དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོའི་དམངས་སྲོལ་དང་། དྭགས་པོ་སྣང་རྫོང་གི་གཞི་རིམ་ལོ་རྒྱུས།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོའི་དམངས་སྲོལ་དང་། དྭགས་པོ་སྣང་རྫོང་གི་གཞི་རིམ་ལོ་རྒྱུས།

ས་བཅད་བརྒྱད་པ། དམངས་སྲོལ།

གཅིག དྭགས་པོ་བཤད་སྒྲུབ་གླིང་དགོན་པའི་སེང་གེའི་གར་འཆམ།

བོད་ཟླ་བཅུ་པའི་དགའ་ལྡན་ལྔ་མཆོད་སྐབས་འཁྲབ་སྲོལ་ཡོད་པའི་གར་འཆམ་དེའི་ཐོག་མར་བྱུང་ཚུལ་ལའང་ཡུལ་དེར་ཤོད་སྲོལ་འདི་འདྲ་ཞིག་འདུག དེ་ཡང་། སྔ་མོ་དྭགས་པོ་གྲྭ་ཚང་གི་ལྷོ་ཕྱོགས་སུ་མདུན་རི་མཐོན་པོ་ཞེས་པའི་གངས་རི་ཞིག་ཡོད་པ་རིམ་བཞིན་བཞུར་བས།

དེར་ཆགས་པའི་སེང་གེ་རྣམས་གནས་ཐབས་བྲལ་ཞིང་། དྭགས་པོ་གྲྭ་ཚང་གི་རྡོ་བཅལ་གཡུ་ལྟར་སྔོ་བ་མཚོ་མོར་འཁྲུལ་ནས་ཆུ་འཐུང་བ་ཡོང་ཡང་། ཆུ་མ་ཐོབ་པས་དགོན་པའི་རུ་ཁང་གི་ཆུ་ཟངས་ལས་ཆུ་འཐུང་བར་རྩོམ་སྐབས། གྲྭ་ཚང་ཞལ་བདག་གིས་སེང་གེའི་མགོ་བོ་ནས་བཟུང་བས་སེང་གེ་བྲོས་ཀྱང་། ཞལ་བདག་གི་སྦར་མོར་མགོ་སྤུ་གང་ཐོབ་པར་གྲགས་པས། དེང་གར་འཆམ་དངོས་གཞིའི་སྐབས་སུའང་ཞལ་འབག་གི་ཐོད་གཙུག་དུ་ཡོད་པའི་སྤུ་དེ་སེང་གེའི་སྤུའི་མཚོན་དོན་དུ་བརྗོད་སྲོལ་ཡོད། དེ་མིན་རྒྱ་ཚའི་ང་རབ་ཁུལ་གྱི་དོ་རོང་གཙང་པོའི་ཉེ་འགྲམ་དུ་སེང་གེ་བྲོས་པའི་རྗེས་ཤུལ་རྡོའི་རང་བྱོན་མཇལ་རྒྱུ་ཡོད་པར་གྲགས།[1]

 

གསུམ་པ། དྭགས་པོ་སྣང་རྫོང་།

                               ས་བཅད་དང་པོ། རྫོང་གི་གཞི་རིམ་ལོ་རྒྱུས།

ལེ་ཚན་དང་པོ། རྫོང་གི་མིང་བྱུང་ཚུལ།

དེང་ཉིང་ཁྲི་ས་ཁུལ་དུ་བཅུག་པའི་དྭགས་པོ་སྣང་རྫོང་ནི། དེ་སྔའི་དྭགས་པོ་སྣང་རྫོང་དང་། དྭགས་པོ་[2]སྐུ་རབ་རྣམ་རྒྱལ་རྫོང་དང་། ཀོང་སྟོད་སྐྱེམས་སྟོང་རྫོང་གཉིས་ཟླ་བསྒྲིལ་གྱིས་རྫོང་གཅིག་ཏུ་བྱས་པ་ལས་བྱུང་བ་ཡིན། སྤྱིར་དྭགས་པོ་སྣང་རྫོང་ལས་དྭགས་པོ་ཞེས་པ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་ཡུལ་ཞིག་ཡིན། དེ་ཡང་ཡིན་ཏེ། ཡུལ་མིང་དེ་ནི་སྤུ་རྒྱལ་བཙན་པོའི་ཡར་སྔོན་རྒྱལ་ཕྲན་སིལ་མའི་དུས་སྐབས་སུ་ཡུལ་དགས་ཡུལ་གྱི་གྲུ་བཞི། ཞེས་པའི་ཡུལ་ལུང་དེ་ཡིན་ལ་སྐབས་དེའི་དྭགས་པོའི་དག་ཆའི་མིང་གཞི་ད་ལ་ཝ་ཟུར་མེད་པར་བྲིས་པ་མང་། སྐུ་རབ་ཞེས་པ་ནི་ས་གནས་དཔོན་རིགས་ཀྱི་རུས་རྒྱུད་ཀྱི་མིང་ཡུལ་དང་ས་གནས་སྲིད་གཞུང་ལ་ཐོགས་པར་སྣང་། སྐུ་རབ་ལ་ཀོ་རབ།[3]ཅེས་བྲིས་པའི་རིགས་ཀྱང་འདུག དེ་མཚུངས་སྐྱེམས་སྟོང་ཞེས་པའི་བརྡ་ཆད་ལའང་《ཆོས་འབྱུང་མཁས་པའི་དགའ་སྟོན།》དུ་སྐྱེན།[4] ཞེས་བྲིས་འདུག

དེང་གི་སྐྱེམས་སྟོང་ཞེས་པའི་ཡུལ་མིང་དེ་ནི་སྡེ་སྲིད་ཕག་མོ་གྲུ་པའི་སྐབས་ལ་ཁུལ་དེར་སྐྱེན་པ་རྒྱལ་པོ་ཞེས་པའི་ས་གནས་ཀྱི་དཔོན་པོ་གྲགས་ཅན་ཞིག་བྱུང་མྱོང་བ་གང་ཞིག་དུས་ཕྱིས་རིམ་བཞིན་མི་རྩ་བུད་སྟོང་དུ་གྱུར་བས། ཁུལ་དེ་ནི་སྐྱེན་པ་དཔོན་རྒྱུད་སྟོང་བའི་ས་ཁུལ་ཡིན་པས་སྐྱེན་སྟོང་ཞེས་གྲགས་ཀྱང་། རིམ་གྱིས་སྐྱེན་གྱི་རྗེས་འཇུག་ན་ཡི་དོད་དུ་མ་དང་ཡང་འཇུག་ས་སྦྱར་བས་སྐྱེམས་ཞེས་རྒྱུན་འབྱམས་སུ་ངག་ནས་འབོད་སྲོལ་དར་བས་ད་ལྟའི་སྐྱེམས་སྟོང་ཞེས་པ་དེ་བྱུང་ལ། དེ་སྔའི་སྐྱེམས་སྟོང་རྫོང་ནི་བོད་གཞུང་དགའ་ལྡན་ཕོ་བྲང་པས་ས་ཁུལ་དེར་གཞུང་རྫོང་གསར་བཙུགས་གནང་བ་ལས་བྱུང་བར་སྙམ། གཞན་ཡང་། སྐྱེམས་སྟོང་གི་དག་ཆར་སྐྱེན་དང་། རྐྱེན།[5] སྐྱེམ།[6] ཞེས་སོགས་འབྲི་སྲོལ་གཞན་དག་སྣ་ཚོགས་ཤིག་ཀྱང་མཐོང་དུ་འདུག་པས་བརྟག་པ་འཚལ་ལོ།།

 

ལེ་ཚན་གཉིས་པ། རྫོང་གི་ས་བབ་དང་རྒྱ་ཁྱོན།

དེང་གི་སྣང་རྫོང་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ཤར་ལྷོའི་ཕྱོགས་ལེ་དབར་ ༧༠༠[7] ས་ཡར་ཀླུང་གཙང་པོའི་དབུས་རྒྱུད། བྱང་གི་འཕྲེད་ཐིག་ཏུའུ་གྲངས་ ༢༨༚ ༡ ‘ 〜    ༢༩༚ ༥’ དང་། ཤར་གྱི་གཞུང་ཐིག་ཏུའུ་གྲངས་ ༩༢༚ ༧’ 〜    ༩༤༚ ༡’ བར་གནས། རྫོང་དེ་རྩ་བའི་མཐོ་སྒང་དེའུ་འབུར་ས་དབྱིབས་ཅན་གྱི་རིགས་སུ་གཏོགས་ལ། ས་བབ་བྱང་ཕྱོགས་དང་དབུས་ཕྱོགས་མཐོ་ཞིང་ལྷོ་ཕྱོགས་དམའ་བ། ས་ཁྱོན་ཕལ་ཆེ་བ་ཡངས་པའི་ལུང་གཤོང་དང་རི་གཤོང་ཡིན། རྫོང་ཡོངས་ཀྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་ཆ་སྙོམས་སྨི་ ༣༢༠༠ ཟིན་ཞིང་། རྫོང་དེར་ཡོད་པའི་རི་བོ་ཁག་གི་མཐོ་ཚད་ཕལ་ཆེ་བ་རྒྱ་མཚོའི་ངོས་ནས་སྨི་ ༥༠༠༠ ཡན་ཤ་སྟག་ཡིན་ལ་དེ་དག་མང་ཆེ་བ་ལ་གངས་དང་་འཁྱགས་རོམ་གྱིས་བཀླུབས་ཡོད། ཁུལ་དེར་ཆུ་བོ་ཡར་ཀླུང་གཙང་པོ་ནུབ་ནས་གྱ་གྱུའི་རྣམ་པའི་མངའ་ཁོངས་སུ་རྒྱུག་སྟེ་རིམ་བཞིན་ཤར་དུ་བཞུར། རྫོང་དེའི་སྤྱི་ཡོངས་ཀྱི་གནམ་གཤིས་གནས་བབ་ནི་མཐོ་སྒང་དྲོ་ཁུལ་ཕྱེད་བརླན་གཤེར་དུས་རླུང་གནམ་གཤིས་ཁོངས་གཏོགས།[8]

ལོ་རེའི་ཆ་སྙོམས་དྲོད་ཚད་ ༨ ༚C‚ དང་ཟླ་དང་པོའི་ཆ་སྙོམས་དྲོད་ཚད་ ༠ ༚C‚ ཡིན་ཞིང་། ཟླ་བདུན་པའི་ཆ་སྙོམས་དྲོད་ཚད་ ༡༤ ༚C‚ རེད།  སྐམ་རློན་དུས་ཚིགས་རྣམ་པར་གསལ་ཞིང་ཆར་ཆུ་འདུ་བ། སད་མེད་དུས་ཡུན་རིང་ཞིང་ཉི་ཕོག་འབེལ་བ། ལོའི་ཉི་ཕོག་དུས་ཡུན་ཕལ་ཆེར་ཆུ་ཚོད་ ༢༠༠༠ ནས་ ༢༥༠༠ བར་ཡིན། ལོའི་ཆར་ཆུ་འབབ་ཚད་ཕལ་ཆེར་ལི་སྨི་ ༦༠༠ mm ཡས་མས་དང་ཟླ་ ༥ པ་ནས་ཆར་དུས་འགོ་བཙུགས་ཏེ་ཟླ་ ༩ པར་ཆར་འཇུག་སྒྲིག་ལ། ཁུལ་དེའི་ཆར་འབབ་ཕལ་ཆེ་བ་མཚན་ཆར་ཡིན། རང་བྱུང་གནོད་འཚེ་གཙོ་བོ་སད་དང་། གངས། སེར་བ། རླུང་། ཞོད། འདམ་རྡོའི་ཆུ་རུད་སོགས་ཡོད།[9]

 

ས་བཅད་གཉིས་པ། རྫོང་གི་ལོ་རྒྱུས།

ལེ་ཚན་དང་པོ། བོད་ཀྱི་སྲིད་འཛིན་འཕོ་འགྱུར་དང་སྣང་རྫོང་།

དེ་སྔ་སྣང་རྫོང་དང་། སྐུ་རབ་རྣམ་རྒྱལ། རྒྱ་ཚ། སྐྱེམས་སྟོང་བཅས་བཞི་ནི་དྭགས་པོའི་རྫོང་གཞིས་ཁག་བཞི་ཞེས་འབོད་ལམ་མཆིས་ཤིང་། ཁུལ་དེ་རྣམས་རྒྱལ་ཕྲན་སིལ་མའི་སྐབས་རྗེ་དྭགས་རྒྱལ་སྤྲོག་ཟིན་དང་། བློན་པོ་ཕུ་གུ་དང་། ཕོག་རོལ་གཉིས་ཀྱིས་དབང་བསྒྱུར་བའི་ས་ཁུལ་ཞིག་ཡིན་པར་སྣང་སྟེ།《མཁར་ཆུང་རྒྱལ་ཕྲན་སིལ་མའི་མ་ཡིག་ངོ་འདྲ་གོ་བདེ་བྲིས་པ།》ལས། ཡུལ་དགས་ཀྱི་གྲུ་བཞི་ན། རྗེ་དགས་རྒྱལ་སྤྲོག་ཟིན། བློན་པོ་ཕོ་གུ་དང་། ཕོག་རོལ་གཉིས། ཞེས་བྱུང་བའི་དྭགས་ཡུལ་གྲུ་བཞི་འདི་བཞིན་ལྷོ་ཁ་ས་ཁུལ་དང་ཀོང་པོ་གཉིས་ཀྱི་ས་མཚམས་ཡར་ལུང་གཙང་ཆུའི་ས་ཁུལ་དག་ལའོ།[10] ཞེས་བྱུང་བ་ལས་ལྷོ་ཀོང་གཉིས་ཀྱི་བར་དུ་དྭགས་པོ་ཡོད་ཅིང་། ལྷོ་དྭགས་གཉིས་ཀྱི་ས་མཚམས་རྒྱལ་མེ་ཏོག་ཐང་ཞེས་བྱ་བ་༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གདན་ས་ཡིན་པ་ནི། མཁྱེན་བརྩེའི་《དབུས་གཙང་གནས་ཡིག》ལས། འོལ་དྭགས་ཀྱི་ས་མཚམས་སུ་རྒྱལ་མེ་ཏོག་ཐང་།[11] ཞེས་བྱུང་བ་ལས་ཤེས་ནུས་ཤིང་། དེ་མཚུངས་དྭགས་ཀོང་གཉིས་ཀྱི་ས་མཚམས་ནི་ཁ་ཤས་ཀྱིས་ཀོང་པོ་ངལ་ཡིན་ཞེས་དང་ཡང་ཁ་ཤས་ཀྱིས་རྩེ་ཆེན་སུམ་མདོ་ཡིན།[12] ཞེས་གསུངས་མོད། གོང་ས་ལྔ་པ་ཆེན་པོའི་རང་རྣམ་《དུ་གཱུ་ལའི་གོས་བཟང་གླེགས་བམ་གཉིས་པ།》ལས། ཀོང་པོ་སྐྱེམ་གྱི་གཞིས་སྡོད།[13] ཅེས་གསལ་འདུག་ན་སྔ་མ་བདེན་པར་སྣང་ངོ་།

དུས་རབས་བདུན་པའི་ནང་སྤུ་རྒྱལ་བཙན་པོས་བོད་ཁམས་སུ་དབང་ལུང་བསྒྱུར་སྐབས། ཡུལ་དེ་ནི་དབུས་གཙང་རུ་བཞི་ལས་གཡོ་རུའི་ཁོངས་དང་། དུས་རབས་བཅུ་གསུམ་པའི་ནང་དཔལ་ལྡན་ས་སྐྱ་བའི་སྲིད་དབང་སྐབས་དང་། དུས་རབས་བཅུ་བཞི་པའི་ནང་སྡེ་སྲིད་ཕག་མོ་གྲུ་པས་བོད་ལ་དབང་ལུང་བསྒྱུར་སྐབས་སྡེ་པ་སྐུ་རབ་པ་སོགས་ཆེ་བཙན་འགས་ཁྲིམས་འགོ་རང་བཙན་ནམ། ཡང་བཀའ་བརྒྱུད་པའི་མཆོད་གཞིས་སུ་གཏོགས་པའི་ས་རིས་ཤིག་མིན་ནམ་སྙམ་ཞིང་། དུས་རབས་བཅུ་བདུན་པའི་ནང་སྡེ་སྲིད་གཙང་པས་བོད་ལ་དབང་ལུང་བསྒྱུར་སྐབས། དྭགས་པོའི་ཁུལ་དུ་སྡེ་པ་སྐུ་ཪབ་པ་ཞེས་པའི་ཆེ་བཙན་ཞིག་ཡོད་པ་དེ་སྡེ་སྲིད་གཙང་པའི་མངའ་འོག་ཏུ་ཤོར་བ་ནི།《རྒྱལ་རབས་ཆོས་འབྱུང་ཤེལ་དཀར་མེ་ལོང་།》ལས། ལར་གོང་དུ་ཅུང་ཟད་བཤད་པ་ལྟར། བོད་དབུས་གཙང་གཉིས་སུ་དེ་སྐབས་ཡར་སྐུ་གཙང་གསུམ་མངའ་ཐང་རྒྱས་སྐབས་ཡིན།[14] ཞེས་དང་། དེ་རྗེས་བྱ་སྤྲེལ་ལོ་ཡར་དྭགས་ཕྱོགས་སུའང་དཔུང་ཁྱེར་གྱིས་སྐུ་རབ་སོགས་ཀྱང་བཅོམ་སྟེ།[15] ཞེས་བྱུང་བ་ལགས།

དུས་རབས་བཅུ་བདུན་པ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་པས་བོད་ཁམས་སུ་ཆོས་སྲིད་ཀྱི་དབང་ལུང་བསྒྱུར་སྐབས། ཁུལ་དེར་ཤུགས་རྐྱེན་ཆེ་བའི་སྐུ་རབ་པ་དང་སྐྱེན་པ་སོགས་ཆེ་བཙན་དཔོན་རིགས་ཁག་རིམ་བཞིན་མངའ་འབངས་སུ་བཀུག་ཏེ། ཡུལ་དེར་སྣང་གཞིས་དང་། རྒྱ་ཚྭ་རྫོང་། སྐུ་རབ་རྒྱལ་རྫོང་། སྐྱེམ་སྟོང་རྫོང་བཅས་རྫོང་གསུམ་དང་གཞིས་ཀ་གཅིག་གི་རྫོང་གཞིས་ལམ་ལུགས་གཏན་འབེབས་ཀྱིས་འཛིན་སྐྱོང་མཛད། དེ་དག་ལས་སྣང་གཞིས་ཀྱི་མངའ་ཁོངས་ས་རིས་འགའ་ཞིག་ཀོང་པོ་ཁུལ་དུ་ཡོད་པར་སྣང་སྟེ།《དུ་གཱུ་ལའི་གོས་བཟང་གླེགས་བམ་བཞི་པའི་འཕྲོས་ལྔ་པ་》ལས། སྣང་རྫོང་པའི་ཀོང་ཁུལ་མངའ་ཞབས་བཅས་པས་འབུལ་ཡོན་སྦྱར་བའི་ཞབས་བརྟན་གོང་མཚུངས།[16] ཞེས་བྱུང་ངོ་། ཁུལ་དེར་ད་དུང་དྭགས་པོ་ལྷ་གསོལ་གཞིས་སྡོད་ནི་སྒེར་འཛིན་དུ་གནང་ལམ་འདུག

དེ་སྔའི་སྣང་རྫོང་དང་སྐྱེམས་སྟོང་རྫོང་གི་ས་མཚམས་ཀོང་ང་ལ་ཡིན་ཞིང་།[17] ཀླུ་ལྕང་འཁོར་དང་། དྭགས་པོ་འཁྲུངས་ཁང་། གྲོམ་མདའ་སོགས་སྣང་རྫོང་འོག་དང་། སྣང་རྫོང་དང་རྒྱ་ཚྭ་རྫོང་གི་ས་མཚམས་དྭགས་པོ་པ་ལུང་ཡིན་པ་དང་། སྣང་རྫོང་དང་སྐུ་རབ་རྣམ་རྒྱལ་རྫོང་གི་ས་མཚམས་ཡང་དྭགས་པོ་གྲོ་ལུང་ཡིན་བཟོ་འདུག[18] སྐྱེམས་སྟོང་དང་། སྣང་། དྭགས་པོ་ལ་འོག་གསུམ་གྱི་རྒྱབ་དངོས་སུ་རྩ་རི་ཆགས་ཡོད་ཅིང་། བོད་ལ་དུས་འགྱུར་བྱུང་བ་དང་བསྟུན་ཕྱི་ལོ་ ༡༩༥༩ ལོར་སྣང་གཞིས་དང་། སྐུ་རབས་རྣམ་རྒྱལ་རྫོང་། སྐྱེམས་སྟོང་རྫོང་། རྒྱ་ཚྭ་རྫོང་གི་ལྷོ་ཤར་རྣམས་ཟླ་བསྒྲིལ་ནས་ད་ལྟའི་སྣང་དུ་རྫོང་བསྒྱུར་འཛུགས་བྱས་པ་དང་། ཐོག་མའི་ཆར་ལྷོ་ཁ་ས་ཁུལ་གྱི་མངའ་འོག་ཏུ་བཞག་མོད། ཕྱི་ལོ ༡༩༦༢ ལོར་ཉིང་ཁྲི་ས་ཁུལ་བཙུགས་པ་དང་སྣང་རྫོང་ཡང་ཁུལ་དེའི་ཁོངས་སུ་བཅུག་ཅིང་། དེང་རྫོང་སྲིད་གཞུང་སྣང་གྲོང་ཚོར་གནས་ཤིང་མངའ་ཁོངས་སུ་གྲོང་ཚོ་ ༨༥ ལྷག་ཙམ་ཡོད།[19]

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱ་ཚ་རྫོང་གི་དམངས་སྒྲུང་ལེགས་བཏུས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༧། ཤོག ༡༨༦།

[2] རྒྱལ་པོ་བཀའ་ཐང་ལས། མི་རིགས་དཔེ་སྐྲུན་ཁང་། ཤོག ༡༨༥། ཡུལ་དེ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་གཡོན་རུའི་ཡུལ་གྲུ་བཅུ་དྲུག་ལས་དང་པོ་དེ་ཡིན་གསལ་ཞིང་། མཁས་པ་ལྡེའུ་ཆོས་འབྱུང་ལས་ཆོས་རྒྱལ་སྲོང་བཙན་སྐབས་སུ་ཡུལ་དེར་ང་རབས་ཞེས་འབོད་པར་གསལ། ང་རབས་ཞེས་པའི་ཡུལ་དངོས་ནི་དེང་རྒྱ་ཚ་རྫོང་གི་བྱང་ཕྱོགས་ཀྱི་ལུང་ཤུར་ལ་གོ་བར་བོད་ཀྱི་གནའ་བོའི་ལོ་རྒྱུས་སམ། Brandon Dotson, The Old Tibetan Annals, An Annotated Translation of Tibet’s First History, 2009, Pg. 205 གསལ།

[3] འོལ་དགའ་བཞད་པའི་རྡོ་རྗེ། འོལ་དགའ་བཞད་པའི་རྡོ་རྗེའི་རང་རྣམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༩། ཤོག ༤༥༩།

[4] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། ཝཱ་ཎ་བཛྲ་བེདྱཱ་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༣། ཤོག ?

[5] བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག་ ༧༦།

[6] རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར། དེབ་གཉིས་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༤༡༨།

[7] དེབ་ཐེར་ལོང་བའི་དམིགས་བུ། དཔེ་གཟུགས། ལྕགས་པར། རྡི་ལི། ཕྱི་ལོ་ ༡༩༨༡། ཤོག ༢༤༠།

[8]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg158.

[9]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg158.

[10] འབྲི་གུང་སྐྱབས་མགོན་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས། དྷརྨ་དཔེ་སྐྲུན་ཁང། ཕྱི་ལོ་ ༢༠༡༥། ཤོག ༣༤།

[11] འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གསུང་འབུམ་གཅེས་སྒྲིག རྫོང་གསར་བཤད་སྒྲ། ཕྱི་ལོ་ ༡༩༩༢། ཤོག ༢༨༥།

[12] དྭགས་པོ་ཚུལ་ཁྲིམས་ལགས། རང་ལོ་ ༨༢། བཅར་འདྲི་ཞུས། རྡ་རམ་ས་ལ། ཕྱི་ལོ་ ༢༠༡༦།༡༢།༡༡ ཉིན།

[13] རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར། དེབ་གཉིས་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༤༡༨།

[14] བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༠། ཤོག ༢༦༨།

[15] བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༠། ཤོག ༢༦༩།

[16] རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར། དེབ་ལྔ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༣༡༢།

[17] ཀོང་ང་ལ་དྭགས་ཀོང་གཉིས་ས་མཚམས་ཡིན་པ་གསུངས་མཁན་འདུག་མོད། དྭགས་ཀོང་གཉིས་ཀྱི་ས་མཚམས་ནི་རྩེ་ཆེན་མདོ་འམ་རྩེ་ཆེན་སུམ་མདོ་ཡིན་ཞིང་། ཀོང་ང་ལ་ཞེས་པ་ནི་ཀོང་བཙུན་དེ་མོའི་གནས་ཡིན་པས་དེ་ལྟར་བརྗོད་པ་ལས་ས་ཡུལ་དེ་ནི་དྭགས་པོའི་ས་ཆ་ཡིན་པ་གང་ཞིག་སྐྱེམས་སྟོང་དང་སྣང་གི་ས་མཚམས་ཡིན་པ་བཤད། འོན་ཀྱང་། ལོ་རྒྱུས་ཡིག་ཆ་མང་པོའི་ནང་ཀོང་པོ་སྐྱེམས་གཞིས་ཀ་སོགས་ཡང་གསལ་བས་གང་ཡིན་ཁ་ཚོན་གཅོད་དཀའ་བའི་གནས་སུ་འདུག་པས་དེའི་སྐོར་ཞིབ་ཕྲའི་ཞིབ་འཇུག་བྱ་དགོས་པ་སྣང་ངོ་།

[18] དྭགས་པོ་ཚུལ་ཁྲིམས་ལགས། རང་ལོ་ ༨༢། བཅར་འདྲི་ཞུས། རྡ་རམ་ས་ལ། ཕྱི་ལོ་ ༢༠༡༦།༡༢།༡༡ ཉིན།

[19]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg158.

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།