དབུས་གཙང་ལོ་རྒྱུས་ཆེན་མོ་རྩོམ་འབྲི་བྱེད་པའི་སྔ་ཕྱི་བར་གསུམ་གྱི་བརྒྱུད་རིམ་ནང་འབྲེལ་ཐོགས་མཐོང་ཐོས་བྱུང་བའི་ཟིན་ཐོ་པད་དཀར་ཆུན་པོ།

དབུས་གཙང་ལོ་རྒྱུས་ཆེན་མོ་རྩོམ་འབྲི་བྱེད་པའི་སྔ་ཕྱི་བར་གསུམ་གྱི་བརྒྱུད་རིམ་ནང་འབྲེལ་ཐོགས་མཐོང་ཐོས་བྱུང་བའི་ཟིན་ཐོ་པད་དཀར་ཆུན་པོ།

ལོ་རྒྱུས་འཆར་འགོད་ཀྱི་བརྒྱུད་རིམ།

 

ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་བརྒྱད་པའི་ནང་ཡིན་པ་ཡོད། ཉིན་ཞིག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བགྲེས་པ་གཙང་ཕྲུག་སྟོབས་ལགས་ཀྱིས་ཞལ་པར་ཐོག་ནས་ཕེབས་དོན། དུས་ཚོད་ཡོད་ན་ཐུག་ཙམ་བྱས་ཏེ་ཉིན་གུང་ཞལ་ལག་ཅིག་མཉམ་དུ་མཆོད་ན་ཞེས་གསུངས་བྱུང། དེ་ཉིན་ཕལ་ཆེར་རེས་གཟའ་ཉི་མའི་གུང་སེང་ཡིན། ངས་ཀྱང་དེ་ག་རང་ཞུས་ཆོག་ཅེས་ལན་ཕུལ་ཏེ་དུས་བཅད་ལྟར་མེག་ལོར་ཁྲོམ་གཞུང་གི་ཟ་ཁང་ཞིག་ལ་འཛོམས་པ་ཡིན། ཁོང་གིས་ཟ་འཐུང་དང་ལྷན་དུ་སྐད་ཆའི་འཕྲོས་དོན་ཞིག་ལ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་བཀའ་འབྲེལ་ཐོག་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཕྱག་བྲིས་གནང་འབྱོར་ནང་གསལ། འདི་ནས་རྒྱུ་གྲོན་ནར་གཏོང་ཐོག་ཆོལ་གསུམ་ལོ་རྒྱུས་རྩོམ་འབྲི་བྱ་འཆར་ལ། ཆོལ་ཁ་གཞན་གཉིས་ཀྱི་ལོ་རྒྱུས་རྩོམ་འབྲིའི་འགན་བཞེས་མི་སྣ་ཐུགས་གཏན་འཁེལ་ཟིན་ངོས། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ལོ་རྒྱུས་རྩོམ་འབྲིའི་ཐུགས་འགན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་མཆོག་ནས་བཞེས་གནང་ཐོག  ལོ་རྒྱུས་རྩོམ་སྒྲིག་པ་སུ་འོས་དེ་ནས་ཐག་གཅོད་བསྐོ་གཞག་གནང་དགོས་སྐོར་ཕེབས་ཤིང་། རྒན་འཇམ་དཔལ་གྲགས་པ་ལགས་ནས་ཁོང་རང་ལ་དེའི་འགན་འཁུར་དགོས་ཀྱི་བཀའ་གནང་ཞིང་། ལས་རོགས་སུ་དགོས་རང་ཉིད་ནས་འདེམས་སྒྲུག་བྱེད་དགོས་པ་དང་། དགའ་ལྡན་ཕོ་བྲང་གི་བཀའ་འབྲེལ་ལྟར་དེའི་ཐད་ས་རཱ་མཐོ་སློབ་ཡིག་ཚང་ནས་མཐུན་འགྱུར་གང་དགོས་ཞུ་འཐུས། ཞེས་གསུང་གི་འདུག་པས་ལས་དོན་དེ་གལ་འགངས་ཤིན་ཏུ་ཆེ་བར་མ་ཟད།

གཞི་རྒྱ་ཧ་ཅང་ཆེ་བར་བརྟེན་འགན་བློས་མི་བཟོད་པ་ལྟ་བུ་ཞིག་འདུག་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལམ་སྟོན་དང་འབྲེལ་བ་ཞིག་ཡིན་པར་སོང་མིན་ཡང་ཞུ་ནུས་བྲལ་བ་ཞིག་ཏུ་མཐོང་སྟེ་འགན་ཁུར་བླངས་དགོས་བྱུང་བས། ལས་དོན་དེའི་ཐད་མཉམ་རོགས་དགོས་པའི་བསམ་ཚུལ་སྟོན་གནང་བྱུང་། གུས་པ་རང་ཉིད་ལ་མཚོན་ན་སྤྱིར་ཤེས་བྱ་ཡོན་ཏན་དམན་ཞིང་། ལྷག་པར་ལོ་རྒྱུས་ཀྱི་སྐྱེས་སྦྱངས་དེ་བས་དམན་པར་སོང་ཐུགས་ཕན་གསོས་པའི་རེ་བ་རྩ་བྲལ་ལྟ་བུ་ཞིག་ཡིན་པར་མ་ཟད། དེ་སྐབས་རང་ཉིད་ལས་གནས་ཤིག་ལ་ཡོད་ཁུལ་དུ་སོང་གཤིས། ལས་བྱེད་ཀྱི་སྒྲིག་དོན་ལྟར་རྩོམ་སྒྲིག་ལས་རོགས་ལྟ་བུའི་ཞབས་འདེགས་རྐང་ཞུ་མི་ཐུབ་ཀྱང་། རིག་གཞུང་གྲོགས་པོའི་ལ་རྒྱ་མཚོན་ཕྱིར་ཙག་ཙིག་མཉམ་འདེགས་དགོས་གལ་རིགས་གང་ལའང་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུའི་ཁས་ལེན་བྱས་པ་ཡིན།

ཡང་ཟླ་བ་གཅིག་གཉིས་ཀྱི་རྗེས་ཙམ་ཞིག་ལ་སློབ་དཔོན་སྟོབས་ལགས་ཀྱིས་ཞལ་པར་ཕེབས་ཏེ་དེ་རིང་དགོངས་དྲོ་རྡ་ཤོད་རྡོ་ལ་དཱར་(Dhauladhar)ཟ་ཁང་ནང་དབུས་གཙང་ལོ་རྒྱུས་རྩོམ་སྒྲིག་པ་དང་འབྲེལ་ཡོད་ཤེས་ཡོན་མཁྱེན་རྒྱ་ཟབ་པའི་མི་སྣ་འགའ་ཤས་གདན་ཞུ་བྱས་ཡོད་པས་ཁྱེད་རང་དུས་ཁོམ་ཡོད་ན་མཉམ་དུ་ཕེབས་ཤོག་ཅེས་བཀའ་གནང་སོང་། འོན་ཀྱང་དེའི་ཕྱི་དྲོ་གུས་པ་ཉེ་གྲོགས་ཤིག་གིས་སྔོན་ནས་སྐད་བཏང་བ་ལྟར་མ་འགྲོ་ཀ་མེད་ཡིན་པས། དེ་ཉིན་བཅར་མ་ཐུབ་པའི་དགོངས་སེལ་ཞུས་པ་ཡིན། དེ་དུས་གདན་ཞུས་མི་སྣ་གཙོ་གྲས་སུ་རྒན་ཆུང་ཚེ་རིང་ལགས་དང་། རྒན་ན་ག་སངས་རྒྱས་བསྟན་དར་ལགས། སྐུ་ཞབས་ཐུབ་བསྟན་ཡར་འཕེལ་ལགས། བཟང་པོ་ལགས། དགེ་བཤེས་ངག་རྣམ་ལགས། དེ་བཞིན་དབུས་གཙང་ལོ་རྒྱུས་རྩོམ་སྒྲིག་པ་རྣམ་པ་བཅས་ཁྱོན་མི་བརྒྱད་དགུ་ཙམ་ཞིག་གདན་ཞུས་ལྟར་ཕེབས་ཡོད་པ་འདྲ། དེ་དུས་དབུས་གཙང་ལོ་རྒྱུས་རྩོམ་སྒྲིག་པའི་ངོས་ནས་གོང་གསལ་ཤེས་ལྡན་མི་སྣ་རྣམ་པར་ལོ་རྒྱུས་རྩོམ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་འབྲེལ་ཡོད་རྒྱུས་མངའ་ལམ་སྟོན་གྱི་དགོངས་འཆར་ལྷུག་རྩོལ་ཡོང་བའི་རེ་བ་ཞུས་པ་ལྟར་ལྷན་རྒྱས་རྣམ་པའི་ངོས་ནས་ཀྱང་ཞལ་བཞེས་ཐོབ་ཡོད་འདུག འདི་ལྟར་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་མཐུན་འགྱུར་ནར་གཏོང་གནང་ཞིང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བགྲེས་པ་གཙང་ཕྲུག་སྟོབས་ལགས་ཀྱིས་ཐུགས་འགན་བཞེས་པའི་དབུ་གཙང་ལོ་རྒྱུས་རྩོམ་སྒྲིག་གི་ལས་འགོ་ཚུགས་སོང་།

ཡང་ཟླ་ཤས་རྗེས་ཀྱི་གཟའ་མཇུག་ཅིག་ལ་སློབ་དཔོན་སྟོབས་ལགས་ཀྱིས་ཞལ་པར་ཕེབས་དོན། དེ་རིང་ལས་དོན་ཞིག་དང་འབྲེལ་མེག་ལོར་ལ་སླེབས་ཡོད། དུས་ཚོད་ཡོད་ན་མེག་ལོར་གྱི་ཟ་ཁང་ག་གེ་མོར་གསོལ་ཇ་ཞིག་མཆོད་ན་གསུངས། ཕྲན་ནས་དེ་དོན་ཞུས་ཆོག་གི་ལན་ཕུལ་ཏེ་མེག་ལོར་ལ་བསྐྱོད། ཟ་ཁང་ནང་སླེབས་ནས་གང་ཙམ་རྗེས་ཁོང་གིས་རས་དཀྱུས་མའི་གསོལ་ཕད་སྔོན་པོ་དེའི་ནང་ནས་ཡིག་སྣོད་ཅིག་བཏོན་གནང་སྟེ། དབུས་གཙང་ལོ་རྒྱུས་སྤྱི་བཤད་ཀྱི་ས་བཅད་རག་ཟིན་ཞིག་གུས་པར་བསྟན་ཅིང་། དེ་གང་འདྲ་བྱུང་འདུག་ལྟ་ཙམ་བྱེད་དང་ཟེར། སྤྱིར་ལོ་རྒྱུས་ཀྱི་མཁྱེན་རྒྱའི་ཐད་ནས་ང་གཉིས་བར་ས་དང་གནམ་གྱི་ཁྱད་པར་ཡོད་པར་མ་ཟད། ཁོང་ནི་ལོ་རྒྱུས་ཆེད་མཁས་མི་སྣ་ཡིན་པས། རང་ངོས་ནས་འདི་ཐད་ཀྱི་བསམ་ཚུལ་ཅི་ཡང་ཞུ་སྤོབས་བྲལ་ནའང་ཁོང་གི་དགོངས་ཚུལ་ལྟར་ངས་ལམ་སེང་ལྟ་ཁུལ་བྱས། གང་ཙམ་ནས་སྐུ་ཞབས་ཐུབ་བསྟན་ཡར་འཕེལ་ལགས་ཀྱང་ཕེབས་སོང་བར་ས་བཅད་གཟིགས་ཞིབ་ཀྱིས་ལེགས་སོ་གནང་སོང་། ཕྲན་ནས་དབུས་གཙང་ལོ་རྒྱུས་སྤྱི་བཤད་ཀྱི་ས་བཅད་རག་ཟིན་ལ་བལྟས་རྗེས་བསམ་པ་དང་དགོངས་པའི་སྐད་ཆ་ཤོད་རྒྱུར་མགྲིན་པ་དོག་འཚིར་དུ་གྱུར་ཅིང་། ས་བཅད་འདི་ལྟའི་ཐོག་ནས་ལོ་རྒྱུས་རྩོམ་སྒྲིག་ཞིབ་འཇུག་བྱས་ན་༸རྒྱལ་བའི་ཐུགས་དགོངས་ངེས་འགྲུབ་གཏན་འཁེལ་ལྟ་བུའི་མཐོང་ཚུལ་བཅོས་མིན་བྱུང་བས་དེ་དོན་ཁོང་ལ་ཞུས་པ་ཡིན། རང་ཉིད་༸སྐུའི་ཞབས་འོག་ཏུ་ལས་ཞབས་ཅུང་ཟད་ཞུས་པའི་མྱོང་སྣང་ལྟར་བྱས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་མཇལ་བཅར་བ་མང་པོར་དུས་རྟག་ཏུ་སྤྱི་སྒེར་གྱི་མཐོང་ཐོས་བྱུང་བའི་ལོ་རྒྱུས་འབྲི་དགོས་པ་དང་། དེ་ཡང་དེང་རབས་ཀྱི་ལོ་རྒྱུས་ཞིབ་འཇུག་པའི་གྲལ་ལམ་ནས་མི་ཆོས་དངོས་སྣང་གཙོ་འཛིན་གྱིས་རྩོམ་སྒྲིག་བྱ་གལ་ལམ་སྟོན་ནན་ཆགས་སུ་ཕེབས་པ་མཇལ་ཞིང་། སྐབས་ཤིག་མཇལ་ཁར་ཚོགས་པ་ག་གེ་མོས་རྩོམ་སྒྲིག་བྱས་པའི་ཚོགས་པའི་ལོ་རྒྱུས་ལྟ་བུ་དེབ་ཕུད་ཀྱི་ཤོག་ངོས་ཤིག་ཏུ་བོད་སྤྱིའི་ལོ་རྒྱུས་མདོར་བསྡུས་ཤིག་བྲིས་པ་དེར་སྤྱན་གཟིགས་གནང་སྟེ་ཕེབས་སྒོར། འདིར་བོད་ཀྱི་ལོ་རྒྱུས་ཐུང་ཐུང་ཞིག་བྲིས་འདུག་ཅིང་། འདིའི་སྒྲུབ་བྱེད་འགོད་སྟངས་དང་དཔྱད་པ་བྱེད་སྟངས་དེང་རབས་དང་མཐུན་པའི་དངོས་སྣང་གལ་འཛིན་གང་ལེགས་བྱུང་འདུག འདི་སུས་བྲིས་པ་རེད་དམ་ཞེས་བཀའ་རྩད་ཕེབས་པ་ཡང་དངོས་སུ་མཇལ་མྱོང་ཡོད་པས། ༸གོང་ས་ཆེན་པོས་མི་རབས་གསར་པ་ཚོས་དེང་རབས་ལོ་རྒྱུས་ཞིབ་འཇུག་པའི་གནས་ཚད་དང་མཐུན་པའི་ལོ་རྒྱུས་རྩོམ་འབྲི་བྱེད་མཁན་བྱུང་ན་དགོངས་པའི་ཐུགས་རེ་ཆེན་པོ་གནང་བཞིན་ཡོད་པ་ལྟར། དབུས་གཙང་ལོ་རྒྱུས་སྤྱི་བཤད་ཀྱི་ས་བཅད་མཐོང་ཙམ་ནས་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞིག་སྤྲོ་ཐུབ་པའི་རེ་བ་ཆེན་པོ་བྱུང་།

 

ལོ་རྒྱུས་རྩོམ་སྒྲིག་གི་བརྒྱུད་རིམ།

 

དབུས་གཙང་ལོ་རྒྱུས་ཆེན་མོ་སྟོད་སྨད་བར་གསུམ་གྱི་རྩོམ་འབྲིའི་རྒྱུད་རིམ་ནང་གཙོ་འགན་རྩོམ་སྒྲིག་པ་སློབ་དཔོན་སྟོབས་ལགས་ནས་ཐོག་མར་དབུས་གཙང་ལོ་རྒྱུས་སྤྱི་བཤད་དེབ་དང་པོ་སྟོད་ཆའི་རྩོམ་འབྲི་ཞིབ་འཇུག་གི་ཐུགས་འགན་གཙང་བཞེས་གནང་ཡོད་འདུག་ཅིང་། ཝཱར་ཎ་གཙུག་ལག་སློབ་གྲྭའི་ཨ་ཅརྱ་ལྷ་སྒང་ཆོས་གྲགས་ལགས་ནས་རྩོམ་སྒྲིག་ལས་དོན་རྐང་འཛིན་ཐོག་རྩོམ་སྒྲིག་ལས་རོགས་སྔ་ཕྱི་རྣམ་པ་སྟེ་གྷོ་པུར་བོད་དགེ་བློ་བཟང་རྒྱལ་མཚན་ལགས་དང་། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་ཟླ་བ་བཀྲ་ཤིས་ལགས། ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཚུལ་ཁྲིམས་དཔལ་ལྡན་ལགས། ས་རཱ་མཐོ་སློབ་ཀྱི་རྒྱ་ཡིག་དགེ་རྒན་སྐལ་བཟང་དགྲ་འདུལ་ལགས་བཅས་ཀྱིས་དབུས་གཙང་ལོ་རྒྱུས་ཆེན་མོ་བར་ཆ་དང་སྨད་ཆའི་རྩོམ་འབྲི་ཞིབ་འཇུག་གི་ཐུགས་འགན་བཞེས་གནང་ཐོག གཙོ་འགན་རྩོམ་སྒྲིག་པས་ཐུགས་ཞིབ་གནང་ཡོད་འདུག འདི་ལྟར་ཆ་བགོས་ཀྱིས་དབུས་གཙང་ལོ་རྒྱུས་ཆེན་མོའི་ཞིབ་འཇུག་རྩོམ་སྒྲིག་ལས་དོན་འདི་བཞིན་སྤྱི་ཁྱབ་གཙོ་འགན་རྩོམ་སྒྲིག་པ་དང་། རྩོམ་སྒྲིག་པ། རྩོམ་སྒྲིག་ལས་རོགས་རྣམ་པས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱི་ངལ་བ་ཁྱད་དུ་བསད་པའི་རྒྱུ་ཚོགས་རྣམ་པར་སྨིན་པའི་ཁྲོད་ནས་ཉིན་རེ་བཞིན་མ་བསྡད་པར་ཚར་ལོང་ཡོང་གི་ཡོད་པ་མཐོང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཇི་ལྟར་ཐུགས་རེ་གནང་ཞིང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་རྒྱུ་སྦྱོར་གནང་བ་ཆུས་ཟོས་མི་འགྲོ་བའི་ངེས་པ་སྟེར་བྱུང་།

བརྒྱུད་རིམ་འདིའི་ཁྲོད་དུ་གཙོ་འགན་རྩོམ་སྒྲིག་པས་ལོ་རྒྱུས་ཞིབ་འཇུག་རྩོམ་འབྲིའི་ཐོག་ལུས་སེམས་ཀྱི་འགྲོ་གྲོན་ཚོད་མེད་བཏང་བ་ཙམ་དུ་མ་ཟད། ༸རྒྱལ་བའི་དགོངས་པ་ཇི་བཞིན་འགྲུབ་ཨེ་ཡོང་སྙམ་པའི་སེམས་ངལ་སྡུག་འཁུར་ཡང་མང་པོ་བྱས་པའི་ལུས་ངག་གི་རྣམ་འགྱུར་མཐོང་ཐོས་བྱུང་བར་མ་ཟད། རྩོམ་སྒྲིག་པ་ལྷ་སྒང་ཆོས་གྲགས་ལགས་ཀྱང་དེ་དུས་གློ་ནད་ཀྱི་སྙུང་གཞི་དྲག་མ་ཐག་ལྟ་བུར་སོང་སྐུ་གཟུགས་ཀྱི་གནས་བབས་ལེགས་རྒྱུ་མི་འདུག་ཅིང་། ཡང་སྐབས་རེ་ཞིབ་འཇུག་རྩོམ་འབྲིའི་ལས་དོན་ལ་དབྱིངས་ཞུགས་སྡོད་ཡུན་རིང་བའི་དབང་གིས་སྐེད་པ་ན་ནས་ལང་མ་ཐུབ་པ་དེ་འདྲ་བྱུང་བ་སོགས་ལུས་སེམས་ཀྱི་འགྲོ་གྲོན་ཚོད་མེད་ཅིག་བཏང་བ་དངོས་མཐོང་ཡིན།

རྩོམ་སྒྲིག་ལས་རོགས་རྣམ་པའི་ནང་ནས་ཚུལ་ཁྲིམས་དཔལ་ལྡན་ལགས་ཀྱིས་ལས་དོན་དེའི་ཐད་སྐུ་ངལ་སྐྱོན་པ་མང་དག་ཅིག་ང་རང་གིས་དངོས་སུ་མཐོང་ཐོས་བྱུང་བར་མ་ཟད། ལོ་རྒྱུས་ཆེན་མོ་སྟོད་སྨད་བར་གསུམ་ཞིབ་འཇུག་རྩོམ་སྒྲིག་རགས་ཟིན་ཚར་རྗེས་ཁོང་གིས་ཐེངས་མང་པོ་ཀློག་ཡོད་པས། ང་རང་ཁོང་གི་གཟིམ་ཤག་ཏུ་ཡོད་སྐབས་ཤིག་ལ་ཁོང་གིས་ཞལ་ཤོབ་དང་འབྲེལ་ད་ཡིན་ན་དེབ་གསུམ་པོ་འདི་མཐོང་དུས་ནས་ཉོབ་ཡོང་གིས། ཞེས་གསུང་སྐད་ཤོར་བ་དེ་ཡང་དེ་རིང་དྲན་བྱུང་། དེ་བཞིན་རྩོམ་སྒྲིག་ལས་རོགས་བློ་བཟང་རྒྱལ་མཚན་ལགས་ནས་ཀྱང་སློབ་ཤོར་ལུས་སེམས་ཀྱི་འགྲོ་གྲོན་མང་དག་ཅིག་བཏང་བ་གཙོ་འགན་རྩོམ་སྒྲིག་པའི་ཞལ་ནས་ཐོས་པར་མ་ཟད། ཟླ་བ་བཀྲ་ཤིས་ལགས་ནས་ཀྱང་རྩོམ་སྒྲིག་རྒྱུ་ཆ་འདེམས་འཚོལ་དང་རྒྱ་ཡིག་ནས་དཔྱད་གཞི་འཚོལ་བསྡུ་སོགས་ལ་སྐུ་ངལ་གང་མང་བསྐྱོན་གནང་བ་དང་། སྐལ་བཟང་དགྲ་འདུལ་ལགས་ནས་ཀྱང་རྒྱ་ཡིག་ནས་དཔྱད་གཞིའི་ཡིག་ཆ་འཚོལ་བསྡུ་ཡིག་སྒྱུར་སོགས་ཀྱི་ཕྱག་ལས་གང་མང་གནང་ཡོད་པ་གཙོ་འགན་རྩོམ་སྒྲིག་པས་དེ་སྔོན་ང་རང་ལ་གསུངས་མྱོང་ཡོད།

 

ལོ་རྒྱུས་ཞུ་དག་གི་བརྒྱུད་རིམ།

 

དབུས་གཙང་ལོ་རྒྱུས་ཆེན་མོ་སྟོད་སྨད་བར་གསུམ་ཞིབ་འཇུག་རྩོམ་འབྲིའི་ལས་དོན་གང་ལ་གང་མཚམས་མཇུག་བསྒྲིལ་ཅིང་། ལོ་ལྔའི་དུས་བཅད་ཀྱང་ཟིན་ལ་ཉེ་བའི་སྐབས་ཤིག་ཏུ་སློབ་དཔོན་སྟོབས་ལགས་ནས་ང་ཚོ་རིག་གཞུང་གྲོགས་པོའི་གྲོགས་ཚོམས་སྐད་འཕྲིན་ནང་སྐད་ཆ་ཞིག་བཞག་འདུག་པ་ཉན་པས། དབུས་གཙང་ལོ་རྒྱུས་ཆེན་མོ་སྟོད་སྨད་བར་གསུམ་ནས་སྟོད་ཆ་ཡོངས་སུ་ལེགས་གྲུབ་ཟིན་པར་མ་ཟད། ང་ཚོ་རྩོམ་སྒྲིག་པའི་ངོས་ནས་ཞུ་དག་གོ་སྡུར་སྦྱངས་བཤད་ཀྱང་གང་ལ་གང་མཚམས་བྱས་ཟིན་པ་ཡིན། ད་ཆ་མཐའ་མའི་ཞུ་དག་ཅིག་བྱེད་དགོས་ཀྱི་འདུག་པས་ཁྱེད་རྣམ་པ་དུས་ཁོམ་ག་དུས་ཡོད་མེད་དང་སྟབས་བསྟུན་ཉིན་ཤས་ལས་སེང་ཞུས་ནས་ས་རཱ་མཐོ་རིམ་སློབ་གཉེར་ཁང་དུ་ཕེབས་རོགས་ཞེས་གསུངས་འདུག ང་ཚོ་ནི་སྐྱ་སེར་བུ་ལྔ་ལས་གྲུབ་པའི་(ཐུབ་བསྟན་ཡར་འཕེལ། གཙང་ཕྲུག་སྟོབས་ལགས། གོང་དཀར་ངག་རྣམ། བསོད་ནམས་བཟང་པོ། བསྟན་འཛིན་ཕན་བདེ།)རིག་གཞུང་གྲོགས་པོ་ཞིག་ཡིན་ཅིང་། རིག་གནས་དང་འབྲེལ་བའི་ལས་དོན་མང་པོའི་ཐོག་མཉམ་རོགས་ནུས་ཤུགས་གོང་བུ་སྒྲིལ་ཁུལ་བྱེད་བཞིན་ཡོད་པས། རང་ཉིད་ལ་མཚོན་ན་མཐུན་གྲོགས་འདིའི་ནང་ནས་རིག་རྩལ་བློ་འཕེལ་གྱི་ཁེ་སང་མང་དག་ཅིག་ཐོབ་མྱོང་ཡོད། སློབ་དཔོན་སྟོབས་ལགས་ཀྱི་རེ་འདུན་ཙམ་དུ་མ་བརྩིས་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྤྱན་བསལ་ཐུགས་རེ་ཡིན་པར་མ་ཟད། རང་ཁྲིའི་རིགས་ཀྱི་ལས་སུ་གོ་བ་བླངས་ཏེ་གྲོགས་པོ་ཚང་མ་བསམ་ཕྱོགས་གཅིག་མཐུན་གྱིས་ཁས་བླངས་དུས་བཅད་བཟོས་པ་ལྟར་དུས་ཐོག་ས་རཱ་མཐོ་སློབ་ཏུ་དབུས་གཙང་ལོ་རྒྱུས་རྩོམ་སྒྲིག་ཁང་དུ་བཅར་ཏེ་ལོ་རྒྱུས་དེབ་དང་པོར་ཞུ་དག་ལས་འགོ་ཚུགས། ང་ཚོར་ཞུ་དག་གཏོང་སྟངས་མི་འདྲ་བ་འགས་ཤས་ཡོད་ཅིང་། སྐབས་རེ་དཔེ་དེབ་ཧྲིལ་པོ་ཆ་བགོས་ཀྱིས་མི་ཚང་མས་རེ་མོས་བྱས་ཏེ་དེབ་ཀྱི་འགོ་མཇུག་བར་གསུམ་དུ་ལྟ་ཐུབ་པ་བྱེད་པ་དང་། ཡང་སྐབས་འགར་དེབ་ཀྱི་ཤོག་ཚན་ཆ་བགོས་ཀྱིས་སྡེ་ཚན་སོ་སོར་རང་འགན་འཁུར་ཏེ་མི་གཉིས་རེས་ཆ་བགོས་སྐོར་ནས་ཞུ་དག་བྱེད་པ། ཡང་སྐབས་རེ་དེང་སྲོལ་ལྟར་གློག་འཕྲུལ་གྱང་རས་(Power Point)ཐོག་བསྟན་ཏེ་མི་གཅིག་གིས་མ་དེབ་སྐད་ཤུགས་ཆེན་པོས་ཀློག་བཞིན་གཞན་ཚང་མས་ཀློག་འདོན་གྱི་འགྲོས་ལྟར་གྱང་རས་སྟེང་ནས་ཡིག་འབྲུ་རེ་རེ་བཞིན་ནག་པོ་འབྲུ་བཤེར་བྱེད་ཀྱི་ཡོད།

ཞུ་དག་ལས་འཆར་འགོ་མ་འཛུགས་གོང་གཙོ་འགན་རྩོམ་སྒྲིག་པས་ཞུ་དག་གནང་ཕྱོགས་སྐོར་འབྲེལ་བརྗོད་རྒྱས་པ་ཞིག་གནང་ཞིང་། དེར་གཞིགས་ན་ད་རེས་ཀྱི་ཞུ་དག་དེ་ནི་བརྗོད་བྱེད་ཚིག་གི་དག་སྡེབ་རྐྱང་བཤེར་ཙམ་མ་ཡིན་པར། བརྗོད་བྱ་དོན་གྱི་ཆ་ནས་འཁྱོག་དྲང་བརྐྱང་བསྐུམ་གང་དགོས་ལ་ཞིབ་ནན་དགོས་པ་དང་། ལྷག་པར་བརྗོད་བྱེད་ཚིག་འགྲོས་ཀྱི་ཆ་ནས་དབུས་གཙང་གི་མཁས་པ་སྔ་མ་ཚོའི་ཕྱག་བྲིས་ཕྱག་རྒྱུན་ལ་གང་ཉེའི་ཐོག  གཞུང་ས་དགའ་ལྡན་ཕོ་བྲང་པའི་གཞུང་ཡིག་གི་ཚིག་འགྲོས་ལའང་ཆ་མཐུན་རྒྱུན་དེད་ག་ཚོད་གནང་ཐུབ་ཐུབ་དགོས་གལ་གསུངས་པར་བརྟེན། ཞུ་དག་གི་འགན་ཁྲི་ནི་རང་གི་འཇིང་ཉག་སྐམ་པོ་དེས་འདེགས་ཤིན་ཏུ་དཀའ་བའི་ཚོད་དུ་འདུག་ཀྱང་། ཕྱག་སྦྲེལ་རྣམ་པའི་མཁྱེན་རྒྱར་བློ་གཏད་བཅོལ་ཏེ་ནོར་སྲུང་གདོང་ལྔའི་གྲལ་ཚང་གི་ཉམས་ཀྱང་བཏང་། ཞུ་དག་འགོ་ཚུགས་ཙམ་ནས་ང་ཚོས་བརྗོད་བྱ་བརྗོད་བྱེད་གང་ཅིར་འདི་ཐད་ཀྱི་རྩོད་སྒྲུབ་མང་པོ་བྱས་པར་མ་ཟད། རང་རང་སོ་སོའི་འདོད་ཕྱོགས་སུ་སྔོན་གྱི་མཁས་པའི་ཞལ་གསུང་ཁུངས་ལུང་མང་པོ་དྲངས་ཏེ་བསྡད་པས། ཉིན་དང་པོའི་ཕྱི་དྲོ་སྐྱར་ཞིབ་ཕྱི་མིག་ལྟ་སྐབས་ཞུ་དག་ཤོག་བུ་འགའ་ཤས་ལས་ཕྱིན་མི་འདུག་པས་འདི་ལྟར་བྱས་ན་ལོ་ཟླ་ཞག་ཕུད་དུ་འགྲོ་ཉེན་གྱི་མཐོང་ཚུལ་བྱུང་ཡང་། ལས་དོན་གལ་ཆེ་སྟབས་གཟབ་ནན་དུས་གཏོང་མི་བྱེད་ཀ་མེད་རེད། འདི་ལྟར་ང་ཚོས་ཞོགས་པའི་ཆུ་ཚོད་དགུ་པ་ནས་ཕྱི་དྲོའི་ཆུ་ཚོད་བཅུ་པ་བཅུ་གཅིག་བར་གྲུང་རིལ་རིལ་ངང་ནས་བསྡད་པ་ཡིན། འདིའི་སྐབས་ཞུ་དག་གི་སྐབས་དོན་སོ་སོར་རྩོམ་སྒྲིག་པའི་ཁོང་ནས་ལྷ་སྒང་ཆོས་གྲགས་ལགས་དང་ཚུལ་ཁྲིམས་དཔལ་ལྡན་ལགས་གཉིས་འབྲེལ་ཡོད་དོགས་འདྲི་དགོས་གལ་ནམ་བྱུང་ལ་ཕེབས་གནང་གིས་མཉམ་རུབ་ཆེན་པོ་གནང་ཡོད།

དབུས་གཙང་ལོ་རྒྱུས་ཞུ་དག་ཐེངས་གཉིས་པའི་ལས་ཡུན་ནི་དབུས་གཙང་ལོ་རྒྱུས་ཆེན་མོའི་པར་སྐྲུན་བདག་དབང་དགའ་ལྡན་ཕོ་བྲང་ནས་དབུས་གཙང་ཆོལ་ཁའི་དབུས་རྒྱུན་ལས་ཁང་དུ་གནང་ཟིན་པའི་དུས་ཡུན་ནང་རེད། ཡང་ཉིན་ཞིག་སློབ་དཔོན་སྟོབས་ལགས་ནས་གྲོགས་ཚོམས་སྐད་འཕྲིན་ནང་བཀའ་མོལ་རིང་པོ་ཞིག་བཞག་འདུག་པ་ཉན་པས། དབུས་གཙང་ལོ་རྒྱུས་ཆེན་མོའི་དེབ་སྟོད་ཆ་ཞུ་དག་གང་ལེགས་བྱུང་བ་ལྟར་ད་ཆ་བར་ཆ་དང་སྨད་ཆར་མཐའ་མའི་ཞུ་དག་དགོས་འདུག་པར་མ་ཟད། དབུས་གཙང་ཆོལ་ཁའི་དབུས་རྒྱུན་ཚོགས་གཙོ་ལྷན་རྒྱས་ནས་ཚོགས་ཆེན་གྱི་གོང་དུ་དེབ་པར་སྐྲུན་ཐུབ་རྒྱུར་ཐུགས་རེ་གནང་གི་འདུག་པས་གང་མགྱོགས་གནང་དགོས་ཀྱི་འདུག་ན། དེ་སྔ་ལྟར་རྣམ་པ་ཚོས་ཞུ་དག་གི་རམ་འདེགས་གནང་རོགས་གསུངས་འདུག  ང་ཚོས་ཀྱང་ཡིན་ཤག་གིས་དུས་བཅད་ལྟར་བཅར་བ་ཡིན། ཞུ་དག་གི་ལས་དོན་དབུ་མ་ཚུགས་གོང་འཆར་ཅན་ལྟར་གཙོ་འགན་པའི་ངོས་ནས་གནང་ཕྱོགས་འགྲེལ་བརྗོད་གནང་། དེབ་བར་ཆ་དང་སྨད་ཆ་གཉིས་ཀྱི་ཐོག་རྩོམ་སྒྲིག་པ་རྣམ་པའི་ངོས་ནས་སྐྱར་ཀློག་ཡང་ཀློག་ལན་མང་ཞུས་པར་མ་ཟད། གཉག་ཚེ་དབང་ལྷུན་གྲུབ་ལགས་ནས་ཟླ་ཤས་རིང་གཙོ་འགན་རྩོམ་སྒྲིག་པའི་ལྷན་དུ་རྟག་བཅར་གྱིས་ཞིབ་བལྟས་གནང་ཡོད་པས། ད་རེས་ཀྱི་ཞུ་དག་དེ་སྟོད་ཆ་ལྟར་ཞིབ་རྒྱས་མ་དགོས་པར་གཙོ་བོ་ཚིག་གི་དག་སྡེབ་ལ་ཐུགས་སྣང་གིས་དཀྱུས་ཕེབས་གནང་འཐུས་ཕེབས་པ་བཞིན། ང་ཚོས་ཀྱང་ཞུ་དག་གནང་ཕྱོགས་ཐད་རྩོམ་སྒྲིག་པའི་ངོས་ནས་ལུང་ཚན་ཆ་བགོས་ལྟ་ཆོག་ཆོག་བཟོས་གནང་འདུག་པས། མི་རེས་ལེ་ཚན་རེར་ཞིབ་ལྟ་བྱས་ཏེ་སྐོར་བ་གང་ཐུབ་བརྒྱབ་པ་ཡིན། ཞུ་དག་གི་ལས་རིམ་འདིའི་ཐད་ཐོག་མ་ནས་གཉགས་ཚེ་དབང་ལྷུན་གྲུབ་ལགས་ཀྱིས་ཞིབ་གཟིགས་གང་མང་གནང་གྲུབ་འདུག་པས་ང་ཚོར་ལྟ་བདེའི་མཐུན་འགྱུར་གང་ལེགས་བྱུང་།

 

ལོ་རྒྱུས་པར་སྐྲུན་གྱི་བརྒྱུད་རིམ།

 

དབུས་གཙང་ལོ་རྒྱུས་རྩོམ་སྒྲིག་པར་སྐྲུན་གྱི་རྒྱུད་རིམ་འདིའི་ནང་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་དབུས་རྒྱུན་ལས་ཐོག་པ་རྣམ་པས་ཐུགས་ཁུར་ཆེན་པོ་བཞེས་པར་མ་ཟད། ལྷག་པར་ཚོགས་གཙོ་བྱམས་པ་ཆོས་འཕེལ་ལགས་ནས་གལ་ཆེ་དོན་ཆེར་བརྩིས་ཏེ་མཐོང་ཆེན་བླ་ན་མེད་པ་གནང་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྤྱན་བསལ་དགོངས་གཞིའི་འོག་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་མཐུན་འགྱུར་ནར་གཏོང་གིས་ཆོལ་གསུམ་ལོ་རྒྱུས་རྩོམ་སྒྲིག་ལོ་ལྔའི་ལས་འཆར་དུས་ཡུན་གཙང་ཟིན་མཇུག་སྒྲིལ་གྱི་དུས་བཀག་ནང་དབུས་གཙང་ལོ་རྒྱུས་ཞིབ་འཇུག་རྩོམ་སྒྲིག་ཞུས་པའི་དེབ་སྟོད་སྨད་བར་གསུམ་གྱི་པར་རྩ་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་དུས་ཐོག་ཕུལ་ཟིན་ཅིང་། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དེབ་གཟུགས་པར་སྐྲུན་གནང་འཆར་ཐོག་མ་ནས་མེད་པར་བརྟེན། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་དབུས་རྒྱུན་ཚོགས་གཙོ་བྱམས་པ་ཆོས་འཕེལ་ལགས་དགའ་ལྡན་ཕོ་བྲང་ཡིག་ཚང་དུ་བཅར་ཏེ་དབུས་གཙང་ལོ་རྒྱུས་ཆེན་མོའི་པར་སྐྲུན་བདག་དབང་དབུས་གཙང་ཆོལ་ཁའི་དབུས་རྒྱུན་ལས་ཁང་དུ་གནང་སྐྱབས་ཡོང་བའི་གསོལ་འདེབས་ལན་མང་ཞུས་འབྲས་སུ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དེ་འཐུས་ཀྱི་བཀའ་བཞེས་བཟང་པོ་སྩལ་སྨིན་བྱུང་བ་ལྟར། ཚོགས་གཙོ་མཆོག་ནས་ཐུགས་འགན་རྐང་བཞེས་འོག་དབུས་རྒྱུན་རྣམ་པས་སེམས་མཐུན་ཕྱར་གྲུ་མཉམ་འདེགས་ཞུས་ཏེ་པར་སྐྲུན་སྦྱིན་བདག་ཐབས་འཚོལ་སོགས་ལས་དོན་སྣ་མང་ཁྲོད་ལ་རྒྱུགས་ཀླུང་རྒྱུགས་གནང་ཡོད་པ་ང་རང་གི་མཐོང་ཐོས་བྱུང་།

ང་ཚོ་ས་རཱ་མཐོ་སློབ་ཏུ་དེབ་བར་སྨད་གཉིས་ལ་ཞུ་དག་གཏོང་བའི་སྐབས་སུ་ཚོགས་གཙོ་བྱམས་པ་ཆོས་འཕེལ་ལགས་དང་དྲུང་ཆེ་ཟླ་བ་ཚེ་རིང་ལགས་གཉིས་ཆེད་ཕེབས་གནང་སྟེ་ལས་དོན་འདི་དང་འབྲེལ་བའི་ཐད་མཐུན་འགྱུར་གང་དགོས་ཞུ་རྐྱང་དགོས་ཚུལ་ཕེབས་པར་མ་ཟད། ང་ཚོའི་ངོས་ནས་བསམ་འཆར་གང་ཡོད་གསུང་རྐྱང་གནང་རོགས་ཞེས་ང་ཚོའི་རེ་འདུན་གྱི་སྐད་ཆ་ཚང་མ་ཐུགས་སྣང་ཆེན་པོས་གསན་བཞེས་གནང་བ་སོགས་གུ་ཡངས་དཀྱེལ་ཆེའི་མཐུན་འགྱུར་དཔེ་ཟླ་བྲལ་བ་གནང་སོང་། ཞུ་དག་ཉིན་མཐའ་མའི་ཉིན་གུང་གསོལ་ཚིགས་དེ་རྒྱས་ཙམ་ཞིག་ཡོད་ཅིང་། དེ་ནི་ཞུ་དག་ལེགས་གྲུབ་བྱུང་བའི་གསོལ་སྟོན་ཙམ་མ་ཡིན་པར། དེ་ཉིན་དབུས་གཙང་ཆོལ་ཁའི་དབུས་རྒྱུན་ཚོགས་གཙོ་དང་དྲུང་ཆེ་སྦྲེལ་པོ་ལྷན་ཞུ་དག་པར་སྐྲུན་སྐོར་གྱི་གོ་སྡུར་ཚོགས་འདུ་ཆུང་ཆུང་ཞིག་ཀྱང་ཡོད་པས་ཡིན། གསོལ་ཚིག་གི་བར་ཞིག་ཏུ་ཚོགས་གཙོ་བྱམས་པ་ཆོས་འཕེལ་ལགས་སུ་ཞལ་པར་ཞིག་སླེབས་སོང་བས་བཀའ་མོལ་ཁྲོད་ཁོང་གི་ཞལ་རས་འཛུམ་གྱིས་ཁེངས་སོང་། ཞལ་པར་ནང་བཀའ་མོལ་གསུང་ཚར་མ་ཐག་ཁོང་གིས་ང་ཚོར་ད་ཡིན་ན་འགྲིགས་སོང་། དབུས་གཙང་ལོ་རྒྱུས་ཆེན་མོའི་དེབ་པར་སྐྲུན་གྱི་སྦྱིན་བདག་རག་སོང་ཞེས་དགའ་སྤྲོའི་རྣམ་པས་གསུངས་བྱུང་། དངོས་གནས་ཁོང་གི་ཕྲག་ཐོག་ནས་ཁུར་པོ་ཆེན་པོ་ཞིག་ཕབ་ལྟར་བྱུང་བ་གདོན་མི་ཟ། གང་ཡིན་ཟེར་ན་ང་ཚོས་ཁོང་ལ་དེའི་ཐད་ལས་འགན་ལྗིད་པོ་ཞིག་སྤྲད་ཡོད་པ་རེད། དེ་ནི་རྩོམ་སྒྲིག་པ་དང་ཞུ་དག་པའི་ངོས་ནས་དབུས་གཙང་ལོ་རྒྱུས་ཆེན་མོའི་ཕྱག་དེབ་པར་སྐྲུན་ཐད་རྒྱུ་འགྲོན་ལ་མ་འཛེམ་པར་སྤུས་ཀ་གང་ལེགས་དགོས་པའི་རེ་བ་ནན་ཆེ་བྱས་ཡོད་པས། དེའི་ཐད་ནས་སྦྱིན་བདག་ཐབས་འཚོལ་སོགས་ཀྱིས་ཁོང་ལ་གནོན་ཤུགས་ཆེན་པོ་ཡོད་པ་ཤོད་ག་ལ་དགོས། འོན་ཀྱང་ཚོགས་གཙོ་མཆོག་ནས་རེ་སྐུལ་ནན་ཞུ་བྱས་དོན་ལྟར་དེང་སྐབས་རྡ་སའི་རི་མགོར་༸སྐུའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་གི་ཞལ་སློབ་སྨན་པ་སྐལ་བཟང་དོན་ལྡན་ཞེས་རྒྱ་བོད་ནད་པའི་ཁོར་ཡུག་ནང་རླུང་ལྟར་གྲགས་པའི་སྨན་པ་ཁོང་ནས་དབུས་གཙང་ལོ་རྒྱུས་ཆེན་མོའི་པར་སྐྲུན་སྦྱིན་བདག་གནང་རྒྱུའི་ཞལ་བཞེས་གཙང་མ་དེ་ཉིན་ཐོབ་འདུག རྗེས་སུ་ཤེས་ཚོར་བྱུང་བ་ལྟར་ན་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་ལགས་ཀྱི་ཤག་ཚང་དང་སྨན་པ་སྐལ་བཟང་དོན་ལྡན་ལགས་གཉིས་ནས་འབུམ་ཉི་ཤུའི་པར་སྐྲུན་སྦྱིན་བདག་གནང་ཡོད་འདུག

འདི་ལྟར་བརྒྱུད་རིམ་མང་པོ་ཞིག་གི་ཁྲོད་ནས་དབུས་གཙང་ལོ་རྒྱུས་ཆེན་མོ་འདི་བཞིན་པར་སྐྲུན་ཞུས་ཏེ་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣ ཉིན་སྐུ་མགྲོན་གཙོ་བོར་ལུགས་ཟུང་མཁྱེན་པའི་མངའ་བདག་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་གདན་ཞུའི་ཐོག་ནས་དབུ་འབྱེད་ལེགས་གྲུབ་ཟིན་ཅིང་། བརྒྱུད་རིམ་འདི་ཚོའི་ཁྲོད་ནས་ཕྱི་མིག་ལྟ་སྐབས་དབུས་གཙང་ལོ་རྒྱུས་རྩོམ་སྒྲིག་པ་རྣམ་པར་ལེགས་སོ་བསྔགས་བརྗོད་ཞུ་རྒྱུ་ལས་ལྷག་པའི་ཞུ་སྤོབས་གང་ཡང་མེད་པར་གྱུར་འདུག་ཅིང་། དེ་རིང་དབུས་གཙང་ཆོལ་ཁའི་དབུས་རྒྱུན་དྲུང་ཆེ་ཟླ་བ་ཚེ་རིང་ལགས་ནས་བོང་བ་གསེར་གཟིགས་ཀྱིས་གུས་པའི་ལས་ཤག་ཏུ་པར་ཕུད་དེབ་ཕྲེང་བསྐྱལ་བར་ཆེད་ཕེབས་གནང་བྱུང་བས། དེབ་སྟོད་སྨད་བར་གསུམ་གྱི་དཀར་ཆག་ལ་ཞིབ་ལྟ་བྱེད་སྐབས་ཚིག་དོན་གང་ཅིར་ཐད་མིན་རྩོད་གླེང་ཡོང་རྒྱུ་ནི་ཚུར་མཐོང་སྐྱེས་བུའི་གཤིས་སུ་གྲུབ་ཀྱང་། འདི་འདྲ་ཞིག་རྩོམ་འབྲི་ཞིབ་འཇུག་བྱེད་དགོས་བྱུང་ན་མདུན་ལ་དོན་ཐུབ་མཁན་ཉིན་མོའི་སྐར་གྲོགས་ཙམ་དུ་མ་ཟད། ཨོར་འཐོམ་ཐོག་འབེབས་ལྟ་བུ་ཤོར་ཡོང་མཁན་ཡོད་ནའང་ལས་མཇུག་འཁྱོལ་རྒྱུ་དཀའ་བ་དཔེ་མཚོན་འགའ་ཡོད་ལྟར་གཏན་འཁེལ་ལྟ་བུར་མཐོང་སྣང་བྱུང་བས། རྩོམ་སྒྲིག་པ་རྣམ་པ་ཚོར་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་འདུན་བཅོས་མིན་བྱུང་། ཞེས་དེ་རིང་དབུས་གཙང་ལོ་རྒྱུས་ཆེན་མོའི་དེབ་ཆེན་སྟོད་སྨད་བར་གསུམ་གྱི་པར་ཕུད་ལག་འབྱོར་བྱུང་བས་རྐྱེན་བྱས། དབུས་གཙང་ལོ་རྒྱུས་ཆེན་མོ་རྩོམ་འབྲིའི་བརྒྱུད་རིམ་ནང་རང་ཉིད་ནས་འབྲེལ་ཐོག་མཐོང་ཐོས་གང་བྱུང་བ་འབྲི་འདུན་ཡིད་ཤར་བྱུང་བ་ལྟར་ཕྲན་བསྟན་འཛིན་ཕན་བདེ་ནས། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༣ མཚན་མོའི་ཆུ་ཚོད་ ༩ ནས་ ༡༢ གཡས་གཡོན་བར་བྲིས་པ་དགེ་ལེགས་སུ་འགྱུར་ཅིག་གུ།། །།

བརྒྱུད་སྐུལ།

དེའི་ཐད་བསམ་ཚུལ། “དབུས་གཙང་ལོ་རྒྱུས་ཆེན་མོ་རྩོམ་འབྲི་བྱེད་པའི་སྔ་ཕྱི་བར་གསུམ་གྱི་བརྒྱུད་རིམ་ནང་འབྲེལ་ཐོགས་མཐོང་ཐོས་བྱུང་བའི་ཟིན་ཐོ་པད་དཀར་ཆུན་པོ།

  1. ཚེ་དཔག་རིག་འཛིན། · བཟོ་བཅོས།

    ཐུགས་རྗེ་ཆེ། ངོ་མ་ལས་དོན་འདི་རིགས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཞབས་འདེགས་རླབས་ཆེན་རེད་ལགས། རང་ངོས་ནས་དགའ་གུས་ཡི་རངས་ཚད་མེད་ཞུ།།

    ལན།

མཆན་སྤེལ།