བོད་ལྗོངས་ལྷོ་ཁ་གྲྭ་ནང་རྫོང་གི་ཁུལ་ཡར་ཀླུང་གཙང་པོའི་བྱང་འགྲམ་དུ་གནས་པའི་བསམ་ཡས་གཙུག་ལག་ཁང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ།༼སྤྱི་ལོ༧༤༠༽ལ་བོད་རྒྱལ་གདུང་རབས་སོ་བརྒྱད་པ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཡོན་སྦྱར་ནས་ཟ་ཧོར༼ བྷངྒ་ལ་སྡེ་བཞི༽རྒྱལ་བོ་གོ་མ་དེ་བྱིའི་སྲས་འདུལ་བ་འཛིན་པ་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས་གཉིས་གདན་དྲངས་ཏེ་མཁན་སློབ་ཆོས་གསུམ་གྱི་མཛད་ཐབས་ལ་བརྟེན་ནས་རྒྱ་གར་ཨོ་ཏནྟ་པཱུ་རའི་གཙུག་ལག་ཁང་པ་དཔེ་མཛད་དེ་འདུལ་བའི་ལུགས་སུ་གཙུག་ལག་ཁང་དང་།མདོ་སྡེའི་ལུགས་སུ་དཀྱིལ་འཁོར་ཆེན་པོའི་ཚུལ། མངོན་པའི་ལུགས་སུ་རི་རབ་གླིང་བཞི་ཉི་ཟླས་བརྒྱད་པ་དང་བཅས་བཞེངས་པར་མཛད་ཅིང་། གནའ་རབས་ཀྱི་འཛུགས་སྐྲུན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ངོ་མཚར་ལྡན་ཞིང་རྒྱ་གར་རྡོ་རྗེ་གདན་དང་ཆོས་མཚུངས་པའི་བོད་ཀྱི་དགོན་པ་དང་པོ་ཡིན་ལ་ད་བར་ལོ་ངོ་ ༡༢༥༠ ལྷག་ཙམ་ཕྱིན་པའི་བསིལ་ལྡན་ཁ་བའི་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པའི་ཆུ་མགོ་དགེ་འདུན་གྱི་སྡེ་ཡི་ཐོག་མ། རྒྱ་གར་འཕགས་པའི་ཡུལ་གྱི་བཀའ་བསྟན་བོད་ལ་བསྒྱུར་ས། འཕགས་བོད་མཁས་གྲུབ་དུ་མས་ཞབས་ཀྱིས་བཅགས་པའི་གདན་ས་། བསྟན་པ་ཕྱི་དར་དུས་ལའང་བྷོ་ཌའི་ལྗོངས་ཀྱི་དཔལ་ལྡན་ས་སྐྱ་པ་དང་།བཀའ་བརྒྱུད་། དགེ་ལུགས་བཅས་ཀྱི་ཆོས་སྲིད་གཉིས་ལྡན་བསྟན་བདག་རྣམས་ཀྱིས་ཉམས་གསོ་དང་། འཛུགས་སྐྲུན་གནང་ནས་ནང་པའི་གྲུབ་མཐའ་ཁག་གི་གཞི་རྟེན་བཙུགས་པ་སོགས་གྲུབ་མཐའ་རིས་མེད་ཀྱི་གདན་ས་ཁྱད་པར་ཅན་ཡིན་པར་མ་ཟད།མདོ་སྔགས་ཐུན་མོང་མ་ཡིན་པའི་ནང་པའི་ཆོས་ལུགས་དང་སྒྲ་དང་ཚད་མ། བཟོ་དང་གསོ་བ་དང་། ན་དང་རྩིས།སྙན་ངག་དང་སྡེབ་སྦྱོར། མངོན་བརྗོད་སོགས་ཐུན་མོང་གི་རིག་གནས་ལ་སོགས་པ་མདོར་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གནས་ཀུན་གྱི་འབྱུང་ཁུངས་གནས་ཆེན་ཁྱད་པར་ཅན་འདི་ཡིན་ཞིང་། བཟོ་བཀོད་ཡང་གཙུག་ལག་ཁང་གི་དབུ་རྩེ་རིགས་གསུམ་སྟེ་འོག་ཁང་ལྷ་དང་བཅས་པའི་བཟོ་དབྱིབས་བོད་ལུགས་དང་། བར་ཁང་བཟོ་དབྱིབས་རྒྱ་ནག་ལུགས། སྟེང་ཁང་བཟོ་དབྱིབས་རྒྱ་གར་ལུགས་དང་བཅས་རྒྱ་བོད་འཕགས་ཡུལ་གྱི་འཛུགས་སྐྲུན་ངོ་མཚར་ཁྱད་ཆོས་ལྡན་ཡོད་ཅིང་དེའི་གཡས་གཡོན་དུ་གླིང་བཞི་གླིང་ཕྲན་ཉི་ཟླ་སོགས་ཀྱི་ལྷ་ཁང་ཡོད་ལ།ཕྱོགས་བཞིར་ངོ་མཚར་མཆོད་རྟེན་ཆུང་བ་ ༡༠༢༨ ཕྱི་རོལ་དུ་བཙུན་མོས་བཞེངས་པའི་ཁམས་གསུམ་ཟངས་ཁང་གླིང་༼ཞིག་རྭའི་འབྲུ་ཁང་དང་༽ དགེ་རྒྱས་ལི་མ་གླིང་།༼ རྩ་གཏོར་ཕྱིན་པ༽ དབུ་ཚལ་གསེར་ཁང་གླིང་། ༼ད་ལྟ་ཤང་གི་སློབ་ཆུང་༽བཅས་དང་། བཙུག་ལག་ཁང་གི་ཤར་ལྷོའི་མཚམས་ངོས་སུ་བོད་ཀྱི་རི་ཆེན་བཞིའི་ཡ་གྱལ་ཧས་པོ་རི། དེའི་རྒྱབ་ངོས་ལ་མཁན་ཆེན་ཞི་བ་འཚོའི་སྐུ་གདུང་མཆོད་རྟེན་དང་སྐར་ཆུང་ལྷ་ཁང་། གཙུག་ལག་ཁང་གི་བྱང་ངོས་སུ་ཚེ་སྒྲུབ་གནས་གཡའ་མ་ལུང་དང་། བྱང་ཤར་མཚམས་ལ་དབེན་པའི་རི་ཁྲོད་མཆིམས་ཕུ། གཙུག་ལག་ཁང་གི་གཡས་གཡོན་དུ་གླིང་བཞི་གླིང་ཕྲན་ནང་མ་ཚུད་པའི་རྫོགས་ཆེན་ལྷ་ཁང་དང་། ངོ་མཚར་ཐུབ་ཆེན་གླིང་། རྫོགས་ཆེན་འཁོར་ཆེན་མ་ཎི་ལྷ་ཁང་སོགས་མདོར་ན་གཙུག་ལག་ཁང་དེ་རྣམས་ལ་རིག་དངོས་མང་ལ་བྱིན་རླབས་ཆེ་བ། གང་སར་ནང་དོན་ཕུན་སུམ་ཚོགས་ལ་ལོ་རྒྱུས་ཀྱི་ལྡེབས་རིས་དང་ཐང་ག་བརྐོས་རིས་རྒྱུ་རྩལ་སོགས་རྩ་ཆེན་རིན་བྲལ་དངོས་རྫས་ཀྱིས་ཁེངས་བཞིན་ཁྲི་གདུགས་འོག་ན་འགྲན་ཟླ་མ་མཆིས་པའི་བོད་ཀྱི་ཆོས་འཁོར་རྣམ་པ་གསུམ་གྱི་ཡ་གྱལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་། ༼ མིང་གཞན་ལུགས་གསུམ་མི་འགྱུར་ལྷུན་གྲུབ་གཙུག་ལག་ཁང་ངམ་བསམ་ཡས་རབ་བྱུང་གྲྭ་ཚང་།༽ ཞེས་སྙན་པའི་བ་དན་འཇིག་རྟེན་ཀུན་ཏུ་གྲགས་བཞིན་འགྱིང་ངེར་གནས་ལ་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཞིག་ཀྱང་ཡིན།