ལེའུ་དང་པོ། ཀོང་ཡུལ་གྱི་ལོ་རྒྱུས། དང་པོ། ཀོང་ལུང་རལ་གསུམ། ༢༽

ལེའུ་དང་པོ། ཀོང་ཡུལ་གྱི་ལོ་རྒྱུས།  དང་པོ། ཀོང་ལུང་རལ་གསུམ། ༢༽

ལེའུ་དང་པོ། ཀོང་ཡུལ་གྱི་ལོ་རྒྱུས།

དང་པོ། ཀོང་ལུང་རལ་གསུམ།

ས་བཅད་དང་པོ། ཀོང་ཡུལ་སྤྱི་བཤད།

ལེ་ཚན་དང་པོ། ཀོང་ཡུལ་གྱི་ས་བབ་ཆགས་ཚུལ།

 

ཀོང་པོ་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ཤར་ལྷོའི་ཕྱོགས་སུ་གནས་ཤིང་། ཤར་ཕྱོགས་ཁམས་དང་། བྱང་ཕྱོགས་བྱང་རིགས་སྡེ་བཞི། ནུབ་ཕྱོགས་དྭགས་པོ་དང་། དབུས་ཁུལ་མལ་གྲོ་སོགས་དང་ས་འབྲེལ་ཡིན་པ་མ་ཟད། ལྷོ་ཕྱོགས་སུ་རྒྱ་གར་རྒྱལ་ཁབ་་དང་ས་འབྲེལ་ཡིན།

ཁུལ་དེ་ནི་གོོ་ལའི་བྱང་གི་འཕྲེད་ཐིག་ ༢༧༚ ༥’ 〜    ༣༠༚ ༦’ དང་། ཤར་གྱི་གཞུང་ཐིག་ ༩༢༚ ༡’ 〜    ༩༨༚ ༢’ བར་གནས།  ཁུལ་དེའི་ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་ ༣༡༠༠ དང་། ལོ་རེའི་གནམ་གཤིས་ནི་ཆ་སྙོམས་དྲོད་ཚད་ ༨.༦ ༚C ཡིན་ཞིང་། ཟླ་དང་པོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༠.༢ ༚C དང་ཟླ་བདུན་པའི་ཆ་སྙོམས་དྲོད་ཚད་ ༡༥.༥༚C ཡིན། གཞན་ཡང་། ཀོང་པོ་ཁུལ་གྱི་གནམ་གཤིས་འགྱུར་འགྲོས་ཀྱི་རྒྱུ་རྐྱེན་ནི། ཆུ་མོ་ཡར་ལུང་གཙང་པོ་ནུབ་ནས་ཤར་དུ་རྒྱུག་ཅིང་། ས་བབ་རྙོག་འཛིང་ཆེ་བའི་ས་ཁུལ་དེའི་རྒྱུག་ཁུལ་དུ་འབབ་སྐབས། གཙང་པོ་དེའི་བཞུར་བགྲོས་དང་གྲོགས་ནས་འོང་བའི་རྒྱ་གར་རྒྱ་མཚོའི་དྲོད་རྒྱུན་དེ་བཞིན། གངས་དཀར་ཏེ་སེའི་ཤར་རྒྱུད་དུ་བྱང་ཕྱོགས་ཀྱི་གྲང་རྒྱུན་དང་འདྲེས་པས་ཀོང་པོ་ཁུལ་གྱི་གནམ་གཤིས་ཀྱི་ངོ་བོ་ཚ་ཁུལ་དང་། དྲོ་ཁུལ། གྲང་ཁུལ་བཅས་སུ་གྱུར། དེ་ཡང་། ས་ཁུལ་འདིར་ཆར་ཆུ་འབེལ་པ་དང་། གནམ་གཤིས་ཚ་གྲང་རན་པ། ས་རྒྱུ་གཤིན་པ། ཡུལ་ཐོན་དངོས་རྫས་ཕུན་སུམ་ཚོགས་པ་སོགས་ཞིང་འབྲོག་ནགས་ལས་མཉམ་སྦྲེལ་གྱི་ས་ཁུལ་དུ་གཏོགས་པས། ལྗོངས་དེའི་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཁོ་ར་ཁོར་ཡུག་རྣམས། སྔོ་སེར་དཀར་དམར་གྱི་ཁ་དོག་རབ་ཏུ་བཀྲ་བའི་རང་བྱུང་སྐྱེ་དངོས་མཚར་དུ་མངར་བ། མིག་དབང་གི་དཔྱིད་དུ་གྱུར་བ་ལྟ་ན་ཡིད་དབང་འཕྲོག་པ་སྣ་ཚོགས་ཀྱིས་བརྒྱན་ཡོད་པས། མཛེས་པའི་ཀོང་པོའི་ཡུལ་ཞེས་སྙན་པའི་གྲགས་པ་བླ་ན་མཐོ་བ་ཡིན་ནོ།།

 

ལེ་ཚན་གཉིས་པ། ཀོང་པོ་ཞེས་པའི་མིང་ཐོགས་ཚུལ།

ཡུལ་དེར་ཀོང་ཡུལ་ལམ་ཀོང་པོ་ཞེས་འབོད་པའི་ཐ་སྙད་འདི་ལ། ད་ཕན་མི་ལོ་ཆིག་སྟོང་བདུན་བརྒྱ་ལྷག་གི་ལོ་རྒྱུས་མངའ་བ་ནི། བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁུངས་ལྡན་ཏུན་ཧོང་ཡིག་རྙིང་ལས་ར་འཕྲོད་ཐུབ་སྟེ།《ཏུན་ཧོང་བོད་ཀྱི་ཡིག་ཆ།》ལས། སྤུར་རྒྱལ་བཙན་མ་གནམ་རི་སྲོང་སྐབས། ཕྀག་ཡུང་བ་སྣ་མན་ཆད། རྐོང་བྲེ་སྣར་ཡན་ཆད།[1] ཅེས་སོགས་བྱུང་བ་ལྟར། ཡིག་རྙིང་དེ་ལས་ཡུལ་མིང་དུ་རྐོང་ཞེས་མགོ་ཅན་དུ་བྱུང་བ་ཡང་དག་སྡེབས་ཀྱི་ཁྱད་པར་ཙམ་ལས་དོན་དུ་ཀོང་དང་མཚུངས། དེ་ཡང་ཀོང་ཞེས་པའི་དོན་ནི་《བརྡ་དག་མིང་ཚིག་གསལ་བ།》ལས། ཀོང་ཀོང་ནི་ས་ཆ་ཀོང་ཀོང་ལྟ་བུ། ཞེས་བྱུང་བ་བཞིན་ཚིག་རིས་རང་སྟེང་ནས་གཞི་གང་ཡང་རུང་བ་ཞིག་དབྱིབས་གཟུགས་ཀྱོང་ཀྱོང་ཡིན་པའི་དོན་སྟོན་ལ། གནའ་རབས་ཀྱི་ཡིག་ཚང་《ཏུན་ཧོང་བོད་ཀྱི་ཡིག་ཆ།》སོགས་ཀྱི་ཁྲོད་དུའང་། རྐོང་བྲེ་སྣ་ཞེས་སོགས་མིང་གཞི་ཀ་ལ་ར་མགོ་བཏགས་པ་མི་ཉུང་བ་ཞིག་སྣང་མོད། ཕྱིས་ར་མགོ་ཕྱིས་ནས་ཀ་རྐྱང་དུ་འབྲི་བའི་སྲོལ་ཞིག་དར་བ་ནི། 《ལྡེའུ་ཆོས་འབྱུང།》ལས། འོ་དེ་གུང་རྒྱལ་ཀོང་ཡུལ་དུ་གཤེགས་ནས་ཐང་ང་ཀོང་མོ་ཐར་དང་བཤོས་པའི་སྲས་ཀོང་ལ་དེ་ཡག[2] ཅེས་སོགས་མང་དུ་མཆིས། དེ་དང་ཕྱོགས་མཚུངས་《ཀོང་པོའི་རིག་དངོས་གནད་བསྡུས།》ལས། ཀོང་ཟེར་བའི་སྒྲ་བཤད་ནི་ཀོང་ཀོང་དང་། ཀྱོང་ཀྱོང་། ས་ཀོང་ཀོང་། ཀོང་དོང་། ས་བྲུས་པའི་ཁུང་བུ་ཉར་ཆུ་གང་སླ་བས་ན་ཀོང་པོ་ཟེར།[3] ཞེས་ཀྱང་བྱུང་ངོ་།

ཡང་གནའ་དུས་དེང་ཀོང་པོའི་ཡུལ་ལ་ངོས་འཛིན་པའི་ཡུལ་སྡེ་ཐམས་ཅད་ལ་ཀོང་ཡུལ་ཞེས་འབོད་སྲོལ་མེད་པ་འདྲ་སྟེ། གནའ་དུས་ཀྱི་ཉང་པོ་དང་། ལོང་པོ། ཀོང་པོ་བཅས་ཡུལ་ལུང་མི་འདྲ་བ་གསུམ་བསྡུས་པ་ལས། དེང་གི་ཀོང་ཡུལ་ནགས་མའི་ལྗོངས་གྲུབ་ཅིང་། དེང་གི་ཀོང་ཡུལ་ཞེས་པའི་ནང་གནའ་བོའི་ཉང་ལོང་གཉིས་ཀྱི་ཡུལ་སྡེ་རྣམས་ཀྱང་བསྡུས་ཡོད་པས་སོ། དེ་ཡང་གནའ་དུས་ཀྱི་ཀོང་ཡུལ་ནི་དྭགས་ཀོང་བར་གྱི་ང་ལ་མན་ནས་སྤོ་ཀོང་བར་གྱི་རྒྱ་ལ་ཡན་གྱི་ཡར་ཀླུང་གཙང་པོའི་གཞུང་བརྒྱུད་ལ་གནས་པའི་ཡུལ་གྲུ་རྣམས་དང་། ཉང་པོ་ནི་དེང་གི་ཀོང་པོ་བ་ལ་ནས་རྒྱ་མདའ་རྙིང་པ་བར་(དེ་སྔའི་རྒྱ་མདའ་རྫོང་གནས་ཡུལ།)དང་། ལོང་པོ་(དེ་སྔ་སྒེར་ང་ཕོད་པའི་གཞིས་ཀའི་ཁོངས་གཏོགས་ཡིན།)ནི་རྒྱ་མདའ་རྙིང་པ་ནས་རྣམ་གསལ་བར་ཡིན་པར་སྣང་ངོ་།

དེ་ཡང་《བཀའ་བརྒྱུད་གསེར་ཕྲེང་རྣམ་ཐར་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ།》ལས། ཞྭ་དམར་སྐུ་ཕྲེང་གསུམ་པ་ཆོས་དཔལ་ཡེ་ཤེས་མཆོག་སྐྱིད་ཤོད་ནས་དབུས་སྟོད་བརྒྱུད་ཉང་པོ་ལོང་པོ་ནས་ཀོང་པོར་སྔོན་ལ་བྱོན།[4] ཞེས་འབྱུང་ལ། དེང་གི་རྒྱ་མདའ་དང་འགྲུ་ལའི་བརྒྱུད་ལ་གནའ་དུས་ཀོང་པོ་ཞེས་མི་འབོད་པར་ཉང་པོ་རྒྱ་མདའ་དང་།[5] ལོང་པོ་འགྲུ་ལ།[6] ཞེས་འབོད་སྲོལ་བྱུང་འདུག་མོད། དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་དུས་རབས་བཅོ་བརྒྱད་པའི་ཡས་མས་ནས་གནའ་དུས་ཀྱི་ཉང་པོ་རྒྱ་མདའ་ལ་ཀོང་པོ་རྒྱ་མདའ་དང་། གནའ་དུས་ཀྱི་ལོང་པོ་འགྲུ་ལ་ཀོང་པོ་འགྲུ་ལ་ཞེས་འབོད་རྒྱུན་དུ་ཆགས་པར་སྣང་། དཔེར་ན། 《ཀློང་རྡོལ་གསུང་འབུམ།》ལས། ཀོང་པོ་ལོང་པོ་སྟོད།[7] ཀོང་པོ་ཉང་པོ།[8] ཞེས་འབྱུང་བ་སོགས་ལས་ཤེས་ནུས་པ་མ་ཟད། ཀོང་པོའི་ནང་གསེས་ཐད་ཤར་ཀོང་དང་། ལྷོ་ཀོང་། ནུབ་ཀོང་། བྱང་ཀོང་སོགས་དབྱེ་རྒྱུ་འདུག་ལ། ལོ་རྒྱུས་ཀྱི་ཡིག་ཆའི་ཁྲོད་ཉང་དྭགས་ཀོང་གསུམ། ཉང་ལོང་ཀོང་གསུམ། བྱར་དྭགས་ཀོང་གསུམ་ཞེས་པ་སོགས་མཇལ་རྒྱུ་ཡོད། གཞན་ཡང་ཀོང་ཡུལ་དེ་བཞིན་ས་ཚིགས་བཞིར་དབྱེ་སྟེ་བརྗོད་ན། ཐིམ་སྦས་མན་ལ་ཀོང་སྨད་དང་། སྦ་དཀར་ཡན་ལ་ཀོང་སྟོད། རྩེ་ལྷ་སྒང་ཡན་ལ་ཉང་ཁ། དགེ་འདུན་གཞུང་དང་རྟ་བ་གཞུང་སོགས་ནི་ཀོང་པོའི་གཞུང་རྒྱུད་ཡིན།[9] ཞེས་གསུངས།

ལེ་ཚན་གསུམ་པ། ཀོང་པོའི་སྲིད་འཛིན་འཕོ་འགྱུར།

གནའ་བོའི་དུས་སུ་ཀོང་པོ་ཁུལ་འདིར་བདུད་ཁྱབ་པ་ལག་རིང་དང་། བདུད་ཨ་ཆུང་། བདུད་ཀླུ་བཙན། བདུད་མ་ཊ་མ་རྒྱུ་ཊ་བཅས་ཀྱི་དབང་སྒྱུར་བྱས་པ་སོགས། དགའ་ལྡན་ཕོ་བྲང་ཡན་གྱི་ཀོང་ཡུལ་གྱི་ལོ་རྒྱུས་འཕེལ་རིམ་《དབུས་གཙང་ལོ་རྒྱུས་སྟོད་ཆར་》ཞུས་ཟིན་ཞིང་། འདིར་དགའ་ལྡན་ཕོ་བྲང་པས་བོད་ལ་དབང་ལུང་བསྒྱུར་སྐབས། ཤར་ཀོང་པོའི་ཡུལ་དེའི་སྲིད་འཛིན་འཕོ་འགྱུར་དང་རྫོང་གཞིས་ཀྱི་འཛིན་སྐྱོང་རྣམ་གཞག་སོགས་ཡུལ་དེའི་སྤྱི་ཚོགས་ལོ་རྒྱུས་ཀྱི་ཐད་ནས་ཞུ་བ་ལགས། སྤྱིར་དེང་གི་ཀོང་ཡུལ་ལ་གནའ་དུས་ཀོང་པོ་དང་ཉང་པོ་ཞེས་སྲིད་འཛིན་གྱི་ས་ཁུལ་གཉིས་ཡིན་ཡང་༸རྒྱལ་མཆོག་ལྔ་པ་ཆེན་པོའི་རང་རྣམ་《དུ་ཀཱུ་ལའི་གོས་བཟང་།》ལས། ཀོང་པོ་སྟོད་སྨད་ཉང་པོ་ཁུལ་གྱི་ལྷ་སྡེ་མི་སྡེ།[10] ཞེས་བྱུང་བ་ལྟར་དང་། དེ་ལས་ཀོང་པོ་སྟོད་སྨད་ཀྱི་རྣམ་དབྱེ་འབྱེད་ཚུལ་ཡང་། དྭགས་ཀོང་མཚམས་ཀྱི་ང་ལ་ནས་རྩེ་ལྷ་སྒང་ཡས་མས་བར་ཀོང་སྟོད་དང་རྩེ་ལྷ་སྒང་ནས་རྒྱ་ལ་བར་ཀོང་སྨད། ཉང་པོ་ནི་ཀོང་པོ་བ་ལ་ནས་ཉང་ཆུ་དང་ཡར་ལུང་གཙང་པོ་འདྲེས་མཚམས་བར་ལ་ཆ་འཇོག་གནང་ལམ་མཆིས།

དེ་ཡང་། བོད་གཞུང་དགའ་ལྡན་ཕོ་བྲང་པས་བོད་ཁམས་སུ་དབང་ལུང་མ་བསྒྱུར་བའི་ཡར་སྔོན་དུ། ཀོང་པོའི་ཡུལ་འདིར་ཀར་སྲིད་ཅེས་རྒྱལ་བ་ཀརྨ་པའི་ཆོས་སྲིད་ཀྱི་བསྟི་གནས་རྩེ་ལྷ་སྒང་དང་། རྒྱ་སྐོར་བ། ལྕགས་གྲོང་བ། ཀོང་པོ་བརྟུལ་མི། ཨོ་རོང་། སྤྱང་ཀི་གྲོང་། ལྷོ་སྒོ་བ། རྟ་མགོན། སྐྱེམས་ཀྱི་གཞིས་སྡོད།[11] དགའ་ཆགས་པ། རྒྱལ་སྐོར་བ། ལོང་པོ་བཀྲ་ཤིས་ཆོས་གླིང་། ཨ་རིག་ཐང་། རྔོད་རྒྱ་མཚོ་གླིང་།[12] ཤུ་སྟག་རྩེ་དགོན་ཁ་འཇགས་འབྲུག་ལ་བླ་མ་[13] སོགས་ཡོད་མོད། ཕྱི་ལོ་ ༡༦༤༢ ཟླ་ ༤ ཚེས་ ༢༥ ཉིན་བོད་གཞུང་དགའ་ལྡན་ཕོ་བྲང་པའི་སྲིད་དབང་དབུ་བརྙེས་པའི་ཁྱབ་བསྒྲགས་མཛད་པ་དང་། ལོ་དེའི་ཟླ་ ༩ ནང་གསར་དུ་བཙུགས་མ་ཐག་པའི་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་ལ་སྡེ་སྲིད་གཙང་པ་དང་ཀོང་སྲིད་གཉིས་ཀྱི་གྱེན་ལོག་བྱས་རྐྱེན། སྡེ་པ་བསོད་ནམས་ཆོས་འཕེལ་དང་གུར་ཤྲི་ཁང་གིས་དབུ་ཁྲིད་པའི་དགེ་སོག་གིས་ཀོང་སྲིད་པའི་གྱེན་ལོག་ཞོད་འཇགས་སུ་བཏང་ནས་དགའ་ལྡན་ཕོ་བྲང་པའི་མངའ་འོག་ཏུ་བསྡུས།

སྐབས་དེར་༸གོང་ས་ལྔ་པ་ཆེན་པོའི་དགོངས་གཞི་ལ་ཀོང་པོ་སྟོད་སྨད་དགའ་ལྡན་ཕོ་བྲང་གི་གཞུང་འཛིན་རྫོང་གཞིས་བཟོ་བཞེད་ལ། སྡེ་སྲིད་བསོད་ནམས་ཆོས་འཕེལ་དང་སྟག་གདོང་ནས་ཀྱིས་གཞུང་འཛིན་རྫོང་གཞིས་བཟོས་ཚེ། ཀར་སྲིད་གྱེན་ལོག་ལྟར་ཡོང་ཉེན་པས་དགེ་ལུགས་པའི་ཆོས་སྡེས་སྐྱོང་བའི་ཆོས་གཞིས་སུ་བཅོས་བསྒྱུར་ལེགས་ཚུལ་ཞུས་པ་ལྟར། ཀོང་ཡུལ་གྱི་དགེ་ལྡན་པའི་དགོན་པ་ཕན་བདེ་དགོན་གྱི་བླ་མ་ཕན་བདེ་སྤྲུལ་སྐུས་(མཁས་གྲུབ་ཤཱཀྱ་ལྷ་དབང་)སྐྱོང་བའི་སེར་སྲིད་དུ་བཅོས་འདུག་པ་ནི།《དུ་ཀཱུ་ལའི་གོས་བཟང་།》ལས། ད་ཆ་ལ་རྒྱ་གོག་པོ་འདི་འཛིན་དགོས་ཕྱིན་ཀོང་པོ་སྟོད་སྨད་དུ་རྫོང་གཞིས་གཉིས་གསུམ་ཞིག་གཞུང་འཛིན་མཛད་པ་ལེགས་ཚུལ་གྱི་བང་ཆེན་ཆེད་དུ་བཏང་བར། སྡེ་པ་དང་སྟར་སྟོང་ནས་དཔོན་གཡོག་གཉིས་ཀས་ངེད་ཆོས་མ་ནུས་པའི་བློ་རྒྱ་ཅན་འདྲ་མོའི་གསུང་གླེང་དང་ཡིག་ལན་དུ། ཀར་སྲིད་ཀྱི་དཔེ་དྲངས་ཏེ་སེར་སྲིད་ཀྱི་བཟུང་ན་འཐུས་གཞུང་འཛིན་སུན་པ་ལས་མེད་ཚུལ་བྱུང་བས་ཕྱིས་སུ་ཕན་བདེ་བ་སོགས་ཀྱིས་བྱེད་བབས་ལ་དཔགས་ན་ཕོ་ཆོད་ཀྱང་མ་ཆུང་ཙམ་བྱུང་འདུག[14] ཅེས་གསུངས།

ཕན་བདེ་སྤྲུལ་སྐུ་(མཁས་གྲུབ་ཤཱཀྱ་ལྷ་དབང་)ནི་ཆབ་མདོ་བླ་ཕྱག་ལྔའི་ཡ་གྱལ་ཡིན་པ་མ་ཟད། མཁས་གྲུབ་ལྷ་དབང་གཤེགས་རྗེས་ཀོང་པོ་ཕན་བདེ་དགོན་དང་མདོ་སྟོད་ཆབ་མདོ་དགོན་གཉིས་མཁས་གྲུབ་ཤཱཀྱ་ལྷ་དབང་གི་དབོན་དྲུང་ཆབ་མདོ་ཞི་བ་བཟང་པོས་སྐྱོང་སྐབས་ཁམས་ཀོང་མཉམ་འབྲེལ་གྱིས་བོད་གཞུང་ལ་ངོ་ལོག་བྱས་པ་གུར་ཤྲིས་བཅོམ་ཞིང་། ཀོང་ཡུལ་དེ་བཞིན་བོད་གཞུང་དགའ་ལྡན་ཕོ་བྲང་པའི་ཐད་ཀའི་འཛིན་སྐྱོང་འོག་རྫོང་གཞིས་ལམ་ལུགས་སུ་གཏན་འབེབས་གནང་འདུག་པ་པ་ནི།《དུ་ཀཱུ་ལའི་གོས་བཟང་།》ལས། ཕན་བདེ་སྐུ་སྐྱེ་སྤུན་ཁམས་ཀོང་རྩེ་བསྟུན་གྱི་བྱེད་ངན་རྩ་མ་ཆོད་པའི་རང་ཕྱོགས་ནང་ཁུལ་དུ་དཔུང་འཇུག་གནང་བ་མི་འགབ་ཞུ་མཁན་ཡང་མང་ཞིང་།[15] ཞེས་དང་། རྒྱལ་པོ་ཀོང་པོར་དཔུང་ཐོག་ཏུ་བཞུགས།[16] ཀོང་པོ་ནས་འོར་སྟར་གཉིས་འཁོར་བའི་མདའ་དཔོན་འོར་པས་ཕན་བདེའི་རྟེན་གྲལ་གྱི་ཟངས་ཐང་མ་ཞིག་རྫོང་དུ་ཁྱེར་འོང་བས།[17] ཀོང་པོ་ཕན་བདེ་བ་རྣམས་ཀྱིས་རང་ཉེས་ཀྱིས་བྱེད་པར་བབ་འབྲེལ་མི་འདུག་རུང་དགེ་ལུགས་ཀྱི་གྲས་སུ་སོང་བས་འོར་ཤོད་ཆུ་སྐོར་གཞིས་ཀ་ཐེམ་འཛིན་དྲུག་ཅུ་སྐོར། ལོང་ཡོང་སྟོང་ཕྲག་ཕྱེད་གཉིས།[18] ཞེས་བྱུང་བ་ལས་ཤེས་ནུས་སོ། ཁམས་ཀོང་མཉམ་འབྲེལ་ཡོང་དོན་ནི་འཕགས་པ་ལྷ་སྐུ་ཕྲེང་བཞི་པ་བར་ཀོང་ཡུལ་དུ་འཁྲུངས་པ་འགྲོ་དོན་ཆེ་ཡང་། སྐུ་ཕྲེང་ལྔ་པ་ནས་བཟུང་ཁམས་ཕྱོགས་སུ་ཕེབས་ནས་ཆབ་མདོ་དགོན་པའི་དགོན་བདག་གནང་འདུག་པ་ལས་བྱུང་བ་ཡིན་བཟོ་འདུག

མདོར་ན། ཕྱི་ལོ་ ༡༦༤༢ ནས་ ༡༦༦༢ བར་ཀོང་ཡུལ་དེ་བཞིན་དགའ་ལྡན་ཕོ་བྲང་པས་ཕན་བདེ་དགོན་པའི་སྤྲུལ་སྐུ་ཤཱཀྱ་ལྷ་དབང་དང་ཁོང་སྐུ་མཆེད་ཞི་བ་བཟང་པོ་སྐུ་མཆེད་གཉིས་ལ་བཞག་མོད། ཞི་བ་བཟང་པོའི་སྐབས་གྱེན་ལོག་བྱུང་སྟབས་དེ་སྔ་ནས་༸གོང་ས་ལྔ་པ་ཆེན་པོའི་ཐུགས་བཞེད་ལ་མངའ་བ་ལྟར། ཀོང་ཡུལ་དེ་བཞིན་རྫོང་གཞིས་ཁག་ལྔ་ཡི་སྲིད་འཛིན་སྒྲིག་གཞི་རུ་བགོས་འདུག་པ་ནི།《དུ་ཀཱུ་ལའི་གོས་བཟང་།》ལས། ཉང་ཀོང་རྫོང་གཞིས་ཁག་ལྔ།[19] ཞེས་བྱུང་བ་ལས་རྟོགས་ནུས། དེ་ཡང་། ཉང་ཀོང་རྫོང་གཞིས་ཁག་ལྔ་ནི་ལྔ་ནི། རྒྱ་མདའ་རྫོང་དང་། ཞོ་ཁ་རྫོང་། ཇོ་མོ་རྫོང་། རྩེ་ལྷ་སྒང་རྫོང་བཅས་རྫོང་བཞི་དང་། སྐྱེམས་གདོང་གཞིས་བཅས་སོ།[20] དེ་བཞིན་ཁུལ་འདིར་སྒེར་ང་ཕོད་དང་། ལྕང་གྲུང་། ཨོ་རོང་སྡེ་པ། རྒྱ་ལ་གཟིམ་ཤག་བཅས་སོགས་ཡོད་པ་མ་ཟད། ཕྱིས་བཤད་སྒྲ་དང་། ལྷ་ཀླུ། གླང་བདུན། ཕུན་ཁང་སོགས་ཀྱི་ཞབས་རྟེན་ས་ཞིང་དང་། དེ་མོ་དགོན་དང་། ཆབ་ནག་དགོན། བཀྲ་ཤིས་རབ་བརྟན་སོགས་ཀྱི་མཆོད་གཞིས་སོགས་དེ་སྔའི་བོད་གཞུང་གི་སྲིད་འཛིན་དབྱེ་བ་ལྟར་གཞུང་སྒེར་ཆོས་གསུམ་གྱི་འཛིན་སྐྱོང་ལམ་ལུགས་འཐུས་སྒོ་ཚང་བའི་སྒོ་ནས་དབང་ལུང་བསྒྱུར་ཡོད་འདུག་གོ།

 

ས་བཅད་གཉིས་པ། དྭགས་ཀོང་སྤྱི་ཁྱབ།

ལེ་ཚན་དང་པོ། དྭགས་ཀོང་སྤྱི་ཁྱབ་གསར་འཛུགས་བྱེད་དོན་དང་དུས་སྐབས།

དགའ་ལྡན་ཕོ་བྲང་གི་སྲིད་གཞུང་བརྙེས་པའི་ཐོག་མའི་དུས་རིམ་ནང་སྡེ་སྲིད་ཀྱི་ལམ་ལུགས་དང་། ཕྱི་ལོ་ ༡༧༥༡ ནས་བཀའ་ཤག་གི་ལམ་ལུགས་བྱུང་བའི་རིང་། གཞི་རིམ་འཛིན་སྐྱོང་ཐད་དབུས་གཞུང་ནས་ཐད་སྐྱོང་རྫོང་གཞིས་ཁག་འཛིན་སྐྱོང་གནང་ལམ་ལས་ས་གནས་སྤྱི་ཁྱབ་ཀྱི་སྲིད་འཛིན་ལམ་ལུགས་ཤིག་མེད་རྐྱེན། རྫོང་དང་རྫོང་དབར་དང་གཞིས་ཀ་དང་གཞིས་ཀའི་དབར་གཅུན་འདོམས་བྱེད་དཀའ་བར་གྱུར་ཏེ། རྟག་པར་ཁ་མཆུ་དང་། རྒྱག་རེས། གྱོད་དོན་འཁྲུག་ཟིང་རྒྱུན་མི་ཆད་པར་འོང་བཞིན་ཡོད་པས་ན། ཕྱི་ལོ་ ༡༩༡༠ ཡས་མས་ཤིག་ནས་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་གཞུང་སྲིད་འཛིན་སྐྱོང་ལེགས་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད། མི་དམངས་ཀྱི་འཚོ་བའི་བདེ་སྡུག་དང་སྤྱི་ཚོགས་ཀྱི་ལམ་ལུགས་དྲང་སྙོམས་ཡོང་སླད། སྔ་ཕྱིར་ལྷོ་སྤྱི་དང་། གཙང་སྤྱི། བྱང་སྤྱི། དྭགས་ཀོང་སྤྱི་ཁྱབ་བཅས་གསར་བཙུགས་མཛད་ཅིང་། སྤྱི་ཁྱབ་ཀྱི་མི་འགྲོ་དངོས་དེ་བཞིན་བཀའ་ཤག་ནས་༸གོང་ས་མཆོག་ལ་སྙན་སེང་ཆོག་མཆན་གྱི་ལམ་ནས་ཐད་ཀར་བསྐོ་བཞག་བྱེད་སྲོལ་མཆིས་མོད། རྗེས་སོར་སྐབས་འགའ་རེས་སྤྱི་ཁྱབ་ངོ་ཚབ་སྒྲིག་སྲོལ་གྱི་ལམ་ངན་ཡང་ཆགས་འདུག

རབས་བྱུང་བཅོ་ལྔ་པའི་མེ་སྦྲུལ་ཕྱི་ལོ་ ༡༩༡༧ ལོར་ཀོང་པོ་སྤྱི་ཁྱབ་གསར་འཛུགས་གནང་ཞིང་།[21] སྤྱི་ཁྱབ་དེའི་མངའ་འོག་ཏུ་དྭགས་ཀོང་རྫོང་གཞིས་བརྒྱད་ཀྱི་དབང་རིས་མངའ། དེ་དག་ཀྱང་ནམ་རྒྱུན་དྭགས་ཀོང་རྫོང་གཞིས་ཁག་བརྒྱད་ཅེས། དྭགས་པོ་རྒྱ་ཚྭ་རྫོང་དང་། དྭགས་པོ་སྐུ་རྣམ་རྫོང་། དྭགས་པོ་སྐྱེམ་སྟོང་རྫོང་། དྭགས་པོ་སྣང་གཞིས་སྡོད། ཀོང་པོ་རྒྱ་མདའ་རྫོང་། ཀོང་པོ་ཇོ་མོ་རྫོང་། ཀོང་པོ་རྩེ་སྒང་རྫོང་། ཀོང་པོ་ཞོ་ཁ་གཞིས།[22] ཞེས་འཁོད་འདུག 《བོད་ལྗོངས་སྤྱི་བཤད།》ཅེས་པའི་ནང་། དྭགས་ཀོང་སྤྱི་ཁྱབ་ནི་དྭགས་པོ་ས་ཁུལ་དང་ཀོང་པོ་ས་ཁུལ་གྱི་སྤྱི་ཁྱབ་ཡིན་ཞིང་། དེ་སྔ་ས་གནས་དེར་ཀོང་པོ་སྤྱི་ཁྱབ་ལས་མེད་ཀྱང་། ཕྱི་ལོ་ ༡༩༥༥ ལོའི་རྗེས་སུ་དེ་སྔའི་ཀོང་པོ་སྤྱི་ཁྱབ་ཅེས་པ་དྭགས་ཀོང་སྤྱི་ཁྱབ་ལ་མིང་བསྒྱུར་ནས་དྭགས་ཀོང་སྤྱི་ཁྱབ་བཙུགས།[23] ཞེས་འཁོད་འདུག  དེ་ནི་ཕྱི་ལོ་ ༡༩༥༤ ལོར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་དུས་བསྟུན་ལེགས་བཅོས་གནང་སྐབས། ཀོང་པོ་སྤྱི་ཁྱབ་དེ་བཞིན་དྭགས་ཀོང་སྤྱི་ཁྱབ་ཏུ་མིང་བསྒྱུར་མཛད་པ་ཞིག་རེད་འདུག[24]

སྤྱིར་ལོ་རྒྱུས་ཐོག་དྭགས་ཀོང་གཅིག་ཏུ་སྒྲིལ་བའི་ལུགས་མང་ཞིང་། འབྲུག་པ་ཀུན་ལེགས་ཀྱི་ཁ་བཤགས་ལའང་། དྭགས་ཀོང་ཀླ་ཀློའི་ཡུལ་དུ་བདག་མ་སྐྱེ། ཞེས་ཤོད་རྒྱུན་ཡོད་ལ། ༸གོང་ས་སྐུ་ཕྲེང་བདུན་པའི་གོང་ཙམ་དུ་དྭགས་ཀོང་གཅིག་ཏུ་སྒྲིལ་ནས་སྡེ་པ་གཞུང་ལ་ངོ་ལོག་པའི་ལོ་རྒྱུས་ཡོད་ལ།[25] ཁ་རྒྱུན་དུའང་དྭགས་ཀོང་ཁ་འདྲིལ་ན་དབུས་གཙང་སྡེར་མི་ཆགས་ཞེས་ཟེར་སྲོལ་ཡང་མཆིས། དེ་མིན་ལོ་རྒྱུས་ཐོག་གི་མཆིམས་ཞེས་པའི་ཡུལ་མིང་དེ་ཡང་། གནའ་དུས་དྭགས་ཀོང་གཉིས་ཀའི་ཡུལ་མིང་དུ་བརྗོད་པའི་སྐབས་བྱུང་འདུག་པ་ནི། བཙན་པོ་འབྲོ་སྙན་ལྡེ་རུས་དྭགས་པོའི་མཆིམས་བཟའ་ཀླུ་རྒྱལ་ཁབ་ཏུ་བཞེས།[26] ཞེས་དང་། ཀོང་པོ་མཆིམས་ཀྱི་ཡུལ།[27] ཞེས་དང་། དེང་ཡོངས་གྲགས་སུ་ཀོང་པོ་ང་ལ་ཞེས་པ་ལའང་གནའ་དུས་མཆིམས་ང་ལ།[28] ཞེས་དང་། དྭགས་ཀོང་གཉིས་ཀྱི་སོ་མཚམས་མཆིམས་ཡུལ་ང་ལ།[29] ཞེས་འབོད་པ་སོགས་མང་དུ་མཇལ་རྒྱུ་ཡོད།

དེ་ལྟར་མོད་ཀྱང་། བཀའ་ཟུར་བདེ་གྲོང་དབང་འདུད་རྡོ་རྗེ་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་《སྒེར་ཟུར་ཁང་གི་གཡོག་ནས་བོད་ཀྱི་བཀའ་བློན་ཁྲི་པ་བར་གྱི་ལོ་རྒྱུས་བཤད་པ།》ཞེས་པའི་ནང་། ཞོ་ཁ་གཞིས་སྡོད། རྩེ་ལྷ་སྒང་རྫོང་། ཇོ་རྫོང་རྫོང་སྡོད། རྒྱ་མདའ་རྫོང་། སྐུ་རྣམ་རྫོང་། སྐྱེམས་སྟོང་གཞིས་སོགས་ལྷོ་ཁ་སྤྱི་ཁྱབ་ཀྱི་མངའ་འོག་ཏུ་དྲངས་པའི་མཇུག་ཏུ། དེ་ནས་སྤྱི་ཁྱབ་ས་ཁུལ་རེ་ཟུང་ཟླ་བསྒྲིལ་དང་། འགའ་ཤས་གསར་འཛུགས་རྒྱས་བསྡུས་གནང་བའི་ཁོངས། དྭགས་ཀོང་སྤྱི་ཁྱབ་ཟུར་དུ་གསར་འཛུགས་གནང་བ་དེ་ནས་བཟུང་དྭགས་ཀོང་རྫོང་ཁག་གོང་གསལ་ཁོངས་ཟླ་སྒྲིལ་བ་རེད།[30] ཅེས་གསུངས། དེ་དག་གི་དཔྱད་ཁུངས་གང་ཡིན་གསལ་བར་མ་བསྟན་པས་བདེན་པར་མ་མཐོང་ཞིང་། དོན་ལ་དྭགས་པོའི་རྫོང་གཞིས་ཁག་ཚུད་པའི་ཀོང་སྤྱི་ནི་ ༡༩༡༧ ལོར་བཙུགས་པ་དང་། ཕྱི་ལོ་ ༡༩༥༤ ལོར་ཀོང་སྤྱི་ཞེས་པ་དྭགས་ཀོང་སྤྱི་ཁྱབ་ཏུ་མིང་བསྒྱུར་གནང་བ་ཙམ་ལས་དོན་ལ་ཀོང་སྤྱི་རང་ཆགས་ཡིན་པ་དང་། དྭགས་ཀོང་སྤྱི་ཁྱབ་བཙུགས་ནས་ཀྱང་དྭགས་ཀོང་སྤྱི་ཁྱབ་ཀྱི་བསྡུས་མིང་ལ་ཀོང་སྤྱི་ཞེས་འབོད་ཅིང་སྤྱི་ཁྱབ་ཀྱི་སྲིད་འཛིན་ལྟེ་གནས་རྩེ་ལྷ་སྒང་རྫོང་དུ་ཆགས་ཡོད་འདུག

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] འབྲི་གུང་སྐྱབས་མགོན་ཆེ་ཚང་། ཏུན་ཧོང་བོད་ཀྱི་ཡིག་རྙོང་ལས་བྱུང་བའི་བོད་བཙན་པོའི་རྒྱལ་རབས། ཨ་རིའི་དྷརྨ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༤། ཤོག ༡༨༥།

[2] མཁས་པ་ལྡེའུ། རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧། ཤོག ༢༣༠།

[3] དབང་གྲགས་དང་ཀུན་མཆོག་ཚེ་རིང་། ཀོང་པོའི་རིག་དངོས་གནས་བསྡུས། བྲིས་མ། ཕྱི་ལོ། ༡༩༩༢། ཤོག ༤༣།

[4] བཀའ་བརྒྱུད་གསེར་ཕྲེང་རྣམ་ཐར་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ། བར་ཆ། ཝཱ་ཎ་བཛྲ་བིདྱ་དཔེ་མཛོད་ཁང་། ཕྱི་ལོ། ༢༠༠༥།ཤོག ༦༠།

[5] ཞལ་སྔ་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ། ༢༠༠༡། ཤོག ༡༩༦།

[6] ཞལ་སྔ་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༡། ཤོག ༡༩༠།

[7] ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ། པོད་གཉིས་པ། གངས་ཅན་རིག་མཛོད། ༢༡། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༡། ཤོག་ ༤༠༥།

[8] ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ། པོད་གཉིས་པ། གངས་ཅན་རིག་མཛོད། ༢༡། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༡། ཤོག་ ༤༠༦།

[9] ཀོང་པོ་བསོད་ནམས་བཀྲ་ཤིས་ལ་བཅར་འདྲི་ཞུས་པའི་ཟིན་ཐོ། ཕྱི་ལོ། ༢༠༡༥ ཟླ་ ༣ ཚེས་ ༢༤ ཉིན། ས་རཱ་མཐོ་སློབ།

[10] ངག་དབང་བློ་བཟང་རྒྱ་མཚོ། དུ་ཀཱུ་ལའི་གོས་བཟང་། པོད་གཉིས་པ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༡༣༥།

[11] རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར། དེབ་གཉིས་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༤༡༨།

[12] རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར། དེབ་ལྔ་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༩༣།

[13] རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར། དེབ་ལྔ་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༩༤།

[14] རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར། དེབ་དང་པོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༡༩༣།

[15] རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར། དེབ་དང་པོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༥༣༣།

[16] རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར། དེབ་དང་པོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༥༤༢།

[17] རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར། དེབ་དང་པོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༥༥༡།

[18] རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར། དེབ་དང་པོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༥༥༤།

[19] རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར། དེབ་གསུམ་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༦༡།

[20] རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར། དེབ་གཉིས་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༦༡། རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚས་མཛད་པའི་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་ནང་། སྣང་རྫོང་པའི་ཀོང་ཁུལ་མངའ་ཞབས་ཞེས་བྱུང་ན་བརྟག་པའི་གཞི།

 

[21] 加查县志.中国藏学出版.2005,pg 67.

[22] བོད་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ཐེངས་བདུན་པ། བོད་ལྗོངས་དམག་ཁུལ་ཁང་པར་འདེབས་བཟོ་གྲྭ། ཕྱི་ལོ ༡༩༨༥། ཤོག ༦༧།

[23] བོད་ལྗོངས་སྤྱི་བཤད། སྟོད་ཆ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༡། ཤོག ༡༧༠།

[24] 加查县志.中国藏学出版.2005,pg 67.

[25] འོལ་དགའ་བཞད་པའི་རྡོ་རྗེའི་རང་རྣམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༩། ཤོག ༥༠༩།

[26] མཁས་པ་ལྡེའུ་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༧། ཤོག ༢༥༠།

[27] ངག་དབང་བློ་བཟང་རྒྱ་མཚོ། དུ་གཱུ་ལའི་གོས་བཟང་།

[28] རྩེ་ལེ་སྣ་ཚོགས་རང་གྲོལ། སྙིགས་དུས་ཀྱི་བླ་མའི་གཟུགས་བརྙན་འཛིན་པ་རང་གི་མཚན་ཉིད་ཇི་ལྟར་བར་བརྗོད་པ་དྲང་པོའི་ས་བོན། དཔེ་རྙིང་བྲིས་མ། ཤོག ༡༠།

[29] རྩེ་ལེ་སྣ་ཚོགས་རང་གྲོལ། རྩེ་ལེ་གོང་འོག་གྲྭ་ཚང་དགོན་གསུམ་རྣམས་ཀྱི་བསྟན་པ་ཇི་ལྟར་བཙུགས་པའི་ལོ་རྒྱུས། དཔེ་རྙིང་བྲིས་མ། ཤོག བཅུ། བ།

[30]  བཀའ་ཟུར་བདེ་གྲོང་དབང་འདུད་རྡོ་རྗེ། སྒེར་ཟུར་ཁང་གི་གཡོག་ནས་བོད་ཀྱི་བཀའ་བློན་ཁྲི་པ་བར་གྱི་ལོ་རྒྱུས་བཤད་པ།ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་བརྒྱད་པ། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ ༡༩༩༩། ཤོག ༦༩།

 

 

བརྒྱུད་སྐུལ།

མཆན་སྤེལ།