དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོའི་རི་ཆུ་མཚོ་གསུམ་དང་། ཞིང་འབྲོག་ཐོན་ཁུངས།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོའི་རི་ཆུ་མཚོ་གསུམ་དང་། ཞིང་འབྲོག་ཐོན་ཁུངས།

ལེ་ཚན་གཉིས་པ། རི་དང་། ལ། མཚོ། གཙང་པོ།

རྒྱ་ཚ་རྫོང་ཁུལ་འོ་དེ་གུང་རྒྱལ་རི་བོ་དང་། བྲག་ལྷོ་སྤྱི་གཞུང་རི་བོ། པོ་ཐང་ལྷ་རི་བོ། གོང་བུ་རི། ཀླུང་འབུར་རི། དགའ་དགའ་རི། བྱང་རི། ཞོད་རི། དྭགས་ལུང་རི། མདོ་གཞུང་ནང་། སྤྲིན་དཀར་ནང་།  ཙོག་ཆེན། དཀར་ཆུང་ནང་། ཟུར་ཤག་རོང་། གཡས་ནང་། མཚོ་རུབ། བུ་རྒྱས། ཡ་ལོ། གྲུབ་ཁང་ལུང་པ། སྐྱིད་ནང་། གངས་ཆུང་ནང་། ལྷས་ཆེན་ནང་། སྨོན་ནང་།

བྱང་མདོ་མགོ མཛོ་ལུང་སྒང་། སྨྱུག་གཞུང་། བར་ནང་། ཞོད་པོ། ཀུན་བཟང་ཕོ་བྲང་། ཧཱ་ནང་། འོབ་པོ་ནང་། བདེ་པོ་ལུང་། ནུ་མ་ཟུར་ཟུར། ཉི་ནང་། བར་ནང་། གཡོ་མོ་ནང་། གླང་པོ། གཡུ་བྲག།ཁྲི་ཀྲང་། མདའ་རོང་ཕུ། དཀར་ནང་། འབྱར་ལྐོག་ནང་། གཅེས་པ། ལེབ་ནང་། གཉན་ནང་། རི་གང་ཕང་། མས་བྲག་མདོ། གླིང་ཕུ་རོང་། དམར་ཧུར། བེའུ་ནང་། འཕྲང་ལམ། དགའ་ནང་། གོང་གྲོག་མགོ ཁུག་གུ་མཚེར་གཞུང་། ལ་ལུང་ནང་། ལེབ་ལུང་ནང། མོ་ལ་འགོ བར་ཡུལ་རོང་། ཡར་ལ་ཁ། ཡུལ་ཐང་། ནང་མདའ། མདའ་ལུང་ནང་། གཉན་མོ་ནང་། ཚོགས་གསུམ། ཤ་ཕོ་བྲག ཟུར་ནག ཟུར་ཤིང་། ཆེན་སྦུག ཆུ་ཕུ་ནང་། དཔལ་ནང་།  ནོར་བུ། མཚོ་ལུང་ནང་། བྲག་ལུང་འགོ དགའ་མོ་ནང་། ཁང་བཀོད་ནང་། ལུང་དགའ། ལུང་པའི་མགོ། མས་ནང་། སྨད་ལུང་ནང་། ཕར་ནང་གདོང་དཀར། ཇོ་ན་མགོ། རྭ་རྒྱབ་ནང་། ཐང་མ་འགོ། ཤུར་ལུང་ནང། གཡས་ལུང་ནང། མཛེས་ནང་། ས་དམར་འགོ དོག་སྡེ་ནང་། ཡས་ནང་། གཞུང་ལུང་པ། མཛོ་ཆུང་ནང་། མཚེར་ནང་། བྲག་མོ་ནང་། སྟོད་ལུང་པ། སྤྱི་ལུང་ནང་། ལ་ཡུལ་ནང་། མས་ནང་། ན་ཤར་ནང་། འོད་ནང་། ཟོལ་པོ་རོང་། དུང་སྙན་ལུང་པ། མཛོ་ཆེན་ནང་། མཛེས་ནང་། གདོང་མ་ནང་། ཤར་པའི་སྒང་། སྒང་རི་ཕུ། གུག་ལུང་། བང་ཁ། གཡས་མོ་ནང་། སྦར་མོ། ཡུལ་ཐང་ཟུར། དཀར་པོ་ལ། སྤུ་ལུང་ལ། གུག་མ་ལ། ཤར་པོ་ལ། སྒ་རྩེ་ལ། ལུང་ལ། སྤྲེལ་རྩེད་ལ། ལེབ་ལུང་ལ། བིའུ་སྣ་ལ། སྒང་མོ་ལ། ཁག་བགོས་ལ། ཞོད་ལ།  བུ་ལ། ཉི་སྦུག་ལ་ཉག གཟར་པོ་ལ། སྟག་ལ། དཀར་ཆེན་ལ། རྫིང་ཕྱི་ལ། སྤོ་ལ། གཟར་ལ། གམ་ལ། ལེབ་སྤོ་ལ། གཤོངས་ལ། གད་ལ། མུ་ཏིག་ལ། ཨ་ཞང་གོང་ལ། མཚོ་དགུ་རྒྱལ་ལ། གངས་ཆུང་ལ། བང་ལ། ཙ་ལའི་ལ། དྭགས་སྒོ་ལ། ཉི་ལ་བུ་ལ། སྐྱིད་ལ། ངར་ལ། ཟུར་ལ།[1]

སྟག་ལུང་གཙང་པོ། གསེར་ཕུ་ལུང་གཙང་པོ། འཇོག་པོ་སྣང་གཙང་པོ་མཚོ་དགུ་ཕུ་ཆུ། ལྟག་ལུང་ཆུ། འབའ་ཆུ། གཞུང་ཆུ། ཟིལ་པ་རོང་ཆུ། གཞིས་ཆུ། ཟེ་དཀར་རོང་ཆུ། གཉལ་ཆུ།  དཀར་ཆེན་མཚོ། མཚོ་མོ་གཉིས་ཐོད། ལྷ་མོའི་བླ་མཚོ། གཡུང་མཚོ། ལྕང་སྲིང་བླ་མཚོ་སོགས་མཚེའུ་བརྒྱ་དང་དྲུག་ཅུ་ཙམ་ཡོད་འདུག དེ་དག་ལས་ལྷ་མོའི་བླ་མཚོ་ནི་བོད་ཀྱི་ཆོས་སྲིད་ལོ་རྒྱུས་ཐོག་ཧ་ཅང་གྲགས་པ་ཆེ་བའི་མཚོ་ཞིག་ཡིན། མཚོ་དེ་རྒྱ་ཚ་རྫོང་ཆགས་ཡུལ་ནས་སྤྱི་ལེ་ ༤༥.༥སར་ཡོད། མཚོ་དེ་ནི་ཆོས་ཕྱོགས་ནས་དཔལ་ལྡན་ལྷ་མོའི་མཚོ་མོར་ངོས་འཛིན་གྱིས་༸གོང་ས་མཆོག་དང་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་གཙོས་བླ་སྤྲུལ་སྐྱེས་ཆེན་རྣམས་ཀྱི་ཡང་སྲིད་ངོས་འཛིན་གྱི་མཚོ་མཇལ་ལུང་བསྟན་ཞུ་སྲོལ་དང་། གནས་མཚོ་ཁྱད་པར་ཅན་ཞིག་ལ་བརྩི་བས་ལོ་ལྟར་མཚོ་མཇལ་ཞུ་མཁན་གྱི་གནས་སྐོར་བ་ཁྱོན་ཆེར་འོང་བ་ཡིན།

 

ས་བཅད་བཞི་པ། ཞིང་འབྲོག་ཐོན་ཁུངས།

 རྒྱ་ཚ་རྫོང་ནི་ས་མ་འབྲོག་གི་རྫོང་ཞིག་ལས་ཞིང་ལས་གཙོ་བོར་གཉེར་ཁུལ་ཞིག་ཡིན། རྫོང་ཡོངས་ལ་རྨོ་ཞིང་རྒྱ་ཁྱོན་ཕལ་ཆེར་མུའུ་ཁྲི་ ༢.༤ དང་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི་ ༨༡ ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་ ༡༤ ཡོད་པར།[2] ལོ་ཏོག་གཙོ་བོ་དགུན་གྲོ་དང་། དཔྱིད་གྲོ། ནས། ཞོག་ཁོག རྒྱ་སྲན། སྲན་མ། ལ་ཕུག པད་ཚལ་སོགས་འདེབས་ལས་དང་། འབྲོག་རིགས་ཀྱི་སྒོ་ཕྱུགས་ནོར་དང་། ར། ལུག མཛོ། བ་ཕྱུགས་བཅས་གསོ་ཚགས་གཉེར་སྐྱོང་བྱེད། ནགས་ལས་ཐོན་ཁུངས་གཙོ་བོ་ཀུ་ཤུ། རྒུན་འབྲུམ། སྟར་ཀ ལི། གཡེར་མ་སོགས་ཐོན།[3] དེ་མིན་རང་བྱུང་བཟའ་བཅའི་རིགས་ལ། སེ་ཤ དཀར་ཤ།འདམ་ཤ ཆོ་ལོ། གྲོ་མ། གཡའ་སྒོག འཛིམ་བུ། སྒོག་སྐྱ། སླེ། ཨ་ལོ། ཟྭ་ཚོད། ལྕང་། སྙ་ལོ། བསིལ་འབྲུམ། སིལ་རིལ་སོགས་སྐྱེ། ཞིང་འབྲོག་ནགས་གསུམ་གྱི་ཐོན་སྐྱེད་ཀྱི་ལག་ཆ་ཕལ་མོ་ཆེ་ས་གནས་རང་གི་བཟོ་པས་བཟོ་སྐྲུན་དང་། ཉེ་འཁོར་རྫོང་ཁག་ནས་ཉོ་ཚོང་ནང་འདྲེན་བཅས་ཀྱང་བྱེད་པ་ཡིན་ནོ། །

 

ས་བཅད་ལྔ་པ། ཐུན་མིན་ཐོན་ལས།

རྫོང་དེའི་དམིགས་བསལ་ཐོན་རྫས་སུ་རྒྱ་ཚའི་རྡོ་སྣོད་དང་། རྒྱ་ཚའི་ཤིང་ཕོར། རྒྱ་ཚའི་ཀུ་ཤུ་དང་སྟར་ཀ་སོགས་ཡོད། མཁར་ཡུལ་ཞེས་པའི་གྲོང་ཚོ་ནས་ཐོན་པའི་རྡོ་ཁོག་གམ་རྡོ་སྣོད་ལ་ཡུན་རིང་གི་ལོ་རྒྱུས་ལྡན་ཡོད་ཅིང་བཟོ་དབྱིབས་ཞིབ་ཚགས་ལ། བཀོད་པ་ལེགས་པ། དྲོད་ཡལ་དཀའ་བ། སྣོད་དེའི་ནང་དམིགས་བསལ་སྐོལ་བའི་ཟ་རིགས་ཀྱི་དྲོ་བ་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། ད་དུང་རྒྱ་ཚའི་ཤིང་ཕོར་གྱི་རྒྱུ་ཆ་ཤིན་ཏུ་འཁྲེགས་པའི་ཤིང་གི་རྩ་བའི་ཝ་བ་ལས་བརྐོས་དྲུས་ཀྱིས་བཟོས་པས་སྤུས་ཀ་ལེགས་ལ་སྤྱོད་ཡུན་ཆེ་བ་མ་ཟད། བརྐོས་ལྡན་གྱི་བཟོ་བལྟ་འདྲ་མིན་གྱི་སྒྱུ་རྩལ་ལྡན་པས་ཕྱིའི་བཟོ་དབྱིབས་ཀྱང་ཤིན་ཏུ་མཛེས། དེ་མཚུངས་རྫོང་དེ་ནས་བཏགས་པའི་གྲུམ་གདན་དང་སྣམ་བུ་འཐག་ལས་དང་། འཚེམ་ལས་སུ་མྱང་ཞྭ། བོད་ཕྱུག་སོགས་ལག་ཤེས་ཐོན་རྫས་ཀྱང་སྤུས་ལྡན་ཤ་སྟག་ཡིན། གཞན་ཡང་། ལོ་རྒྱུས་ཐོག་ཕྱི་ལོ་ ༡༩༡༥ གོང་ཙམ་ལ་དྭགས་པོ་ལྷ་གསོལ་ཁུལ་དུ་བོད་གཞུང་གིས་བཀོད་མངགས་དང་སྦྲགས་ཆིབས་ཆེ་བྷུམ་པ་སྲས་ཚེ་བརྟན་དབང་འདུད་དང་། རྨེ་རུ་ཏཱ་བླ་མ་བསྟན་འཛིན་ཆོས་གྲགས་རྣམ་གཉིས་ཀྱིས་དངུལ་ཟངས་ལེབ་གཏོང་གི་བཟོ་གྲྭ་བཙུགས་པ་ཡང་བྱུང་ཡོད།[4] ས་གནས་དམིགས་བསལ་རང་བྱུང་ཐོན་རྫས་དབྱར་རྩྭ་དགུན་འབུ་དང་སྙི་བ་སོགས་སྨན་རྩྭའི་རིགས་ཀྱང་མི་ཉུང་བ་ཞིག་སྐྱེ།

 

ས་བཅད་དྲུག་པ། སྲོག་ཆགས། སྐྱེ་དངོས། གཏེར་ཁ་དང་།

སྲོག་ཆགས་ལས་གཅན་གཟན་གྱི་རིགས་གཙོ་བོ་སྤྱང་ཀི གཡི། དོམ། དྲེད་མོང་། སྲམ། ཕ་ར། ཁྱི་གཟིག གཟིག ཝ་མོ། གྲུམ་པ། རི་ཞིམ། སྤྲེའུ་རིགས་སྣ་ཚོགས་དང་། རི་དྭགས་སུ་རྐྱང་། དགོ་བ། གཙོད། གཉན། གླ་བ། ཆུ་སྲམ། ཏི་ཕུ། གནའ་བ། སྒོ་བ། རི་བོང་། འཕྱི་ཕིག་སོགས་ཡོད། དེ་བཞིན་འདབས་ཆགས་བྱ་རིགས་གོང་མོ། སྲེག་པ། རྒོད་པོ། གོ་གླས་དཀར། ཕོ་རོག སྐྱུང་ཀ འང་གུ ཁྲུང་ཁྲུང་། ངང་པ་དཀར་སེར། ཆུ་བྱ། བྱ་ལོང་། ཁྱིམ་བྱ། སྤུ་ཤུད། སྐྱ་ཀ འུག་པ། བྱ་རོག བྱ་གླག གོ་བོ། འཇོལ་མོ། ཁང་བྱེའུ་སོགས་མཆིས། དེ་དག་ལས་ཤྭ་བ་སེར་ཆེན་དང་། ཤྭ་བ་མཆུ་དཀར། གཟིག་སྐྱ། བྱ་ཝང་། གཟིག་ཁྲ་ཐིག་ཅན་སོགས་དམིགས་བསལ་ཁུལ་དེར་ཡོད་པའི་སྲོག་ཆགས་ཀྱི་རིགས་རྣམས་ཡིན། དེ་དང་ཕྱོགས་མཚུངས་ཁུལ་དེའི་སྐྱེས་དངོས་ཀྱང་བོད་ཀྱི་ཡུལ་ཁམས་གཞན་དང་མི་འདྲ་བར་ཧ་ཅང་ཕུན་སུམ་ཚོགས་ལ། རི་ཀླུང་ཐམས་ཅད་ནགས་ཚལ་གྱིས་བཀླུབས་ཤིང་ས་གཞི་ཚང་མ་སྟོན་ཐོག་ལེགས་པའི་ས་ཞིང་གྱི་ཁྱབ་ཡོད། དེ་ཡང་ས་དེར་སྐྱེས་པའི་སྟག་ཁ། ཁམ་བུ། ཀུ་ཤུ། ལི། གུན་བྲུམ་སོགས་འབྲས་ལྡན་གྱི་ཤིང་རིགས་སྣ་ཚོགས་ཕོན་ཆེ་བས་ཉེ་འདབས་གྲོང་པ་ཕན་ཚུན་ཡང་་མཐོང་མི་ཐུབ་པ་ལྟ་བུ་ཡོད། ཡུལ་གྱི་ཕུར་འབྲོག་སྡེ་ཡང་ཤིན་ཏུ་རྒྱ་ཆེ་ཆགས་ཤིང་དེ་དག་ལས་ཀྱང་དྭགས་པོ་དགའ་ཡུལ་ཁུལ་གྱི་སྣོད་བཅུད་ཀྱི་ཡུལ་ལྗོངས་མཛེས་སྡུག་ཕུན་སུམ་ཚོགས་པས། ཡུལ་དེར་གྲགས་པའི་གཏམ་དཔེར་ཡང་། དྭགས་པོ་དགའ་ཡུལ་དུ་སླེབས་ན་ཕྲུ་གུས་ཕ་མ་མི་དྲན། ཞེས་ཡུལ་ལྗོངས་སྐྱིད་པའི་ཚད་དུ་བྱེད། སྐྱེས་དངོས་ལ་དབྱར་རྩྭ་དགུན་འབུ། སྙི་བ། ལྕ་བ། གངས་ལྷ་མེ་ཏོག ཀླུ་བདུད་རྡོ་རྗེ། རེ་ལྕག་སོགས་དམིགས་བསལ་ཕུད། རང་བཞིན་ཕལ་བའི་སྐྱེས་དངོས་ལའང་བསང་གི་རིགས། ཤུག་པ། ལྷ་ཤུག འདྲེ་ཤུག བ་ལུ། སུ་ལུ། གཡའ་ཚན། གངས་དཀར། ཤ་ཕྲུག འཁན་པ། ཆུ་ཤིང་འོམ་བ། ཤིང་སྣའི་རིགས་ཐང་ཤིང་དང་། སྟག་པ། བླ་མ་ཤིང་། ཤུག་པ། མཛོ་མོ་ཤིང་། ཚར་མ་ཤིང་། གདུང་ཤིང་། གླང་མ། ལོ་སྐྱུར་ཐང་ཤིང་། སྡོང་རིང་ཐང་ཤིང་། སྦྱར་དཀར། མྱང་རྩི་སྤྲས། སྡོང་ཕུང་སོགས་སྐྱེ།

དེ་བཞིན་མེ་ཏོག་གི་རིགས་སུ་བ་ལུའི་མེ་ཏོག སུ་ལུའི་མེ་ཏོག ཚར་མའི་མེ་ཏོག ཁྲག་ཤ་མེ་ཏོག སེར་ཆེན་མེ་ཏོག ཧ་ལོའི་མེ་ཏོག སྤང་རྒྱན་མེ་ཏོག ཁྱུང་ལུང་མེ་ཏོག སྐལ་བཟང་མེ་ཏོག ཞོ་སྟོན་མེ་ཏོག འབྲས་སིལ་མེ་ཏོག གོས་ཆེན་མེ་ཏོག གང་ཟང་མེ་ཏོག དཀར་ཡོལ་མེ་ཏོག་དང་། རང་བྱུང་ཟ་ཆའི་རིགས་ཟྭ་ཚོད། སྔོ་ཚལ་གླེས། འཛིམ་བུ། ཆུ་དཀར། སྒོག་པ་བླ་མ། སྐྱ་སྒོག གྲོ་མ། སེར་ཤ།སྤང་ཤ དབྱར་རྩྭ་དགུན་འབུ། རྩི་དཀར། སྨུག་རྩི། སྤང་སྤོས། ཆུ་ཤ ཆོ་ལོ་སོགས་མཐོང་དུ་ཡོད། གཏེར་ཁའི་ཐོན་ཁུངས་གཙོ་བོ་གསེར། ཟངས། ཀེ་ལྕགས། རྡོ་སྣག ཆུ་ཤེལ། ཐོ་ལེ་ཀོར་སོགས་ཐོན་གྱི་ཡོད།[5]

 

ས་བཅད་བདུན་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།

ལེ་ཚན་དང་པོ། དགོན་སྡེ།

ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད།
ལྷ་བབ་དགོན། རྙིང་མ།
དཔལ་ཐང་རི་ཁྲོད། རྙིང་མ།
དྭགས་ལྷ་སྒམ་པོ། ཕྱི་ལོ་ ༡༡༢༡། དྭགས་པོ་ལྷ་རྗེ། བཀའ་བརྒྱུད།
གླིང་དགོན། ཕྱི་ལོ་ ༡༡༥༣། གྲུབ་ཐོབ་གླིང་ཆེན་རས་པ་རྡོ་རྗེ། བཀའ་བརྒྱུད།
ཆོས་འཁོར་རྒྱལ། ཕྱི་ལོ་ ༡༥༠༩། རྒྱལ་བ་དགེ་འདུན་རྒྱ་མཚོ། དགེ་ལུགས།
བདག་པོ་བཤད་སྒྲུབ་གླིང་། རྗེ་བློ་གྲོས་བརྟན་པ། དགེ་ལུགས།

ལེ་ཚན་གཉིས་པ། གྲགས་ཅན་མི་སྣ།

ཨང་། མཚན། འཁྲུངས་ཡུལ། འཁྲུངས་འདས། མཆན།
ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ། རྒྱ་ཚ་རྫོང་། དུས་རབས་ ༡༤། པཎ་ཆེན་ཤཱཀྱ་མཆོག་པའི་དངོས་སློབ།
རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོ། རྒྱ་ཚ་རྫོང་། དུས་རབས་ ༡༦། དགོན་ལུང་བྱམས་པ་གླིང་ཕྱག་འདེབས་པོ།
རྟོགས་ལྡན་བཟང་མོ་བ། ལྷ་གསོལ་ཤང་། ༡༡༥༨-༡༢༣༤ དྭགས་པོ་བཀའ་བརྒྱུད་ཀྱི་སྐྱེས་ཆེན་དམ་པ་ཞིག་
དྭགས་པོ་འདུལ་འཛིན། ལྷ་གསོལ་ཤང་། ༡༡༣༤-༡༢༡༨ ཆོས་རྗེ་སྒམ་པོ་བའི་ཞལ་སློབ་སྐྱེས་ཆེན་ཞིག།
པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ། རྒྱ་ཚ་གྲོང་རྡལ། ༡༨༨༣-༡༩༣༧ པཎ་ཆེན་སྐུ་ཕྲེང་དགུ་པ་ལགས།
ར་སྒྲེང་ཐུབ་བསྟན་འཇམ་དཔལ། དྭགས་པོའི་རུ་སྨད། ༡༩༡༢-༡༩༤༧ དགའ་ལྡན་ཕོ་བྲང་སྲིད་སྐྱོང་གནང་མྱོང་།
ལྷ་བཙུན་ནམ་མཁའ་འཇིགས་མེད། བྱར་ཡུལ། ༡༥༩༧- འབྲས་ལྗོངས་ནང་དེ་སྔ་ནང་ཆོས་ཐོག་མར་དར་སྤེལ་གནང་མཁན།
ཁྲི་ཆེན་དྭགས་པོ་ཚེ་འཕེལ། དྭགས་པོ་སྟོད། ༡༦༦༨-༡༧༣༠ དགའ་ལྡན་ཁྲི་ཐོག་ང་གཉིས་པ།
རྒྱལ་བ་ཐུབ་བསྟན་རྒྱ་མཚོ། དྭགས་པོ་གླང་མདུན། ༡༨༧༦-༡༩༣༣ ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ།
༡༠ དྭགས་པོ་མཁན་ཆེན་ངག་དབང་གྲགས་པ། དྭགས་པོ་མདའ། དུས་རབས་ ༡༥། རྗེ་བློ་གྲོས་འཕེལ་བའི་ཞལ་སློབ།
༡༡ དྭགས་སྒོམ་ཚུལ་ཁྲིམས་སྙིང་པོ། ༡༡༡༦-༡༡༦༩ དྭགས་པོ་ལྷ་རྗེའི་གཅེན་པོ་རྒྱ་བ་གསེར་རིའི་སྲས་ཆེ་བ་ཡིན།
༡༢ བྱང་སེམས་ཀུན་དགའ་བཟང་པོ། དྭགས་པོ་ཟུར་མཁར། ༡༣༦༦-༡༤༤༤ རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་དང་།བྱང་ཁ་ཟུར་མཁར་ནང་དུ་ཆོས་སྡེ་མདོ་སྔགས་གླིང་ཕྱག་འདེབས་པོ།
༡༣ ཟུར་མཁར་བ་མཉམ་ཉིད་རྡོ་རྗེ། དྭགས་པོ་ཟུར་མཁར། ༡༤༣༩-༡༤༧༥ གསོ་རིག་མཁས་པ་གྲགས་ཅན་ཞིག
༡༤ ཟུར་མཁར་བློ་གྲོས་རྒྱལ་པོ། དྭགས་པོ། ༡༥༠༩- ཟུར་མཁར་མཉམ་ཉིད་རྡོ་རྗེ་དང་གདུང་རྒྱུད་གཅིག་ཡིན།
༡༥ རྒྱལ་བ་ཐུབ་བསྟན་རྒྱ་མཚོ། དྭགས་པོ་གླང་མདུན། ༡༨༧༦-༡༩༣༣ རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ།
༡༦ གཏེར་སྟོན་ཀརྨ་གླིང་པ། སྟོད་ཁྱེར་གྲུབ། གཏེར་སྟོན་གླིང་པ་དགུའི་ཡ་གྱལ། སྒམ་པོ་འདར་གྱི་རི་ནས་ཞི་ཁྲོ་དགོངས་པ་རང་གྲོལ་སོགས་གཏེར་ནས་བཞེས།
༡༧ ཁྲི་ཆེན་བསྟན་པ་རྒྱལ་མཚན། དྭགས་ཡུལ་གྲོ་མདའ། དགའ་ལྡན་ཁྲི་ཐོག་སོ་བརྒྱད་པ།
༡༨ གཏེར་སྟོན་རོག་རྗེ་གླིང་པ། དྭགས་པོ་ཀླུ་མཁར། གཏེར་སྟོན་བརྒྱ་རྩའི་ཡ་གྱལ།ཡུམ་བུ་བླ་སྒང་དང་།སྲོང་བཙན་བང་སོ་དམར་རི་ནས་ཟབ་གཏེར་ཅི་རིགས་གཏེར་ནས་བཞེས།
༡༩ ཉི་ཟླ་སངས་རྒྱས། དྭགས་པོ། གཏེར་སྟོན་བརྒྱ་རྩའི་ཡ་གྱལ།མཚོ་མཎྜལ་ནག་པོ་ནས་འཕོ་བ་འཇག་ཟུག་མའི་གདམས་སྐོར་གཏེར་ནས་བཞེས།
༢༠

ལེ་ཚན་གསུམ་པ། གནའ་ཤུལ།

མཁར།བང་སོ། དུར།གནས། ས་གནས། མཆན།
བང་སོ། སྤངས་མདའ་བང་སོ།[6] སྤངས་མདའ་གྲོང། བང་སོ་ཆེ་ཁག་བདུན་ཙམ་དང་ཆུང་བ་ཁ་ཤས་ཡོད་པ་དེ་དག་གི་བཏབ་དུས་སོགས་ཤེས་མེད།
བང་སོ། ང་རབ་བང་སོ། ང་རབ་གྲོང་། ས་དེ་ནས་རྙེད་པའི་བང་སོ་ཁག་ནི་རྒྱ་ཚ་ཁུལ་གྱི་འདུ་ཚད་མཐུག་ཤོས་ཡིན་ཞིང་། ཁྱོན་གནས་བཞི་ཡོད་ཅིང་བང་སོ་གྲངས་  ༥༤ ཡོད། དེས་རྫོང་ཡོངས་གནའ་བོའི་བང་སོའི་བསྡོམས་འབོར་གྱི་བརྒྱ་ཆ་ ༧༠ ཡན་ཟིན།
གནས། ལྷ་མོའི་བླ་མཚོ། མཚོ་དེ་ནི་དཔལ་ལྡན་ལྷ་མོའི་བླ་མཚོ་ཡིན།
མཁར་ཤུལ། ང་རབ་མཁར་ཤུལ། ང་རབ་གྲོང་ཁུལ། ངར་རབ་ཁུལ་ནས་རི་མོ་ཉེར་བརྒྱད་ཙམ་ལྡན་པའི་གནའ་བོའི་མཁར་རྫོང་ཤུལ་བཞག་(ཕྱི་ལོའི་དུས་རབས་ ༡༣ ནས་ ༡༤ པར་བཞེངས་)རྙེད། དེ་དག་གིས་བོད་སིལ་བུའི་དུས་སྐབས་མཁར་ཤུལ་ཡིན་ནམ་སྙམ།

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1]

[2] 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 86.

[3]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 86.

[4] ཞྭ་སྒབ་པ་དབང་ཕྱུགས་བདེ་ལྡན། སྲིད་དོན་རྒྱལ་རབས། སྨད་ཆ། བོད་གཞུང་ཤེས་རིག་དཔར་ཁང་། ཕྱི་ལོ་ ༡༩༧༦། ཤོག ༢༧༡།

[5]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 86.

[6] རྒྱ་ཚ་ཁོངས་ནས་རྙེད་རྟོག་བྱུང་བའི་བང་སོ་ཁག་གི་ཁྱད་ཆོས་གཙོ་བོ་ནི། གཅིག་བང་གནས་ཡུལ་གྱི་རྒྱབ་རི་བོར་བསྙེས་ཤིང་ཁ་ཆུ་བོར་བསྟན་པ་དང་། གཉིས་བང་སོའི་བཟོ་དབྱིབས་ཕལ་མོ་ཆེ་མདུན་མཐོ་ཞིང་མཇུག་དམའ་བ་སྐས་དབྱིབས་ཀྱི་ཚུལ་ཆགས་ཡོད། གསུམ་བང་སོའི་གྲུབ་ཚུལ་ནི་གཟུགས་ཆེ་བ་དབུས་སུ་བྱས་ཤིང་། དེའི་མཐའ་འཁོར་དུ་བང་སོ་ཆེ་རིམ་བཞིན་རུ་བསྟར་གྱིས་དུར་ཁུལ་གྱི་རྣམ་པར་གྲུབ་ཡོད། བཞི་བང་སོ་ཆེ་གྲས་སུ་དུར་རྫས་མཆོད་འབུལ་གྱི་ས་དོང་སོགས་གནས་མཐོང་དུ་ཡོད། བང་སོ་དེ་དག་ནི་ཕྱོགས་མང་པོ་ཞིག་ཡར་ལུང་ཁུལ་གྱི་བང་སོའི་ཚོགས་དང་འདྲ་བའི་ཆ་མང་བས། དེ་དེག་ཡར་ཀླུང་བཙན་པོའི་བང་སོ་དང་ཐུན་མིན་འབྲེལ་བ་ཡོད་པར་ངེས།

 

 

 

བརྒྱུད་སྐུལ།

མཆན་སྤེལ།