པ་ཚབ་པ་སངས་དབང་འདུས་ལགས་ནི་གཞིས་རྩེ་ཞོལ་ནས་ཡིན་ཞིང་། པ་ཚབ་ཅེས་པ་ནི་ཁྱིམ་ཚང་གི་མིང་ལས་ཐོགས་པ་ལས་རུས་ཡིན་མིན་རྩད་ཁུངས་མ་ཆོད་གསུངས། བྱིས་པའི་དུས་ནས་མེས་པོ་ཕུར་བུ་ཚེ་རིང་དང་ཡབ་དམ་ཆོས་གཉིས་ཀྱི་བཀའ་དྲིན་ལས་ཡི་གེ་འབྲི་ཀློག་སྦྱངས། དེ་ནས་གཞིས་རྩེ་གེ་སར་ལྷ་ཁང་སློབ་ཆུང་དང་། གཞིས་རྩེ་དམའ་རིམ་སློབ་འབྲིང་རིམ་བཞིན་འགྲིམས། སྤྱི་ལོ་༡༩༨༠ལོར་སྤྱི་ཚོགས་ནས་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་ཞིབ་འཇུག་མི་སྣ་བསྡུ་བའི་རྒྱལ་ཡོངས་གཅིག་གྱུར་གྱི་རྒྱུགས་ལེན་ལ་ཞུགས་པས་རྒྱུགས་འཕྲོད་ནས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་དངོས་སྦྱོང་ཞིབ་འཇུག་པའི་ལས་གནས་བཞེས། དེ་ནས་བཟུང་ལོ་དུས་ཕལ་ཆེ་བར་བོད་ཀྱི་གནའ་རབས་ལོ་རྒྱུས་དང་། རྡོ་རིང་གི་ཡི་གེ བང་སོ། ཡིག་རྙིང་། ལོ་རྒྱུས་ས་མིང་སོགས་ཀྱི་ཞིབ་འཇུག་ལ་གཞོལ། བོད་རྒྱ་ཡིག་རིགས་གཉིས་ནས་སྤུ་རྒྱལ་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་བརྩམས་ཆོས་འབོར་ཆེན་སྤེལ། ཕྱི་གླིང་པའི་མཁས་དབང་དང་མཉམ་ལས་ཐོག་དབའ་བཞེད་དང་། ཤེལ་དཀར་ཆོས་འབྱུང་། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་མཛད་རྣམ་ངོ་མཚར་དགའ་སྟོན། འཆི་མེད་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་བཅས་བཞི་དབྱིན་ཡིག་ཏུ་བསྒྱུར་ནས་མཆན་དང་སྦྲགས་མ་ཡོ་རོབ་ཏུ་དཔེ་སྐྲུན་མཛད། ད་ལྟ་བོད་ལྗོངས་སློབ་གྲྭ་ཆེན་མོའི་གདན་ཞུས་དགེ་རྒན་ཆེན་མོ་དང་། ཟི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་རིག་གཞུང་ལྷན་ཚོགས་ཀྱི་ཀྲུའུ་ཞི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཡོད་པའི་ཆེད་ལས་མཁས་དབང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་སོགས་ཀྱི་ལས་གནས་བཞེས་མུས་ཡིན། སྔ་ཕྱིར་རྒྱལ་སྤྱིའི་བོད་རིག་པ་ལྷན་ཚོགས་ཀྱི་ལས་འཛིན་དང་། ཀྲུང་གོའི་མི་རིགས་ལོ་རྒྱུས་ལྷན་ཚོགས་ཀྱི་དབུ་འཛིན་སྐུ་གཞོན། ཨ་རིའི་ཀོ་ལོམ་བྷི་ཡ་སློབ་གྲྭ་ཆེན་མོ་དང་། དབྱིན་ཇིའི་ཁེམ་བྷི་རི་ཇི་སློབ་གྲྭ་ཆེན་མོ། ཨོ་སི་ཁྲུ་རི་ཡ་བོད་རིག་པ་དང་ནང་ཆོས་ཞིབ་འཇུག་ཁང་གི་གདན་ཞུས་དགེ་རྒན་ཆེན་མོ་སོགས་ཀྱི་ཐུགས་འགན་བཞེས་ཡོད།
བརྩམས་ཆོས་གྲས་སུ། བོད་ཡིག་ནས་བརྩམས་པའི་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་སྒྲིག་དང་། སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་སང་གངས་ཆུ། གསར་རྙེད་བྱུང་བའི་སྤུ་རྒྱལ་བོད་ཀྱི་དམག་ཁྲིམས་ཡི་གེ བོད་ཀྱི་གནའ་བོའི་རྒྱལ་ཕྲན་དང་། རྒྱལ་ཕྲན་སིལ་མ། སྟོང་སྡེ། ཡུལ་དཔོན་ཚན་བཅས་ཀྱི་ཞིབ་འཇུག་བཅས་དང་། རྒྱ་ཡིག་ལམ་ནས་བརྩམས་པའི་ཉིང་ཁྲིའི་ལོ་རྒྱུས་གབ་པ་མངོན་ཕྱུང་དང་། དབའ་བཞེད་ཀྱི་འགྱུན་མཆན་མ་བཅས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་པ་དང་། དེ་མིན་རྒྱ་བོད་གཉིས་ཀྱི་ཐོག་ནས་རིག་གཞུང་དཔྱད་རྩོམ་དུ་མ་སྤེལ་ཡོད།
སྔོན་འགྲོའི་གཏམ།
ལོ་རྒྱུས་ས་མིང་ཞིབ་འཇུག་བྱེད་པ་ནི་ལོ་རྒྱུས་རིག་པའི་གལ་ཆེ་བའི་གྲུབ་ཆ་ཞིག་ཡིན་ཏེ། དེའང་རྫ་དཔལ་སྤྲུལ་གྱིས། ལྷ་ཆོས་ལ་ཤེས་གལ་ཆེ། མི་ཆོས་ལ་གོམས་གལ་ཆེ། ལོ་རྒྱུས་ལ་ཞིབ་གལ་ཆེ། ཞེས་གསུངས་པ་བཞིན། ལོ་རྒྱུས་ས་མིང་ལ་རྒྱུས་མངའ་དང་། ཤེས་རྟོགས། ཞིབ་འཇུག་ལ་སོགས་པ་བྱ་རྒྱུ་ནི་ཅི་ནས་དོན་སྙིང་ལྡན་པའི་བྱ་བ་ཞིག་ཡིན།
ལོ་རྒྱུས་ས་མིང་ཞེས་པ་ནི་ལོ་རྒྱུས་ཐོག་བྱུང་བའི་བྱ་བའི་ཐོག་མའི་མཚོན་རྟགས་ཤིག་ཡིན་པ་དང་། མིའི་རིགས་བྱ་སྤྱོད་ཀྱི་འབྱུང་འབྲས་ཤིག་ཀྱང་ཡིན། དེས་འདས་པའི་དུས་རིམ་མི་འདྲ་བའི་ནང་གི་ཡུལ་ལུང་གི་རང་བྱུང་ཁོར་ཡུག་དང་། ལོ་རྒྱུས་རིག་གནས་འཕོ་འགྱུར་ཇི་སྙེད་ཅིག་བྱུང་བ། ལོ་རྒྱུས་དོན་གནད་ཅིག་གི་སྔ་ཕྱིའི་འབྱུང་རྐྱེན་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་སོགས་མངོན་པར་ནུས་པས། ལོ་རྒྱུས་ས་མིང་གི་ཞིབ་འཇུག་བརྒྱུད་ཡུལ་གཅིག་གམ་ས་ཆ་ཞིག་ཏུ་བྱུང་བའི་ལོ་རྒྱུས་མི་སྣ་དང་། ཤེས་རིག་ཤུལ་བཞག རིག་གནས་དཔལ་འབྱོར། ས་ཁམས་གནས་བབ་ལ་སོགས་པའི་སྣང་ཚུལ་ཤེས་རྟོགས་ཐུབ།
དེང་གི་ཆར་ལོ་རྒྱུས་ས་མིང་གི་འབྱུང་ཁུངས་དང་དེའི་མིང་ལོ་རྒྱུས་ཐོག་འདོགས་ཚུལ་གང་འདྲ་ཞིག་ཡིན་མིན་དང་། སྔར་གྱི་དུས་རིམ་མི་འདྲ་བའི་ནང་ས་མིང་འཕོ་འགྱུར་གང་བྱུང་མིན་སོགས་ལ་རྒྱུས་མངའ་དང་ཤེས་རྟོགས་ཐུབ་མཁན་ཇེ་ཉུང་དུ་སོང་བའི་གནས་སུ་ལྷུངས་ཤིང་། དེ་ལྟར་ཡོང་ཚུལ་ལ་རྒྱུ་མཚན་མང་དག་གཅིག་འདུག་ཀྱང་གཙོ་བོ་རྣམ་པ་བདུན་ཙམ་ནས་མངོན་པར་སྣང་སྟེ།
གཅིག་ནི་དུས་ཀྱི་འགྱུར་བའི་དབང་གིས་མི་མང་པོ་ཞིག་དང་ལྷག་པར་གཞོན་སྐྱེས་ཁ་ཅིག་ངོས་ནས་གནའ་བོའི་ལོ་རྒྱུས་ས་མིང་ལ་དེ་ཙམ་ཤེས་རྟོགས་མེད་པ་དང་། གཉིས་ནི་ཆོས་འབྱུང་རྒྱལ་རབས་དང་། རྣམ་ཐར། གནས་ཡིག་སོགས་ལས་བྱུང་བའི་ས་མིང་ཞིག་ལ་ལོ་རྒྱུས་དངོས་དང་མི་མཐུན་པའི་ལྷ་སྒྲུང་ལྟ་བུའི་བླུན་པོ་མགུ་བ་སྐྱེད་པའི་མཚར་གཏམ་མང་ལ་དམངས་ཁྲོད་དུའང་ཆོས་ཀྱི་འདུ་ཤེས་མཚོན་པའི་ཡ་མཚན་ཅན་གྱི་ཤོད་རྒྱུན་མང་བ། གསུམ་ནི་ལོ་རྒྱུས་དེབ་ཐེར་ལས་བྱུང་བའི་ས་མིང་གཅིག་ལ་འབྲི་སྲོལ་ཐ་དད་ཅི་རིགས་སྣང་བས་དག་དང་མ་དག་གང་ཡིན་ཤེས་པར་དཀའ་བ། བཞི་ནི་ལོ་རྒྱུས་དེབ་ཐེར་བྲིས་མའམ་ཤིང་པར་ལ་ལར་ཐོག་མ་ནས་མིང་བརྡ་འཁྲུལ་ནོར་མང་བ་དང་། ཕྱིས་སུ་པར་དུ་བསྐྲུན་པའི་འཕྲུལ་པར་གྱི་དེབ་ཐེར་ནང་ས་མིང་གི་ཡིག་ནོར་ནི་དེ་བས་བལྟ་བར་མི་བཟོད་པ། ལྔ་ནི་༡༩༥༩ལོའི་རྗེས་སུ་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ཆེད་དོན་སྙིང་ཅན་གྱི་ས་མིང་རྙིང་པ་འགའ་ཞིག་དོར་ནས་ས་མིང་གསར་པ་ཕོན་ཆེན་ཐོན་པ་དང་སྦྲགས། གཞི་རིམ་ས་གནས་ཀྱི་གཞུང་ཡིག་ནང་རྒྱུན་སྲོལ་ས་མིང་ལ་བརྡ་ཆད་མ་དག་པ་བཅོས་མར་སོང་བ་ཅི་རིགས་བྲིས་པ། དྲུག་ནི་དེང་གི་སྲིད་འཛིན་དོ་དམ་གྱི་དགོས་མཁོ་ལ་གཞིགས་ཏེ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ས་མིང་གི་ཚབ་ལ་ཙུའུ་དང་པོ་དང་ཙུའུ་གཉིས་པ་ཞེས་འབོད་པ་སོགས་པའི་སྣང་ཚུལ་ཐོན་དང་འཐོན་བཞིན་པ་བཅས་སོ།།
དེ་ལྟ་བུའི་རྒྱུ་མཚན་ལ་བལྟོས་ནས་བདག་གིས་སྔོན་བྱོན་ལོ་རྒྱུས་སྨྲ་བའི་མཁས་དབང་དུ་མའི་གསུང་རྩོམ་ལས་བྱུང་བའི་ལོ་རྒྱུས་ས་མིང་ལ་ཞིབ་འཇུག་གི་མྱོང་ཚོར་དང་བསམ་གཞིགས་བསྡོངས་ནས་ལོ་རྒྱུས་ས་མིང་བརྡ་འགྲེལ་ཞེས་པ་འདི་ད་ལམ་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་བ་ལགས་ཤིང་། དེབ་ཐེར་འདི་ཡི་གཞི་རྐང་ནི་གཤམ་གསལ་ནང་དོན་བདུན་ལས་གྲུབ་སྟེ།
གཅིག ཏུན་ཧོང་བོད་ཀྱི་ལོ་རྒྱུས་གནའ་ཡིག་དང་། ཤིང་ཅང་ནས་རྙེད་པའི་སྤུ་རྒྱལ་དུས་ཀྱི་ཁྲམ་ཤིང་ཡི་གེ། གནའ་བོའི་ཆོས་འབྱུང་རྒྱལ་རབས། བོན་གྱི་དཔེ་རྙིང་ལ་སོགས་པར་གསལ་བའི་རྒྱལ་ཕྲན་དང་། སྟོང་སྡེ། ཡུལ་དཔོན་ཚན། སྤུ་རྒྱལ་བོད་ཀྱི་མཐའ་འཁོར་གྱི་རྒྱལ་ཕྲན་སོགས་ཀྱི་ཡུལ་མིང་ལ་དཔྱད་གཞིའི་ཡིག་རིགས་ཀྱི་ཁུངས་གཏུགས་ནས་དཔྱད་པ་བྱས་པ་དང་།
གཉིས། གནའ་བོའི་ཆོས་འབྱུང་རྒྱལ་རབས་དང་། རྣམ་ཐར་གནས་ཡིག་ལ་སོགས་པར་གསལ་བའི་ལོ་རྒྱུས་ས་མིང་ལ་དཔྱད་པ་བྱས་པ་བརྒྱུད་ས་ཆ་དེའམ་ཡུལ་དེའི་ལོ་རྒྱུས་རིག་གནས་ལ་བསྐྱར་དྲན་བྱས་ཏེ། དོགས་གཞི་ཡོད་པའི་ས་མིང་ཁག་གཅིག་ལ་དོགས་སློང་ཞུས་པ།
གསུམ། བོད་ཀྱི་ལོ་རྒྱུས་ཀྱི་ཁྱད་ཆོས་ཤིག་ནི་ལོ་རྒྱུས་ས་མིང་ཁག་གཅིག་བོན་དང་སངས་རྒྱས་ཆོས་ལུགས་གཉིས་ཀྱི་འཕེལ་རིམ་དང་འབྲེལ་བ་ཆེ་བས་ཞིབ་འཇུག་བརྒྱུད་རིམ་ནང་དེ་ཕྱོགས་སུ་བྱུང་བའི་ཆོས་ལུགས་ལོ་རྒྱུས་དང་ཆོས་ལུགས་མི་སྣའི་ལག་རྗེས་མཚམས་སྦྱོར་ཞུས་པ།
བཞི། ས་སྐྱ་པའི་སྲིད་དབང་དུས་ཀྱི་བོད་དབུས་གཙང་ནས་མདོ་སྨད་བར་གྱི་འཇམ་ཆེན་ཞེས་པའི་ས་ཚུགས་ཁག་གཅིག་དང་། དགའ་ལྡན་ཕོ་བྲང་སྲིད་དབང་དུས་ཀྱི་ལྷ་ས་ནས་མདོ་ཁམས་སྨར་ཁམས་སྒར་བར་གྱི་གཞུང་གཉེར་ཞག་སྡོད་ས་ཚུགས་ཞེས་པ་ཁག་གཅིག་གི་གནས་ཡུལ་སོགས་ལ་དཔྱད་པ་བྱས་ཡོད་པ་དང་། དེ་བཞིན་དགའ་ལྡན་ཕོ་བྲང་སྲིད་དབང་དུས་ཀྱི་གཞུང་འོག་རྫོང་གཞིས་ཁག་གཅིག་གི་གནས་བབ་ཀྱང་འོས་འཚམ་ཞིག་ངོ་སྤྲོད་བྱས་ཡོད་པ།
ལྔ། དེང་གི་ཆར་ཡང་ལོ་རྒྱུས་ས་མིང་རང་སོར་གནས་པ་དག་གི་སྔ་ཕྱིའི་འཕེལ་རིམ་ཞིབ་འཇུག་བརྒྱུད་ས་མིང་ནས་མངོན་པའི་དུས་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་བསྟན་པ།
དྲུག སྤུ་རྒྱལ་བོད་ཀྱི་དུས་སུ་བོད་ཡུལ་དང་རྒྱ་ནག་ཡུལ་དབར་ལ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚོང་འགྲུལ་སོགས་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་། ལྷག་པར་ས་སྐྱ་པའི་སྲིད་དབང་དུས་བོད་ལྗོངས་དེ་རྒྱལ་ཡོངས་གཅིག་གྱུར་སྲིད་དབང་འོག་གི་ས་གནས་སྲིད་འཛིན་སྒྲིག་གཞི་ཞིག་ཏུ་གྱུར་རྗེས་བོད་ཡིག་ཡིག་ཚང་ནང་དུ་གསལ་བའི་རྒྱ་ནག་གི་ས་མིང་དཔེར་ན་ཀྭ་ཅུ་དང་། ཤ་ཅུ། ཀྭམ་ཆུ། ལེང་ཇུ། ག་ཆུ། ཀེང་ཤི། མྱྭ། ཤིང་ཀུན། ཏའ་ཏུ། ཞང་དོ། སྨན་རྩེ་སོགས་ལ་རྒྱའི་ཡིག་ཚང་ལ་གཞི་བཅོལ་ནས་བརྟག་ཞིབ་བྱས་པ།
བདུན། བོད་དང་ལོ་རྒྱུས་རིག་གནས་ཀྱི་འབྲེལ་བ་ཟབ་མོ་ཡོད་པའི་འབྲུག་པ་དང་། བལ་ཡུལ། འབྲས་ལྗོངས། རྒྱ་གར་སོགས་ཀྱི་ཡུལ་དང་ས་མིང་གྲགས་ཆེ་བ་ཁག་གཅིག་ཀྱང་ངོ་སྤྲོད་རོབ་ཙམ་བྱས་པ་བཅས་སོ། །
ད་ལམ་བརྩམས་ཆོས་འདི་དཔེ་སྐྲུན་བྱེད་ཉེའི་སྐབས་སུ་དེ་འབྲེལ་དོན་གནད་འགའ་ཞིག་ལ་གསལ་བཤད་ཕྲན་བུ་ཞུས་ན།
གཅིག ལོ་རྒྱུས་ས་མིང་རྒྱལ་ཕྲན་དང་། སྟོང་སྡེ། ཡུལ་དཔོན་ཚན་ལ་བརྟག་དཔྱད་བྱས་པའི་བརྒྱུད་རིམ་ནང་དང་ཐོག་ས་མིང་དག་པར་སྣང་བའི་གཞི་འཛིན་གྱི་ཡི་གེ་གཙོ་བོ་ནི་ཏུན་ཧོང་བོད་ཀྱི་ལོ་རྒྱུས་གནའ་ཡིག་དང་། ཤིང་ཅང་ནས་རྙེད་པའི་བོད་ཀྱི་ཁྲམ་ཤིང་ཡི་གེ། སྤུ་རྒྱལ་དུས་ཀྱི་རྡོ་རིང་ཡི་གེ་ལ་སོགས་པ་ཡིན།
གཉིས། དེང་གི་ཆར་ཏུན་ཧོང་བོད་ཀྱི་ལོ་རྒྱུས་གནའ་ཡིག་པར་སྐྲུན་བྱས་ཟིན་པ་ཅི་རིགས་འདུག་ཀྱང་དཔྱད་གཞིའི་ཡི་གེ་གཙོ་བོ་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཚེ་རིང་གིས་གཙོ་སྒྲིག་གནང་བའི་ཧྲང་ཧའེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས་པའི་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དང་དབྱིན་ཇིའི་རྒྱལ་ཁབ་དཔེ་མཛོད་ཁང་གཉིས་སུ་ཉར་ཚགས་བྱས་པའི་ཏུན་ཧོང་བོད་ཡིག་ཡིག་ཚགས་ཞེས་པའི་དེབ་ཚོགས་ཀྱི་པར་རིས་ཡིན། ཤིང་ཅང་ནས་རྙེད་པའི་བོད་ཀྱི་ཁྲམ་ཤིང་ཡི་གེའི་ནང་བོད་ཀྱི་ཡུལ་མིང་བཞི་བཅུ་ཙམ་འཁོད་འདུག་པ་དེ་ཡང་ལོ་རྒྱུས་ས་མིང་དཔྱད་ཞིབ་ཀྱི་རིན་ཐང་ཆེ་སྟེ། དེའི་གཞི་འཛིན་ནི་དགེ་རྒན་ཆེན་མོ་ཝང་ཡའོ་དང་ཁྲེན་ཅན་གཉིས་ཀྱིས་བརྩམས་པའི་རྒྱ་བོད་ཤན་སྦྱར་གྱི་དེབ་ཐེར་ཏེ། སྤུ་རྒྱལ་བོད་ཀྱི་ཁྲམ་ཤིང་ཡི་གེ་ཕྱོགས་བསྡུས་སུ་བཀོད་པ་ཞེས་པ་དང་། སྒ་རུ་རྡོ་རྗེ་རྒྱལ་མཚན་གྱི་དཔྱད་རྩོམ་ལི་ཡུལ་ནས་རྙེད་པའི་བཙན་པོའི་དུས་ཀྱི་ཁྲམ་ཡིག་ནང་བྱུང་བའི་སྡེའི་ངོ་སྤྲོད་ཅེས་པ། དབྱིན་ཇིའི་རྒྱལ་ཁབ་དཔེ་མཛོད་ཁང་(British Libarary)གི་དྲ་བའི་ནང་སྤྱི་བསྒྲགས་བྱས་པའི་ཁྲམ་ཡིག་པར་རིས་བཅས་ཡིན། དེ་མིན་ས་མིང་ཞིབ་འཇུག་གི་གཞི་འཛིན་ཡི་གེ་ནི་ལོ་དུས་གང་སྔ་བ་དང་ཁུངས་བཙུན་པར་འདུག་སྙམ་པའི་དེབ་ཐེར་དག་ཡིན།
གསུམ། ཏུན་ཧོང་བོད་ཀྱི་ལོ་རྒྱུས་གནའ་ཡིག་ཤོག་དྲིལ་ལས་ཐད་ཀར་ལུང་དྲངས་པའི་ཡི་གེའི་གོ་བ་ལོན་དཀའ་བའི་བརྡ་ཆད་རྙིང་པ་དང་། ཡིག་སྲོལ་ཕྱིས་དང་མི་འདྲ་བ། དག་ཆ་མ་དག་པ། སུམ་རྟགས་གཞུང་དང་མི་མཐུན་པར་སྣང་བའི་ཡི་གེ་ཕལ་ཆེ་བ་རང་སོར་འཇོག་པ་ལས་སྤོམ་ཚོད་ཀྱིས་གོ་བསྐོན་གསེད་བཀྲོལ་བྱས་མེད་ལ། ཕྱིས་ཀྱི་ཡི་གེའི་གཞུང་དང་ཡིག་སྲོལ་ལ་བསྟུན་ནས་རང་དགར་བཅོས་སྒྲིག་ཀྱང་བྱས་མེད།
བཞི། ལོ་དུས་འགོད་སྟངས་ཐད་རབ་བྱུང་སྔོན་གྱི་སྤུ་རྒྱལ་དུས་ཀྱི་ལོ་ཚིགས་ལ་བཙན་པོ་ཁྲི་བཞུགས་ཀྱི་ལོ་ཁམས་དང་ཨང་རྟགས་ཐོག་ནས་སྤྱི་ལོ་བཀོད་ཡོད་དེ། དཔེར་ན། ཁྲི་སྲོང་ལྡེ་བཙན་ཁྲི་བཞུགས་ཆུ་ཡོས་༧༦༢ལོ་ཞེས་པ་ལྟ་བུ། རབ་བྱུང་རྗེས་ཀྱི་ལོ་དུས་ནི་རབ་བྱུང་དང་། ལོ་ཁམས། ཨང་རྟགས་ཀྱི་སྤྱི་ལོ་བཅས་རིམ་བཞིན་བཀོད་ཡོད་དེ། དཔེར་ན། རབ་བྱུང་བཞི་པའི་ཤིང་འབྲུག་༡༢༤༤ལོ་ཞེས་པ་ལྟར་ཡིན། རྒྱའི་ཡིག་ཚང་ནས་ལུང་དྲངས་པ་ཞིག་ཡིན་ཚེ་གོང་མའི་ཁྲི་ལོའི་མིང་དང་། ལོ་ཁམས། ཨང་གྲངས་ཀྱི་སྤྱི་ལོ་བཅས་གསལ་ཡོད་དེ། དཔེར་ན། ཐང་ཀོང་ཏེ་(广德)ཁྲི་ལོ་གཉིས་པ། ཤིང་འབྲུག་སྤྱི་ལོ་༧༦༤ལོ་ཞེས་པ་ལྟ་བུའོ། །རབ་བྱུང་བཅུ་དྲུག་པའི་ས་ཕག་༡༩༥༩ལོ་དང་དེའི་རྗེས་ཀྱི་ལོ་རྣམས་ནི་སྤྱི་ལོའི་ཐོག་ནས་བཀོད་ཡོད་དེ། དཔེར་ན། སྤྱི་ལོ་༡༩༥༩ལོ། སྤྱི་ལོ་༡༩༦༦ལོ་ཞེས་པ་བཞིན་ནོ། །ལོ་ཚིགས་དེ་ལྟར་བཀོད་པ་ནི་ཀློག་པ་པོ་ཚོས་གསལ་རྟོགས་ཐུབ་པའི་ཆེད་དུ་ཡིན།
ལྔ། དེབ་འདིའི་ལུང་ཁུངས་དེབ་ཐེར་ཁག་བྲིས་མའམ་ཤིང་པར་གང་ཡིན་མིན་ལ་ལོགས་སུ་གསལ་བཤད་མེད་པ་དང་། འཕྲུལ་པར་རིགས་ལའང་དམིགས་བསལ་གྱི་ཞབས་མཆན་མེད་དེ་དེབ་མཇུག་གི་དཔྱད་གཞིའི་ཡིག་རིགས་ཞེས་པར་དཔེ་ཐོ་གཙོ་བོ་ཁག་གཅིག་གི་མིང་དང་། དཔེ་སྐྲུན་ཁང་། དཔེ་སྐྲུན་ལོ་དུས་སོགས་བཀོད་ཡོད་པས་གཟིགས་པར་ཞུ།
དྲུག ས་མིང་ངམ་ཡུལ་མིང་ཞིག་གང་དུ་གནས་མིན་ངོ་འཕྲོད་ཐུབ་པའི་ཆེད་དེང་ཡུལ་ཕྱོགས་གང་དུ་ཡིན་པ་ངོ་སྤྲོད་བྱས་ཡོད་དེ། དཔེར་ན། དེང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་དམར་ཤང་ཁོངས་སུ་ཡིན། དེང་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་པད་ནག་ཤང་ཁོངས་སུ་ཡིན། དེང་ཆབ་མདོ་གྲོང་ཁྱེར་ཆབ་མདོ་རྫོང་ཁོངས་སུ་ཡིན། དེང་ནག་ཆུ་གྲོང་ཁྱེར་ནག་ཆུ་རྫོང་ཁོངས་སུ་ཡོད། དེང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་རྫོང་ལྷ་ཁང་ཤང་ཁོངས་སུ་ཡོད། དེང་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ཁྱིམ་བཞི་ཤང་ཁོངས་སུ་གནས་ཞེས་པ་ལྟ་བུ་བཀོད་ཡོད་པ་ལགས་ན། འདིར་གསལ་འདེབས་ཞུ་དགོས་པ་ཞིག་ལ། དེབ་འདིའི་ནང་གི་རྫོང་དང་། ཤང་། དོན་གཅོད་ཁང་། གྲོང་ཚོའི་མིང་ནི་སྤྱི་ལོ་༢༠༠༠གོང་གི་གཞུང་ཡིག་ལས་བྱུང་བའི་ས་གནས་སྲིད་འཛིན་སྒྲིག་གཞིའི་ས་མིང་ཡིན་ཞིང་། ད་ཕན་ལོ་ཉི་ཤུ་ལྷག་ཙམ་རིང་ལ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ས་མིང་ལ་འཕོ་འགྱུར་བྱུང་ཡོད་དེ། དཔེར་ན། རྫོང་གི་མིང་ཆུས་ཞེས་པར་འཕོས་ནས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་དང་སྟག་རྩེ་རྫོང་ལ་སྟོད་ལུང་བདེ་ཆེན་ཆུས་དང་། སྟག་རྩེ་ཆུས་ཞེས་པ། ཆབ་མདོ་གྲོང་ཁྱེར་ཆབ་མདོ་རྫོང་ལ་ཁ་རུབ་ཆུས། ནག་ཆུ་གྲོང་ཁྱེར་ནག་ཆུ་རྫོང་ལ་གསེར་རྙེད་ཆུས། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་རྫོང་ལ་སྣེ་གདོང་ཆུས། ཉིང་ཁྲི་གྲོང་ཁྱེར་ཉིང་ཁྲི་རྫོང་ལ་བྲག་ཡིབ་ཆུས་ཞེས་པ་ལྟ་བུ་དང་། དེ་བཞིན་ཤང་ཁག་གཅིག་ཀྱང་ཟླ་སྒྲིལ་བཏང་ནས་ཤང་དང་གྲོང་རྡལ་གསར་པའི་ཁོངས་སུ་གཏོགས། དེས་ན་ས་མིང་གསར་པ་དེ་རིགས་རེ་རེ་བཞིན་ངོ་སྤྲོད་ཞུ་ཐབས་བྲལ།
བདུན། རྒྱ་ནག་ཡིག་ཚང་ནས་དྲངས་པའི་མི་མིང་དང་། ས་མིང་། ཁྲི་ལོ་སོགས་པ་ལ་དེ་བསྟུན་གུག་རྟགས་ནང་རྒྱ་ཡིག་བཀོད་ཡོད་པ་ལས་ཡིག་ཚང་གི་ཞིབ་པའི་དེབ་གྲངས་དང་། ལྡེབ་གྲངས། པར་མ་སོགས་གང་ཡིན་པ་ཞབས་མཆན་ལྟ་བུ་བཀོད་མེད།
བརྒྱད། དེབ་འདིའི་མཇུག་ཏུ་ཞར་བྱུང་གཉིས་ཡོད་དེ། ཞར་བྱུང་དང་པོ་ནི་ས་མིང་ནོར་བཅོས་ཀྱི་རེའུ་མིག་ཞིག་ཡིན། དེ་ནི་བདག་གི་ཤེས་བྱས་དཔོག་པའི་དེབ་ཐེར་ཁག་གི་ནང་ནས་རྩྭ་རྩེས་བླངས་པའི་ཆུ་ཐིགས་ཙམ་ཡིན་ཏེ། རེའུ་མིག་དེའི་ནང་ས་མིང་ཡང་དག་པ་དང་། ཡིག་ནོར། ཡིག་ནོར་ཡོང་ཁུངས་ཞེས་གསུམ་དུ་ཕྱེ་ཡོད་པ་ལས། ཡང་དག་པ་ཞེས་པའི་རྩ་དོན་ནི་གཙོ་བོ་གསུམ་ཡིན་ཏེ། གཅིག་ནི་ཏུན་ཧོང་བོད་ཀྱི་ལོ་རྒྱུས་གནའ་ཡིག་དང་། ཤིང་ཅང་ནས་རྙེད་པའི་ཁྲམ་ཤིང་ཡི་གེ སྤུ་རྒྱལ་རྡོ་རིང་ཡི་གེ་བཅས་ལ་གཞི་བྱས་པའི་ཡུལ་མིང་ཡིན་པ་དང་། གཉིས་ནི་ཚད་ལྡན་གྱི་ཆོས་འབྱུང་དང་། རྒྱལ་རབས། རྣམ་ཐར་ནང་གསལ་བའི་དུས་སྔ་ལ་ཁྱབ་གདལ་ཆེ་བ་ཡོངས་གྲགས་ཡིན་པའི་ས་མིང་དང་ཡུལ་མིང་རིགས་ཡིན་པ། གསུམ་ནི་སྤུ་རྒྱལ་དུས་ནས་ཕྱིས་སུ་རང་སོར་གནས་པའི་ཡུལ་མིང་དོགས་སློང་མེད་པའི་རིགས་བཅས་སོ། ཡིག་ནོར་གྱི་ཡོང་ཁུངས་ཞེས་པའང་གཙོ་ཆེར་གསུམ་ཡིན་ཏེ། གཅིག་ནི་༡༩༦༠ལོ་ཚུན་ཆད་དཔེ་སྐྲུན་བྱས་པའི་འཕྲུལ་པར་དེབ་ཐེར་ལས་བྱུང་བའི་ས་མིང་ངམ་ཡུལ་མིང་ནོར་བ། གཉིས་ནི་དེབ་ཐེར་མ་དཔེའི་ཡིག་སྐྱོན་ཡིན་པར་སྣང་བ། གསུམ་ནི་དེང་གི་གཞུང་ཡིག་ཐོག་གསལ་བའི་ས་མིང་ངམ་ཡུལ་མིང་ནོར་བ་བཅས་སོ། །ཞར་བྱུང་གཉིས་པ་ནི་ས་མིང་ངམ་ཡུལ་མིང་ཞིག་གི་སྔ་ཕྱིའི་འབྲི་སྲོལ་མི་འདྲ་བ་དང་། ཡང་ན་གང་རུང་འབྲི་ཆོག་པའི་རེའུ་མིག་སྟབས་བདེ་ཞིག་ཡིན་ཏེ། སྔར་བྱ་བ་ནི་རྩ་བའི་ཆ་ནས་སྤུ་རྒྱལ་དུས་ཀྱི་ཡིག་སྲོལ་ཡིན་པ་དང་། ཕྱི་ཞེས་པ་ནི་བསྟན་པ་ཕྱི་དར་དུས་ནས་དར་ཁྱབ་ཕྱིན་པའི་འབྲི་སྲོལ་ཡིན། ཡིག་སྲོལ་དེ་གཉིས་ལ་དག་མིན་གྱི་དཔྱད་པ་མེད་ཀྱང་བདག་གིས་བལྟས་ན་ཕྱིས་ཀྱི་ས་མིང་ཁག་གཅིག་ནི་མ་དག་རྒྱུན་འབྱམས་སུ་སོང་བའི་ཡི་གེ་ཡིན་པར་མཐོང་། གང་རུང་འབྲི་ཆོག་ཅེས་པ་ལ་རིགས་གཉིས་ཡོད་དེ། གཅིག་ནི་སྤུ་རྒྱལ་དུས་སུ་གང་རུང་འབྲི་ཆོག་པ་སྟེ། དཔེར་ན། ཡར་ལུང་དང་ཡར་ལུངས། ཏ་ཆིག་དང་ཏ་ཞིག པྱིང་བ་དང་ཕྱིང་བ་ལྟ་བུ་ཡིན་པ། གཉིས་ནི་བསྟན་པ་ཕྱི་དར་རྗེས་སུ་གང་རུང་འབྲི་ཆོག་པ་སྟེ། མཐོ་ལིང་དང་མཐོ་ལྡིང་། མདའ་མཁར་དང་མདའ་པ། ལྡན་མ་དང་འདན་མ་ལྟ་བུའོ། །
དགུ། དེབ་འདི་རྩོམ་འབྲི་བྱེད་པའི་བརྒྱུད་རིམ་ནང་དགའ་སྤགས་ཚེ་རིང་དཔལ་འབྱོར་དང་། བྲག་གཡབ་བློ་བཟང་བུ་ཁྲིད། པད་གཞུང་ཟླ་བ་ཆུང་བདག སྲད་པ་སྐལ་དབང་། ཆུ་འབི་ཟླ་བ་ཚེ་རིང་། ཞབས་ཤར་ཟླ་བ་ཚེ་རིང་། རྣར་ཚེ་རྡོར། དགེ་རུ་པ་སངས་ནོར་བུ། སྤོ་ཡུལ་བ་བསྟན་འཛིན། ངོར་དགོན་དགེ་སློང་དར་རྒྱས། འུ་ཡུག་མང་ར་བ་རྡོ་རྗེ་ལ་སོགས་པའི་མཁྱེན་པའི་བདག་པོར་བཀའ་འདྲི་ཡང་དུ་ཞུ་བའི་གོ་སྐབས་བྱུང་བ་དང་། དྭགས་པོ་བ་བཀྲ་ཤིས། པད་གཞུང་ཟླ་བ་ཆུང་བདག ཨེ་པ་ཕུར་བཀྲ་བཅས་ནས་ཞུ་དག་ལྷུར་ལེན་གནང་ཞིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་འགན་འཁུར་བ་པ་སངས་དབང་ཆེན་ནས་དེབ་འདིའི་སྔ་བར་ཕྱི་གསུམ་གྱི་རྩོམ་སྒྲིག་དང་། པར་གཞི་སྒྲིག་བཟོ། ཞུ་དག་ལ་སོགས་པའི་ཐད་རང་ནུས་ཡོད་རྒུ་བཏོན་ཞིང་། དོགས་གནད་ཡོད་རིགས་ལ་དུས་ཐོག་ཏུ་བསམ་འཆར་བརྗེ་རེས་གནང་བྱུང་བས། འདིར་ཁོང་རྣམ་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལར་ལོ་རྒྱུས་ས་མིང་ཞིབ་འཇུག་གི་ལས་དེ་ཅི་ནས་དཀའ་རྙོག་ཆེ་བ་ཞིག་ཡིན་པ་གོར་མ་ཆག་ཅིང་། ངེད་ནི་ཆུང་བྱིས་པའི་དུས་ནས་བོད་རྒྱ་ཡིག་རིགས་ཀྱི་ལོ་རྒྱུས་དཔེ་ཀློག་ལ་དགའ་ཞེན་ཡོད་པས་དེའི་བག་ཆགས་སྟོབས་ཀྱིས་ནར་སོན་རྗེས་རང་སྦྱོང་གི་ལམ་ནས་གནའ་བོའི་ལོ་རྒྱུས་ལ་ཉམས་ཞིབ་བྱེད་པའི་ལས་ཀ་འདི་ལྷུར་ལེན་བགྱིས་པའི་སྐལ་བ་ཐོབ། འོན་ཀྱང་ཡི་གེ་བལྟས་པ་ཙམ་གྱིས་ཚེགས་མེད་དུ་ངེས་ཤེས་བསྐྱེད་པའི་ཤེས་རབ་ཀྱི་བློ་གྲོས་ནི་བདག་ལ་དེ་ཙམ་མེད་དེ། ལོ་རྒྱུས་ས་མིང་ཞིབ་འཇུག་གི་ཤེས་བྱའི་འཇུག་སྒོ་གཅིག་པུ་ནི་མི་ལོ་བཞི་བཅུ་ཙམ་རིང་བརྩོན་སེམས་ལྷོད་མེད་ཞུས་པ་དེ་ཡིན་སྙམ།
ད་ལན་དེབ་ཐེར་འདི་ལྟ་བུ་ཞིག་རྩོམ་པའི་སྐུལ་སློང་ནི་བར་ལམ་རྒྱལ་ཕྱི་ནང་གི་ལས་རིགས་གཅིག་པ་ཡིན་པའི་མཁས་དབང་ངོ་ཤེས་དང་། ལས་གྲོགས། སློབ་བུ་སོགས་ནས་ལོ་རྒྱུས་ས་མིང་སྐོར་གྱི་དེབ་ཐེར་ཞིག་གསར་རྩོམ་དགོས་པའི་སྐུལ་མ་ཡང་ཡང་གནང་བྱུང་བ་དེ་དང་བདག་གི་ལོ་མང་ལོ་རྒྱུས་ས་མིང་ཞིབ་འཇུག་གི་འབྲས་བུ་ཆུད་ཟོས་སུ་མི་འགྲོ་བའི་འདུན་པ་དྲག་པོ་ཡོད་པ་གཉིས་ཡོངས་སུ་མཐུན་པར་བྱུང་།
དེས་ན་བདག་གིས་བརྩམས་ཆོས་འདི་ལ་གང་ཞིག་བརྗོད་པའི་ངག་སྙན་ཞིང་སྣ་བར་འཇེབས་པ་དང་། བརྗིད་ལ་སྣོན་དང་ལྡན་པ་ལྟ་བུའི་སྤོབས་པ་དང་རློམ་ཚོད་ནི་མེད། འོན་ཀྱང་། ལུང་མེད་གཏམ་གཞུང་རིང་བ་དང་། དཔེ་དང་དོན་མ་མཚུངས་པའི་རིགས་ལས་གཡོལ་ཏེ་བདེན་ལ་ངེས་ཤེས་སྐྱེས་པའི་ཕྱོགས་སུ་ཅི་ཐུབ་ཀྱིས་བརྩོན་ལེན་བགྱིས་ཁུལ་ཞུས་ཡོད། དེ་ལྟར་དེབ་ཐེར་འདིའི་དགེ་བའི་ཤེས་རབ་ཀྱིས་སྤྱིར་བོད་ཀྱི་ཤེས་རིག་དར་རྒྱས་ཡོང་བ་དང་། སྒོས་སུ་ལོ་རྒྱུས་དོན་གཉེར་ཅན་ཀུན་དང་བློ་མིག་མཆོག་དང་ལྡན་པའི་གཞོན་སྐྱེས་ཕྱི་རབས་པའི་བློ་ཡི་གང་བུ་སྐོང་བྱེད་ཀྱི་ཕན་པའི་རྒྱུར་གྱུར་ཅིག་གུ་ཞེས་རེ་སྨོན་དུ་གསོལ་ལོ། །
སྨྲས་པ།
ཤེས་རིག་དཔྱད་གསུམ་རྒྱུ་སྐར་བྱེ་བའི་དབུས། །བོད་ཀྱི་ཞིབ་འཇུག་རི་བོང་འཛིན་པའི་འཛུམ། །བགྲང་བྱ་བཞི་བཅུའི་འབྲས་བཟང་ཀུནྡའི་ཚལ། །ཡོངས་སུ་བཀྲ་བས་བདག་ཡིད་སྤྲོ་བ་འཕེལ། །
སྔོན་བྱོན་མཁས་པས་བསྡེབས་པའི་ཡིག་ཚང་དག །ཀུན་ནས་རིན་ཆེན་དང་པོའི་ཐང་དང་མཚུངས། །ཚིག་གི་ནོར་བུའི་དོ་ཤལ་ཡི་གེའི་ཕྲེང་། །ཐམས་ཅད་བདག་བློའི་གཞལ་བྱ་ཅི་ལ་ཡིན། །
འོན་ཀྱང་མཁས་པའི་གསུང་གི་བདུད་རྩི་ཡི། །ཚད་ལྡན་ཡི་གེའི་ལུགས་ཀྱི་རྗེས་འབྲངས་ནས། །ཆུ་གཏེར་ཆེ་ལས་ཟེགས་མའི་ཐོར་བུ་ཙམ། །བདག་བློ་དག་གཙང་བུམ་པས་བླངས་བར་སྤྲོ། །
དེས་ན་དཔྱད་གསུམ་ཚིག་གི་ཐལ་གྱུར་འདི། །ཕྱོགས་འཛིན་དུག་ཆུས་བསླད་པར་མི་བྱ་སྟེ། །དད་པའི་འཁུན་བུ་སློང་བའི་སྒྲུང་གཏམ་དང་། །གཅམ་ཚིག་སྤངས་ཏེ་དྲང་པོའི་ལམ་དུ་ཞུགས། །
འདི་དོན་མཐོང་ཐོས་དྲན་པའི་སྐྱེ་བོ་ཀུན། །བདག་གི་ལྷག་བསམ་དག་པའི་སྨོན་ལམ་གྱིས། །རྣམ་དཔྱོད་བློ་ཡི་རྩལ་ལག་ཆེར་རྒྱས་ནས། །བོད་ཀྱི་ཤེས་རིག་དར་བའི་རྒྱུར་གྱུར་ཅིག །
པ་ཚབ་པ་སངས་དབང་འདུས་ཀྱིས་ལྷ་ལྡན་རང་ཤག་རིན་ཆེན་དཔེ་ཁང་དུ་ཡི་གེར་སྦྱར་བ་དགེའོ།བོད་རབ་བྱུང་བཅུ་བདུན་པའི་ཆུ་སྟག་ཟླ་བ་བཅུ་གཅིག་པའི་ཚེས་གཉིས་དང་སྤྱི་ལོ་༢༠༢༢ལོའི་ཟླ་བ་༡༢ཚེས་༢༥ཉིན།
རྩོམ་སྒྲིག་འགན་འཁུར་བའི་ཞུ་མཆིད། ལོ་རྒྱུས་ས་མིང་བརྡ་འགྲེལ་ཞེས་པ་འདི་ནི་མཁས་པའི་དབང་པོ་པ་ཚབ་པ་སངས་དབང་འདུས་ལགས་ནས་ལོ་ངོ་བཞི་བཅུ་ལྷག་ཙམ་རིང་ཉིན་གཅིག་ལ་དཔེ་བཞག་པ་ལྟར་བོད་ཀྱི་གནའ་རབས་ལོ་རྒྱུས་དང་། རྡོ་རིང་ཡི་གེ། བང་སོ། ཡིག་རྙིང་། ལོ་རྒྱུས་ས་མིང་སོགས་ལ་ཞིབ་འཇུག་གནང་བའི་བརྒྱུད་རིམ་ནང་མིང་ཚིག་རེ་རེ་བྱས་ཏེ་བསགས་བསགས་གྲུང་གྲུང་གནང་བའི་འབྲས་བུ་ཞིག་ལགས།
བརྩམས་ཆོས་འདིའི་ནང་མཁས་དབང་མཆོག་ནས་ཏུན་ཧོང་བོད་ཀྱི་ལོ་རྒྱུས་གནའ་ཡིག་དང་། ཤིང་ཅང་ནས་རྙེད་པའི་སྤུ་རྒྱལ་དུས་ཀྱི་ཁྲམ་ཤིང་ཡི་གེ། གནའ་བོའི་ཆོས་འབྱུང་རྒྱལ་རབས། བོན་གྱི་དཔེ་རྙིང་ལ་སོགས་གཞི་བྱས་ཏེ་ལོ་རྒྱུས་ཡིག་རིགས་ནང་འཁོད་པའི་ས་མིང་དག་བོད་ཡིག་གི་ཀ་ཁའི་གོ་རིམ་ཇི་བཞིན་བསྟར་དུ་བསྒྲིགས་གནང་བ་དང་། ས་མིང་གི་བརྡ་འགྲེལ་སོ་སོའི་ནང་དུ་དེ་དག་གི་འབྱུང་ཁུངས་དང་། ལོ་རྒྱུས་ཀྱི་འཕེལ་འགྱུར། དེང་གི་གནས་ཡུལ་བཅས་ཁ་གསལ་ཞིབ་ཕྲའི་ངང་ངོ་སྤྲོད་གནང་ཡོད། གཞན་ཡང་བརྩམས་ཆོས་འདིའི་ཞར་བྱུང་ནང་དོན་དུ་ཆོས་འབྱུང་ལོ་རྒྱུས་དེབ་ཐེར་འགའ་ཞིག་ནང་ས་མིང་འབྲི་སྟངས་ནོར་འཛོལ་ཤོར་རིགས་ལ་ས་མིང་ཡང་དག་པ་དང་། ནོར་འཛོལ་གྱི་འབྲི་སྲོལ། ཡིག་ནོར་འབྱུང་སའི་དེབ་ཐེར་གྱི་མཚན་བྱང་། དེ་བཞིན་ས་མིང་འབྱུང་སྔ་ཕྱི་འབྲི་སྲོལ་མི་འདྲ་བ་དང་གང་རུང་འབྲི་ཆོག་པ་བཅས་རེའུ་མིག་ལམ་ནས་ཁ་གསལ་གོ་བདེར་བཀོད་ཡོད་པ་དེ་དག་གིས་བོད་ཀྱི་ལོ་རྒྱུས་ཡིག་རིགས་ནང་གསལ་བའི་ས་མིང་ཡུལ་མིང་ལ་ཤེས་རྟོགས་བྱེད་པ་དང་། ཞིབ་འཇུག་གི་ལས་ལ་འཇུག་མཁན་ཚོར་རིན་བྲལ་དཔྱད་གཞི་དཔེ་མི་སྲིད་པ་ཞིག་མཁོ་འདོན་གནང་འདུག་ལ། མུན་སེལ་སྒྲོན་མེ་ལྟ་བུའི་བྱེད་ནུས་གལ་ཆེན་ཞིག་ཐོན་རྒྱུ་གོར་མི་ཆག་གོ །
ངེད་ཚོས་རྩོམ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་འཕྲད་པའི་དོགས་སློང་གི་ཆ་རྣམས་མཁས་པའི་དབང་པོ་ཁོང་ལ་བཀའ་འདྲི་ཞུས་ནས་ལོག་རྟོག་གི་ཆ་སེལ་བ་དང་། བརྗོད་བྱ་རྗོད་བྱེད་ཐད་ཀྱང་གང་འགབ་ཏུ་བཅོས་ཏེ་ལྷུ་ཚིགས་ཧྲིལ་པོར་ཞིབ་ནན་གྱིས་ལྟ་བསྡུར་ཞུས་ཡོད་མོད། འོན་ཏེ་ད་དུང་ཡང་མ་རྟོགས་ལོག་རྟོག་གི་སྐྱོན་ཆ་མི་ཉུང་བ་ཞིག་མཆིས་སྲིད་པས། ནོངས་པའི་ཆར་རྒྱ་ཆེའི་ཀློག་པ་པོས་རྩ་ཆེའི་བཀའ་སློབ་དང་བླང་དོར་ཡོད་པ་ཞུའོ། །རྩོམ་སྒྲིག་འགན་འཁུར་བས། ༢༠༢༣ལོའི་ཟླ་༥ཚེས་༡༨ཉིན།