུ་མཁན་སྔ་བ་བྱང་ངེ་བ་འོད་འབར་ཁྱིམ་གྱི་ཞིང་ལ་སྐྱེས་པ་རེད་ཟེར་བ་ཡང་གསུང་སྒྲོས་ལ་འདུག མ་ཟད། རྒྱལ་བ་རྒོད་ཚང་པ་སྐུ་ངོ་མས་གསུངས་པ་ཡིན་ཟེར།
སྒྲུབ་ཕུག་མཚན་་ཉིད་དང་ལྡན་པ་ཤྲཱི་རིའི་རྒོད་ཚང་ན་ཡོད། སྒྲུབ་ཆུ་མཚན་ཉིད་དང་ལྡན་པ་གནས་བཟང་དཀར་མོ་ན་ཡོད། འདྲ་སྐུ་མཚན་་ཉིད་དང་ལྡན་པ་བཀྲ་ཤིས་སྟེང་འགྲོ་ན་ཡོད་གསུངས། ནས་འབྲུ་རྡོག་བྱ་མོ་དཀར་མོའི་སྒོ་ང་ཙམ་ལབ་ན། སྔོན་མ་གོ་ཐོས་ཙམ་ལས་མཐོང་མྱོང་མེད་སྟབས་ཡིད་ཆེས་དཀའ་མོད། འོན་ཀྱང་། རྗེས་སུ་རྒྱ་གར་སིམ་ལ་ཁུལ་གྱི་ཧིན་དྷཱུའི་དགོན་པ་ཞིག་ན་དུས་སྟོན་ཞིག་གི་སྐབས། འབྲས་རྡོག་གཅིག བྱ་མོ་དཀར་མོའི་སྒོ་ང་ཙམ་དངོས་སུ་མཐོང་རྒྱུ་ཡོད་སྟབས་རྒྱུ་མཚནཅིག་མཚུངས་སུ་ཡིད་ཆེས་ཕེར་ཐུབ་པ་བྱུང་། གནས་བཟང་དཀར་མོ་ནི་སྟེང་འགྲོ་དགོན་ནས་གོམ་པ་སྤོས་ནས་ཕྱིན་ན། ཆུ་ཚོད་གཅིག་ཙམ་གྱི་རི་སྟེང་ན་ཡོད། ཕུ་ན་སེང་གེ་དཀར་མོ་གནམ་དུ་མཆོང་བ་ལྟ་བུ། །ཞེས་པའང་དེ་ཡིན། གནས་དེ་ན་རྒྱལ་བ་རྒོད་ཚང་པའི་སྒྲུབ་ཕུག་དང་། གསང་བའི་ཕུག་པ། ་བྲག་མཚམས་ན་སྒྲུབ་ཆུ་ཧ་ཅང་བཟང་བ་བཅས་ཡོད། སྔ་དུས་ཤེལ་དཀར་ཆོས་སྡེ་དགོན་པར་རྣམ་རྒྱལ་ཚེ་ཆོག་དང་རྣམ་རྒྱལ་སྟོང་མཆོད་གཏོང་སྐབས། ཡོན་ཆབ་ཀྱི་ཆུ་སྒྲུབ་ཆུ་དེ་ནས་ལེན་དགོས་པ་དང་། ལེན་མི་ཡང་ཤེལ་དཀར་ཆོས་སྡེ་དགོན་གྱི་མི་སེར་དགའ་ལྡན་ཡུལ་མིས་ལེན་དགོས་ཟེར། རྒྱལ་ནོར་དང་དེ་བཞིན་ཡུལ་སྡེ་གཞན་ནས་ཀྱང་དབྱར་དུས་ལོ་ཏོག་ལ་ཁྲུས་གསོལ་བྱེད་སྐབས་གནས་བཟང་དཀར་མོ་ནས་སྒྲུབ་ཆུ་ལེན་པ་མང་། དེ་བཞིན་འབྲོག་ཁུལ་དུ་ཕྱུགས་རིགས་ལ་ཁྲུས་གསོལ་བྱེད་རྒྱུའི་སྒྲུབ་ཆུ་ཡང་དེ་ནས་ལེན་གྱི་ཡོད།
གྲུབ་ཆེན་ཨུ་རྒྱན་པས་སྐུ་ཚབ་གནང་བའི་སྐོར།
གྲུབ་ཆེན་ཨུ་རྒྱན་པས་སྟེང་འགྲོ་སོགས་རྒྱལ་བ་རྒོད་ཚང་པའི་གདན་ས་རྣམས་ཀྱི་རྗེ་རྒོད་ཚང་པའི་སྐུ་ཚབ་གནང་བ་ནི། གྲུབ་ཆེན་ཨུ་རྒྱན་པ་རྒྱ་གར་དང་ཨུ་རྒྱན་མཁའ་འགྲོའི་གླིང་འཁོར་ནས་རྡོ་རྗེ་གླིང་དུ་ཕེབས། དེ་ནས་གྲུབ་ཆེན་རིན་པོ་ཆེ་པས། ཆོས་རྗེ་རིན་པོ་ཆེའི་གདན་སའི་རྟེན་འབྲེལ་བསྒྲིགས་ནས། བཀའ་འགྲོས་མཛད་པས། དབུ་ཆེན་རྣམས་ན་རེ། ཆོས་རྗེ་རིན་པོ་ཆེ་པ། སྐུ་འདའ་ཁར་གདན་ས་ཡང་མ་འཛུད། རྟེན་ཚ་ཚ་རྡོག་པོ་ཞིག་ཀྱང་མ་བཞེངས། བུ་སློབ་རྣམས་བསྡུས་པའི་སྦྱིན་གཏོང་མ་བྱེད། ངའི་གདན་ས་ཕྱོགས་མེད་རི་ཁྲོད་ཡིན་པས། སྒྲུབ་པ་པོ་ཕོ་མོ་རྣམས་རི་ལ་གྱེས། རི་ཁྲོད་ཀྱི་གདན་ས་སུ་ཡིས་ཟིན་པ་དེས། ངའི་གདན་ས་ཟིན་པ་ཡིན་ཞེས་གསུངས། དམ་ཚིག་དང་བཅས་པ་བྱོན་པ་ལགས་པས། གདན་ས་དང་རྟེན་བཞེངས་མི་ནུས་ལགས་ཞེས་ཞུས། གྲུབ་ཆེན་ཨུ་རྒྱན་པའི་ཞལ་ནས། ཆོས་རྗེ་རིན་པོ་ཆེ་ཞི་བར་གཤེགས་པའི་དུས་ན། ང་མེད། ང་བཀའ་རྒྱའི་ཁོངས་ན་མེད་གསུངས་ནས། ལི་ཤིན་སྟེ་ནས། བཟང་སྨན་གྱི་དོས་ལྔ་ཙམ་ཉོས་ནས། གདན་ས་རྡོ་རྗེ་གླིང་། སྦུད་སྐྲ། དགའ་ལྡན་གླིང་། སྟེང་འགྲོ་རྣམས་སུ། ཆོས་རྗེ་རིན་པོ་ཆེའི་སྐུ་ལྡེར། བཟང་སྨན་དང་། དར་ཟབ་ཀྱི་རྒྱུ་ལས་བཞེངས། གོང་གི་གདན་ས་རྣམས་ཀྱི་རྒྱལ་བ་རྒོད་ཚང་པའི་སྐུ་ཚབ་གནང་། གྲུབ་ཆེན་པ་སྙེ་མདོར་བྱོན་སྐབས་གྲུབ་ཆེན་རིན་པོ་ཆེའི་ཞལ་ནས། ཆོས་རྗེ་སྙེ་མོ་བ་ཀུན་དགའ་འོད་ཟེར་ལ་འདི་གསུངས། ཁྱེད་ལ་སྟོད་ལ་འབྱོན་པར་ཞུ། སྟེང་འགྲོ་ལ་སོགས་པ་ཆོས་རྗེའི་གདན་ས་རྣམས་ཀྱང་གཏོད། དགོན་པ་གཞན་ལ་མཉེས་ན་ཡང་འབུལ། བུ་རྒན་འདིར་མ་སླེབས་པ་རྣམས་ཀྱང་མཇལ་བས་སེམས་ཚིམས། འཕྲིན་ལས་བསམ་གྱིས་མི་ཁྱབ་པ་འོངས། འོན་ཀྱང་ཁྱེད་རང་རྣམས་གྲོས་གྱིས་གསུངས། །
དཀར་ཆག་ནང་གསལ་དང་ངག་རྒྱུན་དུ་ལྷག་པ་རྣམས་ཀྱི་སྐོར།
དཀར་ཆག་ནང་དུ་སྟེང་འགྲོ་དགོན་གྱི་བཀའ་འགྱུར་བྲིས་མ་ཞིག་ཡོད་པ་དེ། སྔ་དུས་ནས་མི་ཚང་ཞིག་ནས། ཕ་རབས་བུ་རབས་བརྒྱུད་ནས། བཀའ་འགྱུར་མི་རབས་མང་པོར་བྲིས་ཤིང་། འོན་ཀྱང་བཀའ་འགྱུར་ཆ་ཚང་བྲིས་ཐུབ་མེད་པས། བཀའ་འགྱུར་ཆ་ཚང་མེད་པ་རེད་ཟེར། སྟེང་འགྲོའི་གྲྭ་པ་རྒན་པ་རྣམས་ཀྱི་ངག་རྒྱུན་ལས། སྟོད་འབྲུག་ལོ་རྒྱུས་ནང་ལ་ཡོད་མེད་མི་ཤེས། ངག་རྒྱུན་ནི། ཉི་མ་ལྟ་བུ་རྒོད་ཚང་པ། ཟླ་བ་ལྟ་བུ་ཡང་དགོན་པ། སྐར་མ་ལྟ་བུ་ཨུ་རྒྱན་པ། ཞེས་པ་ཡང་གསུངས་སྲོལ་འདུག སྤྱིར་རྗེ་རྒོད་ཚང་པའི་སྒྲུབ་གནས་ཁྱད་ཅན་ཡུལ་གྲུ་མང་པོའི་ནང་ལ་ཡོད་ཀྱང་། ཐོག་མའི་མཚན་ཐོབ་ས་ཤྲཱི་རིའི་་རྒོད་ཚང་སྒྲུབ་ཕུག་ཏུ་སྒྲུབ་པ་ལ་བཞུགས་ནས། རྒྱལ་བ་རྒོད་ཚང་པ་ཞེས་མཚན་ཐོགས། ཡང་དགོན་པ་ཞེས་པའི་མཚན་ཐོགས་ཚུལ་ཡང་། སྤྱིར་དིང་རི་ཡོངས་ཀྱི་ཡུལ་སྐད་ལ། ཡང་དང་ཡང་༼ཡང་ཡང་ངམ་ཡང་བསྐྱར་ཞེས་པའི་དོན།༽ཟེར་བ་རྒྱུན་སྤྱོད་གནང་སྲོལ་ཆེ་བས། རྗེ་རྒོད་ཚང་པ་མ་ཟད་ཡང་དང་ཡང་དགོན་ཞིག་འདུག་ཟེར་བ་ཡིན་ཏེ། ཡང་དགོན་པ་ཞེས་པའི་མཚན་ཐོགས་པ་རེད་ཟེར། གྲུབ་ཆེན་ཨུ་རྒྱན་པ་མཚན་ཐོགས་ཚུལ་ནི། གྲུབ་ཆེན་པས་རྗེ་རྒོད་ཚང་པ་ལ་ཤམྦྷ་ལ་ལ་འགྲོ་བར་ཞུས་པས། རྗེ་རྒོད་ཚང་པས་ཤམྦྷ་ལར་ལས་ཀྱི་འབྲེལ་བ་མེད། ལས་འབྲེལ་ཨུ་རྒྱན་ཡུལ་དུ་ཡོད་དེར་བྱོན་གསུངས། བོད་ཡུལ་གང་ཅན་ལྗོངས་ནས། ཨུ་རྒྱན་གྱི་ཡུལ་ལ་ཐོག་མ་ཕེབས་མཁན་དེ་ཡིན་པས། མཚན་ལ་ཨུ་རྒྱན་པ་ཞེས་ཐོགས། ཨོ་ཊི་ཡ་ན་དེ་ཟུར་ཆག་པ་ཨུ་རྒྱན་ཡུལ། མནའ་དུས་རྒྱ་གར་ནུབ་ཕྱོགས་དང་། ད་ལྟའི་རྒྱ་གར་གྱི་ཁྱིམ་མཚེས་པ་ཀི་སི་ཐན་རྒྱལ་ཁབ་ནང་ཨུ་རྒྱན་ཡུལ་དེ་ཡོད། ཨོ་རྒྱན་ཡུལ་དང་ཨུ་རྒྱན་ཡུལ་ཞེས་འབྲི་ཚུལ་གཉིས་ཡོད་པར་སྣང་།
སྟེང་འགྲོ་བྱེ་བྲག་གང་གིས་ཀྱང་འཇོམས་མི་ཐུབ་པའི་སྐོར།
དཀར་ཆག་ནང་སྤྱིར་བོད་ཁམས་ཡོངས་སུ་བསྟན་པ་འཇིག་ན་མ་གཏོགས་བྱེ་བྲག་གང་གིས་ཀྱང་སྟེང་འགྲོ་དགོན་པ་འདི་བསྟན་དགྲ་གནོད་སྐྱེལ་གང་འདྲ་ཞིག་གིས་ཉོན་མོངས་དུག་གསུམ་གྱི་ཀུན་ནས་བསླངས་ཏེ། བཅོམ་མི་ཐུབ་པར་དཀར་ཆག་ནང་གསལ་བར་གསུངས་ཟེར། སྔ་དུས་བེ་རིའི་དམག་དང་ཧོར་གྱི་དམག་དུས། ཕྱིས་སུ་བོད་ཀྱི་མཐའ་མཚམས་དིང་རི་ཤེལ་དཀར་ཁུལ་ལ། བལ་པོའི་གོ་དམག་ལན་གསུམ་བྱུང་ཤིང་། སྐབས་ག་འདྲ་ཞིག་ལ་བྱུང་མིན་ཆ་མི་འཚལ། གང་ལྟར་ཡང་རྒྱལ་ནོར་གྱི་ཕུ་ལ་དམག་དཔུང་ཞིག་འབྱོར་ནས། དམག་དཔུང་གིས་སྟེང་འགྲོ་དགོན་མ་མཐོོང་ཞིང་། ཕ་བོང་ཞིག་གི་སྒང་ལ་ཁྱི་ཉལ་བ་ཞིག་མཐོང་བ་རེད་ཟེར། དགོན་པ་ལ་ཉམས་ཆག་གང་ཡང་བྱུང་མེད་པ་དཀར་ཆག་ཏུ་གསལ་ཡོད་པར་གསུངས་ཟེར། མ་ཟད་རྒན་རབས་རྣམས་ཀྱི་ངག་རྒྱུན་དུ་བཤད་སྲོལ་མང་ངོ་། །
མཁས་དབང་སངས་རྡོར་སྟེང་འགྲོར་བྱོན་པའི་སྐོར།
མཁས་དབང་སངས་རྒྱས་རྡོ་རྗེའི་གསུང་། ན་མོ་གུ་རུ། དེ་ཡང་། ཨངྒིརའི་ལོ། ལྡེ་གུའི་ཚེས་གསུམ་གྱི་དུས་མཆོད་ལ་ཉེ་སྐབས། བདག་ཅག་བྱ་བྲལ་བ་དཔོན་སློབ་རྣམས་ཀྱིས་ཤྲཱི་རྒོད་ཚང་ནས་རྒྱལ་ཕུ་སྟེང་འགྲོའི་རི་ཁྲོད་ལ་ཆས་པའི་ཚེ། འདི་སྙམ་དུ་བསམ་ཏེ། སྔོན་ཆོས་ཀྱི་རྒྱལ་པོ་རྒོད་ཚང་པ་དེ་ཉིད། ཡོན་བདག་ལ་སྔ་བ་བྱ་སྦེ་བ་འོད་འབར་གྱིས་སྟེང་འགྲོར་སྤྱན་དྲངས་དུས། སྟེང་འགྲོ་དགུ་མ་ཞེས་པའི་མགུར་བཞེངས་འདུག་པ་ལ་དཔེ་བགྱིས་ན། མིའི་ལད་མོ་སྤྲེའུས་བྱས་པ་ལྟར་གཡས་ཆུང་དུ་སྣང་ཡང་། མིག་ལྟོས་ཡར་ལ་གྱིས་ལ་ངན་པའི་དཔེ་མ་འདྲེན་ཅེས། འཇིག་རྟེན་གྱི་ཁ་གཏམ་དུ་གླེང་བ་བཞིན། ལེགས་ཚོགས་རྟེན་འབྲེལ་གྱི་སྒོར་མཐོང་ནས་ཁོ་བོས་ཀྱང་གླུ་འདི་བླངས་པ་ཡིན་ནོ། །
རྗེ་མཁྱེན་བརྩེ་ནུས་པའི་གཏེར་བདག་པོ། །
དཔལ་དྭགས་རྒྱུད་སྙིང་པོ་འབྲུག་པའི་ཞབས། །
མི་ཁོ་བོའི་སྙིང་ལ་རོལ་བཞིན་དུ། །
དོན་གཉིས་ལྷུན་གྲུབ་ཏུ་བྱིན་གྱིས་རློབས། །
གནས་རྒྱལ་གྱི་ཤྲཱི་རིའི་བྲག་དཀར་པོ། །
སྟེང་ལྷའི་ཡུལ་ལ་བལྟ་བ་བཞིན། །
ལུས་གྱེན་དུ་ལངས་པས་དཔངས་མཐོ་མོད། །
ང་དེ་བས་ཀྱང་བཐོ་བའི་སྟེང་དུ་འགྲོ། །
རྟེན་དལ་འབྱོར་ལུས་ཀྱི་སྒྲོམ་བུ་འདི། །
རྙེད་དཀའ་ཞིང་འཇིག་པ་ཤིན་ཏུ་སླ། །
ཆུད་ཟོས་པར་འཕངས་ནས་ཆོས་ལ་འབུངས། །
ང་རྒས་ཁར་སྟེང་ནས་སྟེང་དུ་འགྲོ། །
ཁོང་འཆི་བདག་གཤིན་རྗེའི་ཞགས་པ་ཡིས། །
གྲོགས་རྒན་གཞོན་མང་པོ་ཁྲམ་ལ་བཏབ། །
ང་རང་མགོར་འབབ་ལའང་དུས་མི་རིང་། །
ང་སྐྱེ་འཆི་མེད་པའི་སྟེང་དུ་འགྲོ། །
ལས་རྒྱུ་དང་འབྲས་བུའི་ཕྲ་ཞིབ་འདི། །
དུས་ནམ་ཡང་བསླུ་མེད་ཉིད་དུ་སྨིན། །
དེ་འཁོར་བའི་དཔོན་གྱིས་སྐྱོབ་མི་ནུས། །
ང་དཀོན་མཆོོོག་བསྟེན་ཕྱིར་སྟེང་དུ་འགྲོ། །
ཡུལ་སྲིད་པའི་གྲོང་དུ་སྡོད་ཡུན་རིང་། །
ལོང་སྡུག་བསྔལ་འདི་ལ་སྤྱད་པས་སྐྱོ། །
སྐྱིད་བདེ་ཆེན་འབར་བའི་ཞིང་ཁམས་དེ། །
ང་སེམས་ལས་ཚོལ་ཕྱིར་སྟེང་དུ་འགྲོ། །
བདེ་རྒྱ་མཚོར་འཁྱིལ་འཕྲོ་སྡུག་མེས་སྐམས། །
དབང་ཆེ་བའི་མཇུག་ཏུ་མུན་པར་བཅིངས། །
ནོར་རང་གིས་བསགས་པ་གཞན་གྱིས་སྤྱོད། །
ང་འགྱུར་མེད་བདེ་བའི་སྟེང་དུ་འགྲོ། །
གྲོགས་གཡོག་འབངས་གཉེན་རྣམས་ཅམ་གྱིས་བཞག། །
ནོར་གཅེས་པའི་སྙིང་པོ་ཤུལ་དུ་བོར། །
དཔུང་མི་རྟ་ཧྲག་ཀྱང་དེར་མི་ཕན། །
ང་བྱ་བཏང་ཚོགས་པའི་སྟེང་དུ་འགྲོ། །
ལས་ངན་པའི་ཁུར་ལྕིས་ཕྲག་པ་ནོན། །
མནོང་འགྱོད་པའི་མུན་ནག་མདུན་དུ་འཐིབས། །
ཤ་ཟ་བའི་གཤིན་རྗེས་རྒྱབ་ནས་དེད། །
ང་དེ་ལ་འཇིགས་ནས་སྟེང་དུ་འགྲོ། །
ལམ་བར་དོའི་འཇིག་སྐྲག་སྐྱི་གཡའ་བ། །
འོག་ངན་འགྲོའི་སྡུག་བསྔལ་བཟོད་ཐབས་བྲལ། །
སྡུག་འཁོར་བའི་བཙོན་ལས་ཐར་དུས་མེད། །
ང་དེ་ལ་སྐྱོ་ནས་སྟེང་དུ་འགྲོ། །
ཚེ་ལོང་མེད་དགུན་ཉིའི་གྲིབ་སོ་འདྲ། །
དེ་མ་ཟད་ཙམ་ལ་ཆོས་བྱེད་རན། །
གནས་དབེན་པའི་རི་ལ་འཆི་ཆོས་བྱེད། །
ང་དེ་ལ་བསམས་ནས་སྟེང་དུ་འགྲོ། །
ཆོས་ཁ་བཤད་སྐམ་པོའི་འཆོར་ངོམས་དང་། །
འཕྲལ་འབྲུག་བསྟན་འཛིན་བློའི་ཕྱོགས་འཐེན་དང་། །
དགྲ་གཡོག་ཏུ་བརྫུས་པའི་ངོ་འཛིན་ལ། །
ཞེ་ཐག་པས་སྐྱོ་ནས་སྟེང་དུ་འགྲོ། །
ཀུན་མཁྱེན་ངེས་པདྨ་དཀར་པོ་དང་། །
གྲུབ་ཐོབ་ངེས་ངག་དབང་བཟང་པོ་ལ། །
བློ་ཁེལ་ངེས་སངས་རྒྱས་རྡོ་རྗེ་ཞེས། །
ང་མིང་དུ་གྲགས་ཕྱིར་སྟེང་དུ་འགྲོ། །
འཕྲལ་རྣམས་གཡེང་རླུང་གིས་བསྐྱོད་པའི་སེམས། །
ཡུལ་སྣ་ཚོགས་གྲོང་ལ་འཁྱམས་དུས་སུ། །
འགུག་མི་དགོས་ཅི་དགར་གློད་པ་ཟབ། །
ང་གདམས་ངག་དེ་ལྡན་སྟེང་དུ་འགྲོ། །
དབྱངས་སྟེང་འགྲོ་བཅུ་གསུམ་འགྱུར་འགུགས་འདིས། །
བྱ་གོང་མོའི་སྐད་སྙན་ཟིལ་གྱིས་མནན། །
ང་གྲེ་བ་འཛེར་འཛེར་འཐེན་པས་ཆོག །
མངས་དྲགས་ན་མཆེད་གྲོགས་རྣ་བ་ཚ། །
ཞེས་པ་འདི་ནི་རྒོད་ཚང་ཕུག་ཏུ་འུར་ཞོགས་ལངས་ཏེའོ། ཞེས་གསུངས་ཤིང་། ཡང་ཁྱིམ་པ་ལ་ཕན་པ་སྒྲུབ་པའི་ཡན་ལག་དང་པོ་གདོན་ཆེན་བཅོ་ལྔ་ཞི་བར་བྱེད་པའི་ཐབས་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་པའི་མཇུག་ཏུ། ཀུ་སྭ་ལི་སངས་རྒྱས་རྡོ་རྗེས་སྟེང་འགྲོའི་གྲུ་འཛིན་དུ་བཀོད་པའོ། ཞེས་གསུངས་ཤིང་། གྲུ་འཛིན་ཞེས་པ་ནི་སྟེང་འགྲོ་དགོན་ཆགས་དབྱིབས། ཧ་ཅང་ཡིད་དུ་འོང་བ་ལྟ་ན་སྡུག་པ་ཡོད་སྟབས། རི་བོ་པོ་ཏ་ལ་དང་འདྲ་མཚུངས་སུ་གསུངས་པའོ། འཛམ་གླིང་གི་གནས་ཆེན་ལྔ་ལས། ཡུལ་དབུས་རྒྱ་གར་རྡོ་རྗེ་གདན། ཤར་གྱི་རི་བོ་རྩེ་ལྔ། ལྷོའི་པོ་ཏ་ལ། ནུབ་ཀྱི་ཨོ་ཌི་ཡ་ན་༼ཨུ་རྒྱན་མཁའ་འགྲོའི་གླིང་།༽ བྱང་གི་ཤམྦྷ་ལ་བཅས་སོ། །རི་བོ་པོ་ཏ་ལ་རྒྱ་གར་ལྷོ་ཕྱོགས་སིང་ག་ལའི་གླིང་དང་ཐག་ཉེ་བའི་སར་རྒྱ་མཚོའི་དཀྱིལ་དུ་གླིང་ཕྲན་ཞིག་ཡོད་པ་དེ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཡིན་པར་བཤད་པ་བཞིན། དེང་སྐབས་དངོས་ཀྱི་པར་རིས་དང་པོ་ཏ་ལ་ཡིན་ཚུལ་འབྲེལ་བཤད་ཁུངས་ལུང་འདྲེན་པ་དང་བཅས་མང་པོ་མཐོང་། ལྷ་སའི་པོ་ཏ་ལ་ལ་གྲུ་འཛིན་གཉིས་པར་གསུངས་པ་ཡང་། དང་པོ་ལྷོའི་པོ་ཏ་ལ་ཡོད་པས་གོ་འོ།།

རྒྱལ་ཕུ་སྟེང་འགྲོ་དགོན་དུ་སྐྱེས་ཆེན་དམ་པ་དུ་མས་ཞབས་བཅགས་ཚུལ་སྐོར།
སྟོད་འབྲུག་བསྟན་པའི་སྲོལ་འབྱེད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒོད་ཚང་པ་ལོ་བཅུ་གསུམ་བཞུགས། རྒྱལ་བ་ཡང་མགོན་པའི་སྟེང་འགྲོ་དགོན་པར་ཕེབས་སྐབས། དགེ་འདུན་ཐམས་ཅད་ཀྱིས་ཀྱང་གསུང་ཆོས་ཞུས་ཤིང་། ཐབས་ལམ་གྱི་གདམས་ངག་དང་། གེགས་སེལ་གཟེར་ལྔ་ལ་སོགས་པའི་གདམས་ངག་མང་པོ་གསུངས་སོ། །གྲུབ་ཆེན་ཨུ་རྒྱན་པས་རྒྱལ་བ་རྒོད་ཚང་པའི་སྐུ་ཚབ་གནང་། ཞིག་པོ་དཀོན་སེང་། དབང་ཕྱུག་རྒྱལ་མཚན། ཁྲི་སྟོན་མཁན་པོ་ཁུ་ལུང་བ། རིག་པའི་གནས་ལྔ་ལ་མཁས་པ་བྱང་སེམས་ཤེར་གཞོན། སློབ་དཔོན་བྱང་དཔལ། ཉེ་གནས་རིན་རྒྱལ། ཨ་པོ་བྱང་དཔལ། དབུས་ཆུང་བ། སྨོན་འཁར་བ། སློབ་དཔོན་དད་རྒྱལ། བཀྲ་ཤིས་རྒྱན། རིན་ཆེན་རྒྱན། ཡེ་ཤེས་དཔལ་འོངས། བསམ་གཏན་འོད་ཟེར། དབང་ཕྱུག་རིན་ཆེན། མཁའ་འགྲོ་སྡེས། སློབ་དཔོན་ཇོ་བསམ། སློབ་དཔོན་རང་གྲོལ། ཤྭཀྱ་འོད། བཀའ་གདམས་པ་དགེ་སློང་སངས་རྒྱས་འོད་བཅས། རྒྱལ་བ་རྒོད་ཚང་པ་སྟེང་འགྲོར་བཞུགས་དུས་སུ་ཡོད་པ་མཚན་གསལ་བ་དང་། ལྷོ་བདག་སི་ཏུ་རིན་ཆེན་དུས་སྐབས་ཀྱི་བླ་མ་སྒྲུབ་ཆེན་རི་རྫོང་པ་དབང་ཕྱུག་རྒྱལ་མཚན་ནས། སྟེང་འགྲོའི་བླ་མ་བྱང་སེང་པ་ལ་ཡང་། བླ་མ་སྒྲུབ་པས་ཐོག་དྲངས། ཨུ་རྒྱན་པའི་ཆོས་སྐོར་མང་དག་དང་། ཞི་བྱེད་རྒྱུད་ཕྱིའི་ཟབ་ཆོས་འགའ་རེ་ཞུས་གསུངས་པ་སྒྲུབ་ཆེན་རི་རྫོང་པའི་རྣམ་ཐར་ནང་གསལ། དེའི་རྗེས་མཁས་དབང་སངས་རྒྱས་རྡོ་རྗེ་ཞབས་ཀྱིས་བཅགས་པ་དང་། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་ཞབས་ཀྱི་བཅགས་ཤིང་། སྙན་ངག་འབྲེལ་བ་རྩོམ་ས་གནས་ཡུལ་རྒྱལ་ཕུ་སྟེང་འགྲོ་དགོན་པ་ཡིན་པར་སྙན་འགྲེལ་དཔེ་རྙིང་གི་མཇུག་ཏུ་གསལ། ལ་ལས་མཛད་བྱང་བཀོག་ནས་པར་སྐྲུན་གྱིས་པའི་སྙན་འགྲེལ་ལ་མེད། འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་ཕེབས་པ་རང་རྣམ་དུ་གསལ། སྔ་དུས་བར་འབྲོག་རིན་པོ་ཆེ་ཤེལ་དཀར་ཚོང་དུས་སུ་ཕེབས་སྐབས། སྟེང་འགྲོར་ཐེངས་ཁ་ཤས་ཕེབས་པ་དང་། ཤེལ་ཆོས་གྲུབ་པའི་དབང་ཕྱུག་མཁྱེན་རབ་འཇལ་དཔལ་གྱིས་ཐེངས་མང་ཞབས་ཀྱིས་བཅགས། རྩིབས་རིའི་ནེའུ་རིང་དགོན་པ་ཉམས་གསོོ་གནང་མཁན་སློབ་དཔོན་ལགས་ཞབས་ཀྱིས་བཅགས། སྐྱབས་རྗེ་སེང་བྲག་རིན་པོ་ཆེས་ཞབས་ཀྱིས་བཅགས།
སྟེང་འགྲོའི་དབྱར་དགུན་ཆོས་ཚོགས་ཚུགས་དུས་སྐོར།
སྟེང་འགྲོ་དགོན་ལ་དབྱར་དགུན་གཉིས་སུ། དབྱར་དྲུག་པ་ཚེས་བཞི་སྐབས་དང་། དགུན་སྟེང་འགྲོ་གཏོར་སྐྱོང་སྐབས་དབྱར་ཆོས་དགུན་ཆོས་གཉིས་ཚོགས་སྲོལ་ནི། ལོ་ལྟར་ཆག་མེད་ཚོགས་དགོས་འདུག དེ་ཡང་དབྱར་ཆོས་བོད་ཟླ་དྲུག་པའི་ནང་ལ་ཚོགས་རྒྱུའི་དུས་ཚོད་དེ། རྒྱལ་བ་རྒོད་ཚང་པ་དགུང་ལོ་བདུན་བཅུ་པ་སྤྱི་ལོ་1258 ལོའི་དབྱར་ཟླ་འབྲིང་པོའི་༼བོད་ཟླ་དྲུག་པ༽ཡར་ཚེས་ལ་སྐུ་གཤེགས་པས་དགོངས་རྫོགས་དང་། སངས་རྒྱས་ཀྱིས་བདེན་བཞི་ཆོས་འཁོར་བསྐོར་བའི་དུས་བཟང་དང་། སྟབས་བསྟུན་ནས་དབྱར་ཆོས་ཚོགས་པ་ཞིག་ཡིན། དགུན་ཆོས་སྟེང་འགྲོ་གཏོར་སྐྱོང་སྐབས་བཙོ་བོ་འཆམ་དང་གཏོར་རྒྱག་བྱེད་སྒོ་རྣམས་ཡིན། སྤོ་བོས་གསུངས་གསལ་ལ་གནའ་སྔ་མོའི་དུས་ལ། དབྱར་དགུན་གཉིས་ཀྱི་ཟླ་བ་རེར་བྲག་ནག་ཡུལ་མི་ཁྱིམ་ཚང་ཆ་ཚང་སྟེང་འགྲོ་རུ་སྤོས་ནས། སྟེང་འགྲོར་ཁྱིམ་ཚང་རེ་ལ། གྲྭ་ཁང་སོ་སོར་ཡོད་པས་ཡུལ་མི་ཚང་མ་གནས་སྤོས་བྱེད་ཅིང་། དེའི་རིང་ལ་བྲག་ནག་གྲོང་སྡེའི་ཁྱིམ་ཚང་རྣམས་སྒོ་རྒྱབ་ནས་སྟེང་འགྲོར་འགྲོ་ཡི་རེད་ཅེས་གསུངས་བྱུང་། དེ་སྐབས་སུ་རྒྱལ་ནོར་གྱི་ཞིང་འབྲོག་མི་མང་མ་ཟད། རྒྱ་མཚོ་འབྲོག་པ་དང་། ནང་ཁོག་འབྲོག་པ་། དགའ་ལྡན། དེ་བཞིན་རྩིབས་རི་གཡས་གཡོན་གྱི་ཡུལ་མི་མི་མང་ཚོགས་ནས། གནས་མཇལ། མཆོད་འབུལ། ལྷ་མཆོད་པ། དེ་རྗེས་ཞབས་བྲོ་འཁྲབས་པ་བཅས་ལམ་སྲོལ་བཟང་པོ་ཞིག་རྒྱུན་ཆགས་སུ་གནས། སྟེང་འགྲོ་ཇག་པ་མེ་ལེན་ནི། འབྲོག་པ་སྤོང་རོང་གིས་སྲུང་མར་བསྟེན་མཆོད་བྱེད་པ་དང་། རི་ཁུ་ཆེ་ཟུར་ནས་དཔའ་ཁུད་སོ་སོ་ཟེར་ས་རེད་ཟེར་པའི་རྡོ་སྤུངས་ཞིག་རལ་ཡོད་ས་ནས། ཐ་མའི་གསོལ་མཆོད་ཞུས་ནས་ཕེབས་ཚུལ་བཤད། སྟེང་འགྲོ་དགོན་གྱི་སྤྱི་པའི་ཚོགས་ཤིང་ནི། སྔ་དུས་དབྱར་ས་ན་འབྲོག་པ་ཕན་ཐོགས་ཟེར་བའི་འབྲོག་པ་ཁྱིམ་ཚང་ཆེན་པོ་ཞིག་ཡོད་པ་དང་། དེ་ནི་ཨ་ཁུ་ནོར་རྒྱས་ཀྱི་ཁྱིམ་གཞིས་ཡིན། ཁོང་ཚོས་ཁྱིམ་གྱི་འབྲི་གཡག་དང་ར་ལུག་རྣམས་ཟླ་བ་གཅིག་གི་རིང་སྟེང་འགྲོ་རུ་འབྲོག་ས་སྤོས་ནས་ལོ་གཅིག་གི་ཚོགས་ཤིང་དེ་ནས་བྱེད་དགོས་གསུངས།
སྟེང་འགྲོ་དགོན་དབུ་མ་པའི་སྐོར།
སྔ་དུས་སུ་དགོན་ཁག་གསུམ་དང་ཡུལ་སྡེ་གསུམ་ནི། གད་དམར་གཞིས་ཁའི་འོག་རེད་ཟེར། དགོན་ཁག་གསུམ་ནི་སྟེང་འགྲོ་དང་། ན་ཁྲ་དགོན། ཟུར་ཕུག་དགོན་གསུམ་ཡིན་འདུག ཡུལ་སྡེ་གསུམ་ནི་རྒྱལ་ནོར་བྲག་ནག དབྱི་གུ་ཤར། ཀོང་རྩ་གསུམ་དང་། ཕྱིས་ཀོང་རྩ་ནས། ཁང་གསར་ཡུལ་སྡེ་རིམ་བཞིན་གནས་སྤོས་ཚུལ་བཤད། ན་ཁྲའི་དགོན་པ་ནི། བ་རི་སྤྱིལ་དཀར་པའི་ཆགས་བཏབ་པའི་དགོན་པ་དང་། ཟུར་ཕུག་དགོན་ནི་ཀུན་མཁྱེན་ཟུར་ཕུག་པ་རིན་ཆེན་དཔལ་བཟང་གིས་ཆགས་བཏབ་པའི་དགོན་པ་ཡིན། སྟེང་འགྲོ་དགོན་གྱི་འགན་བཙོ་བོ་དེ་དབུ་མ་པ་ནས་འཁུར་ལེན་དགོས་པ་དང་། དབུ་མ་པ་མིང་ཐོབ་ཚུལ་ཡང་རྗེ་རྒོད་ཚང་པའི་སྐབས་དགོན་པ་རྣམས་ཀྱི། བཙོ་བོ་ལ་དབུ་ཆེན་གསུང་སྲོལ་ནས་བྱུང་ཁུངས་་ཡིན་ནམ་སྙམ། དབུ་མ་པ་ཡང་དགོན་གྱི་ཆོ་ག་ཕྱག་ལེན་ཆོས་ཕྱོགས་ཀྱི་ཉམས་ལེན། སྔོན་གྱི་ཕྱག་བཞེས་བྱང་ཆུབ་པ་ཞིག་གིས་གནང་དགོས་པ་དང་། 1940 རྗེས་ལ་དབུ་མ་པ་སྐལ་ལྡན་གྱི་གནང་འདུག 1950 ནང་ལ་ཤེལ་དཀར་རྫོང་ཁོངས་ནས་མི་གྲངས་བདུན་བཅུ་ནང་ལ་ཁོངས་ཡོད་འདུག དེའི་རྗེས་སུ་དབུ་མ་པ་ཆུ་འཁོར་ར་མགོན་པོས་གནང་འདུག དབུ་མ་པ་མགོན་པོ་དུས་འགྱུར་སྐབས་ཤར་ཁུམ་བུ་ལ་རྒྱལ་བ་རྒོད་ཚང་པའི་སྐུ་བརྙན་གདན་འདྲེན་ཞུ་མིའི་ནང་ལ་ཡོད། དབུ་མ་པ་བྱང་མ་རྡོ་རྗེ་ནི་ང་ཚོ་ཆུང་ཆུང་སྐབས་1978 རྗེས་དང་1980 ནང་ལ་ཆོས་དད་བྱེད་རྒྱུ་བྱུང་སྐབས་ཁོང་རྩ་ཆེ་ཤོས་དང་། སྔར་རྒྱུན་སྟེང་འགྲོའི་ཕྱག་བཞེས་རྣམས་ཚང་མ་ཐུགས་ལ་མངའ་བ་ཞིག་ཡིན། དེ་སྐབས་དགོན་པ་བསྐྱར་གསོ་མེད་ཀྱང་། སྟེང་འགྲོ་སྔགས་གྲྭ་རྣམས་བྲག་ནག་སྤྱི་ཁང་དུ་ཚོགས་ནས་ཞབས་རིམ་དང་ཆོ་ག་ཕྱག་བཞེས་ཚང་མ་གནང་གི་ཡོད། སྐབས་དེའི་དུས་སུ། རྩིབས་རིའི་ཁུལ་གྱི་འབྲུག་དགོན་རྣམས་ཀྱི་ཕྱག་བཞེས་རྣམས་ལ་མཁས་པ། སྟེང་འགྲོའི་དབུ་མ་པ་རྡོ་རྗེ། བློ་བཟང་རྒྱལ་མཚན། རྒོད་ཚང་གྲྭ་ཕ་དྲུག་ཨ་ཁུ་བསོད་ནམས། བར་མཚོ་དགེ་སློང་ཉི་མ་རྡོ་རྗེ་བཅས་མཁས་པའི་ཚད་འཛིན་ཡིན། དབུ་མ་པ་ཨ་ཁུ་བློ་བཟང་རྒྱལ་མཚན་ནི་སྟེང་འགྲོའི་ཆོ་ག་ཕྱག་ལེན་ཆ་ཚང་དང་། དཔེ་ཆ་ཀློག་པ་ལ་ཧ་ཅང་གི་ཀློག་བཟང་པོ་་ཡིན་ཅིང་གཟུངས་འདུས་ཉིན་མ་རེ་ལ་ཆ་ཚང་འདོན་ཐུབ། མ་ཟད་གཟུངས་འདུས་ཆོས་ཚན་མང་པོ་ཞིག་བློ་ཐོག་ལ་ཡོད། སྔ་དུས་ཁྲི་དཔོན་རིན་པོ་ཆེའི་དྲུང་ནས་གདམས་ངག་དང་ཁྲིད་མང་པོ་ཞུ་མྱོང་ལ། སྤྱི་ལོ་1993 ལོར་སྐྱབས་རྗེ་སེང་བྲག་རིན་པོ་ཆེ་སྟེང་འགྲོར་ཕེབས་སྐབས་དང་དེ་བཞིན་རྩིབས་རི་གནམ་སྡིངས་བཅས་སུ་གདམས་ངག་ལྷག་མ་རྣམས་ཆ་ཚང་ཞུས་ཡོད། མཚམས་བསྙེན་གྲུབ་ཀྱང་མང་པོ་གནང་གི་ཡོད།
སྐྱབས་རྗེ་ཁྲི་དཔོན་པདྨ་ཆོས་རྒྱལ་བླ་མ་ཡིན་པའི་སྐོར།
སྔ་དུས་སུ་སྟེང་འགྲོའི་སྔགས་གྲྭ་གོང་མ་རྣམས་ཀྱི་བླ་མ། རྫ་སྤྲུལ་ངག་དབང་ནོར་བུ་ལགས་སུ་ཆོས་འབྲེལ་ཡོད་ཚུལ་ཐོས་ཤིང་། དེའི་རྗེས་རྩིབས་རི་ནེའུ་སྟེང་དང་། ཀེ་ཚང་དུ་ཁྲི་དཔོན་པདྨ་ཆོས་རྒྱལ་ཕེབས་ནས། སྟེང་འགྲོ་ཚོགས་ཡོངས་ཀྱི་རྩ་བའི་བླ་མར་བསྟེན་ནས་དབང་ལུང་དང་། ཁྱད་པར་དམིགས་རྣམས་སྐྱོང་ཚུལ་ཁྲིད་པ་ལ་ཁྱད་པར་ཅན་ཡོད་ལུགས་གསུངས། མ་ཟད་བདག་གི་སྤོ་བོས་གསུངས་གསལ་ལ་ཁྲི་དཔོན་པདླ་མ་ཆོས་རྒྱལ་ནི། རྒྱལ་བ་རྒོད་ཚང་པ་སྐུ་དངོས་ཀྱི་སྤྲུལ་པ་ཡིན་ཚུལ་ཡང་ཡང་གསུང་ངོ་ ། འབྲུག་པ་བཀའ་བརྒྱུད་ཀྱི། སྟོད་ཀྱི་སྤྲུལ་སྐུ་རྣམ་གསུམ་ནི་བར་འབྲོག་རིན་པོ་ཆེ། ནེའུ་རིངས་རིན་པོ་ཆེ། སྐྱབས་རྗེ་སེང་བྲག་རིན་པོ་ཆེ་གསུམ་ཡིན་ཅིང་། ཁོང་གསུམ་ལ་སྐུ་འཕྲེང་སྔ་མ་རྣམས་དང་ཆོས་ཀྱི་འབྲེལ་བ་གང་ཡོད་མི་ཤེས་ལ། ཁོང་རྣམས་བླ་མ་ལ་བརྩི་བ་དང་དད་གུས་ཧ་ཅང་ཆེན་པོ་གནང་གི་ཡོད། ནེའུ་རིངས་སྐུ་འཕྲེང་ལྔ་པ་ནི་གྲུབ་ཐོབ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་དང་། མི་ནད་པ་དེ་འདྲ་མཇལ་ཁར་ཡོང་ན་རིན་པོ་ཆེས་རྡུང་རྡེག་གནང་གི་ཡོད་པ་རེད་ཟེར། ནད་པ་དེ་རྗེས་སུ་ནད་གཞི་སིང་དྲགས་ལ་འགྲོ་ཡི་ཡོད་པ་དེའི་སྐབས་ཡོངས་གྲགས་རེད་འདུག ཡང་ནད་པ་ལ་ལར་རྐང་བཙུགས་ནས་མཇལ་ཁར་འོང་ཀྱང་རྡུང་རྡེག་མ་གནང་བར་ལོག་དགོས་པ་དེ་འདྲ་ཡོད་འདུག མ་ཟད་སྔོན་དུས་རྒྱལ་བ་རྒོད་ཚང་པ་རྒོད་ཚང་དུ་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས་དུས། སྐབས་ཤིག་ཙ་ན་ཇོ་མོ་རང་ཤེས་བྱ་བ་བུ་དང་ཁྱོ་ཤི་བའི་སྡུག་བསྔལ་ཅན་ཞིག་བྱུང་བ་དང་། ཆོས་རྗེ་བའི་ཞལ་ནས། ང་ལ་དུས་རྟག་ཏུ་ཉམས་དགའ་ཡལ་ལེ་ཞིག་ཡོད་པ་དེ་ཁྱོད་ཁྱེརཅིག ཁྱོད་ཀྱི་སྡུག་བསྔལ་དེ་ང་ལ་བོར་ཅིག་གསུངས་པས། བུ་མོའི་སྡུག་བསྔལ་རང་སངས་ལ་སོང་། ཕྱིས་སུ་མོས་ཆོས་སྒོར་བཞུགས་ནས་བསྒོམས་པས། རང་གྲོལ་གྱི་རྣལ་འབྱོར་མ་ཞིག་བྱུང་འདུག ཡང་གྲུབ་ཐོབ་ཨུ་རྒྱན་པའི་དྲུང་དུ་ནད་པ་ཞིག་གིས་ཕྱག་རྟེན་དར་ཡུག་ཅིག་ཕུལ་ནས། བདག་ནད་འབུ་དམ་པོ་ཞིག་གིས་ཟིན། གཞན་ལ་བྱིན་རླབས་དང་ཐབས་ཞུས་ཏེ་ཕན་པ་མ་བྱུང་། རྗེ་རིན་པོ་ཆེས་ཐུགས་རྗེས་བཟུང་བར་ཞུ་ཟེར་བས། རྗེ་གྲུབ་ཆེན་རིན་པོ་ཆེ་ཞལ་ནས། ཁྱོད་སུའི་མི་ཡིན་གསུངས། བདག་ཡོལ་གདོང་པའི་མི་ལགས་ཞེས་ཟེར་བས། ཡོལ་གདོང་པ་ངའི་དགྲ་ཡིན་ཏེ་བརྡུང་གསུངས། དེར་དྲུང་ན་ཡོད་པའི་མི་འགའ་ཞིག་གིས་བརྡུངས། གོས་བཤུས་ཕྱིར་བཏོན་པས། ཁོའི་བསམ་པ་ལ། ནད་ལ་སུས་ཀྱང་ཕན་པར་མི་འདུག དར་ཡུག་ཅིག་ཀྱང་ཤོར། རྨ་ཕབ་མ་འོང་ན་ལེགས་འདུག་པས་སྙམ་ནས། སྒྱིད་ལུག་པར་གྱུར་པ་ལས། སླར་ནང་དུ་བོས་ཏེ། ཐུགས་གཏད་པའི་དབྱུག་པ་དྲག་པོ་ཞིག་མཛད་པས། རྗེ་གྲུབ་ཆེན་རིན་པོ་ཆེའི་ཞལ་ནས། ཁྱོད་ལ་ཀླུ་བདུད་མོ་དྲེགས་པ་ཅན་ཞིག་གིས་གནོད་ཀྱི་འདུག་གསུངས། རྒྱགས་སྣང་དམིགས་པ་ཕོག་ནས། ཞག་བཅུ་གཉིས་བསྒོམ་པས་ནད་དྲགས་སྐད།
ནང་རྟེན་སྦས་པའི་སྐོར།
རིག་གནས་གསར་བརྗེའི་སྔོན་ལ་སྟེང་འགྲོའི་ནང་རྟེན་མང་པོ་ཞིག་གནས་བཟང་དཀར་མོའི་ཕུག་པའི་ནང་དུ་སྦས་ནས་བཞུགས་འདུག རྗེས་སུ་རྗེ་རྒོད་ཚང་པའི་སྐུ་ང་འདྲ་མ་ཤར་ཁུམ་བུར་གདན་འདྲེན་ཞུས། རྗེ་རྒོད་ཚང་པའི་སྐུ་རྒྱ་གར་ཤར་ལི་མ་དང་། མཁས་དབང་སངས་རྒྱས་རྡོ་རྗེའི་སྐུ་རྣམས་ཨ་ཁུ་ངག་དབང་བློ་བཟང་ནང་དུ་གདན་དྲངས། གཏོར་བཤིག་ལས་འགུལ་སྐབས་ཨ་མ་སྤེན་པའི་སྐབས་རེ། ལྕི་བས་ཁང་རྩེ་སྐོར་བའི་གསེབ་དུ་སྦས་པ་དང་། ཡང་ལབ་དོང་ནང་དུ་ཡང་བཞུགས་དགོས་བྱུང་འདུག སྐབས་ཤིག་ལ་རྗེ་རྒོད་ཚང་པའི་སྐུ་བྱང་མའི་ཕ་བཀྲ་ཤིས་དང་ཨ་མ་བློ་གྲོས་གཉིས་ཀྱི་ཁྱིམ་ནང་དུ་ཉར་སྦས་བྱས་འདུག ཨ་ཁུ་བྱང་ཆུབ་ཀྱི་་ཁྱིམ་དུ་ཡང་ཉར་སྦས་བྱས། མཁས་དབང་སངས་རྒྱས་རྡོ་རྗེའི་སྐུ་ཨ་ཁུ་སྐལ་ལྡན་དང་། ངག་དབང་རྡོ་རྗེའི་ཁྱིམ་དུ་ཉར་སྦས་བྱས་འདུག དེ་བཞིན་ཨ་མས་དཔེ་ཆ་གསེར་ཆོས་རྣམས་རྩྭ་རའི་དཀྱིལ་དུ་བཅུག་པ་དང་། རྟ་རའི་བྲེས་ཁ་ནང་དུ་སྦས་པའི་དཔེ་ཆ་མང་པོ་ཞིག་གཏོར་བཤིག་ལས་འགུལ་སྐབས་ཤོར་འདུག 1978 ཙམ་རྗེས་སུ་ཆོས་དད་མགོ་ཚུགས་རྗེས་མཆོད་ཁང་ནང་དུ་འཇོག་རྒྱུའི་གོ་སྐབས་བྱུང་ཡོད།
ལོ་རབས་བརྒྱད་ཅུའི་རྗེས་སྟེང་འགྲོ་སླར་ཡང་གསར་བཞེངས་ཀྱི་སྐོར།
ལོ་རབས་བརྒྱད་ཅུ་ནས་ཆོས་ཀྱི་བྱེད་སྒོ་སྤེལ་རྒྱུ་བྱུང་རྗེས་སུ། སྟེང་འགྲོའི་སྔོན་མའི་སྔགས་གྲྭ་རྣམས་མཉམ་འཛོམས་བྱས་ནས། དབྱར་ཁ་དྲུག་པ་ཚེས་བཞིའི་དུས་ཆེན། བྲག་ནག་གྲོང་ཚོའི་རིག་གནས་སྤྱི་ཁང་དུ་ཚོགས་པ་དང་། རྐྱང་འདུར་ཨ་ཁུ་སྐལ་བཟང་ཆོས་འཕེལ། རྒྱ་གར་ལ་ཆེད་མངགས་ཡུམ་རྒྱས་འབྲིང་བསྡུས་གསུམ་གདན་འདྲེན་ཞུ་བར་ཕེབས་ནས་དཔེ་ཆ་དང་། རྗེ་རྒོད་ཚང་པའི་སྐུ་སོགས། སྐུ་གསུང་ཐུགས་རྟེན་ཕུན་གསུམ་ཚོགས་ཤིང་། རྒྱལ་ནོར་ཡུལ་སྡེའི་ཁྱིམ་ཚང་སོ་སོར་མཆོད་གནས་སུ་གདན་འདྲེན་དང་བཅས། གནའ་སྔ་མོའི་ཆོས་རྒྱུན་སྐྱོང་འགོ་བཙུགས། དེའི་རྗེས་སྟེང་འགྲོའི་གྲྭ་པ་གང་ཡོད་རྣམས་བསམ་པ་གཅིག་མཐུན་གྱིས་སྤྱི་ལ་སྐུ་རིམ་ཕུལ་བའི་དངོས་རྫས་རྣམས་མ་རྩར་བཞག་ནས། སྟེང་འགྲོ་དགོན་ཉམས་ཆག་དང་ཞིག་རལ་སོང་བ་སླར་གསོ་བྱེད་རྒྱུ་གཏན་འབེབ་གནང་ཡོད། ཐོག་མ་ནགས་མོ་ཆེ་དགེ་སློང་མཁྱེན་རབ་འཇམ་དཔལ་ལགས་ནས་སྟེང་འགྲོར་ཕེབས་ནས། ས་སློང་དང་། ས་ཆོག སྦྱིན་སྲེག་གནང་། དེ་སྐབས་རྒན་པ་ཨ་ཁུ་བློ་བཟང་རྒྱལ་མཚན། ཨ་ཁུ་མགོན་པོ། ཨ་ཁུ་བྱང་ཆུབ། ཨ་ཁུ་སྐལ་བཟང་ཆོས་འཕེལ། ཨ་ཁུ་ངག་དབང་བློ་བཟང་སོགས་བྲག་ནག་རྒན་གྲས་རྣམས་ལ། དགེ་སློང་མཁྱེན་རབ་ལགས་ནས་དཔེ་ཞིག་གསུངས་པ་ནི་རྩིབས་རི་སྐོར་རར་མཉམ་ཏུ་འགྲོ་སྐབས་ཐབ་ཆས་མི་ཚང་རེ་ནས་སྣེ་རེ་ཁྱེར་ཡོང་ན་མཉམ་དུ་ཚང་མ་སྒྲིག་པ་བཞིན། ཚང་མས་ཐུགས་འཁུར་གྱིས་མཉམ་ལས་གནང་དགོས་གསུངས། 1986ལོའི་བོད་ཟླ་གསུམ་པའི་ནང་འགོ་བཙུགས། ཤིང་བཟོ་བ་ཤེལ་དཀར་ཤིང་བཟོ་་ཉི་མ་དང་དགེ་ཕྲུག་དིང་རི་རྫོང་ཨང་ལགས་ཧྲུའུ་ཆིའི་སྤུན་ཆེད་ནོར་བུ་སོགས་ཤིང་བཟོ་ཚོགས་པ་དང་། རྡོ་བཟོ་བ་རྒྱལ་ཕུ་དབྱར་ས་བ་ཨ་ཡའི་དོན་ཆེན་སོགས། རྡོ་བཟོ་མཁས་པ་རྣམས་མཉམ་འཛོམས་ཐོག་ལས་སྒོ་བཙུགས། བྲག་ནག་ཡུལ་མི་རྒན་གཞོན་དང་། ཨ་མ་ནང་མ་རྣམས་ཉིན་དགུང་འཆར་ཅན་ལས་ཀར་ཡོང་བ་གཙོས་རྒྱལ་ཕུ་འབྲོག་པ། རྒྱལ་ནོར་ཡུལ་སྡེ་གཞན་སོགས་ནས་མ་སྐུལ་དང་བླངས་ཀྱིས་ཞལ་འདེབས་དང་། ཉམས་གསོའི་ལས་ལ་ཞུགས། སྔ་དུས་རྒན་པ་རྣམས་ནས་སྟེང་འགྲོ་དགོན་གྱི་གཙུག་ལག་ཁང་གི་འོག་ལ་བཙན་ཁང་ཡོད་པ་དང་། ཁོང་ཚོ་བཙན་ཁང་ལ་འགྲོ་དུས་དཔལ་འབར་འཁྱེར་ནས་འགྲོ་བ་རེད་གསུངས། འོན་ཀྱང་ས་འོག་ལ་ཁང་རྒྱ་ག་ཚོད་ཡོད་མེད་དང་། དེའི་ནང་ལ་ག་རེ་ཡོད་མེད་གསལ་པོ་བཤད་རྒྱུ་མེད། འོན་ཀྱང་། རམ་པའི་ཀ་བ་ཞིག་ཡོད་རེད་ཟེར། གང་ལྟར་ཡང་དེ་སྐབས་ས་འོག་སྔོག་གཤེར་སྐབས་བཙན་ཁང་དངོས་སུ་འདུག ཁང་སྟོང་རང་ལས་མི་འདུག ད་དུང་ག་ཚོད་ཡོད་མེད་ཚོད་མི་ཐིག དེ་རྗེས་སུ་ས་བརྒྱངས་ནས་ཚང་མ་སྙོམས་པོར་བཟོས་ཡོད། བོད་ཟླ་ལྔ་པའི་ནང་སྔ་མའི་རྩིག་གཞི་ནང་བཞིན་སྲོལ་རྒྱུན་གྱི་་གཙུག་ལག་ཁང་ཆ་ཚང་ཉམས་གསོ་ལེགས་པར་གྲུབ། དེ་ནས་རྒྱལ་བ་རྒོད་ཚང་པའི་སྐུ་རྒྱ་གར་ཤར་ལི་མ་དང་། མཁས་དབང་སངས་རྒྱས་རྡོ་རྗེའི་སྐུ། གྲུབ་ཐོབ་གཙང་སྨྱོན་གྱི་སྐུ་བརྙན་སོགས་དང་། གསུང་རྟེན་གསེར་ཆོས་པུ་ཏི་སོགས་ཧ་ཅང་མང་པོ་སྟེང་འགྲོ་དགོན་དུ་གདན་དྲངས་ཡོད། དཔེ་ཆ་པུ་ཏི་རྙིང་པ་ཁ་ཤས་ནི་ཤོག་ངོས་གཡས་གཡོན་ལ། ཨི་ཁུང་ཆུང་ཆུང་ཡོད་པ། ཚོན་དམར་མཐར་སྐོར་ཞིང་། ཨི་ཁུང་ནང་ལ་སྐུད་པ་རྒྱུས་ནས་ཡོད། དེ་ནི་རྒྱལ་པོ་གླང་དར་མ་བྱུང་སྔོན་གྱི་འཇོག་སྲོལ་རེད་ཟེར། གླང་དར་ནས་དཔེ་ཆ་ལ་ཁྲིམས་བཏང་ནས་གླེགས་ཤིང་གིས་བསྡམས་པ་རེད་ཟེར། གང་ལྟར་དཔེ་རྙིང་མཐོང་དཀོན་པ་དེ་འདྲ་ཡང་འདུག དེའི་དུས་བྲག་ནག་ལུང་པར་མི་ཚང་བཅུ་བདུན་བཅོ་བརྒྱད་ཙམ་ཡོད་པ་ཚང་མས་སྔར་དགོན་པའི་སྐུ་གསུང་ཐུགས་རྟེན་ཐང་ཀ་དང་། ཅ་དངོས་སོགས་བདག་པོ་བརྒྱབས་པ་ཚང་མ་དགོན་པར་ཕུལ་ཡོད། དེ་ནས་ལེགས་པར་གྲུབ་པའི་དགའ་སྟོན་དང་འབྲེལ། ཤེལ་དཀར་ཆོས་སྡེ་ནས་དགེ་སློང་མཁྱེན་རབ་འཇམ་དཔལ་གཙོ་བོ་བྱས་པའི་དགེ་འདུན་རྣམས་ནས། རྣམ་རྒྱལ་སྟོང་མཆོད་དང་། གཏོར་འབུམ། སྦྱིན་སྲེག་སོགས་གནང་། དེ་རྗེས་སུ་དྲུག་པ་ཚེས་བཞིའི་ཉིན་སྟེང་འགྲོ་རང་དུ་ཐོག་མར་ཟབ་རྒྱས་ཚུགས། རྒྱལ་ནོར་སོགས་ཡུལ་གྲུ་མང་པོ་ནས་མི་འཛོམས་ཆེན་པོ་བྱུང་ཞིང་། གཞས་ཞབས་བྲོ་འཁྲབ་པ་སོགས་མི་རྣམས་སྤྲོ་སྣང་གིས་ཁེངས་ཡོད། དེར་སྐབས་ལ་ལས་ཤེལ་དཀར་ཆོས་སྡེ་ལས་ཀྱང་རྟེན་རྙིང་པ་མཇལ་རྒྱུ་སྟེང་འགྲོ་མང་བ་འདུག་ཟེར་བ་ཡང་བྱུང་ངོ་། །དེའི་རྗེས་སུ་རྒྱལ་བའི་བཀའ་འགྱུར་ཡང་གདན་དྲངས་ཡོད།
༸སྐྱབས་རྗེ་སེང་བྲག་རིན་པོ་ཆེས་ཞབས་བཅགས་པའི་སྐོར།
ཕྱི་ལོ།1993 ལོར་༧སྐྱབས་རྗེ་སེང་བྲག་རིན་པོ་ཆེ་བོད་དུ་ཕེབས་སྐབས་སུ། རྒྱལ་ནོར་སྟེང་འགྲོ་དགོན་དུ་གདན་འདྲེན་ཞུས། ཆིབས་བསྒྱུར་གནང་རྗེས་སུ་དགོན་པར་རབ་གནས་དང་། རྡོ་རྗེ་ཕག་མོའི་དབང་དང་། བཀའ་སློབ། མི་མང་ལ་འཕོ་བ་དང་མ་ཎིའི་ལུང་སོགས་གཟུངས་སྔགས་མང་པོའི་ལྗགས་ལུང་གནང་། ཚོགས་འཁོར་རྒྱ་ཆེན་པོ་ཕུལ་་ཞིང་། གནས་བཟང་དཀར་མོའི་སྒྲུབ་ཕུག་ལ་གནས་གཟིགས་དང་། ཤེལ་དཀར་དགོན་པའི་དགེ་སློང་མཁྱེན་རབ་འཇམ་དཔལ་ལགས་རིན་པོ་མཇལ་ཁ་ལ་ཆེད་ཕེབས་ཀྱི་མཇལ་འཛོམས་བྱུང་། དེ་སྐབས་རྒྱལ་ནོར་མ་ཟད་ཕྱོགས་ཁག་ནས་རིན་པོ་ཆེ་མཇལ་ཁ་ཞུ་མཁན་ཧ་ཅང་མང་ཞིང་། རིན་པོ་ཆེ་ནས་མི་མང་ཡོངས་ལ་བྱིན་རླབས་དང་སྲུང་བ་གནང་བ་མ་ཟད། ཡུལ་སྡེ་སོ་སོའི་ཁྱིམ་ཚང་རེ་རེ་ལ་ཡང་བྱིན་རླབས་གནང་ཡོད། སྟེང་འགྲོ་དགོན་པ་སྤྱི་ནས་རིན་པོ་ཆེ་ལ་བརྟན་བཞུགས་དང་། མཛད་འཕྲིན་བསྐྱངས་རྗེས་སུ་རིན་པོ་ཆེ་དབུས་ཞབས་གྲས་རིན་པོ་ཡི་ཞབས་ཕྱི་སྐུ་མཆེད་ཨ་ནེ་སྐལ་བཟང་ལགས་དང་། ལྷ་གདོང་དགོན་གྲྭ་ནུབ་ལུང་གནས་པའི་བཀྲ་ཤིས། མང་ཁྱུང་ལ་རྫི་ནོར་བུ་སོགས་རྒྱ་ཆེ་མི་མང་འདུ་འཛོམས་མདུན། རྒྱལ་ཕུ་སྤོ་བ་ཨ་ཁུ་ཕུན་ཚོགས་ཀྱི་གཞས་དཔོན་སྣེ་ཁྲིད་ནས་མནའ་སྔ་མོའི་གཞས་རྙིང་གཟིགས་མོའི་མཆོད་པ་ཕུལ་ཞིང་། ཧ་ཅང་གི་སྐལ་བཟང་བྱུང་ངོ་། །རིན་པོ་ཆེ་ཕེབས་པ་ནས་བཟུང་རྒྱལ་ནོར་ལ་ལོ་ལེགས་ཡག་པོ་བྱུང་ངོ་། །
རྒྱལ་ཁྲོམ་མམ་རྒྱལ་ནོར་གྱི་ལོ་རྒྱུས་སྤྱིར་བཤད་པ།
རྗེ་བཙུན་མི་ལ་རས་པའི་དུས་སྐབས་དང་། དེའི་རྗེས་སུ་རྒྱལ་བ་རྒོད་ཚང་པའི་སྐབས་སུ། རྒྱལ་ཁྲོམ་གསུངས་ཏེ། རྗེ་བཙུན་མི་ལ་རས་པས། རས་པ་ཞི་བ་འོད་ལ། །ཁྱོད་རྒྱལ་ཁྲོམ་སྨད་ནས་འོངས་པ་དང་། །ང་གུང་ཐང་རྩ་ནས་འཁྱམས་པ་གཉིས། ཞེས་དང་། དེ་བཞིན་རྗེ་རྒོད་ཚང་པའི་སྐབས་སུ། རྒྱལ་ཁྲོམ་ཞེས་པ་གཅིག་མཚུངས་སུ་གསུངས། རྒྱལ་གྲོང་ཞེས་པ་ཡང་གསལ་ལ། ངག་རྒྱུན་དུ་གནའ་དུས་སུ་གྲོང་པ་བརྒྱ་ཕྲག་མང་པོ་བྱུང་བས་བརྒྱ་གྲོང་ཞེས་མིང་ཐོགས་པར་རེད་ཟེར། རྒྱལ་ཁྲོམ་སྨད་ལ་ཁང་རོའི་གྱང་རྩིག་ཧ་ཅང་མང་པོ་ད་ལྟའང་ཡོད་ལ། མང་པོ་ཞིག 1960 རྗེས་ནས་དིང་རི་རྫོང་ཁོངས་ནས་ལས་མི་བསྐོང་ནས་ཤན་རྫིང་གསར་བཟོ་དང་། ཞིང་ར་གསར་སྐྲུན་སྐབས་གནའ་ཤུལ་མང་པོ་རྩ་མེད་དུ་བཟོས་པ་རེད། མ་ཟད་དེའི་དུས་སྟེང་འགྲོ་དགོན་གཤམ་བྲག་ནག་གྲོང་ཚོའི་བྲག་རི་ལ་ནགས་ཚལ་སྐྱེས་པ། ཤིང་སྤ་མ་སོགས་ཡོག་ནས་ཡོད་པ་ཚང་མ་བཀོག་ནས་མེ་ཤིང་དུ་ཁྱེར་འདུག། རྒྱལ་བ་རྒོད་ཚང་པའི་སྐབས་སུ་གྲོང་ཁྱེར་ཆེན་པོ་བྱུང་བ་ནི། རྣམ་ཐར་ནང་། མདའ་ན་གྲོང་ཁྱེར་རྒྱ་ཞོ་ནན་པ་འདྲ་བ་ཡོད་པར་གསུངས། ཤེལ་དཀར་ཆོས་བྱུང་ནང་། རྒྱལ་ཁྲོམ་ཞེས་སམ་རྒྱལ་ནོར་ཞེས་པའི་ལྗོངས། །རྒྱ་ཁྲོམ་དང་རྒྱལ་ནོར་ཞེས་མིང་གཉིས་ཀ་གསལ་བ་དང་། མིང་ཐོགས་ཚུལ་ལ་ངག་རྒྱུན་གྱི་་མིང་ཐོགས་ཚུལ་དང་མི་འདྲ། ཡང་ཤེལ་དཀར་ཆོས་བྱུང་དུ་རལ་བཞི་ལུང་པ། ཞེས་གསལ་བས་རས་པ་ཞི་བ་འོད་ཀྱི་ལུང་པ་ཞེས་པར་ཡང་གོ་རྒྱུའི་དོན་མིན་རྣམས་དཔྱད་གཞིར་སྣང་། དུས་ཕྱིས་སུ་རྒྱལ་ནོར་ཞེས་མིང་རྒྱུན་ཆགས་གནས་སོ། །རྒྱལ་ནོར་སྤྱིའི་མངའ་ཁོངས་རྒྱ་ཁྱོན་རིང་ཚད་ནི། རྒྱལ་ནོར་སྨད་གནས་པ་གྲོང་ཚོ་ནས་གོམ་པ་སྤོས་ནས་སྐྱོད་ན། དགོང་དྲོའི་དུས་སུ་ལ་དཀར་པོའི་མཚམས་སུ་འབྱོར། ཉིིན་མ་གཅིག་ལ་འགྲོ་དགོས་སའི་རིང་ཚད་ཡོད། ཁྱོན་ནི་བྱང་ནམ་ཁོག་ས་ཆའི་བར་ལ། ལ་དཀར་པོ་རི་བརྒྱུད་ཀྱིས་ཆོད་པ་དང་། ཕན་སྤྱི་ལ་འགྲོ་སའི་ལམ། ལ་དཀར་པོ། ཤར་རྒྱ་མཚོ་འབྲོག་པ་དང་ལོ་ལོ་ཡུལ་བར་ལ་རི་བརྒྱུད་ཀྱིས་ཆོད་པ་དང་། བན་རྩེ་ལ་ནི་གྱེད་ཐང་འགྲོ་སའི་ལ། འོག་ཀོ་ལ་ནི་བི་ཆུ་འགྲོ་སའི་ལ། ཐོད་ཁྲ་ལ་ནི་བི་ཆུ་དང་མེ་བཏང་སྒང་ལ་འགྲོ་སའི་ལ། ?རལ་དང་པོ་ཕུ་ནས་མེ་བཏང་སྒང་དང་ལོ་ལོར་འགྲོ་སའི་ལ་གཉིས་ཡོད། རྒྱལ་ནོར་ལྷོ་ནི་ཤེལ་དཀར་དང་ས་འབྲེལ། ལ་དང་རི་བརྒྱུད་ཀྱི་ཆོད་མེད་རྒྱལ་ནོར་གཙང་ཆུ་རྒྱུགས་ས་ཡང་ཡིན། ལྷོ་མཚམས་ནས་བ་ལེར་འགྲོ་སའི་ལ། ནུབ་སེ་སྒང་སྦུག་བར་ལ་རི་བརྒྱུད་ཀྱིས་ཆོད་པ་དང་། རྩིབས་རི་སྐོར་རར་འགྲོ་བའི་ལམ། གནས་སེ་མོའི་ལ་དང་། གཡའ་ཀྲའི་ལ།
༼གཡའ་ཀྲའི་ལ་ནས་བལྟས་ནི། །
ཆུ་བཟང་རི་བརྒྱུད་མཇལ་བྱུང་། །
ཞེས་པའི་གཞས་ཤིག་ཀྱང་ཡོད། ༽ དགའ་ལྡན་ལ་འགྲོ་སའི་ཅང་ཁོངས་ལ། དགའ་ལྡན་དང་སྒམ་ཅོག་དགོན་དུ་འགྲོ་སའི་མུག་རག་ལ། གྲ་ཆུང་ལ། གྲ་ཆེན་ལ། རྒྱལ་ཕུ་ཤིག་ར་ནས་དགའ་ལྡན་ཕུ་དབྲག་ལ་འགྲོ་སའི་ལ། དགུ་ལུང་ཕུ་ནས་བྲག་རར་འགྲོ་སའི་ལ་སོགས། ལ་ལུང་མང་པོས་བསྐོར་བའི་ལུང་བཤུར་ཞིག་ལ་རྒྱལ་ཁྲོམ་མམ་རྒྱལ་ནོར་ཟེར་བ་ཡིན། རྒྱལ་ནོར་ནི་ལ་ལུང་མང་པོའི་ས་རྒྱུས་དང་འབྲེལ་་ཡང་དིང་རིའི་ས་ཆ་ལས་ལུང་པ་གཞན་དང་ས་འབྲེལ་མེད། སྤྱིར་དིང་རིའི་ཡུལ་ལུང་ཡང་། ཕྱོགས་བཞི་ནི། གངས་རི་དང་། ལ་མཐོ་པོའི་རི་བརྒྱུད་མང་པོས་ཆོད་པའི་ཇོ་མོ་གླང་མའི་མདུན་དུ་གནས་པའི་ཡུལ་ལུང་ཆེན་པོ་ཞིག་ཀྱང་ཡིན་ལ། འབུམ་ཆུ་གཙང་པོ་འདབས་བརྒྱུད་དུ་གནས་པ་ཡང་ཡིན། ལུགས་སྲོལ་གོམས་གཤིས། གཞས། ཞབས་བྲོ། གྱོན་ཆས། སྐད་གདངས་སོགས། ཐུན་མོང་མ་ཡིན་པ་ཡོད་པའི་བོད་ཀྱི་ཡུལ་ལུང་ཞིག་ཡིན། རྒྱལ་ནོར་ཕུའི་སྒོ་ར་སྤུན་བདུན་ནང་། སྒོ་ར་ཞབས་བགྲད་དང་། སྒོ་ར་ངང་ཁྲ། སྒོ་ར་སྐེད་དཀྲིས་ཟེར་བ་སོགས་ཡོད་མོད། སྒོ་ར་ཚང་མའི་མིང་མ་ངེས་། སྒོ་ར་སྤུན་བདུན་ནི་རི་བཀྲ་ཧ་ཅང་ལེགས་ཤིང་ཚོགས་རིལ་སྒྲིག་པ་ལྟར་ཡོད། ཁ་རྒྱུན་དུ་སྟོད་དུ་སྦུ་ཊ་སྤུན་བདུན། བར་དུ་སྒོ་ར་སྤུན་བདུན། སྨད་དུ་སྦྲན་འཆང་སྤུ་བདུན་ཟེར། ཟུར་མཚོ་སྦུ་ཊ་སྤུན་བདུན་དང་། རྒྱལ་ནོར་ཕུ་སྒོ་ར་སྤུན་བདུན་ཟེར། སྒོ་རིའི་་མདུན་ནི་སྤང་ཐང་རྒྱ་ཆེ་ཞིང་རྒྱལ་ནོར་ཕུའི་འབྲོག་པའི་ས། འབྲི་གཡག་ར་ལུག་འཚོ་གནས་བྱ་ཡུལ་གྱི་འབྲོག་སྡེ་ཕུན་གསུམ་ཚོགས་པ་ཞིག་ཡིན། ལ་དཀར་པོའི་མདུན་འཁྱགས་འགོ་ཆུ་མིག་ནས་ཆུའི་སྒོ་བཙུགས། རྟ་ཁྱུང་རིའི་ཤར་ཕྱོགས་ནས་ཐོན་པའི་གངས་ཆུ་དང་། སྒོ་ར་སྤུན་བདུན་བར་སོ་སོར་ནས་ཐོན་པའི་ཆུ་རྣམས་གཅིག་ཏུ་འདུས། ཆུ་རྣམས་འདུས་ཆེ་སའི་སར། རྫ་འཕྲང་ན་སྔ་མོ་ཟམ་པ་ཡོད་པ་དེ་ལ་རྗེ་རྒོད་ཚང་པས་རབ་གནས་ཕོག་ཡོད་ཟེར། རྒྱལ་ནོར་ཡུལ་ལུང་གི་ཆུ་ཚང་མ་འདུས་ནས་རྒྱུགས་པ་ལ་རྒྱལ་ནོར་གཙང་པོ་ཟེར་ཞིང་། དེ་ནས་ཤེལ་དཀར་དུ་རྒྱུགས་ནས་འགྲོ་བས་ཆུ་མོ་ཤེལ་དཀར་གཙང་པོ་ཡང་ཟེར། ཤེལ་དཀར་རྒྱལ་ལོ་སེར་གསུམ་གྱི་ཆུ་ཚང་མ་འདྲེས་ནས་མཐར་དིང་རི་སྤྱི་ཡོངས་ཀྱི་ཆུ། འབུམ་ཆུ་ལ་འདྲེས་ནས་བལ་ཡུལ་བརྒྱུད་རྒྱ་གར་རྒྱ་མཚོ་ལ་འདྲེས། ། སྒོ་ར་སྤུན་བདུན་གྱི་གཡས་ཕྱོགས་སུ་བྲག་ནག་ཕུ་ཡི་གཡར་སྐྱ་རི་ནི་ཧ་ཅང་མཐོ་ཞིང་རི་རྩེ་ནས་ཧ་ཅང་མཐོང་རྒྱ་ཆེ་ཤིང་། དིང་རི་རྫོང་ཁོངས་ཡུལ་ལུང་གི་རི་བརྒྱུད་ཚང་མ་མཐོང་། ཡང་དམར་པོའི་རི།་། དཀར་པོའི་རི། གཡའ་སྦྱར་ཁམས་གསུམ། རིགས་གསུམ་མགོན་པོའི་གནས་རི་ཡིན་ཞེས་ཟེར་ཞིང་། དེའི་མདུན་འོ་དམར་བྲག་ཅེས་པའི་བྲག་རིའི་མདུན་གྱི་རྫ་ཁྲོད་གཅན་གཟན་མང་པོ་གནས་ས་དེར་རྟ་ཁྱུང་གི་འཁོར་ཞིག་གནས་པར། རྟ་ཁྱུང་བསྐང་གསོ་ནང་། །ཡུལ་ཅིག་བྲག་ནག་ཕུ་དབང་ན། །འོ་དམར་བྲག་བཙན་བཞེས་སུ་གསོལ། །ཞེས་གསལ། གནས་བཟང་དཀར་མོ་གནས་ན་བྲག་ཕུག་གཉིས་ཡོད་ཅིང་། སྔ་དུས་སུ་ལ་ཕྱི་གངས་ཀྱི་ར་བ་དང་གནས་བཟང་བྲག་ཕུག་གཉིས་ལ་གནས་སྤོས་བྱས་ནས། སྒྲུབ་པ་རྒྱག་མཁན་རྣལ་འབྱོར་མ་ཞིག་བྱུང་། ཟེ་ཕུག་དགོན་པའི་བྲག་སྟེང་ན་བྲག་ཕུག་ཅིག་ཡོད་པ། དེ་རུ་ཤེལ་དཀར་ཆོས་སྡེའི་གྲྭ་པ་སྟེང་དཀར་བྱང་མ་དང་། དགེ་བཤེས་ཕོ་ལྷས་སྒྲུབ་པ་ལ་བཞུགས་པ་དང་། ཟེ་ཕུག་རིན་པོ་ཆེ་ཡང་བཞུགས། ནགས་མོ་ཆེ་ཐད་ཀའི་རི་ངོས་ལ་ཡང་བྲག་ཕུག་ཅིག་ཡོད་པ་དེར་རིག་གནས་གསར་བརྗེའི་སྐབས། ནགས་མོ་ཆེའི་དགེ་སློང་ལགས་ཀྱི་མཆོད་ཆས་རྣམས་དེར་སྦས་འཇོག་བྱས། ཡང་སྤོ་གྲོང་ཚོའི་ལྷོ་ངོས་ལ་བྲག་ཕུག་གསུམ་ཡོད། གནས་གྲོང་ཚོའི་རི་སྒང་གི་བྲག་ཕུག་དེ། ཤེལ་དཀར་ཆོས་བྱུང་ནང་གསལ་བ་དེ་ཡིན། ཧ་གོ་བ་བྲག་ཕུག་བརྒྱད་འདུག དགོན་པ་ནི་ཕུ་རུ་སྟེང་འགྲོ་དགོན། རྐྱང་འདུར་གྲོང་ཚོའི་ཤར་རི་ལ་ཟེ་ཕུག་དགོན་པ་ཡོད། ཕུག་ཆེན་ན་བྱ་བྲལ་ཆོས་རྗེ་བཞུགས་དུས། སྒྲུབ་ཆེན་རི་རྫོང་པ་དབང་ཕྱུག་རྒྱལ་མཚན་ནས་ཆོས་བསྐོར་མང་པོ་ཞུས་པ་སྒྲུབ་ཆེན་གྱི་རྣམ་ཐར་དུ་གསལ། ཟེ་ཕུག་དང་ཟུག་འུག་གཉིས་གཅིག་པ་མིན་ནམ་མཉམ། རྗེ་རྒོད་ཚང་པའི་རྣམ་ཐར་ཙག་རིས་མ་ལས། འཁོར་རྣམས་སྟེང་འགྲོར་བཞུགས། བླ་མས་ཟུག་འུག་ཏུ་བཞུགས་ཞེས་གསལ། སྤོ་གྲོང་ཚོའི་ནུབ་རི་ཁྲོད་ན་བཙུན་དགོན་དགོན་ཏ་གསར་པ་ཞེས་པ་ཞིག་ཡོད་པ་བཅས་དགོན་པ་གསུམ་དང་། རྒྱལ་བ་རྒོད་ཚང་པའི་སྐབས་སུ། རྗེ་རྒོད་ཚང་པ་སྟེང་འགྲོའི་རི་ཁྲོད་ན་སྒྲུབ་པ་དམ་པོ་ལ་བཞུགས་པའི་དུས་སུ། སྟེང་འགྲོ་ནས་དྲོ་ལམ་གཅིག་ཙམ་པའི་ལུང་པའི་མདོ་ན། མེ་ཏོག་གླིང་བྱ་བའི་དགོན་པ་རུ། ཁམས་སྟོན་ཤེར་རྒྱལ་བྱ་བ་དེས་སློབ་མ་སུམ་ཅུ་ཙམ་ལ་དབུ་ཚད་འཆད། དེའི་དུས་ན་གད་སྐྱ་གནས་བྱ་བ་ན། མཁན་པོ་ཁུ་ལུང་བ་བྱ་བ། སྟོན་པ་བརྒྱ་དང་ཉི་ཤུ་ཙམ་ལ་ཕར་ཕྱིན་དང་འདུལ་བ་གཙོ་བོར་བྱས་ཏེ་འཆད་པ། གཞན་ཡང་ཚད་མ་དང་མངོན་པ། སྤྱོད་འཇུག་དང་བྱམས་ཆོས་ལྔའི་རྣམ་བཞག་མཛད་པ་ཞིག་ཡོད། རྗེ་རྒོད་ཚང་པ་ཐོག་མར་ལ་སྟོད་ལ་ཕེབས་སྐབས་ལ་སྟོད་གྲུ་བཞི་སྨོན་མཁར་དུ་དགེ་འདུན་སྟོང་ཕྲག་དབུས་སུ་རྗེ་རྒོད་ཚང་པ་དང་བགྲོ་གླེང་མཛད་པས་ཁོང་ཚོ་ཕམ། ཡང་སྟེང་འགྲོ་རུ་བགྲོ་གླེང་མཛད་པས་ཁོང་ཚོ་ཕམ་པས། མཐར་ཐམས་ཅད་སྟེང་འགྲོར་བྱོན་ནས། རྗེ་རྒོད་ཚང་པའི་སློབ་མར་འགྱུར་ཞིང་སྟོན་སྒོམ་རྟོགས་ལྡན་འབའ་ཞིག་ཏུ་གྱུར་ཏེ། ཞེས་རྒྱས་པ་རྗེ་རྒོད་ཚང་པའི་རྣམ་ཐར་ནང་དུ་གསལ་ལོ། །སྔ་དུས་རྒྱལ་ནོར་དང་། གྲུ་བཞི། ཟུར་མཚོ་གྱང་སོགས་སུ་མཚན་ཉིད་ཀྱི་བཤད་གྲྭ་བྱུང་བར་གསལ་ལོ། །གནས་གྲོང་ཚོའི་སྒང་ན་དཔང་ཕུག་ཆེ་ཟེར་བའི་དགོན་རྙིང་ཆགས་ཤུལ་ཡོད་པ་དང་། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་བཞུགས་སའི་དགོན་གནས་རེད་ཟེར་བ་ལས་ལོ་རྒྱུས་མ་མཇལ། འོན་ཀྱང་། མཁན་ཚང་གྲྭ་ཚང་བའི་བླ་མ་ཟེ་ཕུག་པ་བྱ་བྲལ་ཆོས་རྗེ་བརྩོན་འགྲུས་ཤེས་རབ་ཅེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་དཔང་པོ་ཆེར་བཞུགས། དཔང་པོ་ཆེའི་མཆོད་རྟེན་བཞེངས། ལྷོ་བདག་རྒྱལ་པོའི་དབུ་བླ་ཡིན་པ་ཤེལ་དཀར་ཆོས་བྱུང་དུ་གསལ། བསྟང་མཁར་དགོན་རོལ་ནི་སྔ་དུས་གོར་དམག་བྱུང་སྐབས་གཏོར་སྐྱོན་དུ་སོང་བ་རེད་ཟེར། དེའི་དུས་ཤེལ་དཀར་ཆོས་སྡེ་དགོན་པར་ཆུ་ལེན་སའི་འགྲོ་འོང་ལམ་གོ་དམག་གིས་བཅད་ཅིང་། ཆུ་བཀག་བརྒྱབས་པས་ཧ་ཅང་དཀའ་ངལ་བྱུང་སྐབས་སུ། ཤེལ་དཀར་ལས་སྣེ་མཁྱེན་ཅན་ཞིག་ནས་ཐབས་ཤེས་བཏང་བ་སྣམ་བུ་རྡོག་རིལ་སྣུམ་ལ་སྦང་ནས་ཤེལ་དཀར་དུས་འཁོར་ལྷ་ཁང་ཕྱོགས་ཀྱི་རི་བརྒྱུད་ནས་འཐེན་པས། སང་ཉིན་ཞོགས་པ་གོ་དམག་གིས་རི་སྐེད་ནས་ཆུ་རྒྱུགས་ཡོང་བ་མཐོང་ནས་རི་ཆུ་ཡོད་པར་ཚོར་ཏེ་གོ་དམག་ཕྱིར་ལོག་བྱས་པ་རེད་གསུང་ངོ་། །མ་ཟད་གོར་དམག་གི་ཅ་དངོས་མ་ཁྱོགས་པ་རྣམས་ཤེལ་དཀར་དུ་ལྷག་ནས་ཡོད་པ་གསུང་། རྒྱ་ནོར་ལུང་གཤམ་ན་ཡོད་པའི་ལྷའུ་རི་ཞེས་པ་དེ་ནི་ངག་རྒྱུན་དུ་བཤད་རྒྱུན་མང་ཞིང་། གསེར་གྱི་གཏེར་ཁ་མང་པོ་ཡོད་ཚུལ་གྱི་གཏམ་རྒྱུད་མང་། ཤེལ་དཀར་གྱི་སྔ་མའི་ལས་སྣེ་ཞིག་ནས་གསུངས་གསལ་ལ། སྡེ་པ་གཞུང་ནས་ལོ་རེ་བཞིན་ཤེལ་དཀར་རྫོང་བརྒྱུད་ནས་ལྷའུ་རི་ལ་དར་ཚོན་སྣ་ལྔ་འཛུགས་དགོས་པར་གསུངས། མདོར་ན། སྟེང་འགྲོ་དགོན་དང་། ཟེ་ཕུག་དགོན། དགོན་ཏ་གསར་པ། སྔ་དུས་ནས་ཉམས་ཆག་ཏུ་སོང་བ་མེ་ཏོག་གླིང་དགོན། གད་སྐྱ་གནས་དགོན། དཔང་ཕུག་ཆེ་དགོན། བསྟང་མཁར་དགོན་བཅས་དགོན་པ་བདུན། སྒྲུབ་ཕུག་བརྒྱད་ཡོད་དོ།།
སྤྱིར་རྒྱལ་ཁྲོམ་ཐོག་མ་ཆགས་ཚུལ་གྱི་ལོ་རྒྱུས་མ་མཇལ་ཞིང་། རྒྱལ་ཁྲོམ་གྱི་ཐོག་མིའི་ལོ་རྒྱུས་འགོ་ཚུགས་ས་ནི། རྒྱལ་ཁྲོམ་སྨད་ཀྱི་ཞུ་ཡས་བྱ་བའི་ཕྱུག་པོའི་ཁྱིམ་དུ་སྐུ་འཁྲུངས་པའི། རྗེ་བཙུན་མི་ལ་རས་པའི་སློབ་མ་སྙིང་གི་ཚལ་པ་བརྒྱད་ཀྱི་ཡ་གྱལ་རས་པ་ཞི་བ་འོད་དང་། རྒྱལ་ཁྲོམ་སྨད་དུ་སྐུ་འཁྲུངས་པའི་ཞི་བ་འོད་ཞང་པོ་ཡིན་པའི་གླང་བཙུན་སངས་རྒྱས་སྐྱབས་གཉིས་ཀྱི་ལོ་རྒྱུས་དེ་ནས་འགོ་ཚུགས་པ་ཡིན། དེའི་རྗེས་སུ་རྒྱལ་བ་རྒོད་ཚང་པ་རྒྱལ་ཕུ་སྟེང་འགྲོ་དགོན་དུ་གདན་ཞུ་བ། ཁྲོམ་གྱི་ཡོན་བདག་ལ་སྔ་བ་བྱང་ངེ་བ་འོད་འབར་བཟའ་མིས་ཐོག་དྲངས་པའི་རྒྱལ་ཁྲོམ་པ་རྣམས་ཡིན། དེའི་རྗེས་སུ་ལྷོ་བརྒྱུད་སྐྱོང་བའི་དཔོན་ཆེན་དོན་ཡོད་དཔལ་བཟང་གིས་སྒང་དཀར་ཁྲི་ཚང་ནང་པ་ཞེས་པ། རྒྱལ་ནོར་ལུང་པའི་ལྟེ་བ་རིན་ཆེན་སྤོར་ཕོ་བྲང་གསར་བཞེངས་མཛད། རྒྱལ་ས་རིན་ཆེན་སྤོ་རུ་ཐོག་མར་བཅས། ཁྱད་པར་རྒྱལ་ནོར་གནས་ཀྱི་ཐང་མཚམས་སུ། རིན་ཆེན་གནས་ཞེས་གྲགས་པའི་གཞིས་ཁང་རྒྱ་ཆེ་བ་ཞིག་གསར་བསྐྲུན་གནང་ཞིང་། དེ་མདུན་གཞུང་ལམ་དུ་ཀཀྣི་མཆོད་རྟེན་ལེགས་པར་བཞེངས་པར་མཛད། གནས་ཐང་དང་། ནས་ལུང་ཐང་ཀ་གཉིས་ཞིང་དུ་བཏུལ་བའི་ཞིང་ཀ། རྒྱ་ཆེ་བར་རྒྱལ་ནོར་ཕུ་ཆུ་ཡུར་དུ་དྲངས་ནས་ཞིང་འདེབས་གནང་བས་འབྲུ་བང་རྒྱ་ཆེར་ཕེལ། ལ་སྟོད་ལྷོའི་ཁྲི་སྐོར་གྱི་་རྒྱལ་ས་དང་། རྒྱལ་པོ་ལྷོ་བདག་གི་ཆོས་སྲིད་ཀྱི་བྱ་བ་སྐྱོང་སའི་ཡུལ་ཡང་ཡིན། ཡང་རྒྱལ་ཕུ་གཡུ་ཉེར་དུ། རྗེ་ནམ་མཁའ་རིན་ཆེན་མ་ནི། ལྡོང་རིགས་པ་བརྒྱ་དཔོན་པའི་ཞལ་ངོར་སྐུ་འཁྲུངས་པ་དང་། རྒྱལ་ཕུ་ན་ཕྲའི་ལྷས་སུ་རྗེ་དཔོན་ནམ་མཁའ་རྣམ་སྲས་སུ། རྗེ་ནམ་མཁའ་དཀར་པོ་སྐུ་འཁྲུངས་པ་བཅས་དང་། ལྷ་སྡེ་མིའུ་གདོང་དྲུག་སེ་རིགས་ལས། བླ་སྨན་སྔགས་འཆང་འབངས་དང་བཅས་པ་དང་། །ཞེས་སོགས་སྔར་དུས་སུ་རྗེ་དཔོན་འབྲོག་པ་སྤོང་རོང་རྒྱལ་ཕུ་འབྲོག་ཡུལ་དུ་བཞུགས་པ། རྒྱལ་ནོར་རྒན་རབས་རྣམས་ཀྱི་ངག་རྒྱུན་ལ་ཡོད་པ་མ་ཟད་ཤེལ་དཀར་ཆོས་བྱུང་དུ་གོང་གི་ལོ་རྒྱུས་རྣམས་གསལ། སྤོང་རོང་གདུང་རྒྱུད་དང་མཚོ་སྒོ་གདུང་རྒྱུད་ཆད་པ་དང་། ༼ ཤེལ་དཀར་ཆོས་བྱུང་དུ་རྟ་སྐྱོངས་ཞེས་གསལ་ །༽རྟ་ཁྱུང་གངས་རི་བཞུར་ནས་ཟངས་ཀྱི་ཁ་དོག་ཏུ་སོང་ན། དུས་ངན་ཤར་བར་བཤད་རྒྱུན་ཡང་འདུག ཤེལ་དཀར་ཆོས་སྡེར་གྲྭ་ཚང་ཉེར་གཅིག་སྐབས། མཁན་ཐོག་བཅུ་བདུན་པ་འདྲེན་དཔོན་ཆོས་མཛད། རྒྱལ་ནོར་སྤོ་རུ་འཁྲུངས་པ་དང་། ཉེ་རབས་སུ་རྒྱལ་ནོར་ནགས་མོ་ཆེར་འཁྲུངས་པའི་གྲུབ་དབང་དགེ་སློང་མཁྱེན་རབ་འཇམ་དཔལ་ལགས་སུ་ཐུགས་ལྗགས་སྤྱན་གསུམ་འཁྲུངས་པའི་གདུང་རྟེན། ཤེལ་དཀར་ཆོས་སྡེའི་གཙུག་ལག་ཁང་དུ་བཞུགས། གོང་གི་བླ་མ་དྲུག་གི་རྣམ་ཐར་ལ་སྟོད་ལྷོར་འཁྲུངས་པའི་ལོ་པཎ་མཁས་གྲུབ་རྣམས་ཀྱི་རྣམ་ཐར་ནང་རྒྱས་པ་ཡོད། ཡང་རས་པ་ཞི་བ་འོད་ཀྱི་ཁྱིམ་བརྒྱུད་ནས་འོང་བ་དེའི་རྒྱུད་པ་ད་ལྟའི་སྤོ་རས་པའི་ཁྱིམ་རྒྱུད་དང་། གནས་པ་རས་པའི་ཁྱིམ་རྒྱུད་རྣམས་ཡིན་ཚུལ་དང་། རྒྱལ་བ་རྒོད་ཚང་པའི་སྐབས་ཁྲོམ་གྱི་་ཡོན་བདག་སྔ་བ་བྱ་སྤེ་བའི་རྒྱུད་པ་ཁང་མོ་ཆེ་ཁྱིམ་རྒྱུད་རྣམས་ཡིན་པར་་བཤད་རྒྱུན་ལ་ཡོད། ཕྱི་ལོ། 1960 ནང་ཧ་ཅང་སྐད་གྲགས་ཆེ་བའི་ཕན་ཐོགས་ཀྱི་བུ་ནོར་རྒྱས་རྒྱལ་ཕུ་དབྱར་སའི་འབྲོག་པ་ཕན་ཐོགས་ཀྱི་ཁྱིམ་དུ་འཁྲུངས་པ་དང་། སྤྱི་ཟུར་རྒྱལ་ནོར་ཚེ་དབང་ལགས་རྒྱལ་ནོར་རྐྱང་འདུར་རུ་འཁྲུངས་པ་བཅས་རྒྱལ་ཁྲོམ་མམ་རྒྱལ་ནོར་གྱི་ལོ་རྒྱུས་སྤྱིར་བཤད་པ། བྱུང་རབས་སྔ་ཕྱི་ཕྱོགས་བསྡུས་སུ་བཀོད་པའོ།།
རྗེ་རྒོད་ཚང་པའི་སྐུ་བརྙན་ཤར་ཁུམ་དུ་གདན་དྲངས་པའི་སྐོར།
བོད་ནང་ཛ་དྲག་སྲིད་ཇུས་ཀྱི་དཀའ་ངལ་འོག་རྒྱལ་ནོར་བྲག་ནག་ཆུ་འཁོར་ར་དབུ་མ་པ་མགོན་པོ་ནི། དེའི་སྐབས་སྟེང་འགྲོ་དགོན་པ་སྤྱིའི་འགན་ཁུར་བ། སྟེང་འགྲོའི་དབུ་མ་པ་ཡིན་པ་དང་། མ་ཟད་གཞིས་ཀའི་ཚབ་གནང་བར་བརྟེན་དེའི་སྐབས་ཀླུ་སྨྱོན་ཟེར་བའི་སྲིད་ཇུས་འོག་ཆུ་འཁོར་ར་ཁྱིམ་གྱི་་རྒྱུ་ནོར་རྣམས་གཞན་ལ་ཆ་སྙོམས་བགོས་སོང་། དབུ་མ་པ་མགོན་པོ་དང་། པ་ལགས་ནོར་རྒྱས་རྒྱལ་ནོར་དགོན་སར་རའི་ཁང་པའི་ནང་དུ་བཙོན་བཅུག་བྱས། བཙོན་བཅུག་ཁང་པ་ས་ཕག་གིས་བརྩིགས་པ་ཡིན་སྟབས་མཚན་མོར་ས་ཕག་རྣམས་རིམ་བཞིན་བྲུས་ནས་བཙོན་ནས་བྲོས་ཐུབ་པ་བྱུང་འདུག དེ་ནས་སྡོད་བློས་མ་བཟོད་པའི་རྐྱེན་གྱིས། ཁྱིམ་རྒྱུད་ཚང་མ་ཨ་ཁུ་ནོར་རྒྱས་ཀྱིས་འགོ་ཁྲིད་ནས་བཙན་བྱོལ་དུ་འགྲོ་དགོས་བྱུང་ཞིང་།། དེའི་སྐབས་རྒྱལ་བ་རྒོད་ཚང་པའི་སྐུ་བརྙན་རྩ་ཆེན་པོ་འདི་ཡང་། དུས་ངན་རླུང་ཚུབ་ནང་བློས་གཏོང་མ་བྱས་པར་འགན་འཁུར་སྙིང་སྟོབས་ཞུམ་པ་མེད་པར་མཉམ་དུ་གདན་འདྲེན་ཞུས་ཡོད་ཅིང་། ཐོག་མ་རྒྱལ་ནོར་བྲག་ནག་ཡུལ་སྡེ་ཐོན་ནས། རྒྱལ་ནོར་ཕུའི་སྒོ་ར་སྤུན་བདུན་ནང་ལ་སུས་ཀྱང་མི་ཤེས་པའི་ས་ཆ་ལ་ཞག་བདུན་ཙམ་བསྡད་ཅིང་། དེའི་དུས་སུ་བྲག་ནག་ནང་ནས་མཚན་ལ་འབྲུ་དང་དགོས་མཁོའི་ལམ་ཆས་རྣམས་རིམ་གྱིས་བླངས་ནས། དེ་ནས་དབུ་མ་མགོན་པོ། རྨོ་མོ་མཚམས་གཅོད། སྤོ་སྤོ་ཕུར་བུ་ཚེ་རིང་། ཨ་ཁུ་ནོར་རྒྱས། ཨ་མ་རྣམ་གྲོལ། བུ་མོ་པད་མ། ཆོས་འཛོམས། ཡེ་ཤེས་མཚོ་མོ། ཕུར་བུ་སྐྱིད་འཛོམས། བུ་ཚེ་བརྟན་རྡོ་རྗེ།། ཨ་ཞང་ཤེས་རབ་རྡོ་རྗེ། ཨ་ནེ་གཡུ་སྒྲོན་བཅས་ཆུ་འཁོར་ར་ཁྱིམ་རྒྱུད་རྣམས་རྒྱལ་ནོར་ཕུ་ནས་རིམ་གྱིས་ནང་ཁོག་འབྲོག་ཡུལ་བརྒྱུད་ནས་གཡག་དང་ར་ལུག་དེད་ནས་་ཡོང་ཞིང་། ལམ་ག་རེ་བརྒྱུད་ནས་འགྲོ་ན་ཡག་པ་ཡོད་མེད་རྒྱལ་བ་རྒོད་ཚང་པའི་སྐུ་རང་ལ་མོ་ལུང་ཞུས་ནས་ཡོང་། རྒྱལ་བ་རྒོད་ཚང་པའི་སྐུ་དབུ་མ་མགོན་པོས་གཙོ་བོར་བྱས་ནས་རྒྱབ་ཁུར་དུ་གདན་འདྲེན་དང་། ཕུར་བུ་སྐྱིད་འཛོམས་ཆུང་ཆུང་ཡིན་སྟབས། ཨ་ཅག་པད་མའི་རྒྱབ་ལ་ཁུར་ཡོད་ཅིང་། དེ་ནས་ཡོལ་གདོངས་དང་། དེ་ནས་རིམ་བཞིན་སྐྱབས་རགས་བརྒྱུད་ཤར་ཁུམ་བུ་ལ་བརྒྱབས་ནས། ཤར་ཁུམ་བུ་ཡུལ་དུ་རྒྱལ་བ་རྒོད་ཚང་པའི་སྐུ་དང་ཆུ་འཁོར་ར་ཁྱིམ་རྒྱུད་ཚང་མ་བར་ཆད་གང་ཡང་མེད་པར་བདེ་ཐང་ངང་་ཁུམ་བུ་སྟོད་བཏང་ཁ་ཞེས་པའི་ཡུལ་དུ་འབྱོར། ལོ་རྒྱུས་འདི་ནི་དེའི་སྐབས་ཀྱི་ཁོངས་མི་ཨ་ཅག་པད་མ་ནས་གསུངས་པ་བཞིན་བཀོད་པ་ཡིན།།
ལོ་དྲུག་ཅུ་ཤར་ཁུམ་དུ་བཞུགས་པའི་སྐོར།
རྒྱལ་བ་རྒོད་ཚང་པའི་སྐུ་བརྙན་ང་འདྲ་མ། བོད་ནས་ཤར་ཁུམ་བུ་སྟོད་དུ་གདན་དྲེན་ཞུས་ནས་ཁུམ་སྟོད་དུ་ལོ་གཅིག་ཙམ་བཞུགས་རྗེས། དེ་ནས་ཤོ་རོང་བདེ་སྐྱིད་གླིང་གཞིས་ཆགས་སུ། སྤྱི་ལོ་1960 ནང་གདན་དྲངས། ཐོག་མའི་སྐབས་ཆུ་འཁོར་ར་ཁྱིམ་རྒྱུད་ཚང་མ་ཤོ་རོང་དུ་བསྡད། སྐབས་ཤིག་ལ་ཨ་ཅག་པད་མར་སྟོད་ཟུག་གི་ན་ཚ་དྲག་པོ་བརྒྱབས་ནས་མ་བཟོད་པའི་དཀའ་ངལ་བྱུང་སྐབས་སུ། ཨ་ཁུ་བརྩོན་འགྲུས་ནས་ཨ་ཅག་པད་མ་ལ་ད་ཁྱེད་རང་གི་ན་ཚ་དྲགས་ས་རེད། རྒྱལ་བ་རྒོད་ཚང་པའི་སྐུ་བརྙན་གི་ཞལ་རས་འགྱུར་འདུག་གསུངས། རྒྱལ་བ་རྒོད་ཚང་པའི་སྐུ་འདྲས་ན་ཚ་བཞེས་ནས་ཞལ་རས་ཚང་མ་ནག་པོ་ཆགས་འདུག དེ་རྗེས་ཨ་ཅག་པད་མའི་ན་ཚ་སེང་དྲགས་ལ་ཕྱིན་འདུག སྤྱི་ལོ་་1960 རྗེས་ནས། སྤྱི་ལོ་་2023 བར་ལོ་ངོ་དྲུག་ཅུ་ལྷག་ཙམ་རིང་ཨ་ཁུ་ཤེས་རབ་རྡོ་རྗེའི་ཁྱིམ་ཚང་ནས་ཤོ་རོང་བདེ་གླིངགཞིས་ཆགས་རང་དུ། རྒྱལ་བ་རྒོད་ཚང་པའི་སྐུ་བརྙན་ལ་རྒྱུན་དུ་ཕྱག་མཆོད་ཕུལ་ཞིང་གཞིས་ཆགས་རང་དུ་རྒྱུན་རིང་ཤོས་གྲས་སུ་བཞུགས། ལོ་མང་རིང་ལ། ཐེངས་གཉིས་གསུམ་ཞིག་གུ་རུ་ལྷ་ཁང་སོགས་ལ་བཅོལ་བ་ལས་རྒྱུན་དུ་ཨ་ཁུ་རང་གི་ཁྱིམ་དུ་བཞུགས་འདུག ཨ་ཁུ་ཤེས་རབ་རྡོ་རྗེའི་་ཁྱིམ་ཚང་ལ་རྐུན་མ་ཡང་ཐེངས་ཁ་ཤས་ཤོར་ཏེ་བོད་ནས་ཁྱེར་བའི་རྡོ་གྲི་དང་སྒོ་ལྕགས་སོགས་ཅ་དངོས་རྙིང་པའི་རིགས་རྐུན་མས་ཁྱེར་འདུག སྐབས་ཤིག་རྐུན་མ་ནས་ཨ་ཁུ་ཤེས་རབ་སྐྱེ་དམན་གྱི་ཨ་མའི་གཟི་བྱི་རུ་སྐེད་ལ་གཏགས་པ་ཚང་མ། རྐུན་མ་གདོང་ལ་རས་ནག་པོ་དཀྲིས་པ་བཞི་ཙམ་ཞིག་ཡོང་ནས་སྐེད་ནས་དཀྲོལ་ཏེ་བརྐུ་མ་བརྒྱབས་འདུག འོན་ཀྱང་རྒྱལ་བ་རྒོད་ཚང་པའི་སྐུ་བརྙན་ལོ་ངོ་དྲུག་ཅུ་ལྷག་རིང་ལ་སྐྱོན་ཆག་གང་ཡང་མེད་པར་བདག་པོ་ཡག་པོ་བརྒྱབས་ནས་བདག་ཉར་གནང་འདུག
བལ་ཡུལ་དུ་གདན་དྲངས་པའི་སྐོར།
ཐོག་མར་རྒྱལ་བ་རྒོད་ཚང་པའི་སྐུ་བརྙན་ཤར་ཁུམ་བུ་ནས་བལ་ཡུལ་ཕྱོགས་སུ་གདན་འདྲེན་གྱི་གླེང་གཞི་ནི། ཨ་ཅག་ཡེ་ཤེས་མཚོ་མོ་དང་། ཇོ་ལགས་ནོར་བུ། ཨ་ཞང་ཚེ་བརྟན་རྡོ་རྗེ་བཅས། རྒྱ་གར་རྡོ་རྗེ་གདན་ལ་གནས་བསྐོར་ལ་ཕེབས་སོང་། དེའི་དུས་ང་ཚོ་མཇལ་དུས། པ་ལགས་དམ་པ་ཕན་ཐོགས་ནོར་རྒྱས་ཀྱི་ལོ་རྒྱུས་དང་འབྲེལ་བཀའ་མོལ་བྱུང་བས། ཨ་ཅག་ཡེ་ཤེས་མཚོ་མོ་ནས་གསུངས་དོན། པ་ལགས་དམ་པ་ཕན་ཐོགས་ཀྱི་ནོར་རྒྱས་དེ་ཉིད་ཀྱི་ཐུགས་དགོངས་ལ། རྒྱལ་བ་རྒོད་ཚང་པའི་སྐུ་བརྙན་འདི། བོད་རྒྱལ་ནོར་སྟེང་འགྲོ་དགོན་པ་རང་དུ་གདན་འདྲེན་ཞུ་ཐུབ་པའི་དགོངས་གཞི་ཡོད་པ་རེད། ད་ལྟ་ཤར་ཁུམ་ཤོ་རོང་དུ་ཡོད། བལ་ཡུལ་ལ་གདན་འདྲེན་ཞུ་དགོས། སྔ་དུས་བལ་ཡུལ་ལ་འགྲོ་སྐབས་དེ་དུས་ཇོ་ལགས་སྤྱི་ཟུར་རྒྱལ་ནོར་ཚེ་དབང་ལགས་ནས་རྗེ་རྒོད་ཚང་པའི་སྐུ་བརྙན་བལ་ཡུལ་དུ་གདན་འདྲེན་ཞུ་རྒྱུར་རོགས་རམ་གནང་རྒྱུའི་ཞལ་བཞེས་ཡོད། ཇོ་ལགས་ནི་དགོངས་པ་རྫོགས་སོང། ད་ལྟ་ངའི་ཨ་ཞང་ཤེས་རབ་ནི་ལོ་བརྒྱད་ཅུ་བརྒལ་བ་རེད། ང་ག་དུས་ཡིན་ན་ཡང་གནས་ཚུལ་དེ། ངའི་སེམས་ལ་འཁོར་དུས་དངངས་འཚབ་ཡོང་གི་འདུག ལོ་རྗེས་མ་༼སྤྱི་ལོ་་2023༽ ལ་ཏན་ཏན་བལ་ཡུལ་ལ་འགྲོ། རྗེ་རྒོད་ཚང་པའི་སྐུ་བརྙན་ཤར་ཁུམ་ནས། བལ་ཡུལ་ལ་གདན་འདྲེན་ཞུ་རྒྱུ་ཡིན། ཁྱེད་རང་ཡང་རོགས་པར་ངེས་པར་ཡོང་དགོས་གསུངས་བྱུང་། དེ་རྗེས་སུ་ཨ་ཞང་ཚེ་བརྟན་དང་། ཨ་ཅག་ཡེ་ཤེས་མཚོ་མོ། གུས་རང་བཅས་གསུམ་ནས། སོ་སོས་མོ་ལུང་ཞུས་ནས་རྒྱལ་བ་རྒོད་ཚང་པའི་སྐུ་གདན་འདྲེན་སྐོར་ལ་གླེང་མོལ་བྱས། ལོ་རྗེས་མ་དེ་ལ་ཨ་ཅག་ཡེ་ཤེས་མཚོ་མོ་ལ། སུད་སིར་གནས་སྡོད་འུ་རང་དིང་རི་ཕྱོགས་ཀྱི་ཨ་ཅག་ཅིག་དང་བཀའ་མོལ་བྱུང་རྗེས་། ཨ་ཅག་ནས་ཤར་ཁུམ་བུར་འགྲོ་ན། དུས་ཚོད་བོད་ཟླ་བརྒྱད་པ་ལ་ཡག་ཤོས་འདུག སྔོན་མར་ང་ཡང་བོད་ཟླ་བརྒྱད་པ་ལ་འགྲོ་ཡི་ཡོད། དབྱར་གྱི་ཆར་ཐག་ཆད། ལམ་ཡག་པ། གནམ་གཤིས་གྲང་མོ་མེད་པར་ཡག་པོ་འདུག་གསུངས། ཨ་ཅག་ཡེ་ཤེས་མཚོ་མོ་ནས། ཇོ་ལགས་ནོར་བུ་ལགས་སུ་རྒྱལ་བ་རྒོད་ཚང་པའི་སྐུ་བརྙན་གདན་འདྲེན་ཞུ་རྒྱུར་རོགས་པ་ལ་ཕེབས་རོགས་ཞུས་པ་དང་། མ་ཟད་ཁོ་རང་གིས་བུ་ཆོས་དར་ལ་ད་རེས་ཨ་མའི་མཉམ་དུ་བལ་ཡུལ་ལ་ཡོང་ནས་སྐུ་གདན་འདྲེན་ཞུ་རོགས། མ་འོངས་པར་རྒྱལ་ནོར་སྟེང་འགྲོ་ལ་སྐུ་གདན་འདྲེན་ཞུ་རྒྱུར་ཡང་ཁྱེད་རང་གི་རྒན་འཁུར་དགོས་པ། ཨ་མའི་བསམ་དོན་ཡིན་གསུངས། དེ་ནས་ཟླ་བ་མང་པོའི་སྔོན་ནས་སྤྱི་ཟླ་བཅུ་པ་དང་བོད་ཟླ་བརྒྱད་པའི་ནང་བལ་ཡུལ་ལ་འགྲོ་རྒྱུའི་གནམ་གྲུའི་ལག་ཁྱེར་ཉོས། ཨ་ཅག་ཆོས་འཛོམས་སོགས་སྤུན་མཆེད་གཞན་ལ་ཡང་འབྲེལ་བ་བྱས། སུད་སི་ནས་ཨ་ཅག་ཡེ་ཤེས་མཚོ་མོ་དང་། བཟའ་ཟླ་གཉའ་ནང་ཀོ་ཐང་གནས་མའི་ཇོ་ལགས་ནོར་བུ། བུ་ཆོས་དར་བཅས་མི་གསུམ་དང་། ཨ་རི་ནས་ཨ་ཅག་ཆོས་མཛོམས་བཅས་ཁོང་ཚོ་བཞི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་བལ་ཡུལ་དུ་འབྱོར་ཅིང་། བལ་ཡུལ་མཆོད་རྟེན་ནས་རྒྱལ་ནོར་ཨ་ཁུ་ ཤེས་རབ་དང་། བུ་མོ་ཚེ་རིང་བདེ་སྐྱིད། དགེ་བཤེས་བློ་བཟང་རྒྱལ་བསྟན་བཅས་མི་བདུན་ནས་འཕྲུལ་འཁོར་ཧ་ཅང་ཡག་པོ་ཞིག་གླས་ཏེ། བལ་ཡུལ་མཆོད་རྟེན་ནས་ཐོན་ཏེ་བྲག་ཕུག་མ་རཱ་ཏི། ༼ཧ་ལ་ཤ།༽གནས་མཇལ་དང་། དེ་ནས་རྫ་རོང་ཐུབ་བསྟན་ཆོས་གླིང་དུ་༸སྐྱབས་རྗེ་འཁྲུལ་ཞིག་རྡོ་རྗེ་འཆང་གི་སྐུ་གདུང་མཇལ་ཁ་དང་མཆོད་འབུལ་སྨོན་ལམ་གྲུབ་མཚམས། ཤོ་རོང་འཇའ་སག་བདེ་གླིང་གཞིས་ཆགས་སུ་རྒྱལ་བ་རྒོད་ཚང་པའི་སྐུ་བརྙན་རྒྱལ་ནོར་ཨ་ཁུ་ཤེས་རབ་ནས་འཇའ་སག་གུ་རུ་ལྷ་ཁང་ནང་གནས་སྐབས་བཅོལ་ཡོད་པ་དེ། ང་ཚོ་མི་བདུན་ཆེད་མངགས་གདན་འདྲེན་ཞུ་རུ་འབྱོར།
རབ་བྱུང་། 17 བོད་རྒྱལ་ལོ། 2150 རབ་གནས་ཆུ་ཡོས། བོད་ཟླ་བརྒྱད་པའི་ཚེས་ཉི་ཤུ་དགུ་རེས་གཟའ་པ་སངས་དང་། སྤྱི་ལོ། 2023 སྤྱི་ཟླ་བཅུ་པའི་ཚེས་བཅུ་གསུམ་ཉིན་རྒྱབ། ཤོ་རོང་བདེ་གླིང་གཞིས་ཆགས་ནས་བལ་ཡུལ་ལ་ཐོན། རྒྱལ་བ་རྒོད་ཚང་པའི་བྱིན་རླབས་དང་སྟེང་འགྲོ་ཇག་པ་མེ་ལེན་གྱི་གྲོགས་འཕྲིན་ལས་ལ་བརྟེན་ནས་ལམ་ལ་དཀའ་ངལ་གང་ཡང་མེད་པར། བལ་ཡུལ་མཆོད་རྟེན་ཉེ་འགྲམ་དུ་གནས་སྡོད་རྒྱལ་ནོར་ཚེ་རིང་བདེ་སྐྱིད་ཀྱི་ནང་དུ་གདན་འདྲེན་ཞུས། ཉིན་ཞག་བཅུ་དྲུག་རིང་རྒྱལ་ནོར་བྲག་ནག་ཆུ་འཁོར་ར་གྲོང་པའི་ཁྱིམ་རྒྱུད་རྣམས་ནས་ཞལ་གསེར་ཉོས་ནས། ཀྲུ་གསར་དུ་གནས་བཞུགས་ལྷ་འབྲི་པ་ཆོས་གྲགས་ལ་རེ་སྐུལ་ཞུས་པ་བཞིན་ཞལ་གསེར་སྒྲོན། དེའི་སྐབས་སུ་ཨ་ཁུ་ནོར་རྒྱས་ཀྱི་བུ་མོ་རྣམས་དང་། ཨ་ཁུ་ཤེས་རབ་དང་ཨ་ཁུས་བུ་མོ་རྣམས། དེ་བཞིན་ཆུ་འཁོར་ར་ཁྱིམ་རྒྱུད་ཕྱོགས་གཞན་ལ་ཞུགས་པ་རྣམས་ལ་གོ་བསྡུར་དང་འབྲེལ་མཐའ་སྡོམ་ལ་སྐུ་བརྙན་བལ་ཡུལ་དུ་བཞུགས་རྒྱུར་ཐག་བཅད། བལ་ཡུལ་ཤེལ་དཀར་དགོན་པའི་བླ་མ་དང་། མཁན་པོ། ཕྱག་མཛོད་བཅས་པ་རྣམས་ལ། རྒྱལ་ནོར་སྟེང་འགྲོ་དགོན་གྱི་རྟེན་གཙོ་རྒྱལ་བ་རྒོད་ཚང་པའི་སྐུ་བརྙན་དེ་བལ་ཡུལ་ཤེལ་དཀར་དགོན་དུ་བཅོལ་གྱི་ཡིན། སྐུ་བརྙན་དེ་ཉར་གནང་རོགས་ཞེས་རེ་འདུན་ཞུས་པ་བཞིན། ཁོང་རྣམ་པས་ཞལ་བཞེས་ལེགས་པར་ཐོབ། དེའི་སྐབས་ང་ཚོའི་བསམ་ཚུལ་ལ། རྒྱལ་བ་རྒོད་ཚང་པའི་སྐུ་བརྙན་ལ་བསྒྲོན་པའི་སྔ་མོའི་ཚོན་རྩི་རྙིང་པ་དེ་རང་སོར་བཞག་ན་ཡག་པའི་དགོངས་ཚུལ་བྱུང་། མ་ཟད་ཨ་ཁུ་ནོར་རྒྱས་ཀྱི་བུ་མོ་ཆུང་ཤོས་སུད་སིར་གནས་སྡོད་ཕུར་བུ་སྐྱིད་འཛོམས་ནས་ཀྱང་སྐུ་ལུས་ཀྱི་ཚོན་རྩི་རྙིང་པ་རང་སོར་བཞག་ན་ཡག་པའི་དགོངས་ཚུལ་གསུངས། འོན་ཀྱང་ཤེལ་དཀར་ཆོས་སྡེའི་བླ་མ་༧སྐྱབས་རྗེ་སངས་བསྟན་རིན་པོ་ཆེའམ་ངམ་པ་མཆོག་སྤྲུལ་མཆོག་ནས་འགྲེམ་སྟོན་ཁང་དུ་བཞག་ཡས་དང་། དཔང་རྟགས་ཁུངས་བཙན་བསྟན་རྒྱུ་ལྟ་བུ་ཡིན་ན་རང་སོར་བཞག་པ་ལེགས་ཀྱང་། དེ་འདྲ་མ་ཡིན་སྟབས། ཁྱེད་ཚོར་མཐུན་རྐྱེན་ནི་ཡོད། བསོད་ནམས་གསོག་རྒྱུའི་ཆེད་སྐུ་བརྙན་ལ། ཚོན་རྩི་དང་། གསེར། སྐུ་གཟུགས་ཆ་ཚང་ལ་ཚོན་རྩི་འབུལ་ས་དང་གསེར་འབུལ་ས་ཆ་ཚང་གསར་པ་ཕུལ་ན་ཡག་པོ་ཡོད་རེད། དཔེར་ན་རྡོ་རྗེ་གདན་གྱི་སྟོན་པ་རིན་པོ་ཆེའི་སྐུ་གཟུགས་ཆ་ཚང་ལ་གསེར་ཡང་ཡང་བསྒྲོན་པར་བྱེད་པ་དང་། དེ་བཞིན་ལྷ་སའི་ཇོ་བོ་སོགས་ལ་ཡང་དེ་ལྟར་དུ་འབུལ་སྲོལ་ཡོད། འོན་ཀྱང་ཁྱེད་རང་ཚོས་ཐག་གཅོད་གནང་གསུངས། ང་ཚོ་ཚང་མས་སྐུ་བརྙན་དེར་ཞལ་གསེར་དང་ཚོན་རྩི་སྐུ་གཟུགས་ཆ་ཚང་ལ་གསར་དུ་བསྒྲོན་རྒྱུར་མོས་མཐུན་གཅིག་མཚུངས་བྱུང་སྟེ། སྐུ་གཟུགས་ལ་ཞལ་གསེར་ཚོན་རྩི་གསར་དུ་ལེགས་པར་བསྒྲོན། ཆ་ཚང་ལེགས་པར་གྲུབ་པའི་རྗེས་ལ། ཤིན་ཏུ་རྩ་ཆེན་བྱིན་རླབས་ཅན་གྱི་དཔལ་རྒྱལ་བ་རྒོད་ཚང་པ་མགོན་པོ་རྡོ་རྗེའི་སྐུ་བརྙན་ང་འདྲ་མ་དེ། བོད་ཟླ་དགུ་པའི་ཚེས་བཅོ་བརྒྱད། རེས་གཟའ་མིག་དམར། སྤྱི་ལོ་ 2023 སྤྱི་ཟླ་་10 ཚེས་་31 ཉིན་དེར་བལ་ཡུལ་ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང་དུ། བླ་མ་དང་མཁན་སློབ་འདུས་མང་ཡོངས་ནས། ཕྱག་ཏུ་དར་དང་། མེ་ཏོག། སྤོས་སྣ་སོགས་བསྣམས་ཤིང་། སེར་ཕྲེང་གིས་བསུ་བ་ལེགས་པར་མཛད། བལ་ཡུལ་གནས་བཞུགས་སྤྱི་ཟུར་ཚེ་འདས་རྒྱལ་ནོར་ཚེ་དབང་གི་སྐུ་མཆེད་ཨ་ནེ་ལགས་གཙོས་བལ་ཡུལ་གནས་བཞུགས་རྒྱལ་ནོར་ཡུལ་མི་སེར་སྐྱ་གང་ཡོད་དང་། གཉའ་ནང་ཚོང་འདུས་པ་གནས་པོ་གཏང་པ་ཁྱིམ་ཚང་གཉིས། གཉའ་ནང་དར་གླིང་བྱང་པ། སུད་སིར་གནས་སྡོད་ར་ཆུ་ཨ་མ་སྐར་མ་སོགས་ནས་བསུ་བ་དང་བཅས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒོད་ཚང་པ་མགོན་པོ་རྡོ་རྗེའི་སྐུ་བརྙན་ང་འདྲ་མ་དེ་ཤེལ་དཀར་ཆོས་སྡེའི་གཙུག་ལག་ཁང་དུ་གདན་དྲངས། མཛད་སྒོ་གཟབ་རྒྱས་ཚོགས། ཨ་ཅག་ཡེ་ཤེས་མཚོ་མོ་ནང་མི། གཉའ་ནང་ཀོ་ཐང་གནས་མ་ཁྱིམ་ཚང་དང་། ཨ་ཅག་ཆོས་འཛོམས་ཁྱིམ་ཚང་བཅས་ནས་དགེ་འདུན་རྣམས་ལ་མང་འགྱེད་དང་བསྙེན་བཀུར་ཞུས། ཤེལ་དཀར་དགོན་པའི་མཁན་རིན་པོ་ཆེ་ནས་ཆོས་རྗེ་རྒྱལ་བ་རྒོད་ཚང་པའི་རྣམ་ཐར་གསུངས་ཤིང་། ལྷག་པར་རྒྱལ་གྱི་ཤྲཱི་རིའི་ཁྲོམ་གྱི་ཡོན་བདག་ལ་སྔ་བ། བྱང་ངེ་བ་འོད་འབར་བཟའ་མིས་རྒྱལ་བ་རྒོད་ཚང་པ་ལ། རྒྱལ་ཁྲོམ་ཕུ་ན་རི་ཁྲོད་ངོ་མཚར་ཅན་ཡོད་པས་འབྱོན་པར་ཞུས་ཚུལ་དང་།
རྒྱལ་བ་རྒོད་ཚང་པ་སྟེང་འགྲོར་ལོ་བཅུ་གསུམ་བཞུགས་ནས་བསྟན་འགྲོ་བསྐྱངས་ཚུལ་སོགས་ཟབ་ཅིང་རྒྱས་པར་གསུངས་ཤིང་། མཁན་རིན་པོ་ཆེ་ནས་རྒྱལ་བ་རྒོད་ཚང་པའི་གསུང་སྟེང་འགྲོ་དགུ་མའི་མགུར་པར་སྐྲུན་གནང་ནས་ཚོགས་ཡོངས་ལ་བཀྲམས། ཚོགས་ཡོངས་སུ་ཞལ་འདོན་མཛད་པས་ཧ་ཅང་རྟེན་འབྲེལ་བཟང་པོའི་སྐལ་བ་བྱུང་། དེའི་རྗེས་སུ་ཤེལ་དཀར་དགོན་པའི་མཁན་ཟུར་དང་། བླ་མ་ངམ་པ་མཆོག་སྤྲུལ་ནས། འབྲེལ་ཡོད་རྣམས་ནས་རྒྱལ་བ་རྒོད་ཚང་པ་ལ་དད་པ་བྱས་པ་ལྟར་རྒྱུན་དུ་ནས་ཆོས་ཀྱི་བསླབ་བྱ་ཉམས་ལེན་དགོས་ཚུལ་སོགས་བཀའ་སློབ་ཟབ་རྒྱས་གནང་། ཤེལ་དཀར་ཆོས་སྡེའི་བླ་མ་མཁན་པོ་ལས་སྣེ་ནས་ཐོག་དྲངས་གོ་རིམ་བཞིན་སེར་སྐྱ་ཚང་མས་མཇལ་དར་ཕུལ་ཞིང་མཇལ་ཁ་ཞུས། ཨ་ཅག་ཁྱིམ་ཚང་གཉིས་ནས་མི་མང་ཡོངས་ལ་ཉིན་དགུང་གི་གསོལ་སྟོན་གཟབ་རྒྱས་ཞུས་ཤིང་། དེའི་རྗེས་སུ་ཤེལ་དཀར་ཆོས་སྡེའི་བླ་མ་ངམ་པ་མཆོག་སྤྲུལ་སོས་སྔ་བ་བློ་བཟང་བསྟན་དར་མཆོག་དང་། ཤེལ་དཀར་ཆོས་སྡེའི་མཁན་པོ་ཕ་དྲུག་དཔལ་སྡིང་པ་ངག་དབང་ཡོན་ཏན། ཤེལ་དཀར་ཆོས་སྡེའི་ཕྱག་མཛོད་མཁར་རྟ་ཀ་བཞི་ནང་པ་བློ་བཟང་ཕུན་ཚོགས། ཤེལ་དཀར་ཆོས་སྡེའི་དགེ་བསྐོས་རྒྱལ་ནོར་བྲག་ནག་བྱང་མ་ངག་དབང་རྣམ་རྒྱལ། རྒྱལ་ནོར་བྲག་ནག་ཆུ་འཁོར་ར་ཨ་ཁུ་ཤེས་རབ། གཉའ་ནང་ཀོ་ཐང་གནས་མའི་ཇོ་ལགས་ནོར་བུ། རྒྱལ་ནོར་ཡེ་ཤེས་མཚོ་མོ། རྒྱལ་ནོར་ཆོས་འཛོམས། ཀོ་ཐང་གནས་མའི་བུ་ཆོས་དར་། རྒྱལ་ནོར་ཨ་ཁུ་ཤེས་རབ་ཀྱི་བུ་མོ་ཚེ་བརྟན་སྒྲོལ་དཀར། རྒྱལ་ནོར་ཨ་ཁུ་ཤེས་རབ་ཀྱི་བུ་མོ་ཚེ་རིང་བདེ་སྐྱིད། རྒྱལ་ནོར་དགེ་བཤེས་བློ་བཟང་རྒྱལ་བསྟན་བཅས་མཉམ་འཛོམས་ཐོག་ཡིག་ཆ་བཟོས་ཤིང་། མཁན་རིན་པོ་ཆེ་ནས་ཡིག་ཆ་ཚང་མ་གྲུབ་རྗེས་དཔང་ཡིག་འབྲེལ་ཡོད་རྣམས་ལ་གནང་ཞིང་། ཤེལ་དཀར་ཆོས་སྡེ་དགོན་པ་ནས་ཤེལ་དཀར་དང་ཡུལ་ལུང་གཅིག་པའི་རྒྱལ་ནོར་བ་རྣམས་ལ་རོགས་རམ་ཐུགས་ཁུར་རྒྱབ་སྐྱོར་ཧ་ཅང་ཡག་པོ་གནང་སོང་།
ཕན་ཐོགས་ཀྱི་བུ་ཨ་ཁུ་ནོར་རྒྱས་སྐོར།
གུས་མོའི་མིང་ལ་ཆོས་འཛོམས་ཟེར་གྱི་ཡོད། ང་སྐྱེས་སའི་ཕ་ཡུལ་ནི་དིང་རི་ཤེལ་དཀར་ཕྱོགས་ཀྱི་ཡུལ་སྡེ་རྒྱལ་ནོར་ཕུ་བྲག་ནག་གྲོང་སྡེ་ནས་ཡིན། རྒྱལ་བ་རྒོད་ཚང་པའི་སྒྲུབ་གནས་རྒྱལ་ཕུ་སྟེང་འགྲོ་དགོན་ཀྱི་ཉེ་འགྲམ་ན་ཡོད། གུས་མོས་པཱ་ལགས་ཀྱི་མི་ཚེའི་ལོ་རྒྱུས་ཐུང་ཐུང་ཞིག་བྲིས་ཡོད། པཱ་ལགས་ཀྱི་མིང་ལ་ཕན་ཐོགས་ཀྱི་ནོར་རྒྱས་ཟེར། པཱ་ལགས་ཀྱི་སྐྱེས་ས་རྒྱལ་ཕུ་དབྱར་ས་ཞེས་པ། ནང་མིའི་གྲོང་མིང་ལ་འབྲོག་པ་ཕན་ཐོགས་ཞེས་འབྲོག་པའི་ཁྱིམ་ཚང་ཆེན་པོ་ཞིག་རེད། འཚོ་བ་འབྲོག་པ་ཡིན། པཱ་ལགས་ཀྱི་ཕ་མ་གཉིས་ལ་བུ་སྤུན་མཆེད་ལྔ་བྱུང་འདུག བུ་གཉིས་པ་ཨ་ཁུ་བསྟན་འཛིན་སྐལ་བཟང་ནི་སྟོད་ཀྱི་དགོན་ཆེན་ཤེལ་དཀར་ཆོས་སྡེ་དགོན་པ་ལ་ཆོས་ཞུགས་གནང་ནས་གྲྭ་པ་བྱས། བུ་རྒན་པ་ཨ་ཁུ་ཚེ་དབང་ནོར་བུ་ལགས་ཕ་མ་གཉིས་ཀྱི་མཉམ་དུ་བསྡད། པཱ་ལགས་དང་བུ་གཞན་གཉིས་འཚོ་བ་ཁག་ཁག་རེད་འདུག ང་ཚོའི་པཱ་ལགས་དང་ཨ་མ་ལགས་ཁོང་གཉིས་ཕན་ཚུན་མོས་མཐུན་ཐོག་མི་ཚེ་མཉམ་དུ་བསྡད། པཱ་ལགས་དང་ཁོང་གཉིས་ལ་ང་ཚོ་བུ་ཕྲུག་ལྔ་བྱུང་འདུག ཨ་མ་རྣམ་གྲོལ་ལགས་ཀྱི་ནང་མིའི་གྲོང་མིང་ལ་རྒྱལ་ནོར་བྲག་ནག་ཆུ་འཁོར་ར་ཟེར་གྱི་ཡོད། ལོ་རྒྱུས་ཡུན་རིང་སོང་ཞིང་གྲོང་པ་རྙིང་པ་མི་ཚང་ཆེན་པོ་ཞིག་རེད། བྲག་ནག་གྲོང་ཚོ་ནི་སྟེང་འགྲོ་དགོན་པའི་འོག་གི་ལུང་པ་ཡིན་ལ། རྒྱུན་དུ་སྟེང་འགྲོའི་ལས་ཀ་ཚང་མ་བྲག་ནག་ལུང་པ་ནས་བྱེད་ཀྱི་ཡོད། འཚོ་བ་ཞིང་ལས་དང་འབྲོག་ལས་གཉིས་ཀ་བྱེད་ཀྱི་ཡོད། པཱ་ལགས་དང་ཨ་མ་ཁོང་གཉིས་འཚོ་བ་ཞིང་པ་རེད། པཱ་ལགས་ལོ་ཆུང་དུས་ཚོང་པ་ཆེན་པོ་ཁག་ཁ་ཤས་ཀྱི་མི་གླ་བྱས་ནས་ཚོང་རྒྱག་པར་འགྲོ་ཡི་ཡོད། ལུང་པ་གཉའ་ནང་དང་། ཕག་རི། གཞིས་ཀ་རྩེ། གྲོ་མོ། སྟོད་རྒྱ་མཚོ་བཅས་ལ་གཡག་དེད་ནས་འགྲོ་གི་རེད། དེའི་སྐབས་སུ་པཱ་ལགས་མི་དྲང་པོ་དང་། སྙིང་སྟོབས་ཆེན་པོ། ལས་ཀ་ག་རེ་བྱས་ཀྱང་ཡག་པོ་བྱེད་ཀྱི་ཡོད་སྟབས། ཚོང་པ་སྦྱིན་བདག་ཚང་མས་དགའ་པོ་དང་ཡག་པོ་བྱེད་ཀྱི་ཡོད་ཅེས་པཱ་ལགས་ནས་གསུང་གི་ཡོད།
སྦྱིན་བདག་ཚང་མས་པཱ་ལགས་ནི་ཡིད་ཆེས་བློས་འཁེལ་བྱེད་ས་ཞིག་རེད་འདུག དེ་ནས་རྒྱ་མི་དམར་ཤོག སྤྱི་ལོ་1959 ལོར་བོད་ཀྱི་རྒྱལ་ས་ལྷ་སར་སླེབས་ནས། བོད་རྒྱ་མི་དམར་པོའི་བཙན་དབང་དུ་འདུས་ནས། ང་ཚོའི་ལུང་པ་རྒྱལ་ནོར་ལ་ཡང་རྒྱ་དམག་སླེབས་འདུག ང་ཚོ་ཞིང་ལ་རྩྭ་རྔ་རྒྱག་པའི་སྐབས་སུ་རྒྱ་མི་སླེབས་པ་ང་རང་དྲན་པ་ཡག་པོ་གསོས་ཀྱི་འདུག དེའི་སྐབས་སུ་ཕ་མ་རྒན་པ་ཚང་མ། རྒྱ་མི་སླེབས་ནས་དགའ་པོ་བྱེད་ཀྱི་མིན་འདུག རྒྱ་མི་རིགས་སླེབས་ནས་སྐྱིད་པོ་ཡོང་གི་མ་རེད་ཅེས་བཤད་ཀྱི་འདུག དེའི་སྐབས་སུ་མདོ་སྟོད་ནས་མི་ཁག་ཅིག་ང་ཚོའི་ལུང་པ་ལ་བྲོས་བྱོལ་བྱས་ནས་ཡོང་དུས། ང་ཚོའི་སེམས་པར་ཁོང་ཚོ་རྒྱ་མི་རེད་བསམས་ནས་ང་ཚོ་རི་ལ་བྲོས་ནས་ཕྱིན་པ་ཡིན། ཁོང་ཚོས་ཁྱེད་རྣམས་ང་ཚོ་ལ་ཞེད་སྣང་མ་བྱེད། ང་ཚོ་ཁམས་ནས་ཡོང་བ་ཡིན་ཅེས་ལབ་ནས། ཁོང་རྣམས་ང་ཚོའི་ལུང་པའི་ཕུ་ལ་ཕྱིན་སོང་། ང་ཚོ་ཞིང་ཁར་རྩྭ་རྔ་རྒྱག་པའི་སྐབས་སུ་རྒྱ་མི་ཁ་ཤས་ནས་ང་ཚོ་ལ་རོགས་པ་བྱེད་པ་དང་། ཕྲུ་གུ་ཚོར་མངར་མོའི་རིགས་རྔན་པར་སྤྲོད་ཀྱི་འདུག དེའི་རྗེས་སུ་རྩམ་པ་བཟོ་བའི་སྐབས་སུ་རྒྱ་མིའི་དཔོན་པོས་ཁྱིམ་ཚང་གི་པཱ་ལགས་རྣམས་ཚོགས་འདུ་ལ་ཡོང་དགོས་ལབ་ནས། ང་ཚོའི་པཱ་ལགས་ལ་ཨུ་ཡོན་ཞེས་པའི་མིང་ཞིག་སྤྲད་འདུག དེའི་སྐབས་སུ་ཚོགས་འདུ་ལ་ཡང་ཡང་ཤོག་ལབ་ནས་སོ་སོའི་ཁྱིམ་ཚང་གི་ལས་ཀ་ཡང་བྱེད་རྒྱུ་མེད་པར་སུན་པོ་བཟོས་པ་དང་མགོའི་སྐྲ་ཡང་བཟོ་ལོང་མིན་འདུག དེ་ནས་དུས་ཆེན་ཞིག་གི་སྐབས་སུ་ང་ཚོའི་ཨ་མ་ལགས་ཀྱི་སྤུན་མཆེད་ཆུང་བ་ཨ་ཞུ་གཡུ་སྒྲོན་དང་། ཨ་ཞུའི་གྲོགས་མོ་ཁྱིམ་མཚེས་ཨ་ཁུ་ཚེེ་རིང་དོན་གྲུབ་ཀྱི་བུ་མོ་གཡང་འཛོམས་གཉིས་ང་ཚོའི་ནང་ལ་ཡོད། དོན་དག་ཅི་ཡང་མེད་པར་ང་ཚོའི་ནང་ནས་དམག་མིས་ཨ་ཞུ་ཁྲིད་སོང་བ་གུས་མོ་རང་གི་མིག་གིས་མཐོང་བྱུང་། བདུན་ཕྲག་གཅིག་ཙམ་ཞིག་ནས་ཁོང་གཉིས་ནང་དུ་སླེབས་སོང་། ང་ཚོའི་ཨ་ཞུའི་ནང་མི་དང་། གྲོགས་མོའི་ནང་མི་ཁྱིམ་ཚང་ཕྱུག་པོ་རེད། མ་ཟད། ང་ཚོའི་ཨ་ཞུ་དང་ཁོང་གི་གྲོགས་མོ་གཡང་འཛོམས་གཉིས་སྟེང་འགྲོ་དགོན་པའི་ཨ་ནེ་ཡིན་པས། དེའི་རྐྱེན་གྱི་བཙོན་ཁང་དུ་ཁྲིད་པ་རེད་ཅེས་ངའི་པཱ་ལགས་ཀྱིས་གསུང་གི་འདུག
ལྷག་པར་དུ་ང་ཚོའི་སྤོ་པོ་ལགས་ཀྱི་མིང་ལ་དབུ་མ་མགོན་པོ་རྡོ་རྗེ་ཟེར་གྱི་ཡོད། ཁོང་ནི་ང་ཚོའི་རྒྱལ་བ་རྒོད་ཚང་པའི་གདན་ས་རྒྱལ་ཕུ་སྟེང་འགྲོ་དགོན་པའི་གྲྭ་པ་ཆོས་སྲིད་གཉིས་ཀྱི་འགན་ཁུར་དབུ་མ་བ་རེད། རྫ་རོང་ཕུའི་བླ་མ་རྫ་སྤྲུལ་རིན་པོ་ཆེ་དང་། ཁྲི་དཔོན་རིན་་པོ་ཆེ་ལ་ཆོས་མང་པོ་ཞུས་ནས་ང་ཚོའི་ལུང་པའི་ནང་། ཤེས་ཡོན་ཆེ་བ་དང་། སྟེང་འགྲོ་དགོན་པའི་གྲྭ་པ་དང་འགན་ཁུར་བ་ཡིན་པར་བརྟེན། རྒྱལ་ནོར་ལུང་པའི་མི་མང་ནས་ཧ་ཅང་བརྩི་མཐོང་ཆེན་པོ་གནང་གི་ཡོད། ཚོགས་འདུའི་སྐབས་སུ་རྒྱ་མིས་དགོན་པ་ཁག་གི་བླ་ཆེན་ཁག་དང་། མི་སྣ་སྙན་གྲགས་ཅན། ཁྱིམ་ཚང་ཕྱུག་པོའི་ནང་གི་པཱ་ལགས་ཚོ་བཅས་ཁོང་རྣམས་བཙོན་དུ་འཇུག་རྒྱུའི་སྐད་ཆ་ཡང་ཡང་ཤོད་པ་དང་། དགོན་པ་གཏོར་ཤིག་གཏོང་རྒྱུའི་འཆར་གཞི་འདུག་ཅེས་པཱ་ལགས་ནས་གསུང་གི་ཡོད་ཅིང་། པཱ་ལགས་ཀྱིས་རྒྱ་མི་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་གསུང་གི་འདུག. དེ་ནས་པཱ་ལགས་ནས་བླ་ཆེན་ཁག མི་སྣ་ཆེ་ཁག ཁྱིམ་ཚང་ཕྱུག་པོའི་པཱ་ལགས་ཚོ་ལ་ཁྱེད་རྣམས་རྒྱ་གར་ལ་བྲོས་ནས་འགྲོ་ན་ལེགས་པ་འདུག དེ་མིན་རྒྱ་མིའི་དཔོན་པོ་ཚོས་ཁྱེད་རྣམས་འཛིན་བཟུང་བྱེད་རྒྱུའི་སྐད་ཆ་མང་པོ་ཤོད་ཀྱི་འདུག་ཅེས་གསུངས་པས། ཁག་ཅིག་བྲོས་ནས་རྒྱ་གར་ལ་ཕེབས་འདུག ཁག་ཅིག་བྲོས་མ་ཐུབ་པར་རྒྱ་མིས་འཛིན་བཟུང་བྱས་ནས་འཐབ་འཛིན་དྲག་པོ་བཏང་སྟེ་སྡུག་པོ་མྱོང་དགོས་བྱུང་འདུག མི་ཚང་ཕྱུག་པོ་ཚང་མ་ལ་གཞུང་བཤེར་བཏང་ནས་ནང་མི་ཚོར་དཀའ་ངལ་ཆེན་པོ་བཟོས། དེ་ནས་ང་ཚོའི་སྤོ་པོ་རྒན་དབུ་མ་མགོན་པོ་རྡོ་རྗེ་ལགས་དང་། པཱ་ལགས་དང་། ང་ཚོའི་ཡུལ་གཞིས་བཅས་བཙོན་དུ་བཅུག ང་ཚོའི་ལུང་པ་རང་དུ་བཙོན་ཁང་མེད་པ་རེད། དེ་འདྲ་སོང་ཙང་མི་ཚང་ཕྱུག་པོའི་ཁང་པའི་ནང་དུ་བཙོན་དུ་བཞག་གི་ཡོད། པཱ་ལགས་ཁོང་ཚོ་གསུམ། ང་ཚོའི་ལུང་པ་རྒྱལ་ནོར་ནང་དགོན་གསར་ར་ཟེར་བའི་གྲོང་པ་ཕྱུག་པོ་ཞིག་ཡོད། དགོན་གསར་ར་གྲོང་པའི་ཁང་པ་གཞུང་བཤེར་གཏང་ནས་ཁོ་ཚོའི་ཁང་པ་སྟོང་པའི་ནང་དུ་བཙོན་བཅུག་བྱས། དེའི་སྐབས་སུ་ཁང་པའི་ནང་ནས་ལྕགས་ལེབ་ཆུང་ཆུང་ཞིག་པཱ་ལགས་ལ་རྙེད་འདུག ལྕགས་ལེབ་དེས་རྩིག་པ་བྲུས་ནས། པཱ་ལགས་ཁོང་གསུམ་བཙོན་ཁང་ནས་བྲོས་ཐུབ་པ་རེད། དེ་ནས་རྒྱ་མིའི་དམག་མིས་ཧ་གོ་ནས་པཱ་ལགས་ཁོང་གསུམ་གྱི་རྗེས་དེད་བཏང་ནས། མེ་མདའ་མང་པོ་བརྒྱབས་ཀྱང་ཁོང་གསུམ་ལ་མེ་མདའ་ཕོག་མིན་འདུག དེ་དུས་ཁོང་གསུམ་ཕན་ཚུན་ཁ་ཐོར་ནས་དམག་མིས་འཛིན་བཟུང་ཐུབ་མིན་འདུག སྐབས་དེར་མེ་མདའ་ཧ་ཅང་མང་པོ་བརྒྱབས་འདུག་མོད། ང་ཚོའི་སྟེང་འགྲོ་དགོན་གྱི་སྲུང་མ་དང་། ང་ཚོའི་ལུང་པའི་ཡུལ་ལྷ་མིང་ལ་ཇག་པ་མེ་ལེན་ཞུ་ཡི་ཡོད། ཡུལ་ལྷ་དེས་བྱ་ཁུ་བྱུག་ཅིག་ལ་སྤྲུལ་ནས་པཱ་ལགས་ཀྱི་དཔུང་པའི་སྒང་དུ་བབས་ཀྱི་འདུག་ཅེས་པཱ་ལགས་ཡུལ་ལྷས་བསྐྱབས་སོང་གསུང་གི་འདུག
དེ་ནས་བདུན་ཕྲག་གཅིག་ཙམ། པཱ་ལགས་ཨ་ཁུ་ཁོང་གཉིས་མཉམ་དུ་མེད་ཀྱང་། སོ་སོའི་ལུང་པའི་རི་ཁུག་དེ་འདྲ་ལ་ཞུགས་སྡད་པ་རེད། དེ་ནས་ནང་དུ་ཡོང་ནས་རྒྱ་མིས་ཧ་གོ་ནས་ཡང་བསྐྱར་བཙོན་ཁང་དུ་པཱ་ལགས་དང་། ང་ཚོའི་ཨ་ཞང་ཚེ་དབང་ཁོང་གཉིས་བཙོན་དུ་བཅུག བཙོན་ཁང་ནང་ཁོང་གཉིས་མཉམ་དུ་བཞག་མི་འདུག ཉི་མ་ཁ་ཤས་ཤིག་གི་རྗེས་སུ་པཱ་ལགས་ལ་སྲོག་ཐོག་གི་ཁྲིམས་གཏོང་རྒྱུ་བྱས་འདུག དེའི་སྐབས་སུ་ཉེས་བརྡུང་མང་པོ་བཏང་། ཐག་པའི་བསྡམས་ནས་མཚམས་རེ་དྲན་པ་ཐོར་བ་ཡང་བྱུང་འདུག དེའི་རྗེས་སུ་ཞོགས་པ་ནམ་མ་ལངས་གོང་དུ་པཱ་ལགས་གཉིད་ཕྲན་བུ་ཞིག་ཁུག་བསྡད་སྐབས་སུ། སྐུ་གཟུགས་སྟོབས་ཆེན་པོ། ན་གཟའ་ཡག་པོ་མཆོད་པ་ཞིག་གིས་པཱ་ལགས་ལ། ཡར་ལོངས་ཤོག ཉི་མ་ཤར་འདུག་ཅེས་གསུངས་འདུག དེ་ནས་ལམ་སེང་ཡར་ལངས་ནས་བླ་མ་མཇལ་དུས། སྐར་མ་ཁ་ཤས་ཤིག་གི་རྗེས་ལ་བླ་མ་ཡལ་སོང་བས། ནམ་ད་དུང་ལངས་མི་འདུག རྗེས་སུ་རྡ་སར་འབྱོར་ནས་༧གོང་ས་རྒྱལ་བ་ཡིད་བཞིན་ནོར་བུ་མཇལ་དུས། པཱ་ལགས་ལ་བཙོན་ཁང་ནང་དུ་བླ་མ་མཇལ་བ་དེ། ༧རྒྱལ་བ་ཡིད་བཞིན་ནོར་བུ་རེད་འདུག་པས། པཱ་ལགས་ཀྱི་སེམས་ཧ་ཅང་དགའ་པོ་བྱུང་ཞེས་གསུང་གི་འདུག བླ་མ་ཁོང་མཇལ་བ་ཡིན་ཙང་། པཱ་ལགས་བློ་ཁོག་ཆེན་པོ་བྱུང་འདུག ད་རེས་གུས་པ་སྲོག་ཐོག་འདི་ནས་ཐར་ས་རེད་བསམས་བྱུང་གསུང་གི་འདུག སྒོ་སྲུང་བ་ལ་ང་ཆབ་གསང་གཏོང་དགོས་ཡོད་ཅེས་ལབ་པ་ཡིན། སྒོ་སྲུང་བས་ནང་དུ་གཏོང་ཞེས་ལབ་འདུག པཱ་ལགས་ནས་ཆབ་ཆེན་གཏོང་དགོས་ཡོད་པས་ཕྱི་ལོགས་ལ་འགྲོ་ཡི་ཡིན་ལབ་འདུག སྒོ་སྲུང་བ་དེ་ང་ཚོའི་ལུང་པ་གཅིག་པ་དང་། མིང་ལ་ཉི་མ་དབང་འདུས་ཟེར་གྱི་ཡོད། ཁོང་ལ་པཱ་ལགས་ཕྱི་ལོགས་ལ་ཁྲིད་ལབ་ནས་ཉི་མ་དབང་འདུས་ཀྱིས་པཱ་ལགས་ཀྱི་གུ་ཐུང་འབུད་རོགས་བྱེད་སྐབས། པཱ་ལགས་ཀྱིས་ཁོང་ལ་རྡོག་རྒྱག་བརྒྱབས་ནས་མི་དེ་རིལ་སོང་། དེ་ནས་པཱ་ལགས་རྩིག་པའི་སྒང་ནས་མཆོང་ཏེ་བྲོས་པས། དམག་མི་མང་པོས་རྒྱབ་ནས་རྗེས་དེད་བྱས་ཀྱང་། པཱ་ལགས་ཟིན་ཐུབ་མེད་པ་རེད། ཁོང་ཚོས་མེ་མདའ་མང་པོ་བརྒྱབས་ཀྱང་། གཟུགས་པོ་ལ་མེ་མདའ་གཅིག་ཀྱང་ཕོག་མི་འདུག པཱ་ལགས་ལ་འུར་རྡོ་ཆུ་མིག་དགུ་སྒྲིལ་ཞིག་ཡོད་པ་དེ། པཱ་ལགས་ཀྱི་མཉམ་དུ་ཁྱེར་ཁྱེར་བ་ཡོད་རེད། སྟེང་འགྲོ་བསོ་ཁང་གི་ཉེ་འཁྲིས་སུ་རྒྱ་དམག་དང་འཐབ་འཛིང་དྲག་པོ་ཐུག་སྐབས་སུ། པཱ་ལགས་ཁོ་ཚོས་འུར་རྡོ་བརྒྱབས་ནས། རྒྱ་དམག་རྣམས་མེ་མདའི་རྡེའུ་རྫོགས་ནས། གར་བྲོས་འདིར་བྲོས་མེད་པར་ཆགས་འདུག ལ་སྟོད་ཕྱོགས་སུ་དེ་སྐབས་སུ་པཱ་ལགས་ཀྱིས་རྒྱ་དམག་ལ་འཛིང་ནས་ཧང་སང་བའི་སྐད་གྲགས་ལུང་གྲགས་ཆགས་པ་རེད། ལུང་པའི་མི་རྣམས་དགའ་པོ་བྱུང་འདུག པཱ་ལགས་རི་ལ་བྲོས་ཤོར་ཙང་། དམག་མི་ངོ་ཚ་པོ་བྱུང་འདུག་པ་མ་ཟད། སྐབས་དེ་དུས་རྒྱ་དམག་གི་མེ་མདའ་དང་། པཱ་ལགས་ཀྱི་འུར་རྡོ་གཉིས་འཛིངས་པས་འུར་རྡོས་མེ་མདར་ཕམ་ཁ་ཆེན་པོ་བཟོས་ནས། རྒྱ་ཆེ་མི་མང་གི་ཁྲོད་སྐད་གྲགས་ལུང་གྲགས་ལ་ཕྱིན་ཡོད། མ་ཟད། མི་མང་རྣམས་ནས་གཞས་ཚིག་ཀྱང་མང་པོ་བཟོས་ནས་གླུ་རུ་ལེན་པ་དེ་འདྲ་མང་པོ་བྱུང་།
དཔེར་ན། གཞས་ཚིག་བརྩམས་པ།
རྒྱལ་ནོར་ཕུ་ལ་མ་འགྲོ། །
ཕན་ཐོགས་ནོར་རྒྱས་འཕྲད་ཡོང་།
འུར་རྡོ་ཁྲ་ཆུང་བརྒྱབ་ནས། །
གར་བྲོས་འདིར་བྲོས་མི་འདུག །
མེ་མདའ་སྡང་ཤང་སྡིང་ཤང་།
རྡེའུ་རྫོགས་འགྲོ་ཡིན་འགྲོ། །
ཕན་ཐོགས་ནོར་རྒྱས་ལུས་ལ། །
ནོར་བུ་མི་འདུག་མ་གསུངས། །
འུར་རྡོ་ཆུ་མིག་དགུ་སྒྲིལ། །
ནོར་བུ་མིན་ན་གང་རེད། །
ཅེས་པའི་གཞས་དེ་བཏང་བས་ལ་སྟོད་ཕྱོགས་ཀྱི་མི་མང་རྣམས་ཀྱི་ཡོངས་གྲགས་སུ་ཡིན་པ་བོད་བཞུགས་ཚང་མས་མཁྱེན་གསལ་རེད། ང་ཚོའི་ཨ་ཞང་ཚེ་དབང་ནི་གཞིས་ཀ་རྩེའི་ཉེ་འགྲམ་ཨེ་མ་སྒང་བཙོན་ཁང་དུ་ལོ་མང་བཙོན་བཅུག་བྱས་ནས་དཀའ་ངལ་མང་པོ་མྱངས་འདུག རྗེས་སུ་བཙོན་གྲོལ་ཐོབ་ནས་སྤྱི་ལོ་1985 ལོར་རྡོ་རྗེ་གདན་དུས་འཁོར་དབང་ཆེན་ལ་ཕེབས་ཐུབ་ནས་ཨ་ཞང་དངོས་སུ་ཐུག་བྱུང་བས་ཧ་ཅང་དགའ་ཚོར་བྱུང་། སྤྱི་ལོ་1959 ལོའི་ཟླ་བ་ 3 ཚེས་ 10 ལ་བོད་ཆོལ་ཁ་གསུམ་ནས་རྒྱ་དམར་པོ་ལ་ངོ་རྒོལ་ཆེན་པོ་བྱས་ནས། དེའི་རྗེས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་ཕེབས་དགོས་བྱུང་བ་ང་ཚོའི་པཱ་ལགས་ནས་གོ་ཐོས་བྱུང་རྗེས། པཱ་ལགས་ནས་ང་ཚོ་ནང་མི་ཚང་མ་ཤར་ཁུམ་གངས་ལ་བརྒྱུད་ནས་ཁྲིད་ཡོང་བ་རེད། ང་ཚོས་ཤར་ཁུམ་བུ་ཞེས་ལབ་ས་དེར་ཤར་པ་མང་པོ་འདུག ཁོང་ཚོ་ཚང་མས་བོད་སྐད་ཤེས་ཀྱི་འདུག་ལ་ཁོང་ཚོ་ནི་ནང་པའི་ཆོས་བྱེད་མཁན་ཡང་རེད་འདུག ང་ཚོ་ཤར་ཁུམ་བུ་ལ་ལོ་གཅིག་ཙམ་བསྡད་ཡོད་པ་རེད། དེའི་སྐབས་སུ་པཱ་ལགས་དང་། ང་ཚོའི་ཨ་ཞང་ཤེས་རབ་རྡོ་རྗེ་དང་མི་གཞན་ཁ་ཤས་བོད་དུ་ཕྱིན་པའི་སྐབས་སུ། རྒྱ་མི་དཔོན་པོ་སྤོ་ཤོ་ར་ཟེར་མཁན་མི་སྤྱོད་ངན་ཞིག་གི་མཉམ་དུ་རྒྱ་མིའི་དམག་མི་གྲངས། 25 ཙམ་ཞིག་ཡོད་པ་པཱ་ལགས་ཁོང་ཚོ་དང་མཉམ་དུ་གདོང་ཐུག་ནས། རྒྱ་མིའི་དམག་མི་ནས་མེ་མདའ་བརྒྱབ་ནས་ཨ་ཞང་ཤེས་རབ་རྡོ་རྗེ་དང་། བྱང་མའི་བསྟན་འཛིན་རྡོ་རྗེ་བཅས་ལ་མེ་མདའ་ཕོག་ཏེ་རྨས་སྐྱོན་ཆེན་པོ་བྱུང་འདུག ཨ་ཞང་ཤེས་རབ་ལ་མེ་མདའ་གཉིས་ཕོག་འདུག ཨ་ཞང་ཤེས་རབ་རྡོ་རྗེ་དང་བསྟན་འཛིན་རྡོ་རྗེ་གཉིས་ལ་གཡོག་པོ་ཞིག་བཞག་ནས་རིའི་སྒང་ལ་བཞག དེའི་སྐབས་སུ་པཱ་ལགས་ཀྱིས་འུར་རྡོ་བརྒྱབ་ནས་རྒྱ་མི་ཚང་མ་བྲོས་དགོས་བྱུང་འདུག དེ་ནས་ཨ་ཞང་ཤེས་རབ་དང་བསྟན་འཛིན་རྡོ་རྗེ་གཉིས་དྲགས་སྐྱེད་བྱུང་ནས་ཤར་ཁུམ་བུ་ལ་སླེབས་ཐུབ་འདུག
སྤྱི་ལོ་1962 ལོར་པཱ་ལགས་ནས་ང་ཚོ་ནང་མི་བུ་ཕྲུག་བཞི་དང་ང་ཚོའི་ཨ་མ་ལགས་བཅས་ང་ཚོ་ཚང་མ་མཉམ་དུ་ཁྲིད་ནས་རྒྱ་གར་དུ་འབྱོར་ཞིང་དེ་ནས་༧རྒྱལ་བ་རིན་པོ་ཆེའི་བཞུགས་གནས་རྡ་རམ་ས་ལ་སླེབས་ཐུབ་སོང་། ང་ཚོ་བུ་ཕྲུག་བཞི་སློབ་གྲྭ་ལ་བཏང་སོང་། ང་ཚོ་ཀ་སྦུག་སློབ་གྲྭ་ལ་ཕྱིན་པ་ཡིན། པཱ་ལགས་ཁོང་རང་ལ་རྗེས་སུ་རྒྱ་མི་ལ་འཛིིང་རྒྱུའི་བསམ་བློ་ཤུགས་ཆེན་པོ་ཡོད་པས། རྒྱ་གར་གྱི་དམག་སྒར་ 22 ཞེས་པ་དེར་བོད་མི་མང་པོ་ཕྱིན་ཡོད། པཱ་ལགས་ནས་ཀྱང་དམག་སྒར་ 22 ནང་ཞུགས་ནས་དམག་སྦྱོང་ལ་ཕེབས་པ་རེད། ང་ཚོའི་ཨ་མ་ལགས་མཉམ་ལས་བཟོ་གྲྭའི་ནང་གི་གདན་ཐག་མཁན་ཐོག་མིའི་གྲས་ཡིན། པཱ་ལགས་དམག་སྒར་ནས་རྒས་ཡོལ་ཐོབ་ནས། རྡ་རམ་སར་གུས་མོ་ཆོས་འཛོམས་མཉམ་དུ་བཞུགས་པ་རེད། སྤྱི་ལོ་1980 ལོར་པཱ་ལགས་སུད་སིར་ནང་མི་ཟླ་སྒྲིལ་དུ་ཕྱིན་པ་རེད། གུས་མོའི་སྤུན་ཆེད་ཆུང་བ་ཡེ་ཤེས་མཚོ་མོ་དང་། ཕུར་བུ་སྐྱིད་འཛོམས་གཉིས་སུད་སི་ལ་སྔོན་ནས་སླེབས་ཡོད། ཁོང་གཉིས་ནས་པཱ་ལགས་སུད་སི་རྒྱལ་ཁབ་ལ་བླངས་པ་རེད། ལོ་ཁ་ཤས་ཀྱི་རྗེས་སུ་པཱ་ལགས་རྡ་སར་ཕྱིར་ལོག་ཕེབས་པ་རེད། ང་ཚོའི་པཱ་ལགས་ཀྱི་མི་ཚེའི་ནང་དཀའ་ངལ་ཆེན་པོ་བྱུང་འདུག དེ་དང་དེ་འདྲ་ཕ་མ་ཚང་མས་དཀའ་ངལ་ཆེན་པོ་བརྒྱབ་པ་ཀྱང་ཀྱང་རེད་སྙམས་ཀྱི་ཡོད། པཱ་ལགས་རང་ལོ། 92 ལ་མི་ཚེ་མཐའ་མ་དེ་རེད། པཱ་ལགས་ཀྱི་བཀའ་དྲིན་ནམ་་ཡང་བརྗེད་ཐབས་མེད་པ་་རྒྱུན་དུ་འཚོར་བཞིན་ཡོད། གཙོ་ཆེ་ཤོས་ད་ལྟ་གུས་མོ་ང་རང་གིས་པཱ་ལགས་ཀྱི་མི་ཚེའི་ལོ་རྒྱུས་འབྲི་ཤེས་པ་འདི་༧གོང་ས་རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་གྱི་བོད་ཡིག་འབྲི་ཀློག་ཤེས་ཐུབ་པ་ལས་བྱུང་བས་ཡིན། ༧གོང་ས་རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་རྒྱུན་དུ་སེམས་ལ་བཅངས་ནས་མགོན་པོ་མཆོག་གི་སྐུ་ཚེ་སྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ་བ་དང་། ཁོང་གི་ཐུགས་ཀྱི་བཞེད་དོན་ལྷུན་གྱིིས་འགྲུབ་པ་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་གཞིས་བྱེས་མཉམ་འཛོམས་མྱུར་དུ་ཡོང་བའི་སྨོན་ལམ་ཤུགས་དྲག་པོ་རྒྱག་གི་ཡོད། འདིར་གནད་དོན་་གལ་ཆེ་བ་ཞིག་ཞུ་རྒྱུ་ལ། དེབ་འདིའི་ནང་གི་ལོ་རྒྱུས་ཆ་ཚང་དངོས་ཡོད་བདེན་པ་ཡིན། དེབ་འདིར་ཐུགས་འཁུར་གནང་མཁན་ཡུལ་ལུང་གཅིག་པའི་དགེ་བཤེས་བློ་བཟང་རྒྱལ་བསྟན་ཡིན། དེབ་འདི་བོད་མི་སུ་ཞིག་གིས་ཀློག་ཀྱང་། གུས་མོས་རེ་བ་ཞུ་རྒྱུ་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་བཅས་ཀྱི་ཐུགས་རྗེ་བཀའ་དྲིན་ལས་བོད་ཕྲུག་ཚང་མ་སློབ་གྲྭར་འགྲོ་རྒྱུའི་སྒོ་སྐབས་ཆེན་པོ་བྱུང་བ་རེད། གུས་མོ་ང་རང་ཡང་ཁོང་གི་བཀའ་དྲིན་གྱི་ཞབས་འོག་ཏུ་འཚོ་བར་བརྟེན། ཉིན་རེ་བཞིན་བཀའ་དྲིན་མ་བརྗེད་པར་དྲན་ནས་སྐུ་ཚེ་བརྟན་པའི་སྨོན་ལམརྒྱག་གི་ཡོད། ཁྱེད་ཅག་ནས་ཀྱང་དེ་ལ་དེ་དོན་གྱི་སྨོན་ལམ་རྒྱག་རོགས། ང་རང་ཚོའི་ལུང་པ་འཕྲོག་ཀྱང་། ཁོང་གི་སྐུ་དྲིན་ལས་ང་ཚོ་འདི་གར་རང་དབང་གི་འཚོ་བར་ལོངས་སུ་སྤྱོད་བཞིན་ཡོད། བོད་ལ་ཡོད་པའི་བོད་མི་རྣམས་སེམས་ཤུགས་མ་ཆག་པ་གནང་རོགས། ཁྱེད་རྣམས་ལ་༧གོང་ས་མཆོག་མྱུར་དུ་མཇལ་རྒྱུའི་གོ་སྐབས་ཡོང་གི་རེད་བཅས་འདི་ཙམ་ཞིག་ཡིན།། གུས་མོ་ཆོས་འཛོམས་ཀྱིས་<< ཨ་མི་རི་ཁ་>> ནས་བྲིས་པ་ཡིན།།
ཚིགས་སུ་བཅད་པ་དོན་བསྡུས།
ཐོག་མ་ཤྲཱི་རིའི་དཔལ་གྱི་རྒོད་ཚང་ནས། །
རྒྱམ་ཁྲོམ་ཡོན་བདག་སྔ་བ་འོད་འབར་སོགས། །
རྒྱམ་ཁྲོམ་ཕུ་ཡི་དབེན་པའི་རི་ཁྲོད་དུ། །
འབྱོན་ཞུ་གསོལ་བཏབ་ཞལ་བཞེས་ལེགས་པར་ཐོབ། །
དིང་རིའི་ཡུལ་ལུང་རྒོད་ཚང་གནས་རི་ལ། །
རྡོ་སྐས་འཛེག་སྐབས་གླུ་གཞས་གཏོང་སྲོལ་ཡང་། །
ཐོག་མའི་གླེང་གཞི་དེ་ནས་བྱུང་བར་ངེས། །
ཆོས་ཀྱི་རྒྱལ་པོས་ཤྲཱི་རིའི་རྒོད་ཚང་ནས། །
སྟེང་ནས་སྟེང་འགྲོར་མགུར་མ་བཅུ་གསུམ་དང་། །
བྱིན་འབེབས་བཅུ་གཉིས་མགུར་མའི་མགུར་གསུང་ངོ་།།
དགོན་བཏབ་ཆིབས་བསྒྱུར་གདན་འབེབས་མགུར་ཡང་གསུངས།།
སྟེང་འགྲོའི་གནས་ནས་ཤྲཱི་རི་མཇལ་བ་དང་། །
དགོན་གནས་སྟེང་འགྲོའི་གནས་ཀྱི་ཡོན་ཏན་གསུངས།།
དབེན་གནས་དེ་རུ་རས་རྐྱང་ན་བཟའ་གསོལ། །
གཞན་གྱི་སྒྲུན་མེད་དཀའ་ཐུབ་ལོ་གསུམ་མཛད། །
སྣོད་ལྡན་བྱང་སེམས་ཤེར་གཞོན་ལ་སོགས་ལ། །
གསང་བའི་རྣམ་ཐར་བཀའ་རྒྱ་མགུར་དུ་གསུངས། །
བཞུགས་གནས་རྒྱལ་ཕུ་བཀྲ་ཤིས་སྟེ་འགྲོ་དགོན། །
གནས་ཆེན་ཡིན་པ་རྒྱལ་བ་ཉིད་ཀྱིས་གསུངས།།
གདུལ་བྱ་ལས་དག་མངོན་རྟོགས་མངོན་གསུམ་བསྟན། །
ཆོས་རྒྱགས་མི་ཆད་མཛོད་ཀྱི་འཕེལ་ཀ་གནང་། །
ཞེ་སྡང་སྟོབས་ལྡན་བེ་རི་ཧོར་གྱི་དམག།
ཆོས་ཀྱི་རྒྱལ་པོས་ཐམས་ཅད་རང་སར་བཟློག །
སྟེང་འགྲོའི་གནས་སུ་སྔ་ཕྱི་དུ་མ་རུ། །
ཁྲིད་ཆེན་བརྒྱད་དང་གདམས་ངག་སེམས་བསྐྱེད་སོགས།།
གང་འདོད་ཟབ་ཆོས་འགྲོ་དོན་དཔག་མེད་མཛད། །
ཚོགས་པ་རྒྱ་ཆེ་བསྡུས་པའི་སྣོད་ལྡན་ཚོགས། །
སྟོང་ཕྲག་བཞི་དང་ལྔ་བརྒྱ་ཚོགས་པར་གསུངས། །
སྟེང་འགྲོའི་དགོན་གནས་ལ་སྟོད་ཡུལ་གྱི་ཁུལ། །
དགོན་པ་ཞིག་ལ་དེ་ལས་བཟང་བ་མེད། །
འོན་ཀྱང་ཡོན་བདག་ཕྱུག་པོ་ལ་སོགས་རྣམས། །
གནག་རྟ་མང་འདུག་དགོན་པ་འབྲོག་བསྲུང་བར།།
ཆགས་སྡང་འགྲོ་བར་འདུག་པས་བཞག་གསུངས་པ།།
ང་སྟེང་འགྲོའི་སྤྱིལ་བུར་ཟླ་བ་གཅིག །
སྡོད་དེ་ནས་རོང་པོའི་རྫ་ལ་འགྲོ། །
ཆོས་དང་མཐུན་ཞིང་ངོ་སྲུང་མི་དགོས་ཕྱིར། །
ཕ་དྲུག་ལུང་པར་བསོད་སྙོམས་བྱེད་ལགས་པས། །
ཞེས་གསུངས་ལ་སྟོད་ཚོ་བཞི་ཡུལ་མང་པོར། །
ཆིབས་བསྒྱུར་སྐལ་བཟང་ལས་འབྲེལ་བཟང་པོ་བཏགས།།
སྤྱིར་ནི་དིང་རི་ཡུལ་ལུང་ཕལ་ཆེར་ནས། །
ཇོ་མོ་གླང་མ་དངོས་མཇལ་མདུན་གྱི་ཡུལ། །
ཁྱད་པར་སྟེང་འགྲོའི་དགོན་ནས་ཇོ་མོ་གླང་།།
གངས་དཀར་ཤེལ་གྱི་མཆོད་རྟེན་སྒྲིག་ནས་མཇལ། །
སྟེང་འགྲོའི་ནང་རྟེན་ཁྱད་པར་ཅན་རྣམས་ནི། །
རྒྱལ་བ་རྒོད་ཚང་སྐུ་བརྙན་ང་འདྲ་མ། །
གྲུབ་ཐོབ་ཨུ་རྒྱན་བཞེངས་པའི་རྒོད་ཚང་པ། །
རྒྱལ་བ་རྒོད་ཚང་སྐུ་འདྲ་གསེར་ཞལ་མ། །
ལ་སོགས་སྐུ་གསུང་ཐུགས་རྟེན་གྲངས་མེད་བཞུགས། །
ཁྱད་པར་རྒྱལ་བ་རྒོད་ཚང་སྐུ་ངོ་མ། །
སྟེང་འགྲོར་བཞུགས་སྐབས་བཞེངས་པའི་ང་འདྲ་མ། །
སྐུ་ཁྲག་རྒྱུ་དང་ཁྱད་ཅན་ནས་འབྲུ་བཟུང་། །
སྟེང་འགྲོའི་དཀར་ཆག་གསལ་བ་མིག་མཐོང་དུ། །
མི་རབས་འདི་སྒང་གསུངས་པ་འཁྲུལ་མེད་པ། །
དད་འབྲེལ་རྣམས་ལ་གནས་ལུགས་ཡིད་ཆེས་འཕེར། །
རྒྱལ་བ་རྒོད་ཚང་ཞིང་ཁམས་གཞན་ཕེབས་རྗེས། །
སྟེང་འགྲོ་ལ་སོགས་བླ་མི་གདན་ས་རྣམས། །
གྲུབ་ཆེན་ཨུ་རྒྱན་རྒྱལ་ཚབ་བདག་གིར་བཞེས། །
རྒོད་ཚང་ཡང་དགོན་གྲུབ་ཆེན་ཨུ་རྒྱན་སྐབས། །
སྟོད་འབྲུག་བསྟན་པ་ཕྱོགས་མཐར་ཁྱབ་པའི་དུས། །
ཉི་ཟླ་སྐར་གསུམ་ལྟ་བུར་གྲགས་པ་གསུངས། །
སྤྱིར་ནི་བསྟན་པ་འཇིག་ན་མ་གཏོགས་པ། །
བྱེ་བྲག་བསམ་ངན་གང་གིས་སྟེང་འགྲོ་འདི། །
འཇོམས་པར་མི་ནུས་དཔེ་དང་བཅས་ཏེ་གསུངས། །
མཁས་པའི་དབང་པོ་སངས་རྒྱས་རྡོ་རྗེ་ཡིས། །
རྒྱལ་བ་རྒོད་ཚང་སྟེང་འགྲོའི་མགུར་མ་ལ། །
མིག་ལྟོས་ཡར་ལྟ་རྟེན་འབྲེལ་སྒོས་གཟིགས་ནས། །
དེ་བས་སྟེང་ནས་སྟེང་འགྲོའི་མགུར་མ་གསུངས། །
སྟེང་འགྲོའི་གནས་སུ་རྒྱལ་བ་རྒོད་ཚང་པ། །
ལོ་ངོ་བཅུ་གསུམ་བརྟན་བཞུགས་བསྟན་འགྲོ་བསྐྱངས། །
རྒྱལ་བ་ཡང་དགོན་གྲུབ་ཆེན་ཨུ་རྒྱན་སོགས། །
སྐྱེས་མཆོག་སྟོང་ཕྲག་དུ་མས་ཞབས་བཅགས་གནས། །
སྔོན་དུས་སྟེང་འགྲོའི་དགོན་དུ་དབྱར་དགུན་གཉིས། །
དབྱར་ཆོས་དགུན་ཆོས་ཟླ་རེར་སྲོལ་རྒྱུན་ཚོགས། །
རྒྱལ་བ་རྒོད་ཚང་དགོངས་རྫོགས་དུས་སུ་ཡང་། །
བདེན་བཞི་ཆོས་འཁོར་དུས་གཉིས་སྟབས་བསྟུན་ནས། །
དབྱར་ཟླ་འབྲིང་པོའི་བོད་ཟླ་དྲུག་པར་ཚོགས། །
དགུན་ནི་སྟེང་འགྲོ་གཏོར་སྐྱོང་ཟླ་གཅིག་བཅས། །
དགོན་གྱི་ཕྱག་སྲོལ་མི་རབས་བརྒྱུད་འཛིན་ལས། །
འཁུར་ལེན་དབུ་མ་བ་ཞེས་རིམ་བརྒྱུད་ནས། །
དབུ་མ་སྐལ་ལྡན་དབུ་མ་མགོན་པོ་དང་། །
དབུ་མ་རྡོ་རྗེ་བློ་བཟང་རྒྱལ་མཚན་བཅས། །
ལ་དྭགས་ཁྲི་དཔོན་པདྨ་ཆོས་རྒྱལ་དྲུང་། །
མན་ངག་ཁྲིད་ལུང་རྒྱུན་ཐོབ་སློབ་མ་ཡིན། །
སྤྱིར་ནི་འདུས་བྱས་ཐམས་ཅད་མི་རྟག་ཅིང་། །
སྒོས་སུ་རིག་གནས་གསར་བརྗེའི་རླུང་ཚུབ་ཁྲོད། །
སྟེང་འགྲོའི་ནང་རྟེན་གནས་བཟང་ཕུག་པ་ནང་། །
སྦས་འཇོག་བྱས་ནས་བདག་པོ་ཐོན་ཙམ་བྱུང་། །
རྒྱལ་བ་གོང་མིའི་གདན་ས་སྟེང་འགྲོ་ཡང་། །
བདག་མེད་གྱང་རོར་ལུས་པའི་ངང་ཚུལ་བྱུང་ ། །
རྒྱ་གར་ཤར་ལི་ལས་གྲུབ་རྒོད་ཚང་སྐུ། །
མཁས་དབང་སངས་རྡོར་སྐུ་བརྙན་བཅས་པ་དང་། །
གསུང་རྟེན་གསུང་རབ་མང་པོ་ཉར་སྦས་ཐུབ། །
ལོ་རབས་བརྒྱད་ཅུའི་ནང་དུ་སྔགས་གྲྭ་རྣམས། །
དྲུག་པ་ཚེས་བཞིའི་དུས་ཆེན་རིག་གནས་ཚོགས། །
སྐུ་གསུང་ཐུགས་རྟེན་རྙིང་པ་གང་ཡོད་རྣམས། །
རྒྱ་གར་ནས་དྲངས་རྒྱས་འབྲིང་བསྡུས་གསུམ་བཅས། །
དངོས་སུ་བཤམས་ནས་ཆོས་ཀྱི་བྱེད་སྒོ་སྤེལ། །
སྤྱི་ལ་སྐུ་རིམས་ཕུལ་བའི་དངོས་རྫས་རྣམས། །
མ་རྩར་རྐང་གཙུགས་སྟེང་འགྲོ་སླར་གསོ་ཆེད། །
ནགས་ཆེ་དགེ་སློང་མཁྱེན་འཇམ་ལམ་སྟོན་བཅས། །
ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་དྲུག་ལོའི། །
བོད་ཟླ་གསུམ་པར་དངོས་སུ་ལས་སྒོ་ཚུགས། །
བྲག་ནག་གྲོང་སྡེ་གཙོར་བྱས་རྒྱལ་ནོར་ལུང་། །
ཚང་མས་མཉམ་རུབ་ཉམས་གསོའི་ལས་ལ་ཞུགས།།
དྲུག་པ་ཚེས་བཞིའི་སྔོན་དུ་གཙུག་ལག་ཁང་། །
ལེགས་གྲུབ་རྒོད་ཚང་སྐུ་བརྙན་ཤར་ལིས་གཙོས། །
སོ་སོར་ཉར་སྦས་ཚང་མ་དགོན་དུ་ཕུལ།
ཤེལ་དཀར་དགེེ་འདུན་རྣམས་ནས་བྱིན་འབེབས་མཛད། །
ལོ་འདིར་དྲུག་པ་ཚེས་བཞི་སྟེང་འགྲོར་ཚུགས། །
མི་རབས་རྒན་གཞོན་ཚང་མ་སྤྲོ་བས་ཁེངས། །
དགའ་སྟོན་གཞས་རྙིང་གཏོང་དང་བྲོ་འཁྲབས་པ། །
དགའ་བ་དཔག་མེད་བསམ་དོན་བསྐལ་བཟང་བྱུང་། །
ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་གསུམ་ལོར། །
རྒྱལ་ནོར་ཡུལ་དང་སྟེང་འགྲོ་དགོན་གནས་སུ། །
༸སྐྱབས་རྗེ་སེང་བྲག་སྤྲུལ་སྐུ་ཞབས་སོར་འཁོད། །
ཆོས་འབྲེལ་དབང་ལུང་མན་ངག་ཟབ་རྒྱས་དང་། །
རབ་གནས་ཚོགས་འཁོར་རྒྱ་ཆེའི་མཛད་འཕྲིན་བསྐྱངས། །
རྒྱལ་ཁྲོམ་རྒྱལ་ནོར་མིང་གི་ཐོགས་ཚུལ་ལ། །
རྗེ་བཙུན་མི་ལའི་སྐབས་དང་རྒོད་ཚང་དུས། །
རྒྱལ་ཁྲོམ་ཞེས་གསལ་ཐོག་མིའི་མིང་ཐོགས་ཚུལ། །
གྲོང་པ་བརྒྱ་ཕྲག་ཡོད་པའི་ཁྲོམ་ཚོགས་བྱུང་། །
རྒྱལ་ཁྲོམ་ཞེས་པའི་ཐོག་མའི་མིང་ཡང་ཐོགས། །
ཞེས་པ་ངག་རྒྱུན་འཇགས་པ་དེ་སྐད་གསུངས། །
ཤེལ་དཀར་ཆོས་བྱུང་ནང་དུ་གསལ་བ་དང་། །
མིང་གི་ཐོགས་ཚུལ་གཉིས་པོ་མི་མཚུངས་སོ། །
ལ་ལུང་མང་པོས་བསྐོར་བའི་ལུང་ཤུར་ལ། །
རྒྱལ་ཁྲོམ་ཞེས་པའམ་རྒྱལ་ནོར་ལུང་པ་ཟེར། །
ཕུ་ན་སྒོ་ར་སྤུན་བདུན་རི་བརྒྱུད་དང་། །
བར་ན་ལྷོ་བདག་རྒྱལ་པོའི་ཕོ་བྲང་བཅས། །
མདོ་ན་ལྷ་འུ་རི་ཡི་གཏེར་རི་དང་། །
སྔར་གྱི་དུས་ན་དགོན་པ་བདུན་བཅས་དང་། །
ཁྱད་པར་ཅན་གྱི་བྲག་ཕུག་བརྒྱད་བཅས་ཡོད་། །
ཞི་བ་འོད་དང་གླང་བཙུན་སངས་རྒྱས་སྐྱབས། །
ནམ་མཁའ་རིན་ཆེན་ནམ་མཁའ་དཀར་པོ་དང་། །
འདྲེན་དཔོན་ཆོས་མཛད་མཁྱེན་རབ་འཇམ་དཔལ་བཅས། །
སྐྱེས་མཆོག་དྲུག་གི་བལྟམས་སའི་ཡུལ་ལུང་ཡིན། །
བོད་ནང་ཛ་དྲག་བསྟན་པ་སྣུབ་པའི་སྐབས། །
ཕན་ཐོགས་ནོར་རྒྱས་དབུ་མ་མགོན་པོའི་གཙོས། །
བྲག་ནག་ཆུ་འཁོར་ཁྱིམ་རྒྱུད་བཙན་བྱོལ་དུ། །
མི་འགྲོ་ཐབས་མེད་གནས་སྟངས་ཉག་ཕྲའི་སྐབས། །
རྒྱལ་བ་རྒོད་ཚང་སྣང་བརྙན་རྩ་ཆེན་ཡང་། །
ཕྲག་ཏུ་འགན་ཁྱེར་ཁུམ་བུར་གདན་འདྲེན་ཞུས། །
ཁུམ་སྟོད་སྟེང་ཁ་ཞེས་པར་བདེ་འབྱོར་བྱུང་། །
ཨ་ཅག་པདྨས་གསུངས་པ་སྙིང་བསྡུས་བཀོད། །
དེ་རྗེས་ལོ་གཅིག་རྗེས་སུ་ཁུམ་བུ་སྨད། །
ཤོད་རོང་བདེ་སྐྱིད་གླིང་གི་གཞིས་ཆགས་སུ། །
ཨ་ཁུ་ཤེས་རབ་རྡོ་རྗེའི་ཁྱིམ་ཚང་ནས། །
ལོ་ངོ་དྲུག་ཅུ་ལྷག་རིང་ཕྱག་མཆོད་སོགས།།
རྒྱུན་དུ་བཀུར་ཞིང་སྐྱོན་མེད་བདག་ཉར་གནང་། །
ཉིས་སྟོང་ཉེར་གསུམ་ལོ་ཡི་ཟླ་བརྒྱད་པར།།
ཡེ་ཤེས་མཚོ་མོས་འགོ་འཁྲིད་མི་བདུན་གྱིས།།
ཡམ་བུ་མཆོད་རྟེན་འགྲམ་དུ་གདན་དྲངས་ཤིང་། །
མི་རིངས་ཤེལ་དཀར་དགོན་དུ་བཅོལ་ཉར་ཞུས། །
ལོ་རབས་དྲུག་ཅུའི་ནང་དུ་བོད་ལྗོངས་སུ། །
ཟང་ཟིང་བཙན་གནོན་དྲག་པོས་འཇིགས་སྐྲག་སྐབས། །
དཔའ་མཛངས་གསུམ་ལྡན་ཕན་ཐོགས་ནོར་རྒྱས་ནས། །
འུར་རྡོ་ཁྱེར་ནས་རྒྱ་དམག་ཕམ་པར་བཟོས། །
དེ་སྐབས་དེ་དུས་ཕན་ཐོགས་ནོར་རྒྱས་ཞེས། །
སྐད་གྲགས་ལུང་གྲགས་གཞས་ཚིག་སྣ་མང་བརྩམས། །
པཱ་ལགས་དམ་པའི་ལོ་རྒྱུས་སྙིང་བསྡུས་ཤིག།
བུ་མོ་རྒན་ཤོས་ཆོས་འཛོམས་གསུང་བཞིན་བཀོད། །
པར་བྱང་སྨོན་ཚིག
ཆོས་ཀུན་མངོན་གཟིགས་ཆོས་རྒྱལ་རྒོད་ཚང་པའི། །
རྣམ་ཐར་ཕྱོགས་བསྡུས་སྟེང་འགྲོའི་དཀར་ཆག་ཟུང་། །
ཅུང་ཟད་མཐོང་ཐོས་བསྒྲིགས་ནས་འདིར་བཀོད་པར།།
ལྷག་ཆད་མ་ཤེས་བགྱིས་པ་གང་གི་ཚོགས། །
སྙིང་ནས་དམིགས་མེད་ངང་དུ་སྦྱང་བར་སྨོན། །
རྒྱལ་སྲས་སྤྱོད་པ་མཐའ་དག་མཐར་ཕྱིན་པའི། །
རྩོད་མེད་ཡོངས་གྲགས་རྒྱལ་བ་རྒོད་ཚང་པའི། །
བྱིན་རླབས་མཐུ་ལ་བརྟེན་ནས་དགེ་བའི་ཚོགས། །
གངས་ཅན་ལྷ་གཅིག་པད་དཀར་འཆང་བ་ཡི། །
སྐུ་ཚེ་བསྐལ་བརྒྱར་བཞུགས་ལ་བར་ཆད་ཀུན། །
དམིགས་མེད་ཞི་ཞིང་ཐུགས་བཞེད་ལྷུན་འགྲུབ་ཤོག །
དེ་ལྟར་རྒྱལ་བ་རྒོད་ཚང་པའི་རྣམ་ཐར་ཕྱོགས་བསྡུས་དང་། རྒྱལ་ཕུ་བཀྲ་ཤིས་སྟེང་འགྲོ་དགོན་པའི་དཀར་ཆག་གསལ་བའི་མེ་ལོང་ཞེས་པ་འདི་གཉིས། འཛམ་གླིང་སའི་ལྟེ་བ་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་གི་དྲུང་དུ། རྟེན་གྱི་སྟོབས་ཞིང་མཆོག་ལ་བརྟེན་པའི་བསམ་པས་ཀུན་ནས་བསླངས། ཡང་སྒོས་སུ་རྒྱལ་བ་རྒོད་ཚང་པས་གྲུབ་ཆེན་ཨུ་རྒྱན་པ་ལ་ལོ་བཅུ་གཉིས་ན་ཁྱེད་ལ་དགེ་སྦྱོར་གཤའ་མ་ཞིག་སྐྱེ་བར་འོང་གསུངས་པ་བཞིན་ཨུ་རྒྱན་པ་དགུང་ལོ་སོ་གཉིས་བཞེས་པར་རྡོ་རྗེ་གདན་དུ་ཕེབས། རྡོ་རྗེ་གདན་གྱི་བྱང་ཆུབ་ཀྱི་ཤིང་དེ་ལ་མདོ་སྡེ་རྣམས་ནས་ཡོན་ཏན་དཔག་ཏུ་མེད་པ་བཤད་འདུག དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདི་ལ་སྐུ་རྒྱབ་བསྟེན་ནས། མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་དགོངས་ནས། སྨོན་ལམ་དཔག་ཏུ་མེད་པ་བཏབ་ཅིང་། བྱང་ཆུབ་ཀྱི་ཤིང་ལ་གཟིགས་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་་འཁྲུངས་པས །ཆོས་རྗེ་རྒོད་ཚང་པས་གསུངས་པ་དེ་འདིར་འདུག་དགོངས་པ་བྱུང་། ཞེས་པའི་རྣམ་ཐར་ཡིད་དུ་འཐད་པའི་འདུན་པས་དྲངས་ཤིང་། བྱིན་རླབས་ཀྱི་ཚན་ཁ་འབར་བའི་རྟེན་འབྲེལ་ལས་མཇུག་གི་སྨོན་ལམ་མཆོད་རྟེན་རིན་པོ་ཆེའི་དྲུང་དུ་སྦྱར་བ་དང་བཅས། གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་ཤིང་གི་དྲུང་དུ་མཇུག་ལེགས་པར་གྲུབ་པ་བགྱིས་པའོ།། །།
བོད་རྒྱལ་ལོ། 2151 བོད་ཟླ་བཅུ་གཉིས་པའི་ཚེས། 25 དང་། སྤྱི་ལོ། 2025 སྤྱི་ཟླ་གཉིས་པའི་ཚེས་22 ཉིན དགེ་བཤེས་བློ་བཟང་རྒྱལ་བསྟན་གྱིས་བྲིས་པ་དགེ་ལེགས་འཕེལ།།
Post Views: 160