དབུས་གཙང་ལོ་རྒྱུས་ཆེན་མོ་ལས། དྭགས་ཀོང་སྤྱི་ཁྱབ་མངའ་འོག་གི་རྫོང་གཞིས། ༢༽

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། དྭགས་ཀོང་སྤྱི་ཁྱབ་མངའ་འོག་གི་རྫོང་གཞིས། ༢༽

ལེ་ཚན་གཉིས་པ། དྭགས་ཀོང་སྤྱི་ཁྱབ་མངའ་འོག་གི་རྫོང་གཞིས།

སྤྱིར་རྫོང་གཞིས་ཁག་ལ་སྲིད་འཛིན་འགྱུར་བ་རིམ་པར་ཕྱིན་པས་འདྲེན་ལུགས་མི་འདྲ་བ་ཞིག་ཡོད་ཀྱང་། ཕྱི་ལོ་ ༡༩༥༤ ལོར་དྭགས་ཀོང་སྤྱི་ཁྱབ་གསར་དུ་བཙུགས་གནང་བའི་སྐབས། དྭགས་ཀོང་སྤྱི་ཁྱབ་ཀྱི་མངའ་འོག་ཏུ་རྫོང་གཞིས་བཅུ་གཅིག་ཡོད་འདུག་པ།[1] དེ་དག་དེང་གི་རྫོང་ཁག་གང་གི་ཁོངས་སུ་གཏོགས་མིན་གཤམ་གསལ་ལྟར་རོ།།

དེ་སྔའི་རྫོང་གཞིས། ད་ལྟའི་རྫོང་།
རྒྱ་མདའ་རྫོང་། ཞོ་ཁ་རྫོང་། ཇོ་མོ་རྫོང་གི་ནུབ། རྒྱ་མདའ་རྫོང་།
དེ་མོ་རྫོང་གི་ནུབ་དང་། ཇོ་མོ་རྫོང་གི་ཤར། རྩེ་ལྷ་སྒང་རྫོང་གི་ཤར་བྱང་། ཉིང་ཁྲི་རྫོང་།
རྩེ་ལྷ་སྒང་རྫོང་གི་ལྷོ་དང་ནུབ། སྨན་གླིང་རྫོང་།
སྣང་གཞིས། སྐུ་རབ་རྣམ་རྒྱལ་རྫོང་། སྐྱེམས་སྟོང་རྫོང་། སྣང་རྫོང་།[2]
རྒྱ་ཚྭ་རྫོང་། ལྷ་གསོལ་གཞིས། ཆོས་འཁོར་རྒྱལ་ལམ་རྒྱལ་གཉེར་སྡོད། རྒྱ་ཚྭ་རྫོང་། ཕྱི་ལོ་ ༡༩༥༩ ནས་ལྷོ་ཁ་ཁུལ་དུ་བཞག

ལེ་ཚན་གསུམ་པ། དྭགས་ཀོང་སྤྱི་ཁྱབ་ཀྱི་གྲུབ་ཆ་དང་སྤྱི་ཁྱབ་རིམ་བྱུང་།

དྭགས་ཀོང་སྤྱི་ཁྱབ་ཀྱི་འཛིན་སྐྱོང་གྲུབ་ཆ་ནི་སྤྱི་ཁྱབ་མི་གཅིག་གིས་སྣེ་འཁྲིད་འོག་ཏུ་ཕྱག་མཛོད། དྲུང་ཡིག འགག་པ། རྟ་གཡོག། ཐབ་གཡོག་བཅས་ཀྱི་གཞུང་འཛིན་ལས་ཀྱི་སྣེ་མོ་བ་ཐེག་པ་རིམ་འཛེགས་སུ་མཆིས་ཤིང་། སྤྱི་ཁྱབ་དེའི་མངའ་ཁོངས་སུ་ཀོང་པོ་རྒྱ་མདའ་དང་། རྩེ་ལྷ་སྒང་། ཇོ་མོ། སྐུ་རྣམ། རྒྱ་ཚ། གླང་(སྣང་མིན་ནམ་སྙམ་)རྫོང་ལ་སོགས་པའི་རྫོང་གཞིས་རྣམས་ཡོད།[3] ཅེས་གསུངས་པ་བདེན་ཞིང་། དེ་མིན་《བོད་ལྗོངས་ལྷོ་ཁ་སྤྱི་ཁྱབ་དང་། སྣེ་གདོང་། འཕྱོངས་རྒྱས་བཅས་ཀྱི་སྤྱི་ཚོགས་ལོ་རྒྱུས་རྟོགས་ཞིབ་རྒྱུ་ཆ་ (西藏山南基巧和乃东琼结社会历史调查资料) 》ཞེས་པའི་ནང་། རྒྱ་ཚྭ་རྫོང་དང་། སྣང་རྫོང་།[4] སོགས་ལྷོ་སྤྱིའི་ཁོངས་སུ་ཡང་དྲངས་འདུག་པ་དག་ནི་ཆ་འཇོག་འོས་པའི་གནས་སུ་མི་སྣང་ངོ་། གང་ལྟར་ཡང་དྭགས་ཀོང་སྤྱི་ཁྱབ་ཀྱི་ལས་འགན་གཙོ་བོ་ནི་བཀའ་ཤག་ནས་བཀོད་རྒྱ་ནམ་འབྱོར་གྱི་ནང་དོན་རྣམས་བརྒྱུད་བསྒྲགས་བྱ་རྒྱུ། རྫོང་འགོ་ཁག་གིས་ཐག་གཅོད་མ་ཐུབ་པའི་གྱོད་དོན་ཁག་དྭགས་ཀོང་སྤྱི་ཁྱབ་ལ་གཏུགས་གཤེར་གྱིས་ཁྲིམས་གཅོད་བྱེད་སྒོ། ཁྲིམས་འགལ་རིགས་གཅུན་འདོམས་དང་། གཞུང་ཁྲལ་དུས་འབུལ། ཚོང་དོན་ལ་རྟོག་ཞིབ་དང་རྩོད་གླེང་བྱུང་ན་ཐག་གཅོད། མཐའ་མཚམས་ཀྱི་བདག་དབང་སྲུང་སྐྱོབ། ཆབ་འབངས་ཀྱི་བདེ་སྡུག་ལ་བལྟ་སྐྱོང་། དགོན་སྡེའི་འདུལ་ཁྲིམས་སྤྱི་འདོམས། གཤམ་འོག་དཔོན་རིགས་བསྐོ་འཐེན་བྱ་རྒྱུ་སོགས་ཡིན་ཡང་། གཞུང་དོན་གལ་གནད་ཆེ་རིགས་ཐོན་ཚེ་འཕྲལ་མར་བཀའ་ཤག་ལ་སྙན་སེང་ཞུ་དགོས་པ་ལས་ས་གནས་སྤྱི་ཁྱབ་རང་ངོས་ཀྱིས་ཐག་གཅོད་པའི་དབང་ཚད་མི་ལྡན་ནོ།།

 

ལེ་ཚན་བཞི་པ། དྭགས་ཀོང་སྤྱི་ཁྱབ་རིམ་པའི་མཚན་གཞུང་། (༡༩༥༥-༡༩༥༩)

དྭགས་ཀོང་སྤྱི་ཁྱབ་ཨང་རིམ། གནས་རིམ། དྭགས་ཀོང་སྤྱི་ཁྱབ་ཀྱི་མཚན།
དང་པོ།

 

རིམ་བཞི། སེར་མོ།  
རིམ་བཞི། སྐྱ་བོ།  
གཉིས་པ། རིམ་བཞི། སེར་མོ།  
རིམ་བཞི། སྐྱ་བོ།  
གསུམ་པ། རིམ་བཞི། སེར་མོ།  
རིམ་བཞི། སྐྱ་བོ།  
བཞི་པ། རིམ་བཞི། སེར་མོ།  
རིམ་བཞི། སྐྱ་བོ།  
ལྔ་པ། རིམ་བཞི། སེར་མོ། ཕྱི་ལོ་ ༡༩༥༨ ལོར་ཕུན་རབ་དགའ་ལྡན་གྱི་ཚབ་ཕུན་ཚོགས་དོན་གྲུབ་བཏང་འདུག
རིམ་བཞི། སྐྱ་བོ།  

 གཉིས་པ། དྭགས་པོ་རྒྱ་ཚ་རྫོང་།

ས་བཅད་དང་པོ། རྫོང་གི་གཞི་རིམ་ལོ་རྒྱུས།

ལེ་ཚན་དང་པོ། རྫོང་གི་མིང་བྱུང་ཚུལ།

རྫོང་ཁུལ་དེའི་ཡུལ་མིང་དུ་རྒྱ་ཚ་ཞེས་པ་ནི་སྔོན་རྒྱ་བཟའ་ཀོང་ཇོས་གནས་དེར་ཚྭ་བསྣམས་ཕེབས་སྟབས་རྒྱ་ཚ་ཞེས་ཐོགས་པར་གྲགས།[5] དེ་ཡང་། ཁུལ་དེའི་ངག་རྒྱུན་དུ་འུན་ཤིང་ཀོང་ཇོ་ས་དེ་བརྒྱུད་ནས་བསྐྱོད་སྐབས། ཚྭ་རྡོག་པོ་ཞིག་ཁུལ་དེའི་རི་བོའི་ཁུང་དུ་སྦས་པ་ནས་བཟུང་རི་ཁུང་དེ་ནས་ཚྭ་ཆུ་ཐོན་པར་བརྟེན་མིང་དེ་ལྟར་ཐོགས་པ་ཡང་བཤད།[6] དོན་དངོས་སུ་རྒྱ་ཚྭ་ཞེས་པནི་ཁུལ་དེ་ནས་ཚྭ་ཆུ་ཐོན་གྱི་ཡོད་པ་བརྟེན་མིང་དེ་ལྟར་ཐོགས་པ་སེམས། དེང་རྒྱ་ཚའི་ཚ་ལ་ཝ་ཟུར་མི་འབྲི་བའི་ལུགས་ལྟར་འདིར་ཡང་རྒྱ་ཚའི་ཚ་ལ་ཝ་ཟུར་བྲིས་མེད།  ད་ལྟའི་རྒྱ་ཚ་རྫོང་གི་ཁུལ་དེ་དག་ནི་དེ་སྔའི་རྒྱ་ཚ་ཁུལ་དང་ལྷ་གསོལ་གཞིས་ཀྱི་མངའ་ཁོངས་རྣམས་ཚུད་ཡོད།[7] འདིར་ཡང་དེ་སྔའི་རྒྱ་ཚ་ཁུལ་དང་ལྷ་གསོལ་གཞིས་གཉིས་མངའ་ཁོངས་གཅིག་ཏུ་བྱས་ནས་འབྲི་རྒྱུ་ལགས། དེ་སྔའི་ལྷ་གསོལ་གཞིས་ནི་རྒྱ་ཚའི་ནུབ་ཕྱོགས་སུ་གནས་པའི་གཞུང་སྒེར་ཆོས་གསུམ་གྱི་སྲིད་དབང་སྒྲིག་གཞིའི་ཆ་ཡོངས་སུ་ཚང་བའི་རྫོང་གཞིས་རིམ་པའི་གཞིས་ཀ་ཆེ་གྲས་ཤིག་ཡིན། དེ་དང་ཕྱོགས་མཚུངས་དེ་སྔའི་ཆོས་འཁོར་རྒྱལ་གཞིས་ཀྱི་མངའ་ཞབས་ཀྱང་དེང་རྒྱ་ཚ་རྫོང་ཁོངས་སུ་གཏོགས་བཅས་སོ།།

 

ལེ་ཚན་གཉིས་པ། རྫོང་གི་ས་བབ་ཚགས་ཚུལ།

རྒྱ་ཚྭ་རྫོང་ནི་བོད་ཀྱི་ལྷོ་ཤར་ཕྱོགས་ཡར་ཀླུང་གཙང་པོའི་དབུས་རྒྱུད་གཤོང་སའི་ཁུལ། བྱང་གི་འཕྲེད་ཐིག་ཏུའུ་གྲངས་ ༢༨.༨༠༚ 〜༢༩.༨༠༚ དང་ཤར་གྱི་གཞུང་ཐིག་ཏུའུ་གྲངས་ ༩༢.༣༚ 〜༩༣.༡༚ བར་དུ་གནས། རྫོང་དེའི་ཁོར་མོ་ཡུག་གཅིག་ཏུ་བརྗིད་ཉམས་ལྡན་ཞིང་མཚར་དུ་མངར་བའི་རི་བོའི་ཚོགས་གུང་གི་དབྱིངས་སུ་འགྱིང་ངེར་ལང་ཞིང་། རི་བོའི་འཕྲེད་གཞུང་ཀུན་ཏུ་གཙང་པོ་དལ་མེད་དུ་རྒྱུ་བ་དང་། རི་བོའི་མཐའ་སྐོར་གྱི་ཞིང་སའི་ས་བབ་ནི་ནུབ་མཐོ་ཞིང་ཤར་དམའ་བ། ས་བབ་སྤྱིའི་ཆ་སྙོམས་རྒྱ་མཚོའི་ངོས་ནས་སྨི་ ༣༢༠༠ དང་། མངའ་ཁོངས་ས་བབ་ཕན་ཚུན་གྱི་ལྟོས་བཅས་མཐོ་ཚད་ཁྱད་པར་ཕལ་ཆེར་རྒྱ་མཚོའི་ངོས་ལས་སྨི་ ༡༧༠༠ ཟིན་ཞིང་། རྫོང་གི་སྤྱིའི་གནམ་གཤིས་ནི་མཐོ་སྒང་དྲོ་ཁུལ་ཕྱེད་ཐན་པའི་དུས་རླུང་ཁུལ་དུ་གཏོགས།

ལོ་རེའི་ཆ་སྙོམས་དྲོད་ཚད་ ༨.༨ ༚C‚ དང་དགུན་ཟླ་དང་པོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༠.༩ ༚C‚ སླེབས་ཤིང་། དབྱར་ཟླ་བདུན་པར་ཆ་སྙོམས་དྲོད་ཚད་ ༡༥.༩ ༚C‚ བཅས་ཡིན། རྫོང་དེར་ཉི་ཕོག་འབེལ་ཞིང་འཕྲོ་ཤུགས་ཆེ་ལ་རླངས་པ་འགྱུར་ཚད་ཆེ་བས་ལོའི་དྲོ་ཁྱད་ཆུང་ཡང་ཉིན་དྲོ་ཁྱད་ཆེ་ཙམ་ཡོད།[8] སད་མེད་དུས་ཡུན་ཐུང་ཞིང་ཆར་དུས་ཆར་འབབ་འགྲིལ་བ་དགུན་དཔྱིད་གཉིས་ཀྱི་དུས་སུ་སྐམ་ཤས་ཆེ་བའི་རླུང་མང་བ། ལོའི་ཉི་ཕོག་དུས་ཡུན་ཆུ་ཚོད་ ༢༧༥༠ ཡིན་ཞིང་སད་མེད་དུས་ཡུན་ཉིན་ ༡༤༩ དང་ལོའི་ཆར་ཆུ་འབབ་ཚད་ལི་སྨི་ ༤༩༣ mm བཅས་ཡིན། རང་བྱུང་གནོད་འཚེ་གཙོ་བོ་ཆུ་ལོག་དང་། སེར་བ། སད། སྐམ་ཤས། ནད་འབུའི་སྐྱོན་སོགས་མཆིས།[9] རྫོང་གཞིས་དེ་གཉིས་ཀྱི་ཤར་ཕྱོགས་སུ་དྭགས་སྨད་སྣང་རྫོང་དང་། ལྷོ་ཕྱོགས་སུ་དེང་གི་ལྷུན་རྩེ་དང་ཆུ་གསུམ་རྫོང། བྱང་ཕྱོགས་སུ་ཀོང་པོ་རྒྱ་མདའ་རྫོང་བཅས་དང་ས་འབྲེལ་དུ་ཆགས་ཡོད་དོ།།

 

ས་བཅད་གཉིས་པ། རྫོང་གི་ལོ་རྒྱུས།

ལེ་ཚན་དང་པོ། བོད་ཀྱི་སྲིད་འཛིན་འཕོ་འགྱུར་དང་རྒྱ་ཚ་རྫོང་།

ཕྱི་ལོ་ ༡༩༩༡ ལོའི་རིག་དངོས་ཞིབ་བཤེར་ཁྲོད་དེང་རྒྱ་ཚ་རྫོང་གི་གླིང་མདའ་དང་། གཅེས། ངར་རབ། ལྷ་གསོལ་བཅས་ཀྱི་ས་གནས་ནས། རྡོ་ལས་གྲུབ་པའི་དུར་སྒམ་གྱི་གནའ་བོའི་ཤུལ་བཞག་གསར་དུ་རྙེད་ཅིང་། དུར་སྒམ་དེ་དག་ཁྲོད་ཀྱི་རིགས་གཅིག་ནི་རྡོ་ལེབ་ཧྲིལ་པོས་བརྩིགས་པའི་དུར་སྒམ་དང་། གཞན་ས་འོག་ནས་ཐོན་པའི་རྫ་ཕོར་དང་རྫ་སྣོད་བཅས་རྫ་ཆས་ལས་གྲུབ་པའི་དངོས་རྫས་ཡིན་པ་ལས་ལྕགས་རིགས་ཀྱི་སྣོད་ཆས་མེད། བོད་ཀྱི་རྡོའི་དུར་སྒམ་ཤུལ་བཞག་གསར་རྙེད་ཀྱི་གནས་ཚུལ་དང་ཟུང་འབྲེལ་གྱིས་དབྱེ་ཞིབ་བྱས་འབྲས་སུ། རྡོའི་དུར་སྒམ་དེའི་རིགས་ཕལ་ཆེར་ལོ་རྒྱུས་གོང་གི་རྡོ་ཆས་གསར་མའི་དུས་རབས་ཀྱི་ཤུལ་བཞག་གི་ཁོངས་སུ་གཏོགས་པར་བཤད། གནས་ཚུལ་དེ་ལས་རྒྱ་ཚ་རྫོང་ཁུལ་གྱི་ལོ་རྒྱུས་ནི་ད་ནས་བརྩིས་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ཡར་སྔོན་གྱི་གདོད་མའི་སྤྱི་ཚོགས་ཀྱི་མཚམས་བར་གྱེན་འདེད་བྱེད་ཐུབ་པ་གསུངས།[10] དེ་བཞིན་བོད་ཀྱི་ལོ་རྒྱུས་ལས་བྱུང་བའི་མངའ་མཛད་ཀྱི་དུས་སྐབས་སུའང་མངའ་མཛད་བཅུ་གཉིས་ཀྱི་ཡ་གྱལ་དྭགས་ཡུལ་ཞེས་པའི་མངའ་ཁོངས་སུ་གཏོགས་པར་སྣང་ཞེས་ཀྱང་འཁོད་འདུག

དུས་རབས་བདུན་པའི་ནང་སྤུར་རྒྱལ་བཙན་པོས་བོད་ལ་དབང་ལུང་བསྒྱུར་སྐབས་བོད་རུ་བཞིའི་སྲིད་འཛིན་དབྱེ་ཚུལ་ལྟར་ན། རྒྱ་ཚ་དེ་ནི་དབུས་གཙང་རུ་བཞི་ལས་གཡོ་རུའི་ཁོངས་དང་རུ་བཞིའི་རུ་ཆེན་རེར་ཡུལ་ཚན་ ༡༦ ཡོད་པ་ལས། རྒྱལ་ཚ་ལ་སྟོང་ཆེན་གཅིག་དང་ཡུལ་ཚན་གཅིག་མངའ་ཞེས་བྱུང་།[11] དུས་རབས་དགུ་པའི་ནང་བོད་སིལ་བུར་འཐོར་བའི་གནས་སྐབས་སུ། ཁུལ་དེར་ཆོས་བརྒྱུད་རྙིང་མ་པ་དང་ལྷག་པར་དུས་རབས་བཅུ་གཉིས་པའི་ཕྱེད་སྔ་མའི་དུས་སུ་དྭགས་པོ་བཀའ་བརྒྱུད་ཀྱི་ཤུགས་རྐྱེན་ཡོད་པར་སྣང་ཞིང་།[12] དུས་རབས་བཅུ་གསུམ་པར་ས་སྐྱ་པས་བོད་ལ་དབང་ལུང་བསྒྱུར་སྐབས། དབུས་གཙང་ཁྲི་སྐོར་བཅུ་གསུམ་ལས་དྭགས་པོ་ཁུལ་ཕལ་མོ་ཆེ་བྱ་ཡུལ་ཁྲི་སྐོར་གྱི་ཁོངས་སུ་གཏོགས།[13] ཞེས་འཁོད། དུས་རབས་བཅུ་བཞི་པ་ནས་སྡེ་སྲིད་ཕག་མོ་གྲུ་པས་བོད་ལ་དབང་ལུང་བསྒྱུར་སྐབས། དབུས་གཙང་རྫོང་ཆེན་བཅུ་གསུམ་གསར་དུ་བརྩིགས་སྐབས་རྒྱ་ཚ་དང་། ལྷ་གསོལ། ཆོས་འཁོར་རྒྱལ་བཅས་རྫོང་གཞིས་གསུམ་གསར་འཛུགས་མཛད་པ་དང་།[14] རྒྱ་ཚའི་ཁུལ་དེ་བཞིན་བྲག་དཀར་རྫོང་གི་མངའ་ཁོངས་སུ་གཏོགས།[15] ཞེས་གསུངས།

དུས་རབས་བཅུ་བདུན་པའི་ལོ་རབས་བཞི་བཅུ་པ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གིས་བོད་ཁམས་ལ་དབང་ལུང་བསྒྱུར་སྐབས། རྒྱ་ཚ་རྫོང་དང་། ལྷ་གསོལ་གཞིས། ད་དུང་ཆོས་འཁོར་རྒྱལ་དགོན་སོགས་ས་གནས་རྫོང་དང་རྫོང་གཞིས་ཀྱི་སྲིད་འཛིན་ལས་ཁུངས་གསར་འཛུགས་མཛད་འདུག་ལ། ལོ་རྒྱུས་ཐོག་ཕྱི་ལོ་ ༡༩༡༥ ལོར་སྲེག་ཤིང་ཚེ་རིང་རྣམ་རྒྱལ་རྒྱ་ཚ་རྫོང་གི་རྫོང་དཔོན་དུ་བསྐོ་གཏོང་གནང་འདུག་ལ། དེ་མཚུངས་ཕྱི་ལོ་ ༡༩༡༧ ལོར་དྭགས་ཀོང་སྤྱི་ཁྱབ་གསར་བཙུགས་མཛད་རྗེས་རྒྱ་ཚ་རྫོང་དང་ལྷ་གསོལ་གཞིས་གཉིས་དྭགས་ཀོང་སྤྱི་ཁྱབ་ཀྱི་མངའ་འོག་ཏུ་བཙུད་ཅིང་།[16] རིམ་བཞིན་ཕྱི་ལོ་ ༡༩༢༨ ནས་ ༡༩༣༢ ལོ་བར་རྣམ་སྲས་གླིང་འཇིགས་མེད་དཔལ་འབྱོར་རྒྱ་ཚ་གཞིས་སྡོད་གནང་མྱོང་འདུག དེ་བཞིན་དེ་སྔའི་ལྷ་གསོལ་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཕྱོགས་ལེ་དབར་ ༤༨༠ སར་གནས་པའི་རྫོང་(གཞིས་)སྡོད་སྐྱ་བོ་གཅིག་གིས་སྐྱོང་བའི་རིམ་བདུན་གྱི་རྫོང་གཞིས་ཆུང་གྲས་ཞིག་ཡིན་པ་དང་།[17] ཕྱི་ལོ་ ༡༩༥༦ ནས་ ༡༩༥༨ བར་རྩེ་ཕྱག་ནང་ཇོ་ལགས་འཆི་མེད་མགོན་པོ་ལྷ་གསོལ་རྫོང་དཔོན་དུ་བསྐོ་བཞག་གིས་རྫོང་དེའི་རྫོང་སྡོད་མཐའ་མ་དེ་ཡིན་པར་སྣང་།[18] ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་བ་དང་བསྟུན་རྒྱ་ཚ་རྫོང་དང་། ལྷ་གསོལ་གཞིས་ཟླ་བསྒྲིལ་ནས་ད་ལྟའི་རྒྱ་ཚ་རྫོང་བཙུགས་པ་མ་ཟད་ལྷོ་ཁ་ས་ཁུལ་གྱི་མངའ་ཁོངས་སུ་བཅུག་ཅིང་། རྫོང་སྲིད་གཞུང་ཨན་ངར་རབ་ཤང་བྲུམ་པ་གྲོང་ཚོར་གཏན་གཞི་བྱས།[19] བྲུམ་པ་དེ་བཞིན་རྫོང་ཁོངས་དབུས་ཕྱོགས་ཀྱི་ནུབ་ཟུར་ཡར་ཀླུང་གཙང་པོའི་ལྷོ་ངོགས་སུ་གནས་ཡོད་། དེང་གི་རྒྱ་ཚྭ་རྫོང་ཁུལ་དུ་གྲོང་ཚོ་ ༨༠ ལྷག་དང་ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༤༦༤༦ ཙམ་ཡོད་པར་གསལ།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བོད་ལྗོངས་སྤྱི་བཤད། སྟོད་ཆ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༡། ཤོག ༧༠།

[2]  武振华.西藏地名,中国藏学出版社,1995.北京.Pg 271.

[3]  དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། ཤེས་རིག་པར་ཁང་། ཕྱི་ལོ་ ༢༠༠༤། ཤོག ༡༡༠༤།

[4] 西藏山南基巧和乃东琼结社会历史调查资料,中国藏学出版社。1992.Pg 5.

[5] ཆོས་འཕེལ། ལྷོ་ཁ་ས་ཁལ་གྱི་གནས་ཡིག  མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༢། ཤོག ༨༩།

[6] 西藏地名.国家测绘局地名研究所编.中国藏学出版社.1995.北京.Pg.203.

[7] 西藏自治区地图册.西藏自治区测绘局.中国地图出版社出版.1995.pg 86.

[8] བོད་ལྗོངས་ས་ཁྲིའི་དེབ་ཐོ། བོད་རང་སྐྱོང་ལྗོངས་ཐིག་རིས་ཅུས། ཀྲུང་གོའི་ས་ཁྲ་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦།ཤོག

[9]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 86.

[10]错那 隆子 加查曲 松县文物志. 西藏人民出版社.1993.131.

[11]错那 隆子 加查曲 松县文物志. 西藏人民出版社.1993.131.

[12]错那 隆子 加查曲 松县文物志. 西藏人民出版社.1993.131.

[13]加查县志.西藏自治区地方志编辑委员会.中国藏学出版社.2010. Pg 66-67.

[14]加查县志.西藏自治区地方志编辑委员会.国藏学出版社.2010.Pg 68.

[15]错那 隆子 加查曲 松县文物志. 西藏人民出版社.1993.131.

[16] བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ ༡༢། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༠། ཤོག ༦༩།

[17] (1) དེབ་ཐེར་ལོང་བའི་དམིགས་བུ། དཔེ་གཟུགས། ལྕགས་པར། རྡི་ལི། ཕྱི་ལོ་ ༡༩༨༡། ཤོག ༢༤༡།

(2)多杰次仁.西藏封建农奴制社会形态.中国藏学出版社。2005. Pg 340.

[18] གཞུང་ཞབས་མི་སྣ་ཁག་གཅིག་གི་ལོ་རྒྱུས་ཕྱོགས་བསྡེབས། ངག་རྒྱུན་ལོ་རྒྱུས། ༡༧། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༢།

[19]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 86.

བརྒྱུད་སྐུལ།

མཆན་སྤེལ།