གཙང་ཁུལ་འཛིན་མའི་ཁྱོན་དུ་བྱུང་བའི་གྲགས་ཅན་མི་སྣའི་མཚན་གཞུང་།

གཙང་ཁུལ་འཛིན་མའི་ཁྱོན་དུ་བྱུང་བའི་གྲགས་ཅན་མི་སྣའི་མཚན་གཞུང་།

གཙང་ཁུལ་འཛིན་མའི་ཁྱོན་དུ་བྱུང་བའི་གྲགས་ཅན་མི་སྣའི་མཚན་གཞུང་།

༡ ཀརྨ་བསྟན་སྐྱོང་དབང་པོ། འཁྲུངས་ལོ་མི་གསལ། ༡༦༤༢ལོར་གོ་ཤྲི་བསྟན་འཛིན་རྒྱལ་མཚན་གྱིས་བཀྲོངས།
༢ ཀརྨ་བསྟན་སྲུང་དབང་པོ། ཞིང་ཤག་པ་ཚེ་བརྟན་རྡོ་རྗེའི་སྲས། རབ་བྱུང་བཅུ་དྲུག་པའི་དུས་དཀྱིལ་ཙམ་དུ་འཁྲུངས།
༣ ཀརྨ་པ་མཁའ་ཁྱབ་རྡོ་རྗེ། རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་རྟ་ལོ་སྟེ། ༡༨༧༠ལོར་གཙང་མྱང་སྟོད་ཤེལ་དཀར་རྒྱལ་རྩེར་ཡབ་སྙན་གྲགས་དབང་པོ་དང་ཡུམ་བསྐལ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ལྕགས་མོ་བྱ་ལོ་སྟེ་༡༩༢༡ལོར་གཤེགས།
༤ ཀརྨ་དེ་བཞིན་གཤེགས་པ། རབ་བྱུང་དྲུག་པའི་ཤིང་ཕོ་བྱི་ལོ་སྟེ། སྤྱི་ལོ་༡༣༨༤ལོར་མྱང་ཡུལ་མྱང་འདམ་དུ་ཡབ་གུ་རུ་རིན་ཆེན་དང་ཡུམ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ཤིང་མོ་ལུག་སྟེ་༡༤༡༥ལོར་སྐུ་གཤེགས། ཁོང་ནི་ཀརྨ་པའི་སྐུ་ཕྲེང་ལྔ་པ་ཡིན།
༥ ཀརྨ་པ་རང་བྱུང་རྡོ་རྗེ། ཁོང་ནི་རབ་བྱུང་ལྔ་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་༡༢༨༤ལོར་གཙང་སྟོད་སྐྱིད་གྲོང་འཕགས་པ་ཝ་ཏིའི་ལྷ་ཁང་གི་ལྷོ་ཕྱོགས་གངས་ཞུ་མོར་ཡབ་ཆོས་དཔལ་དང་ཡུམ་ཇོ་མོ་གཡང་འདྲེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་༡༣༣༩ལོར་རྒྱ་ནག་ཏུ་སྐུ་གཤེགས། ཁོང་ནི་ཀརྨ་ཞྭ་ནག་པའི་སྐུ་ཕྲེང་གསུམ་པ་ཡིན།
༦ ཀརྨ་ཕུན་ཚོགས་རྣམ་རྒྱལ། རབ་བྱུང་བཅུ་པའི་མེ་མོ་བྱ་ལོ་སྟེ། སྤྱི་ལོ་༡༥༩༧ལོར་གཙང་སྟོད་དུ་ཡབ་ཀརྨ་བསྟན་སྲུང་དབང་པོའི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་༡༦༣༢ལོར་སྐུ་གཤེགས། ཁོང་ནི་གཙང་པའི་སྡེ་སྲིད་བཞི་པ་ཡིན།
༧ ཀུན་ལྡན་རས་པ། རབ་བྱུང་གསུམ་པའི་ས་ཕོ་འབྲུག་ལོ་སྟེ། ༡༡༤༨ལོར་གཙང་གི་ཤབ་སྨད་དུ་གནུབས་ནམ་མཁའི་སྙིང་པོའི་གདུང་རུས་ལས་སྐུ་འཁྲུངས། རབ་བྱུང་བཞི་པའི་མེ་མོ་གླང་ལོ་སྟེ། སྤྱི་ལོ་༡༢༡༧ལོར་ཤར་ཕྱོགས་བྱ་ཕུག་ཏུ་སྐུ་གཤེགས།
༨ ཀོ་བྲག་པ་བསོད་ནམས་རྒྱལ་མཚན། རབ་བྱུང་གསུམ་པའི་ཆུ་ཕོ་སྟག་ལོ་སྟེ། སྤྱི་ལོ་༡༡༨༢ལོར་དིང་རིར་ཡབ་གཙོ་བོ་རྒྱལ་གཡུང་དང་ཡུམ་སྟོད་མོ་རྗེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གདུང་རུས་ལྡོང་ཡིན། རབ་བྱུང་བཞི་པའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་༡༢༦༡ལོར་སྐུ་གཤེགས།
༩ ཀློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ཁོང་ནི་རབ་བྱུང་བདུན་པའི་ལྕགས་མོ་བྱ་ལོ་སྟེ། སྤྱི་ལོ་༡༤༤༡ལོར་ས་སྐྱ་དྲུང་ཆེན་པའི་སྲས་སུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ཤིང་མོ་བྱ་ལོ་སྟེ། སྤྱི་ལོ་༡༥༢༥ལོར་སྐུ་གཤེགས་པ་ཡིན་ནམ་སྙམ།
༡༠ དཀའ་ཆེན་ནམ་མཁའ་རྡོ་རྗེ། དུས་རབས་བཅུ་དྲུག་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས།
༡༡ དཀྱིལ་ཟུར་བློ་བཟང་སྦྱིན་པ། ཁོང་ནི་རབ་བྱུང་བཞི་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ་༡༨༢༡ལོར་གཙང་སྟོད་ཐང་སྦེའི་ཡུལ་དུ་ཡབ་ཚོང་དཔོན་པ་སངས་དང་ཡུམ་ཆུང་སྐྱེས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ།
༡༢ སྐྱི་ཡེ་ཤེས་དབང་པོ། ཁོང་ནི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་གཙང་ཕྱོགས་སུ་སྐུ་འཁྲུངས།
༡༣ སྐྱིད་ལྡེ། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་སྟོད་ཙམ་དུ་ཉང་སྟོད་རྒྱལ་མཁར་རྩེར་ཡབ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་། ཡུམ་ཅོག་རོ་བཟའ་མགོན་དཔལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ནི་བོད་ཀྱི་ལོ་རྒྱུས་ཐོག་གྲགས་པའི་སྨད་ཀྱི་སྡེ་གསུམ་གྱི་ཡ་གྱལ་ཞིག་ཡིན་ནོ།
༡༤ སྐྱིད་ལྡེ་ཉི་མ་མགོན། ཁོང་ནི་སྤྱི་ལོའི་དུས་རབས་དགུ་པའི་དུས་འགོ་ཙམ་དུ་གཙང་གི་གྲོམ་པ་ལྷ་རྩེའི་བྲག་དམར་ཕོ་བྲང་དུ་ཡབ་མངའ་བདག་དཔལ་འཁོར་བཙན་དང་ཡུམ་སྣ་ནམ་བཟའ་ལེགས་བཙུན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་ཡབ་བོད་ལུགས་ཆུ་མོ་ལུག་སྟེ་སྤྱི་ལོ་༩༢༣ལོར་སྟག་རྩེ་སྙགས་ཀྱིས་བཀྲོངས་རྗེས་མངའ་བདག་ཡུམ་བརྟན་ཕྱོགས་ཀྱིས་གཡོ་རུ་སོགས་པའི་མངའ་ཁོངས་རྣམས་འཕྲོགས་པས་ཁོང་ཉིད་སྟོད་མངའ་རིས་ཕྱོགས་སུ་ཕེབས་ནས་སྲིད་བསྐྱངས།
༡༥ སྐྱིད་གཤོངས་བློ་གྲོས་རྣམ་རྒྱལ། ཁོང་ནི་རབ་བྱུང་བརྒྱད་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་༡༥༠༥ལོར་འདར་སྐྱིད་གཤོངས་སུ་སྐུ་འཁྲུངས། རབ་བྱུང་བཅུ་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་༡༥༨༥ལོར་སྐུ་གཤེགས།
༡༦ སྐྱོ་ཤེས་རབ་རྡོ་རྗེ། སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་གཙང་ཕྱོགས་སུ་སྐུ་འཁྲུངས། དབུས་གཙང་མཁས་པ་མི་བཅུའི་ནང་ཚན་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེ་བའི་འདུལ་འཛིན་སློབ་མ་ཡིན།
༡༧ སྐྱོགས་ལོ་ངག་དབང་རིན་ཆེན་བཀྲ་ཤིས། ཁོང་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་མཇུག་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། རབ་བྱུང་དགུ་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་༡༥༣༦ལོར་[བརྡ་གསར་རྙིང་ལི་ཤི་གུར་ཁང་།]བརྩམས། ཁོང་གི་གསུངས་རྩོམ་[མངོན་བརྗོད་ཉེར་མཁོ་བསྡུས་པ།]དང་བསྒྱུར་རྩོམ་བསྟན་འགྱུར་ལས་[ཙན་དྲ་པའི་ཡི་གེའི་འགྲེལ་བ།]བཅས་བཞུགས་སོ།
༡༨ ཁྱུང་པོ་སྤུང་སད་ཟུ་རྩེ། སྤྱི་ལོའི་དུས་རབས་དྲུག་པའི་དུས་མགོ་ཙམ་དུ་སྐུ་འཁྲུངས།
༡༩ ཁྲི་བཀྲ་ཤིས་རྩེགས་པ་དཔལ། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མགོ་ཙམ་དུ་གཙང་གི་གྲོམ་པ་ལྷ་རྩེའི་བྲག་དམར་ཕོ་བྲང་དུ་ཡབ་མངའ་བདག་དཔལ་འཁོར་བཙན་དང་ཡུམ་མཆིམས་བཟའ་བཙུན་ནེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོད་ལུགས་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་༩༩༢ལོར་སྐུ་གཤེགས།
༢༠ ཁྲི་ཆེན་བློ་བཟང་རྒྱལ་མཚན། ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་༡༨༤༠ལོར་གཙང་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་ཆུང་དུས་ནས་སེར་ཐེག་ཆེན་གླིང་དུ་ཆོས་བཞུགས་ཀྱིས་གཞུང་ཆེན་པོད་ལྔར་ཐོས་བསམ་དཔྱིས་ཕྱིན་གྱིས་ལྷ་རམས་པའི་མཚན་རྟགས་བཞེས། རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་༡༩༠༠ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་བདུན་གྱི་རིང་དུ་ཆོས་ཀྱི་འཁོར་ལོ་བསྐོར། རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་༡༩༠༤ལོར་རྒྱལ་དབང་ཐུབ་བསྟན་རྒྱ་མཚོས་བཀའ་ཤག་སྲིད་གཞུང་གི་སྲིད་སྐྱོངས་རྒྱལ་ཚབ་ཏུ་བསྐོ་བཞག་མཛད་པས་ཁྲི་པ་དང་སྲིད་སྐྱོངས། རྒྱལ་ཚབ་གསུམ་གྱི་གོ་གནས་གཅིག་ཅར་དུ་ཐུགས་བཞེས།
༢༡ ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ། ཁོང་ནི་རབ་བྱུང་གསུམ་པའི་ཆུ་ཕོ་སྦྲུལ་ལོ་སྟེ་སྤྱི་ལོ་༡༡༧༣ལོར་གཙང་ཡུལ་ཤབ་སྨད་དུ་ཡབ་ཇོ་འཕན་དང་། ཡུམ་སྲེག་མོ་གསལ་བྱེད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ཤིང་མོ་བྱ་ལོ་སྟེ༡༢༢༥ལོར་སྐུ་གཤེགས།
༢༢ མཁན་ཆེན་ཀུན་དགའ་རྒྱལ་མཚན། རབ་བྱུང་དྲུག་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ་༡༣༣༨ལོར་ཆུ་སྒོའི་ཁུང་བྱ་བར་གྲོའི་རིགས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་༡༤༠༡ལོར་སྐུ་གཤེགས། ཁོང་ནི་དཔལ་སྣ་ཐང་དགོན་པའི་གདན་རབས་བཅུ་གསུམ་པ་ཡིན།
༢༣ མཁན་ཆེན་གྲགས་པ་དོན་པ། རབ་བྱུང་དྲུག་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་༡༣༧༧ལོར་གན་རྩར་སྐུ་འཁྲུངས། གདུང་རུས་ནི་གྲོ་ལ་མཚོ་བཞི་ཡོད་པའི་འབྲོག་མཚོ་ཡིན། རབ་བྱུང་བརྒྱད་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ་༡༤༦༧ལོར་སྐུ་གཤེགས།
༢༤ མཁན་ཆེན་གྲགས་པ་ཤེས་རབ། ཁོང་ནི་རབ་བྱུང་བཅུ་བཞི་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་༡༢༥༩ལོར་སྐུ་འཁྲུངས། རབ་བྱུང་ལྔ་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་༡༣༢༥ལོར་སྐུ་གཤེགས། ཁོང་ནི་སྣར་ཐང་དགོན་པའི་གདན་རབས་པ་བཅུ་གཅིག་པ་ཡིན།
༢༥ མཁན་ཆེན་གྲགས་པ་ཤེས་རབ། ཕྱི་མ། ཁོང་ནི་རབ་བྱུང་བདུན་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ་༡༤༢༤ལོར་སྣ་ཐང་དུ་སྐུ་འཁྲུངས། གདུང་རུས་གཉན་ཡིན། འདས་ལོ་མི་གསལ། ཁོང་ནི་སྣར་ཐང་དགོན་པའི་གདན་རབས་ཉི་ཤུ་པ་ཡིན།
༢༦ མཁན་ཆེན་གྲུབ་པ་ཤེས་རབ། ཁོང་ནི་རབ་བྱུང་དྲུག་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་༡༣༥༧ལོར་སྣ་ཐང་གི་ཉེ་འཁོར་རོང་གུ་ཞེས་བྱ་བར་དབང་གི་རིགས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་༡༤༢༣ལོར་སྐུ་གཤེགས། ཁོང་ནི་སྣར་ཐང་དགོན་པའི་གདན་རབས་བཅུ་བཞི་པ་ཡིན། ཁོང་གི་གསུང་རྩོམ་[སྤྱོད་འཇུག་གི་ཊིཀྐ]སོགས་བཞུགས་སོ།
༢༧ མཁན་ཆེན་ཉི་མ་རྒྱལ་མཚན། ཁོང་ནི་རབ་བྱུང་བཞི་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་༡༢༢༥ལོར་སྣར་ཐང་གི་ཕུའི་སྟེང་ཀརྨ་ཁ་རིིར་སྐུ་འཁྲུངས། རབ་བྱུང་ལྔ་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་༡༣༠༥ལོར་སྐུ་གཤེགས། ཁོང་ནི་སྣར་ཐང་དགོན་པའི་གདན་རབས་དགུ་པ་ཡིན།
༢༨ མཁན་ཆེན་བདེ་བ་དཔལ། ཁོང་ནི་རབ་བྱུང་བཞི་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ་༡༢༣༡ལོར་གཙང་གཡག་སྡེར་སྐུ་འཁྲུངས། རབ་བྱུང་ལྔ་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་༡༢༩༧ལོར་སྐུ་གཤེགས། ཁོང་ནི་ལམ་རིམ་བླ་རྒྱུད་ཀྱི་བླ་རབས་བདུན་ཅུ་པ་ཡིན།
༢༩ མཁན་ཆེན་བཟོད་པ་དཔལ་གྲུབ། ཁོང་ནི་རབ་བྱུང་བདུན་པའི་ལྕགས་མོ་སྤྲུལ་ལོ་སྟེ་སྤྱི་ལོ་༡༤༠༡ལོར་ཆུ་སྒོ་གཞུང་དུ་སྐུ་འཁྲུངས། གདུང་རུས་གྲོ་ཡིན། རབ་བྱུང་བརྒྱད་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་༡༤༧༠ལོར་སྐུ་གཤེགས། ཁོང་ནི་སྣར་ཐང་དགོན་པའི་གདན་རབས་བཅུ་བདུན་པ་ཡིན།
༣༠ མཁན་ཆེན་ཡེ་ཤེས་དཔལ་འབྱོར། ཁོང་ནི་རབ་བྱུང་བདུན་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་༡༤༢༡ལོར་ཤབ་སྟག་ལ་དང་ཉེ་བའི་གྲོང་སྤོ་ཁར་ཞེས་པར་སྐུ་འཁྲུངས། གདུང་རུས་དཀར་ཡིན། འདས་ལོ་མི་གསལ། ཁོང་ནི་སྣར་ཐང་དགོན་པའི་གདན་རབས་བཅུ་དགུ་པ་ཡིན།
༣༡ མཁས་གྲུབ་དགེ་ལེགས་དཔལ་བཟང་། ཁོང་ནི་རབ་བྱུང་དྲུག་པའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ་༡༣༨༥ལོར་གཙང་ལ་སྟོད་ཆུ་འོག་ཏུ་ལི་ཡུལ་སྨུག་པོ་ནས་འོངས་པའི་སེའི་རིགས་བརྒྱུད་པ་ཡབ་ཀུན་དགའ་བཀྲིས་དཔལ་བཟང་དང་ཡུམ་བུ་འདྲེན་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གཙང་ལྕང་ར་དགོན་གྱི་མཁན་པོ་གནང་ཐོག་རི་བོ་མདངས་ཆེན་དགོན་ཕྱག་འདེབས་པའི་གཙོ་སྐྱོང་གནང་། དགུང་ལོ་སོ་བཞི་བར་རྒྱལ་རྩེ་པའི་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་སྦྱིན་བདག་མཛད་ནས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་གླིང་ཕྱག་བཏབ། དགུང་ལོ་ཞེ་བདུན་པར་དགའ་ལྡན་གསེར་ཁྲིར་ཕེབས། རབ་བྱུང་བདུན་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ་༡༤༣༨ལོར་དགའ་ལྡན་ཁྲི་པ་ཐུགས་འགན་བཞེས་རིང་སྐུ་གཤེགས། ཁོང་ནི་པཎ་ཆེན་སྐུ་ཕྲེང་དང་པོ་ཡིན། གསུངས་རྩོམ་འདྲ་མིན་པུ་ཏི་བཅུ་གཉིས་ཙམ་བཞུགས་སོ།
༣༢ མཁས་གྲུབ་ནོར་བཟང་རྒྱ་མཚོ། ཁོང་ནི་རབ་བྱུང་བདུན་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ་༡༤༢༣ལོར་གཙང་རྟ་ནག་རང་བྱུང་དུ་ཡབ་ནམ་མཁའ་དཔལ་བཟང་དང་། ཡུམ་ཆོས་སྐྱབས་དཔལ་བཟང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་༡༥༡༣ལོར་སྐུ་གཤེགས། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ལྔ་བཅུ་ལྔ་བདུན་པ་ཡིན། ཁོང་གི་སློབ་མའི་ནང་ནས་མཆོག་ཏུ་འགྱུར་བ་ནི་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ཡིན། ཁོང་གི་གསུང་རྩོམ་ནི་[དུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱན།]དང་[རྩིས་གཞུང་པད་དཀར་ཞལ་ལུང་།] [དཔལ་གསང་བ་འདུས་པའི་རིམ་གཉིས་ཀྱི་གནད་དོན་གསལ་བར་སྟོན་པ་རིམ་ལྔ་ཡང་གསལ།]སོགས་མང་དུ་བཞུགས་སོ།
༣༣ མཁས་གྲུབ་ཤངས་སྟོན་ཚུལ་ཁྲིམས་མགོན་པོ། ཁོང་ནི་རབ་བཞི་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་༡༢༣༤ལོར་ཡུལ་རྐྱང་ཡུལ་ཁང་དུ་ཡབ་དཔོན་དཀོན་མཆོག་བཟང་དང་ཡུམ་ཇོ་དགེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་༡༣༠༩ལོར་སྐུ་གཤེགས།
༣༤ མཁས་གྲུབ་སངས་རྒྱས་ཡེ་ཤེས། ཁོང་ནི་རབ་བྱུང་དགུ་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ་༡༥༢༥ལོར་གཙང་རོང་གི་ལྷན་དྲུག་རྒྱར་ཡབ་བླ་མ་རིན་ཆེན་དང་ཡུམ་ཆོས་བསྟན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ་༡༥༩༠ལོར་རོང་བྱམས་ཆེན་དུ་སྐུ་གཤེགས། ཁོང་ནི་མདོ་སྔགས་གཞུང་ལུགས་ཀུན་ལ་མཁས་པའི་ཕ་མཐར་སོན་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་ཞིང་། ཁོང་གི་སློབ་མ་གྲགས་ཆེ་བ་ནི་པཎ་ཆེན་བློ་བཟང་རྒྱལ་མཚན། གནས་རྙིང་འཇམ་དབྱངས། ཇོ་གདན་ནོར་བཟང་རྒྱ་མཚོ། ཤར་རྩེ་ཤཱཀྱ་མཆོག་གྲུབ་སོགས་མང་དུ་བྱུང་ཞིང་། ཁོང་གི་གསུངས་རྩོམ་ནི་[ལམ་རིམ་དམིགས་སྐོར།][ལམ་རིམ་ཁྲིད་ཡིག] [ལྟ་སྒོམ་སྐྱེད་པའི་སྙིང་པོ།][ཞལ་འདམས་བཅུ་གཅིག] [དབུ་མའི་ཟིན་བྲིས།][གཏུམ་པོ་ཁྱུང་ལྔའི་རྗེས་གནང་།]སོགས་ཆོས་ཚན་སུམ་ཅུ་སོ་བརྒྱད་བཞུགས་སོ། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ཞེ་བཅུ་ཞེ་གསུམ་པ་ཡིན།
༣༥ མཁས་བཙུན་ནམ་མཁའ་ལེགས་པའི་རྒྱལ་མཚན། ཁོང་ནི་རབ་བྱུང་ལྔ་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ་༡༣༠༥ལོར་ས་སྐྱའི་ལྷ་རྩེར་ཡབ་བདག་ཆེན་བཟང་པོ་དཔལ་དང་ཡུམ་ནམ་མཁའ་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་༡༣༤༣ལོར་གཞི་ཐོག་གཟིམས་ཁང་དུ་སྐུ་གཤེགས། ཁོང་ནི་གཞི་ཐོག་བླ་བྲང་གི་གདན་རབས་དང་པོ་དང་། ས་སྐྱའི་གདན་སའི་ཁྲི་རབས་བཅུ་གཅིག་པ་ཡིན།
༣༦ མཁས་བཙུན་གཞོན་ནུ་དཔལ། ཁོང་ནི་མྱང་སྨད་ཡུ་བ་གདོང་དུ་ཡབ་རྒྱལ་པོ་ཆེ་འཕེལ་དང་ཡུམ་རྒྱལ་མོ་ཁྱི་འདྲེན་དཔལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འཁྲུངས་ལོ་མི་གསལ། རབ་བྱུང་བཅོ་ལྔ་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ་༡༣༡༩ལོར་སྐུ་གཤེགས། ཁོང་གི་མྱང་སྨད་དུ་བསམ་སྡིང་དགོན་པ་ཕྱག་བཏབ་ཅིང་སློབ་མ་མང་པོར་ལམ་འབྲས་དང་ཕྱག་ཆེན་སོགས་ཀྱི་དབང་ལུང་མན་ངག་དུ་མ་བསྟན།
༣༧ མཁས་བཙུན་ཡོན་ཏན་རྒྱ་མཚོ། ཁོང་ནི་རབ་བྱུང་བཞི་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་༡༢༦༠ལོར་ཡུལ་མདོག་གི་སྤེན་པར་སྐུ་འཁྲུངས། རབ་བྱུང་དྲུག་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་༡༣༢༧ལོར་སྐུ་གཤེགས། ཁོང་ནི་ཇོ་ནང་དགོན་པའི་གདན་རབས་གསུམ་པ་ཡིན།
༣༨ འཁོན་དཀོན་མཆོག་རྒྱལ་པོ། རབ་བྱུང་དང་པོའི་ཤིང་ཕོ་ཁྱི་ལོ་སྟེ་སྤྱི་ལོ་༡༠༣༤ལོར་གཡའ་ལུང་མཁར་སྟབས་སུ་ཡབ་འཁོན་ཤཱཀྱ་བློ་གྲོས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གཉིས་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ་༡༡༠༢ལོར་སྒོ་རུམ་དུ་སྐུ་གཤེགས། དགུང་ལོ་སོ་དགུ་པ་སྟེ་སྤྱི་ལོ་༡༠༧༣ལོར་ས་སྐྱའི་དགོན་པ་ཕྱག་བཏབ། ཁོང་ནི་འཁོན་རིགས་ས་སྐྱ་ཞེས་པ་སྲོལ་གཏོད་པོ་སྟེ་ས་སྐྱ་པའི་མེས་པོ་ཡིན།
༣༩ གུ་གེ་ཡོངས་འཛིན་བློ་བཟང་བསྟན་འཛིན་རྒྱ་མཚོ། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཕོ་སྦྲུལ་ལོ་སྟེ་སྤྱི་ལོ་༡༧༤༨ལོར་གཙང་གཡས་རུ་བདེ་རྒྱས་བྱེ་མ་གླིང་གི་གཙུག་ཁང་དང་ཉེ་བ། ཆུ་བོ་ལོ་ཧ་ཏེའི་ཉེ་འདབས་བརྒྱ་མཁར་ཞེ་པའི་ཡུལ་དུ་ཡབ་ཚེ་རིང་དཔལ་འབྱོར་དང་ཡུམ་འཛོམས་ཆོག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་གི་པཎ་ཆེན་བློ་བཟང་བསྟན་པའི་ཉི་མས་ཡོངས་འཛིན་མཛད། ཁོང་གི་གསུངས་རྩོམ་[འཁོར་སྡོམ་པའི་དབང་བཤད།][ཡོངས་འཛིན་ཡོན་ཏན་རྒྱ་མཚོའི་རྣམ་ཐར་གསོལ་འདེབས།][སྐྱེ་རབས་སོ་བཞིའི་འགྲེལ་བ།][བླ་བརྒྱུད་གསོལ་འདེབས།][ཁྱུང་ནག་གི་ལས་ཚོགས།]སོགས་ཆོས་ཚན་དོན་བཅུ་དོན་གཉིས་ཡོད་པ་པོད་ལྔ་རུ་བསྡུས་ནས་བཞུགས་སོ།
༤༠ གུ་ཤྲཱི་ཀུན་དགའ་ཉི་མ། ཁོང་ནི་རབ་བྱུང་ལྔ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་༡༣༠༩ལོར་ས་སྐྱར་ཡབ་བདག་ཆེན་བཟང་པོ་དཔལ་བ་དང་ཡུམ་མ་གཅིག་གཞོན་ནུ་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་༡༣༢༢ལོར་སྐུ་གཤེགས།
༤༡ གུ་ཤྲཱི་ཀུན་དགའ་ལེགས་པའི་བློ་གྲོས། ཁོང་ནི་རབ་བྱུང་དྲུག་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་༡༣༥༧ལོར་ས་སྐྱར་ཡབ་ལྦང་གྲགས་པ་རྒྱལ་མཚན་དང་། ཡུམ་ལྷ་རིན་ཆེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ཤིང་ཕོ་བྱ་ལོ་སྟེ་སྤྱི་ལོ་༡༣༨༤ལོར་རྟ་ནག་རི་ཁུད་དུ་སྐུ་གཤེགས། ཁོང་གི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་ས་སྐྱའི་རིན་ཆེན་སྒང་བླ་བྲང་གི་གདན་སར་བསྐོ་བཞག་མཛད་པ་ལྟར་གདན་ས་བཟུང་ནས་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད།
༤༢ གུ་ཤྲཱི་ནམ་མཁའ་རྒྱལ་མཚན། ཁོང་ནི་རབ་བྱུང་ལྔ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་༡༣༡༢ལོར་ས་སྐྱའི་ལྷ་རྩེར་ཡབ་བདག་ཆེན་དཔའ་བཟང་པོ་དང་ཡུམ་ནམ་མཁའ་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་༡༣༣༡ལོར་རྒྱ་ནག་མེ་ཏོག་རྭ་བར་སྐུ་གཤེགས། ཡོན་གོང་མས་གདན་དྲངས་པ་ལྟར་ཕོ་བྲང་དུ་ཕེབས་ཏེ་གོང་མའི་བླ་མཆོད་མཛད་མྱོང་།
༤༣ གུ་ཤྲཱི་བློ་གྲོས་རྒྱལ་མཚན། ཁོང་ནི་རབ་བྱུང་དྲུག་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་༡༣༦༦ལོར་ས་སྐྱའི་གཞི་ཐོག་བླ་བྲང་དུ་ཡབ་ཏཱ་དབེན་ཀུན་དགའ་རིན་ཆེན་དང་ཡུམ་མ་གཅིག་ནམ་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་༡༤༢༠ལོར་སྐུ་གཤེགས། ཁོང་ནི་ས་སྐྱའི་གཞི་ཐོག་བླ་བྲང་གི་གདན་རབས་གསུམ་པ་ཡིན།
༤༤ གུ་ཤྲཱི་བསོད་ནམས་གྲགས་པ། ཁོང་ནི་རབ་བྱུང་དྲུག་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་༡༣༥༩ལོར་གཙང་དུ་ཡབ་རིན་ཆེན་རྡོ་རྗེ་དང་། ཡུམ་རིན་ཆེན་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ་༡༤༠༨ལོར་སྐུ་གཤེགས། སྣེའུ་གདོང་གི་གོ་ས་བཟུང་ནས་ཆབ་སྲིད་ལོ་ལྔའི་བར་དུ་བསྐྱངས། ཁོང་ནི་ཕག་གྲུའི་གདན་རབས་བཅུ་གཅིག་པ་ཡིན།
༤༥ གོང་སྨན་དཀོན་མཆོག་བདེ་ལེགས། ཁོང་ནི་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་ཙམ་དུ་གཙང་ས་སྐྱར་འཁྲུངས་པའི་གསོ་བ་རིག་པ་མཁས་ཅན་ཞིག་ཡིན། ཁོང་གི་གསུང་རྩོམ་ནི་[པོ་ཏི་དམར་པོ།][པོད་ནག] [པོད་ཁྲ] [ཕྱི་མ་བརྒྱུད་ཀྱི་བཀའ་འགྲེལ་གནས་ཐམས་ཅད་གསལ་བའི་སྒྲོན་མེ།][བརྒྱུད་པའི་རྣམ་ཐར།][སྨན་མིང་བརྡ་སྤྲོད།][རྒྱུད་ཀྱི་བཀའ་འགྲེལ་འཕྲང་འགྲོལ་བའི་ཤོག་སེར།][རྩ་ཆུའི་ནད་འགྲོལ་ཞལ་གྱི་གདམས་པ་དམར་འབྱིན།][སྔོའི་འཁྲུངས་དཔེ་དོན་བསྡུས།]དང་[རྒྱུད་ཆེན་ཁྲ་མོ་བེ་བུམ་སེང་ལྡིང་མ།]བཅས་མཛད་ཡོད་དོ།
༤༦ གོང་སྨན་དཀོན་མཆོག་བསྟན་དར། ཁོང་ནི་དུས་རབས་བཅུ་དྲུག་པའི་དུས་སྟོད་ཙམ་དུ་གཙང་ས་སྐྱར་སྐུ་འཁྲུངས་པའི་གསོ་རིག་མཁས་ཅན་ཞིག་ཡིན། གསོ་བ་རིག་པ་སྤྱི་དང་ལྷག་པར་དུ་དཔལ་ལྡན་བྱང་པའི་བཞེད་པ་གཙོ་བོར་བསྟན་ནས་འགྲོ་དོན་མཛད། ཁོང་གི་གསུང་རྩོམ་ནི་[རྩ་རྒྱུད་ཀྱི་འགྲེལ་པ་མེ་ལོང་མཐོང་གསལ།][གསོ་རིག་དགོས་འདོད་འབྱུང་བ་ནོར་བུའི་ཕྲེང་བ།]དང་[ཉམས་ཡིག་བརྒྱ་རྩ།]བཅས་བཞུགས་སོ།
༤༧ གྲགས་པ་བྱང་ཆུབ། ཁོང་ནི་རབ་བྱུང་དྲུག་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་༡༣༥༦ལོར་གཙང་དུ་ཡབ་རིན་ཆེན་རྡོ་རྗེ་དང་། ཡུམ་ཟིན་བཀྲིས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་མེ་ཕོ་སྟག་ལོ་སྟེ་སྤྱི་ལོ་༡༣༨༦ལོར་སྐུ་གཤེགས། ལོ་ངོ་བརྒྱད་རིང་བླ་དཔོན་སྦྲགས་ནས་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་བཞུགས་ནས་ཆོས་སྲིད་ཀྱི་བསྐྱངས། རྗེ་ཙོང་ཁ་པས་ཁོང་ལ་བསྟོད་པ་[རྟོགས་བརྗོད་ལྷུན་པོ།]ཞེས་པ་བརྩམས་ནས་ཕུལ། ཁོང་ནི་ཕག་གྲུའི་སྡེ་སྲིད་ཁྲི་རབས་གསུམ་པ་དང་། ཕག་གྲུའི་གདན་རབས་བཅུ་པ་ཡིན།
༤༨ གྲགས་པ་བརྩོན་འགྲུས། ཁོང་ནི་རབ་བྱུང་གསུམ་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་༡༢༠༣ལོར་ཡབ་ཡོན་ཆེན་སངས་རྒྱས་སྐྱབས་དང་། ཡུམ་ཡེ་ཤེས་འཚོ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་༡༢༦༧ལོར་སྐུ་གཤེགས། ཁོང་ནི་ཕག་གྲུའི་གདན་རབས་བཞི་པ་ཡིན།
༤༩ གྲགས་པ་ཡེ་ཤེས། ཁོང་ནི་རབ་བྱུང་བཞི་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་༡༢༤༠ལོར་ཁྲོ་བོ་འབན་གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ས་ཕོ་བྱ་ལོ་སྟེ་སྤྱི་ལོ་༡༢༨༨ལོར་སྐུ་གཤེགས། ཁོང་ནི་ཕག་གྲུའི་གདན་རབས་དྲུག་པ་ཡིན།
༥༠ གྲགས་པ་རིན་ཆེན། ཁོང་ནི་རབ་བྱུང་བཞི་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་༡༢༥༠ལོར་ཁྲོ་བོ་འབན་གྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ལྕགས་ཕོ་ཁྱི་ལོ་སྟེ་སྤྱི་ལོ་༡༣༡༠ལོར་སྐུ་གཤེགས། ཁོང་ནི་ཕག་གྲུའི་གདན་རབས་བདུན་པ་ཡིན།
༥༡ གྲོལ་སྟོན་བདུད་རྩི་གྲགས་པ། ཁོང་ནི་རབ་གསུམ་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ་༡༡༥༣ལོར་ཆུ་སྒོ་ལུམ་དུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ་༡༢༣༢ལོར་སྐུ་གཤེགས། ཁོང་ནི་སྣར་ཐང་དགོན་པའི་གདན་རབས་བཞི་པ་ཡིན།
༥༢ གླག་བྱང་ཆུབ་རྒྱལ་མཚན། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་གཙང་ཕྱོགས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་གི་ཆུ་མིག་གཙུག་ལག་ཁང་བཞེངས་པར་མཛད་ཅིང་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཏེ་འདུལ་བའི་བསྟན་པ་དར་བར་མཛད།
ཆོས་བརྒྱུད་དེ་ལས་གྱེས་པ་ལ་གླག་ཚོ་ཞེས་གྲགས་སོ། ཁོང་ནི་དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེ་བའི་འདུལ་འཛིན་གྱི་སློབ་མ་ཞིག་ཡིན།
༥༣ གླང་བཙུན་བྱམས་པ། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་གཙང་ཕྱོགས་སུ་སྐུ་འཁྲུངས། ཁོང་གིས་འོམས་ཕུགས་ཀྱི་གཙུག་ལག་ཁང་བཞེངས་ཤིང་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་སྟེ་འདུལ་བའི་བསྟན་པ་དར་བར་མཛད། ཁོང་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེ་བའི་འདུལ་འཛིན་གྱི་སློབ་མ་ཞིག་ཡིན་ནོ།
༥༤ གླིང་རས་པདྨ་རྡོ་རྗེ། ཁོང་ནི་རབ་བྱུང་གཉིས་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་༡༡༢༨ལོར་གཙང་མྱང་སྟོད་ཀྱི་གླིང་སྨད་པར་ཡབ་རྒྱལ་པོ་སྐྱབ་བེ་དང་། ཡུམ་གཟུས་མོ་དར་ཆུང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་གསུམ་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་༡༡༨༨ལོར་སྐུ་གཤེགས། ཁོང་གི་སྣ་ཕུ་དགོན་པ་གསར་འདེབས་གནང་ཞིང་སློབ་མ་གཙོ་བོ་ནི་གཙང་པ་རྒྱ་རས་པ་ཡེ་ཤེས་རྡོ་རྗེ་ཡིན། ཁོང་གི་གསུངས་རྩོམ་ནི་[རྒྱུད་ཀྱི་རྣམ་བཤད།][སེམས་ཀྱི་རྡོ་རྗེའི་བསྟོད་པ།][རྣལ་འབྱོར་འཇུག་པ།][བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག] [བླ་མ་སྒྲུབ་པའི་ཕྱག་བཞེས།]བཅས་བཞུགས་སོ།
༥༥ དགའ་བཞི་མགོན་པོ་དངོས་གྲུབ་རྡོ་རྗེ། ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ་༡༧༢༡ལོར་གཙང་རྒྱལ་རྩེ་ལྕང་རར་ཡབ་དགའ་བཞི་སྒར་དཔོན་ཚེ་བརྟན་བཀྲིས་དང་ཡུམ་བསོད་ནམས་ལྷ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ་༡༧༩༢ལོར་སྐུ་གཤེགས། ༸རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱལ་མཚོ་དང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་རྣམ་གཉིས་ལ་གཙུག་ལག་རིག་གནས་ཀྱི་ཡིག་རྒྱུགས་ཕུལ་བས་ཁོང་ལ་ནོ་ཡོན་པཎྜི་ཏ་ཞེས་པའི་མཚན་དང་གུང་རྒྱུད་འཛིན་པའི་ཆོག་མཆན་གནང་། དགུང་ལོ་སོ་གཅིག་པ་རབ་བྱུང་བཅུ་གསུམ་པའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ་༡༧༥༡ལོར་བཀའ་ཤག་སྲིད་གཞུང་གི་ལས་ཐོག་དང་པོའི་བཀའ་བློན་དུ་བསྐོས།
གོར་བོད་དམག་འཁྲུག་དང་སྨར་ཁམས་དམག་འཁྲུག་བཅས་ལ་བཀོད་འདོམས་མཛད་པ་དང་།
ལྷ་ལྡན་གཙུག་ལག་ཁང་ཞིག་གསོས་མཛད། ཁོང་གི་མཚན་གཞན་ལ་རྡོ་རིང་པཎྜི་ཏ་ཞེས་ཞུ།
༥༦ དགའ་བཞི་བསྟན་འཛིན་དཔལ་འབྱོར། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་སྦྲུལ་ལོ་སྟེ་སྤྱི་ལོ་༡༧༦༠ལོར་ལྷ་སར་ཡབ་དགའ་བཞི་མགོན་པོ་དངོས་གྲུབ་རབ་བརྟན་དང་། ཡུམ་རིན་ཆེན་སྐྱིད་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། སྤྱི་ལོ་༡༧༨༣ལོར་བོད་གཞུང་བཀའ་ཤག་གི་བཀའ་བློན་དུ་བསྐོས། དགུང་ལོ་སུམ་ཅུ་ཐམ་པ་རབ་བྱུང་བཅུ་གསུམ་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་༡༧༨༨ལོར་གོར་བོད་ཆིངས་ཁྲ་བཀོད་པའི་གྲལ་དུ་བཞུགས། གུང་ལོ་སོ་བཞི་པ་སྤྱི་ལོ་༡༧༩༡ལོར་གོར་དམག་གིས་གཉའ་ནང་ཚོང་འདུས་ནས་འཇབ་བཟུང་བྱས་ཏེ་བལ་ཡུལ་དུ་བཙན་འཁྲིད་བྱས། དེ་ལྟར་ལོ་ངོ་དུ་མར་བོད་གཞུང་བཀའ་ཤག་ལ་སྲིད་ཞུ་བསྒྲུབས། ཁོང་གི་མཚན་གཞན་ལ་རྡོ་རིང་བསྟན་འཛིན་དཔལ་འབྱོར་ཞེས་ཞུའོ། ཁོང་གི་གསུངས་རྩོམ་ནི་[རྒྱལ་པོ་མུ་ཁྱུད་གྲགས་པའི་བསྟན་བཅོས།][སྙན་ངག་གི་བསྟན་བཅོས་ལེགས་པར་བཤད་པ་སྡེ་བཞི་སྒོ་འཕར་རབ་ཏུ་འབྱེད་པའི་གཏམ།][བློ་གསལ་ཡིད་དབང་འདྲེན་བྱེད་རྣམ་དཔྱོད་གསེར་གྱི་ཤིང་རྟ།][དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ།]བཅས་བཞུགས་སོ། ཁོང་ནི་ཆབ་སྲིད་ཙམ་མ་ཟད་བོད་ཀྱི་ཐ་སྙད་རིག་གནས་ཡོངས་བྱང་ཆུབ་པའི་སྙན་ངག་པ་ཞིག་ཀྱང་རེད།
༥༨ དགེ་རེ་གྲགས་པ་རྒྱ་མཚོ། ཁོང་ནི་རབ་བྱུང་དགུ་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་༡༥༥༥ལོར་དབུ་སྟོད་དགེ་རེ་གྲོང་དུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་༡༦༢༧ལོར་སྐུ་གཤེགས། དགུང་ལོ་བདུན་ཅུ་ཐམ་པར་དགའ་ལྡན་གསེར་ཁྲིར་ཕེབས་ནས་ལོ་ངོ་ལྔའི་རིང་གསེར་ཁྲི་བསྐྱངས། ཁོང་ནི་དགའ་ལྡན་ཁྲི་རབས་སུམ་ཅུ་སོ་གསུམ་པ་ཡིན།
༥༩ མགར་ཤེས་རབ་བླ་མ། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་གཙང་ཕྱོགས་སུ་སྐུ་འཁྲུངས། ཁོང་གིས་སྙེམས་ཀྱི་ས་ཆར་གཙུག་ལག་ཁང་བཞེངས། ཁོང་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་འདུལ་འཛིན་སློབ་མ་ཡིན།
༦༠ མགོ་བ་ཡེ་ཤེས་གཡུ་དྲུང་། ཁོང་ནི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་གཙང་ཕྱོགས་སུ་སྐུ་འཁྲུངས། ཁོང་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེ་བའི་འདུལ་འཛིན་གྱི་སློབ་མ་ཞིག་ཡིན།
༦༡ འགོས་ལོ་ཁུག་པ་ལྷ་བཙས། ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་གཙང་རྟ་ནག་ཕུའི་ཁུག་པར་ཡབ་འགོས་བཙུན་ཆུང་གི་སྲས་སུ་སྐུ་འཁྲུངས། ཁོང་གི་བསྒྱུར་རྩོམ་ནི་[བཀའ་འགྱུར་]ལས་[རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ]ལེའུ་ལྔ་བཅུ་པ་དང་[རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད།]ལེའུ་བཅུ་བདུན་པ། [སྒྱུ་འཕྲུལ་རྒྱུད་ཀྱི་རྒྱལ་པོ།]ལེའུ་གསུམ་པ།[འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲའི་རྒྱུད།]དང་[བསྟན་འགྱུར་]ལས་[རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དགྱེས་པ་རྡོ་རྗེ་སྒྱུ་མ་བརྟག་པ་གཉིས་པའི་དཀའ་འགྲེལ།][དཔལ་དགྱེས་པ་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ།][རོ་སྲེག་གོ་ཆོག་ག] [ཚོགས་ཀྱི་འཁོར་ལོའི་མཆོད་པའི་རིམ་པ།][བདེ་མཆོག་གི་སྦྱིན་སྲེག་ཆོག་ག] [དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོག་ག] [འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་བ།][ཤེས་རབ་ཀྱི་ཕྲེང་ཡིག] [དབུ་མ་ཤེས་རབ་ལ་འཇུག་པ།][ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག]སོགས་ཆོས་ཚན་བདུན་བཅུ་དོན་གསུམ་དང་། རང་རྩོམ་ནི་[སྟོང་ཐུན།]བཅས་བཞུགས་སོ།
༦༢ འགྲོ་མགོན་ཆོས་རྒྱལ་འཕགས་པ། ཁོང་ནི་རབ་བྱུང་བཞི་པའི་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ་༡༢༣༥ལོར་དཔལ་ལྡན་ས་སྐྱར་ཡབ་ཟངས་ཚ་བསོད་ནམས་རྒྱལ་མཚན་དང་ཡུམ་མ་གཅིག་ཀུན་དགའ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་ལྔ་པའི་ལྕགས་ཕོ་སྦྲུལ་ལོ་སྟེ་སྤྱི་ལོ་༡༢༨༠ལོར་ལྷ་ཁང་བླ་བྲང་དུ་སྐུ་གཤེགས། ཁོང་དགུང་ལོ་བཅུ་པར་ཁུ་བོ་ས་སྐྱ་པཎ་ཆེན་གྱིས་སོག་པོའི་རྒྱལ་པོ་གོ་དན་གདན་དྲངས་པ་ལྟར་ཕྱག་ཕྱིར་བྱོན། དགུང་ལོ་བཅུ་དགུ་པར་སེ་ཆེན་རྒྱལ་པོར་གསང་སྔགས་ཀྱི་དབང་ཐེངས་དང་པོ་གནང། དེའི་དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་སོགས་གནང་། དབང་ཐེངས་གཉིས་པའི་དབང་ཡོན་དུ་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པའི་སྲིད་དབང་གནང་ནས་བོད་ཡོངས་ལ་དབང་བསྒྱུར། དབང་ཐེངས་གསུམ་པའི་དབང་ཡོན་དུ་ཆོས་དུང་དཀར་པོ་རྒྱང་གྲགས་དང་། རྒྱ་ཡི་མི་ཡུར་ཆེན་མོ་བཅས་གནང་། དགུང་ལོ་ཞེ་གཅིག་པར་བོད་དུ་ཕེབས་ནས་གཙང་ཆུ་མིག་རིང་མོར་དགེ་འདུན་ཁྲི་བདུན་ལྷག་ལོངས་པར་ཆོས་འཁོར་བསྐོར་བས་ལོ་རྒྱུས་ཐོག་ཆུ་མིག་ཆོས་འཁོར་དུ་གྲགས། ས་སྐྱའི་གདན་ས་ལོ་ལྔ་ཙམ་བསྐྱངས། ཁོང་གིས་སོག་པོའི་ཡི་གེ་ལྗགས་རྩོམ་གནང་ཞིང་། སོག་པོའི་རྒྱལ་པོས་ལོ་རེ་བཞིན་རྒྱ་རིགས་དུ་མ་གཙང་པོ་དང་ཆུ་བོ་སོགས་ལ་བསྐྱུར་ནས་དམར་གསོད་གཏོང་བཞིན་པ་སོགས་བཀག་སྡོམས་རྒྱ་ཆེར་གནང་བ་དང་། བོད་སིལ་བུ་ཐོར་བའི་གནས་སྟངས་ཐབས་སྐྱོ་པོ་དེ་གོང་བུ་གཅིག་ཏུ་བསྒྲིལ་གནང་བ་སོགས་བསྟན་སྲིད་སྤྱི་ལ་རླབས་ཆེ་བའི་མཛད་རྗེས་ལྡན་ཞིང་རྒྱ་བོད་སོག་གསུམ་ལ་ཧ་ཅང་གི་བཀའ་དྲིན་ཆེ་བའི་སྐྱེས་བུ་ཞིག་ཡིན། ཁོང་ནི་ས་སྐྱ་གོང་མ་རྣམ་ལྔའི་ནང་ནས་ལྔ་པ་ཡིན།

བརྒྱུད་སྐུལ།

2 བསམ་ཚུལ། “གཙང་ཁུལ་འཛིན་མའི་ཁྱོན་དུ་བྱུང་བའི་གྲགས་ཅན་མི་སྣའི་མཚན་གཞུང་།

  1. མཚར་གུ་གེ་བཀྲ་ཤིས་ཁང་གསར། · བཟོ་བཅོས།

    ༤ ཀརྨ་དེ་བཞིན་གཤེགས་པ། རབ་བྱུང་དྲུག་པའི་ཤིང་ཕོ་བྱི་ལོ་སྟེ། སྤྱི་ལོ་༡༣༨༤ལོར་མྱང་ཡུལ་མྱང་འདམ་དུ་ཡབ་གུ་རུ་རིན་ཆེན་དང་ཡུམ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ཤིང་མོ་ལུག་སྟེ་༡༤༡༥ལོར་སྐུ་གཤེགས། ཁོང་ནི་ཀརྨ་པའི་སྐུ་ཕྲེང་ལྔ་པ་ཡིན།

    གཅང་གི་མྱང་མིན་པར་གཡོ་རུ་སྨད་ཀྱི་ཀོང་པོའི་ནང་དུ་མྱང་ལོང་ཀོང་ལས་ཀོང་ཡུལ་མྱང་དུ་སྐུ་འཁྲུངས།

    དགེ་རེ་གྲགས་པ་རྒྱ་མཚོ། ཁོང་ནི་རབ་བྱུང་དགུ་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་༡༥༥༥ལོར་དབུ་སྟོད་དགེ་རེ་གྲོང་དུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་༡༦༢༧ལོར་སྐུ་གཤེགས། དགུང་ལོ་བདུན་ཅུ་ཐམ་པར་དགའ་ལྡན་གསེར་ཁྲིར་ཕེབས་ནས་ལོ་ངོ་ལྔའི་རིང་གསེར་ཁྲི་བསྐྱངས། ཁོང་ནི་དགའ་ལྡན་ཁྲི་རབས་སུམ་ཅུ་སོ་གསུམ་པ་ཡིན།

    དགེ་རེ་དང་གྱེ་རེ་ཞེས་ད་ལྟའི་ལྷ་ས་གྲོང་ཁྱེར་ནས་འཕན་ཡུལ་དུ་བསྐྱོད་ཡུལ་རང་རེས་རྒྱུན་གཏན་གྱེ་རེ་ཡར་འཕྲང་ཞེས་པ་དེ་ལ་གོ་དགོས། མ་ཟད་དབུ་སྟོད་དམ་དབུར་སྟོད་ནི་རྒྱལ་ས་ལྷ་སའི་ཤར་ལ་ཡིན་པ་དེ་ལྟར་རོ། །

    ལན།

Leave a Reply to མཚར་གུ་གེ་བཀྲ་ཤིས་ཁང་གསར། Cancel reply