ཕ་ཡུལ་ལ་ལོག་པའི་ལམ་བར་དུ།

ཕ་ཡུལ་ལ་ལོག་པའི་ལམ་བར་དུ།

བཀྲས་གླིང་ཟླ་བས་བྲིས།

ང་ཕ་ཡུལ་དུ་མ་ལོག་པར་ལོ་ཤས་འདས་སོང་། ཕ་ཡུལ་དུ་ལོག་འདོད་ཀྱི་འདུན་པ་ནི་སྐོམ་པ་ཆུ་འདོད་དང་ལྟོགས་པ་ཟས་འདོད་ལྟར་དུ་སྣང་བས། དེས་ངའི་དགོང་མོའི་གཉིད་ཐེབས་ཡང་ཡང་བཅག་ཡོང་།

དབྱར་དུས་ཀྱི་ཉིན་ཞིག་ལས་བྲེལ་སྤངས་ཏེ་ཞོགས་པ་སྔ་པོར་ལངས་ནས་རླངས་འཁོར་བཏང་སྟེ་ཕ་ཡུལ་ཕྱོགས་སུ་རྡོག་ཐོན་བྱས། ངའི་ཕ་ཡུལ་ནི་གཙང་ཕྱོགས་ཤེལ་དཀར་རྒྱལ་རྩེར་ཆགས་པས། ལམ་བར་དུ་གམ་པ་ལ་མོ་བརྒྱུད་དགོས། གམ་པ་ལ་མོའི་ས་བབ་མཐོ་ཚད་རྨིད་ལྔ་སྟོང་ལྷག་ཙམ་ཡོད་པ་མ་ཟད་ལ་ཐག་རིང་བས་གནའ་བོའི་གཏམ་དཔེར། རི་དེ་གམ་པ་ལ་མོ། །བསོད་བདེ་ཡིན་ཡང་ཆེ་བྱུང་། ། དཔལ་སྡེའི་སྟོང་ཆེན་བཅོ་བརྒྱད། །མི་ཚེ་ཡིན་ཡང་རིང་བྱུང་། །ཞེས་ཟེར་སྲོལ་ཡོད། གམ་པ་ལ་མོའི་ལ་རྩེར་སླེབས་དུས་ཡར་འབྲོག་གཡུ་ཡི་མཚོ་མོ་སྔོ་ཐིང་ངེར་མཇལ་བ་མ་ཟད། ཁྲུང་ཁྲུང་དང་ངང་པ་སོགས་འདབ་ཆགས་སྣ་ཚོགས་ཀྱིས་གཤོག་རྩལ་ངོམས་པ་དང་། གཡུ་ཡི་མཎྜལ་ལྟར་སྔོ་བའི་སྤང་ལྗོངས་ཀྱི་སྟེང་དུ་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་པའི་ཁྲོད་བུང་བའི་མགྲིན་སྒྲ་རྒྱུད་མངས་ལས་སྙན། ནམ་མཁའི་སྐར་ཚོགས་ས་ལ་འཕོས་པ་ལྟ་བུའི་ཕྱུགས་རིགས་དཀར་ནག་ཅི་དགར་རོལ་ནས་ཡོད་པའི་སྤང་ལྗོངས་དེ་ནི་སྙན་གྲགས་ཆེ་བའི་ཡར་འབྲོག་རྩྭ་ཐང་ཡིན། དེ་ནས་ཡར་འབྲོག་གཡུ་ཡི་མཚོ་མོའི་ལྟ་ན་སྡུག་པའི་མཛེས་ལྗོངས་འདྲེན་བྱེད་ཀྱི་དབང་པོར་ལོངས་སྤྱོད་བྱེད་ཀྱིན་གནའ་གཏམ་དུ་དཔལ་སྡེའི་སྟོང་ཆེན་སྟོང་ཆུང་། །མི་ཚེ་ཡིན་ཡང་རིང་སོང་། །ཡར་འབྲོག་སྒང་གི་རླུང་བུ། །ཤ་ཚ་ཡིན་ཡང་ཆེ་བྱུང་། །ཞེས་པའི་དཔལ་སྡེའི་སྟོང་ཆེན་བཅོ་བརྒྱད་དང་སྟོང་ཆུང་བཅོ་བརྒྱད་བརྒྱུད་སྔར་གྱི་སྣ་དཀར་རྩེ་རྫོང་གནས་ཡུལ་དུ་འབྱོར། གནའ་བོའི་དྲེལ་པས་ས་དེ་ནི་ལྷ་ས་ནས་རྒྱལ་རྩེའི་བར་གྱི་ལམ་ཕྱེད་ལ་བརྩི་སྲོལ་ཡོད། བདག་ཀྱང་དེའི་ལམ་ཟུར་དུ་ཚ་ཕོག་བརྒྱབ་ནས་ཅུང་ཙམ་ངལ་གསོས་རྗེས་མུ་མཐུད་ཁ་ནུབ་ཏུ་ཕྱོགས་ཏེ་ཐོན། ཅུང་ཙམ་ལས་མ་འགོར་བར་གཙང་གི་མྱང་ཆུ་གཙང་པོའི་འབྱུང་ཁུངས་སམ་གནས་ཁྱད་པར་ཅན་མྱང་སྟོད་ཧ་བོའི་གངས་སམ་གནོད་སྦྱིན་གངས་བཟང་གི་གཤམ་འོག་ཁ་རོ་ལ་རུ་འབྱོར། དེ་ནི་རྒྱལ་རྩེ་དང་སྣ་དཀར་རྩེ་རྫོང་གཉིས་ཀྱི་སྲིད་འཛིན་ས་མཚམས་ཡིན། དེའི་ཕུ་ན་ཨོ་རྒྱན་རིན་པོ་ཆེས་ཕྱག་བཏབ་པའི་གངས་ཕུ་དགོན་པ་ཡོད། དེར་ལྷ་ས་ནས་གྲ་སྒྲིག་ཨང་གསར་བྱས་པའི་བསངས་དང་ཆང་ཕུད་དང་། ཕྱེ་མར་དར་ལྕོག་སོགས་བཏོན་ནས་སྔར་སྲོལ་བཞིན་ལ་བཙས་གསོལ་ཞིང་། མུ་མཐུད་སྣུམ་ནག་གཞུང་ལམ་དེད་ནས་ཕྱིན་པས། ཅང་མ་འགོར་བར་གནའ་གཏམ་དུ། ཨ་ཕོས་འཇོན་ན་ར་ལུང་སྤང་ལྗོངས་སེར་ཤའི་རྫོང་དང་། རྟ་ཕོས་འཇོན་ན་བྱང་ཐང་སྟོང་པ་ཞེས་ཟེར་སྲོལ་ཡོད་པའི་ཡངས་ཤིང་རྒྱ་ཆེ་ལ་རྟ་ནོར་ལུག་གསུམ་གྱིས་བང་རྩལ་འགྲན་ཞོར་ཤ་ཤེད་ངོམ་བཞིན་མཆིས་པའི་མཛེས་སྡུག་རྣམ་པར་བཀྲ་བའི་ར་ལུང་སྤང་ལྗོངས་སུ་བསླེབས། རྟ་ནོར་ལུག་གསུམ་གྱི་དཀྱིལ་ནས་ལུག་རྫི་རྒན་པོའི་རྫི་གླུ་ནི་ཅི་འདྲའི་སྙན་པ་ལ་ཨང་། ངས་ཀྱང་ངལ་གསོ་དང་ཆབས་ཅིག་སྤང་ལྗོངས་སྟེང་འཁྱུག་ཙམ་རིང་སྙན་འཇེབས་ལྡན་པའི་རྫི་གླུར་ལོངས་སུ་སྤྱོད་བཞིན་བསྡད་པ་ཡིན།

 

གཞུང་ལམ་ནས་གཡོན་གྱི་འཕྲེད་ལམ་དུ་སྐར་མ་ཉི་ཤུ་ཙམ་སོང་ན་འབྲོག་ཁུ་ལེའུ་འམ་དཔལ་ར་ལུང་མེ་ཏོག་མདངས་འཕྲོག་དགོན་དུ་སླེབས། དགོན་དེ་ནི་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་ཕྱག་བཏབ། གཙང་པ་རྒྱ་རས་ནི་དགོན་དེ་དང་ཉེ་བར་སྐུ་འཁྲུངས་པའི་འབྲུག་པ་བཀའ་བརྒྱུད་སྲོལ་གཏོད་མཛད་པ་པོ་དང་ཙ་རིའི་གནས་སྒོ་འབྱེད་མཁན། ཀློང་རྡོལ་དགོན་པ་དང་འབྲུག་དགོན་པ་ཕྱག་བཏབ་པ་པོ་ཡིན་པས། ཁོང་གི་སྐུ་ཚེ་ཧྲིལ་པོར་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བྱུང་། དུས་ནི་དགོང་དྲོའི་ཆུ་ཚོད་གསུམ་པ་ཡོལ་ཙམ་ལ་སླེབས་ཚར་བས་མུ་མཐུད་ལམ་དུ་ཆས། ཆུ་ཚོད་ཕྱེད་ཙམ་ཕྱིན་པའི་རྗེས་གངས་ཅན་ལྗོངས་སུ་སྙན་གྲགས་ཀྱི་བ་དན་གཡོ་བའི་གཡུ་ཐོག་གསར་མའི་འཁྲུངས་གཞིས་མྱང་སྟོད་སྒོ་བཞི་རེ་ཐང་དུ་འབྱོར། ཡུལ་དེའི་བཀོད་པ་ནི་སུམ་རྩེན་གྱི་གནས་ལ་འགྲན་པ་ཞིག་འདུག ཕུ་ཡི་རི་རྒྱལ་ལྷུན་པོའི་རྩེ་མོ་གངས་དཀར་གྱིས་བརྒྱན་པའི་སྒང་ལ་ན་བུན་གྱི་དབུ་ཞྭ་བཞེས་ཤིང་། བར་གྱི་མེ་ཏོག་སྣ་ཚོགས་བཞད་པའི་སྤང་ལྗོངས་སུ་རྟ་ནོར་ལུག་གསུམ་ཅི་དགར་རོལ་བ། མདའ་ན་ལོ་ལེགས་ཀྱི་སྙེ་མས་མགོ་ལྕོག་ལྡེམ་ལྡེམ་བྱེད་པའི་ཞིང་ནང་དུ་ན་གཞོན་ཕོ་མོས་དགའ་བའི་གླུ་དབྱངས་ལེན་པ་དང་འཁྲུག་པའི་གར་ལ་རོལ་བ། ལུང་པའི་གཡས་རི་དང་གཡོན་རི་གཉིས་ནས་ཡན་ལག་བརྒྱད་དང་ལྡན་པའི་རྗེ་བཙུན་གཡུ་ཐོག་པའི་སྨན་ཆུ་ཤང་ཤང་དུ་འབབ་པ། ལུང་པའི་མདོ་རུ་སྨན་རྩིས་མཁས་དབང་བྱམས་པ་འཕྲིན་ལས་མཆོག་གིས་བཞེངས་པའི་གཡུ་ཐོག་གསར་མའི་དྲན་གསོ་ཁང་ཡང་མཇལ་རྒྱུ་འདུག དེའི་གཤམ་ན་དྭངས་ཤིང་གཙང་བའི་མྱང་ཆུ་གཙང་པོ་རྒྱུན་ཆད་མེད་པར་ནུབ་ཏུ་རྒྱུག་བཞིན་ལོ་ལྟར་མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ས་གཞི་ཆེན་པོར་སྔོ་ལྗང་གི་ན་བཟའ་བསྒྲོན་ནས་མི་ཕྱུགས་ཀུན་ལ་བདུད་རྩིའི་སྐྱེམས་ཆང་འདྲེན་བཞིན་གདའ། དེ་ནས་མུ་མཐུད་འཁོར་ལམ་དེད་ནས་སོང་ན་དྲེད་མོང་སྒུག་ཞེས་པའི་ས་དེར་འབྱོར། སྔོན་དུས་ས་དེར་དྲེད་མོང་ཡོད་པར་གྲགས་ཤིང་། ཉིན་ཞིག་དྲེད་མོང་ན་སྟེ་ལུས་པས་རྗེ་བཙུན་གཡུ་ཐོག་པ་དེར་འགྲུལ་བཞུད་གནང་སྐབས་དྲེད་མོང་གིས་སྨན་བཅོས་བྱ་རྒྱུར་སྒུག་ཡོད་ཚུལ་བཤད་པས་ས་མིང་དུའང་འདི་ལྟར་ཐོགས་པ་ཡིན་ཞེས་རྒན་རབས་ཚོའི་ཞལ་ནས་གསུངས།

 

དེ་ནས་སྐར་མ་བཅུ་ཙམ་ཕྱིན་རྗེས་གཞུང་ལམ་གཡས་ཀྱི་འཕྲེད་ལམ་ཞིག་ཡོད་ས་ནས་སྤྱན་ཕུ་ལ་གཟིགས་ན་གླིང་བུ་དགོན་པ་མཇལ། དགོན་དེ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་རྒྱ་གར་གྱི་པཎ་ཆེན་སྨྲི་ཏི་དྲན་པ་ཡེ་ཤེས་ཀྱིས་ཕྱག་བཏབ། རྟེན་གྱི་གཙོ་བོར་སྨྲི་ཏིའི་ཕྱག་བཟོ་ཡི་དམ་དཔལ་ཆེན་དང་རྡོ་བརྐོས་རུ་ལུ་རང་བྱོན་སོགས་བཞུགས། ལྷ་བཙུན་ནམ་མཁའ་འཇིགས་མེད་ནས་ད་ལྟ་འཚོ་བཞུགས་ལྷ་བཙུན་གཞན་ཕན་ནོར་བུ་བར་སྐུ་ཕྲེང་བཅུ་གསུམ་ཙམ་བྱུང་། རྙིང་མ་ཕྱག་བཞེས་གནང་། དེ་ནས་ད་ལྟའི་ཁྲ་རིང་གཞིས་ཀ་ཡོད་ས་ནས་ཞལ་ལྷོ་རུ་ཕྱོགས་ཏེ་སོང་ན་ང་རང་སྐྱེ་ས་འཚར་སའི་ཕ་ཡུལ་གྱི་ས་ཁོངས་སུ་འབྱོར་མ་ཐག་ངས་མགོ་ཞྭ་ཕུད་ནས་ཕ་ཡུལ་ལ་དད་གུས་མཚོན་པར་བྱས་པ་ཡིན། ང་རང་ལྟེ་ཁྲག་འཕོ་སའི་ཕ་ཡུལ་ནི་ཅི་འདྲའི་སྐྱིད་ཨང་། མཐའ་བཞི་ལྕང་མ་དང་། གླ་ཚེར། སྦྱར་པ་སོགས་ལྗོན་ཤིང་སྣ་ཚོགས་ཀྱིས་བསྐོར་ཞིང་། བྱིའུ་ཆུང་འཇོལ་མོ་དང་ཁྱུ་བྱུག་སོགས་བྱ་བྱིའུ་སྣ་ཚོགས་ཀྱིས་གསུང་སྙན་སྒྲོག་པའི་སྐྱ་ནམ་རྒྱས་པའི་ལུང་ཆུང་ཞིག་ཡིན་ལ། ཡུལ་ཟོག་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ལུང་ཆུང་ཞིག་རེད་ཅེས་བརྗོད་ཀྱང་མི་འཚམ་པ་མེད། ལུང་པའི་ཕུ་ན་ནོར་ལུག་གིས་རི་ལུང་ཁེངས་ཤིང་། ཤ་མར་ཐུད་གསུམ་དང་ཕྱུར་བ་སོགས་འབྲོག་ཁུལ་གྱི་ཐོན་རྫས་དང་མདའ་རུ་ཡངས་ཤིང་རྒྱ་ཆེ་བའི་ས་ཞིང་ནས་དཀར་མོ་ནས་དང་གྲོ། སྲན་མ། དེ་བཞིན་ཡུལ་སྒོག་སོགས་ཐོན་སྐྱེད་བྱེད་པ། ཕོ་གསར་རྣམས་འཚེམ་བུ་དང་ཤིང་བཟོ། རྡོ་བཟོ། ཚོན་སོགས་ཀྱི་ཞོར་ལས་ལ་བརྩོན་པ། མོ་གཞོན་རྣམས་ནི་ནང་ལས་དང་འཐག་ལས་ལ་མཁས་པ། ཕ་ཡུལ་གྱི་ཡུལ་མི་ཚོས་རང་ལག་འགུལ་ནས་བཞེངས་པའི་གྲལ་སྟར་འགྲིག་པ་དང་དབྱར་ཁ་བསིལ་ཞིང་དགུན་ཁ་དྲོ་བའི་སྡོད་ཁང་གྲུ་བཞི་དང་། ལུས་ལ་གྱོན་པའི་ཤད་མ་སྤུ་ཕྲུག་དག་ནི་ཕ་ཡུལ་གྱི་ཕོ་གསར་དང་མོ་གསར་ཚོའི་བློ་གྲོས་དང་ལག་ཤེས་ལས་བྱུང་བ་ཡིན་པས་ཀུན་གྱིས་བསྟོད་པའི་མེ་ཏོག་ཡང་ཡང་གཏོར་བཞིན་ཡོད།

ཡུལ་དེའི་སྐྱེས་ཕོ་མོ་རྒན་གཞོན་ཐམས་ཅད་ནི་སྔར་ནས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་དང་། སློབ་སྦྱོང་ལ་དགའ་བ། ཡ་རབས་ཀུན་སྤྱོད་ལྡན་པ། རྒན་པར་བཀུར་ཞིང་ཆུང་བར་གཅེས་མཁན་འབའ་ཞིག་ཡིན་ལ། ཡུལ་མཆོག་དེ་ནི་བོད་ཀྱི་གྲགས་ཅན་མཁས་དབང་བྲག་གདོང་བཀྲས་གླིང་དབང་རྡོར་ལགས་ཀྱི་འཁྲུངས་ཡུལ་ཏེ། ངའི་ཕ་ཡུལ་བཀྲ་ཤིས་གླིང་ཞེས་པའི་ལུང་པ་དེ་ཡིན་ནོ།།

བརྒྱུད་སྐུལ།

མཆན་སྤེལ།