བོད་ཀྱི་ལོ་རྒྱུས་སྟེང་མ་ཉེས་ཁ་གཡོག་ཐེབས་པའི་བློན་ཆེན་བཞི།
བླ་ནག་པ་ཡེ་ཤེས་བཟང་པོས། ─བརྗེད་མི་རུང་བའི་ལོ་རྒྱུས་ཀྱི་བྱས་ཉེས། ནང་དོན་གནད་བསྡུས། རྩོམ་འདིའི་ནང་སྤུ་རྒྱལ་བོད་ཀྱི་བཙན་པོ་སྐོར་ཞིག་བློན་པོ་གནག་སེམས་ཅན་དག་གི་ཕྲ་མའི་རྗེས་སུ་འབྲངས་ཏེ་བཙན་པོར་གློ་བ་ཉེ་བའི་བློན་པོ་བྱས་རྗེས་ཅན་སྐོར་ཞིག་ལ་ཉེས་མེད་དུ་བཀྱོན་ཕབ་པའི་སྐྱོ་གར་དང་། དེའི་མཇུག་འབྲས་སོགས་ལ་རང་གི་ལྟ་ཚུལ་གསོང་པོར་བརྗོད་ཡོད། ལོ་རྒྱུས་སྟེང་གི་སྤུ་རྒྱལ་བཙན་པོ་རྣམས་ནི། སྤྱིར་བཏང་དཔའ་ཞིང་མཛངས་ལ་དཀྱེལ་ཡངས་པ་དང་། ཐུགས་སྒམ་པ་སོགས་སྐྱེ་བོ་ཕལ་པ་དག་ལས་རིང་དུ་འགོངས་པ་ཤ་སྟག་ཡིན་ན་ཡང་། སྐབས་འགར་རང་ཤེད་དང་ཨུ་ཚུགས་ཅུང་ཆེ་ཞིང་། གཞན་གྱི་གཡམ་ལ་རྒྱུགས་པར་དགའ་བ་སོགས་ཀྱི་སྐྱོན་དང་ར་རི་ཅུང་ཟད་རེ་ཡང་དགོངས་པའི་ཟླ་གཞོན་ངོས་ལ་ལྷམ་མེར་མངོན་ཡོང་གི་ཡོད་ལ། དེ་ལ་བརྟེན་ནས་ཕོ་བྲང་ནང་གི་ཆིག་སྒྲིལ་དང་ཕྱི་ཡི་སོ་ཁའི་འགོག་སྲུང་སོགས་ལ་ཡང་གསབ་ཐབས་བྲལ་བའི་གྱོང་གུད་དང་ཇུས་ཉེས་སྣ་ཚོགས་བསྟུད་མར་འབྱུང་བཞིན་ཡོད།




