དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོ་སྨན་གླིང་གི་དམངས་ཁྲོད་དང་། མེ་ཏོག་རྫོང་གི་གཞི་རིམ་ལོ་རྒྱུས།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོ་སྨན་གླིང་གི་དམངས་ཁྲོད་དང་། མེ་ཏོག་རྫོང་གི་གཞི་རིམ་ལོ་རྒྱུས།

ས་བཅད་བདུན་པ། དམངས་སྲོལ།

དང་པོ། དུང་མདོག་གྲོང་ཚོའི་དུང་ཏོག་གར་པ་དང་གནས་ཡུལ་གྲོང་ཚོའི་གཡག་མཇུག་གར་པ།

           དུང་ཏོག་གྲོང་ཚོའི་དུང་ཏོག་གར་པ་ཞེས་པ་ནི་སྨན་གླིང་བཀྲིས་རབ་བརྟན་དགོན་གྱི་གར་འཆམ་གྱི་ལེ་ཚན་དགུ་པ་དགའ་སྨུག་གར་པ་ཞེས་པ་དེ། རྗེས་སོར་དུང་ཏོག་གྲོང་ཚོར་རིམ་གྱིས་དར་བས་མི་རྣམས་ཀྱིས་དུང་ཏོག་གར་པ་ཞེས་བརྗོད་སྲོལ་ཆགས། དེ་ཡང་། ལོ་རེའི་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་དུང་ཏོག་གྲོང་ཚོ་ནས། ཆེད་མངགས་རབ་བརྟན་དགོན་དུ་གར་འཁྲབ་ཏུ་བསྐྱོད་དགོས་པ་མ་ཟད། ལོ་འཁོར་གསུམ་རེའི་བོད་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་ཡུལ་དེའི་དར་ཆེན་སྐུ་བཞེངས་ཀྱི་རྟེན་འབྲེལ་མཛད་སྒོར་ཡང་གར་དེ་འཁྲབ་སྲོལ་ཡོད།[1]

རྫོང་དེའི་གནས་ཡུལ་གྲོང་ཚོར་་དར་སྲོལ་ཆེ་བའི་གཡག་མཇུག་གར་པ་ཞེས་པ་ནི་གར་པ་ཚོས་ལག་ཏུ་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་དབུ་སྐྲའི་ཚུལ་དུ་གཡག་གི་རྔ་མ་དཀར་པོ་ཞིག་ཐོགས་ནས་གར་འཁྲབ་སྲོལ་མཆིས་པས་མིང་དེ་ལྟར་གྲགས་པར་བཤད། དེ་ཡང་ཁ་རྒྱུན་དུ་གནའ་སྔ་མོ་ཡུལ་ལུང་དེ་ཕྱོགས་སུ་ལྷོ་རྒྱུད་ཀྱི་ཀློ་པའི་ཡུལ་ནས། ནད་ཡམས་ཆེན་པོ་ཞིག་ཁྱབ་པས་ཡུལ་དེར་མི་ཤི་གོད་ཆག་ཚབས་ཆེན་བྱུང་བའི་སྐབས། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ཕྱོགས་འདིར་གནས་སྐོར་དུ་ཕེབས་པ་དང་སྟབས་འཁེལ་བས། གྲུབ་ཆེན་གྱིས་སྒྲུབ་གཞག་རྒྱ་ཆེར་གནང་བ་དང་སྦྲགས། རྩ་ཁང་གནས་རི་ཟེར་བའི་རི་སྟེང་དུ་ཀླུ་ཡུལ་ཕྱོགས་སུ་ཁ་གཏད་པའི་ལྷ་ཁང་ཞིག་བཞེངས་ནས་དེའི་ནང་བཙན་རྒོད་རྡོ་རྗེ་དགྲ་འདུལ་ཞུ་བའི་ཡུལ་ལྷ་ཞིག་བཞེངས་གནང་མཛད།[2] དེ་ནས་མི་རིང་བར་ནད་ཡམས་ཡོངས་སུ་སེལ་སྟབས་ཡུལ་མི་རྣམས་ནས་གྲུབ་ཆེན་ཐང་སྟོང་རྒྱལ་པོར་ཐུགས་རྗེ་ལེགས་འབུལ་གྱི་མཛད་སྒོ་བཤམས་ཤིང་། གྲུབ་ཆེན་ཉིད་ནས་ཀྱང་ཕྱིན་ཆད་ཡུལ་ཁམས་བདེ་ཞིང་ནད་འཁྲུག་མུ་གེ་མི་ཡོང་བའི་ཕྱིར་གར་འཆམ་དེ་བསྐྱོན་པ་ནས་བཟུང་ཡུལ་དེར་དར་ཁྱབ་བྱུང་ཞིང་། ལོ་རེའི་བོད་ཟླ་བཞི་པའི་ཚེས་བཅུ་ཉིན་གྱི་ལོ་འཁོར་ཆོས་ཟེར་བའི་གྲུབ་ཆེན་ལ་དྲན་གསོའི་དུས་ཆེན་སྐབས། གར་འཁྲབ་མཁན་སྐྱེས་པ་ཚོས་གཡག་འཇུག་གར་པའི་ཆས་གྱོན་པ་དང་། བུད་མེད་ཚོས་ཆོས་དཔེ་ཁུར་ཞིང་། རྩ་ཁང་གནས་རིར་ཡུལ་ལྷ་གདན་འདྲེན་ཞུ་བའི་ཚུལ་གྱིས་རྟ་དཀར་པོ་སྒ་ཆས་རང་འགྲིག་སྟོང་པར་འཁྲིད་ནས་ཞིང་སྐོར་དུ་འགྲོ་སྲོལ་མཆིས། དེའི་སྐབས་རྟའི་གཟུགས་པོར་རྔུལ་ནག་ཐོན་ཡོད་ཚེ། ཡུལ་ལྷ་རྟའི་རྟེང་དུ་ཆིབས་ཡོད་པར་ངོས་འཛིན་ལྷན་གཡག་འཇུག་གར་པ་ཞེས་པའི་གར་དེ་འཁྲབ་སྲོལ་མཆིས།[3]

 

གསུམ་པ། སྨན་གླིང་གི་རྨ་བྱའི་ཞབས་བྲོ།

           སྨན་གླིང་ཁུལ་དུ་རྨ་བྱའི་ཞབས་བྲོ་ཞེས་པ་ཞིག་འཁྲབ་སྲོལ་ཡོད་པར། མི་གཅིག་གིས་ཞབས་བྲོའི་འགྱིང་སྟབས་དང་བཅས་ངག་ནས་འདྲི་བའི་ཚུལ་དུ་གཞས་དུམ་བུ་གཅིག་གཏོང་བ་དང་། དེར་གཞན་རྣམས་ཀྱིས་གཞས་ཀྱི་དུམ་བུ་གཅིག་འདྲི་ལན་དུ་འདེབས། ཞབས་བྲོ་དེའི་རྐང་པའི་སྟངས་སྟབས་ནི་ཀོང་སྟོད་དུ་དྭགས་སྨད་ཀྱི་བྲོ་སྐོར་དང་འདྲ་ལ། མགོ་ལུས་དང་ལག་གཉིས་པོ་ཡོངས་སུ་རྨ་བྱའི་བྱེད་ལུགས་ལ་ལད་མོ་བྱེད། མི་གཅིག་གིས་དྲི་བའི་ཚུལ་དུ། རྨ་བྱ་གང་ནས་ཡོང་ཡོད། གང་འདྲས་མ་གཅིག་ཡོང་ཡོད། གཞན་རྣམས་ཀྱིས་ལན་དུ། རྨ་བྱ་རྒྱ་གར་ཤར་ནས་ཡོང་ཡོད། རྒྱ་གར་ཤར་ནས་ཡོང་ཡོད་ཅེས་གཞས་ཚིག་ཁག་བརྒྱད་ཙམ་རེ་མོས་ཀྱིས་སྟངས་སྟབས་དང་བསྟུན་ནས་གཏོང་བ་ཡིན། རྨ་བྱའི་ཞབས་བྲོ་དེ་ཡང་དབུས་གཙང་ཁུལ་གྱི་ས་གནས་གཞན་དུ་དར་སྲོལ་ཆེ་བའི་རྨ་བྱའི་ཞབས་བྲོ་དང་མི་འདྲ་བར་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད་དོ།།[4]

 

བརྒྱད་པ། མེ་ཏོག་རྫོང་།

ས་བཅད་དང་པོ། རྫོང་གི་གཞི་རིམ་ལོ་རྒྱུས།

ལེ་ཚན་དང་པོ། ཡུལ་གྱི་མིང་ཐོགས་ཚུལ།

        པདྨ་བཀོད་དམ་མེ་ཏོག་རྫོང་ཞེས་པ་ནི་གཏེར་སྟོན་སྟག་ཤམ་ནུས་ལྡན་རྡོ་རྗེའི་གཏེར་བྱང་ལས། པདྨ་བཀོད་ཞེས་པདྨ་ལྟར་གྱི་གནས། ། རྒྱ་བོད་གཉིས་ཀྱི་ས་ཡི་མཚམས་སུ་ཡོད། ། ཅེས་བྱུང་བ་ལས། ས་མེ་ཏོག་པདྨ་ལྟར་གྱི་བཀོད་པ་མཛེས་པས་པདྨ་བཀོད་ཅེས་ཐོགས།[5]ཞེས་དང་། ཕྱི་ལོ་ ༡༩༢༨ ཡས་མས་ནས་པདྨ་བཀོད་ཀྱི་མངའ་ཁུལ་རྣམས་བོད་གཞུང་གིས་ཐད་འཛིན་གནང་རྗེས། ཁུལ་དེའི་མེ་ཏོག་ཅེས་པའི་ཡུལ་གྲོང་དུ་རྫོང་གི་བརྟེན་གཞི་བཙུགས་པས་མེ་ཏོག་རྫོང་ཞེས་ཐོགས། ཡུལ་གྲོང་དེར་མེ་ཏོག་ཅེས་འབོད་དོན་ནི་ཡུལ་གྲོང་དེ་ཁུལ་དནི་བོད་ཀྱི་ས་ཁུལ་གཞན་དང་མི་འདྲ་བར་རྒྱ་མཚོའི་ངོས་ལས་མཐོ་ཚད་དམའ་བ། རྒྱ་གར་དང་འདབས་འབྲེལ་ཚ་ཁུལ་གྱི་དུས་བཞིར་སྔོན་ལྷམ་ལྷམ་དུ་འཁྲིགས་པའི་ནགས་ཚལ་དང་ལང་ལོང་དུ་འཕྱོ་བའི་ཆུ་ཀླུང་། རིགས་མི་འདྲ་བའི་རྩི་ཤིང་དང་མེ་ཏོག་སོགས་སྐྱེ་དངོས་ཀྱི་རིགས་ཧ་ཅང་མོད་པའི་མཛེས་སྡུག་ཕུན་སུམ་ཚོགས་པའི་ཡུལ་ལུང་ཞིག་ཡིན་པས་དེ་ལྟར་ཐོགས་སམ་སྙམ། དེ་མིན་ཡུལ་དེའི་ས་ཆའི་ཆགས་བབ་ཀྱང་མེ་ཏོག་པདྨའི་དབྱིབས་ཀྱི་བཀོད་པ་ལྟར་མཆིས་པས་མེ་ཏོག་ཅེས་མིང་དུ་བསྙད་ནའང་དོན་ལ་སྦྱོར་བར་སྣང་ངོ་།།

 

ལེ་ཚན་གཉིས་པ། ཡུལ་གྱི་ས་བབ་ཆགས་ཚུལ།

        པདྨ་བཀོད་དམ་དེང་མེ་ཏོག་རྫོང་གི་ས་བབ་ཆགས་ཚུལ་ནི་གོ་ལོའི་བྱང་གི་འཕྲེད་ཐིག་ ༢༧༚ ༦’ 〜    ༢༩༚ ༩’ དང་ཤར་གྱི་གཞུང་ཐིག་ ༩༣༚ ༧’ 〜    ༩༦༚ ༡’ བར་བོད་དབུས་ཕྱོགས་ཀྱི་ལྷོ་ཤར་མཚམས། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་རི་ཀླུང་ལུང་གཤོང་གི་ཁོངས་སུ་གཏོགས། རྫོང་དེའི་ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༡༢༠༠ དང་ཆེས་དམའ་སར་རྒྱ་མཚོའི་ངོས་ལས་སྨི་ ༡༡༥ ཙམ་མ་གཏོགས་མེད། སྤྱི་ཡོངས་ཀྱི་ས་བབ་བྱང་མཐོ་ཞིང་ལྷོ་དམའ་བ་དང་ཕྱོགས་བཞི་རི་བོས་སྐོར་བ། དབྱིབས་པདྨ་དང་འདྲ་ཞིང་ཡར་ཀླུང་གཙང་པོ་རི་བོ་གནམ་ལྕགས་འབར་བའི་རི་འདབས་ནས་གློ་བུར་ཐད་ཀར་ཐུར་དུ་རྒྱུག་སྟེ་ལྷོ་བྱང་གཞུང་བརྒལ་བྱེད། གནམ་གཤིས་ནི་ཧི་མ་ལ་ཡ་རི་བོའི་ཤར་ངོས་བར་ཚ་ཁུལ་བརླན་གཤེར་ཅན་གྱི་ཁོངས་སུ་གཏོགས། རྫོང་གི་ལོ་རེའི་ཆ་སྙོམས་དྲོད་ཚད་ ༡༢ ༚C ཡིན་ཞིང་ཟླ་དང་པོའི་ཆ་སྙོམས་དྲོད་ཚད་ ༢ ༚C དང་། ཟླ་བདུན་པའི་ཆ་སྙོམས་དྲོད་ཚད་ ༡༨ ༚C རེད། དུས་ཚིགས་བཞི་ཀ་དཔྱིད་ཀ་དང་འདྲ་ཞིང་ཆར་ཆུ་འབེལ་བ།

ལོའི་སད་མེད་དུས་ཡུན་ཉིན་ ༣༤༠ དང་ལོའི་ཉི་ཕོག་དུས་ཡུན་ཆུ་ཚོད་ ༢༠༠༠ འོག་དང་། ལོའི་ཆར་ཆུ་འབབ་ཚད་ལི་སྨི་ ༢༠༠༠ ཡས་མས་བཅས་ཡིན། རང་བྱུང་གནོད་འཚེ་འབུ་སྐྱོན་དང་། ཆུ་ལོག རི་ཉིལ། འདམ་རྡོའི་ཆུ་རུད། ས་ཡོམ་སོགས་ཡོད།[6] མེ་ཏོག་གི་འདབས་འབྲེལ་ཡུལ་ལུང་རྫོང་གཞིས་ཁག་ནི་ཤར་ཕྱོགས་སུ་ཛ་ཡུལ་དང་། ལྷོ་ངོས་སུ་དེང་རྒྱལ་ཁོངས་རྒྱ་གར་དུ་གཏོགས་པའི་ཨ་རུན་ན་ཅལ་ཀྲུ་ཀྲིང་ཀློ་ཨ་རྡི། བྱང་དུ་སྤོ་བོ། ནུབ་ཏུ་ཀོང་པོ་དང་རྩྭ་རི་བཅས་ཀྱི་དབུས་སུ་ཆགས་ཡོད། པདྨ་བཀོད་སྟོད་སྨད་བར་གསུམ་གྲགས་པ་ལས། པདྨ་བཀོད་དང་ཀོང་པོའི་དབར་ས་མཚམས་ཡ་ཀི་གཏམ་ཉག་ལ་དང་། བེད་དབྱངས་ལ། པད་སྤུངས་ལ། རྡོ་གཤོང་ལ་བཅས་ཀྱི་རི་བརྒྱུད་དང་། ཀོང་པོ་དང་སྤོ་བོའི་ལྷོ་ཕྱོགས་རྒྱ་ལ་དཔལ་རི་དང་གནམ་ལྕགས་འབར་བའི་བྱང་བརྒྱུད་དུ་འབབ་པའི་ཡར་ཀླུང་གཙང་པོའི་རི་བརྒྱུད་ནས། ཕྱི་ལོ་ ༡༩༡༤ ལོར་གཏན་འབེབས་བྱས་པའི་མེག་མོ་ཧན་ཐིག་གི་བྱང་ཤར་ཨ་རུ་ན་ཅལ་ཀྲུང་ཀྲིངས་ཁུལ་ཐུག་གི་བར་ཡིན་པར་གྲགས།[7]

 

ས་བཅད་གཉིས་པ། རྫོང་གི་ལོ་རྒྱུས།

ལེ་ཚན་དང་པོ། བོད་ཀྱི་སྲིད་འཛིན་འཕོ་འགྱུར་དང་པདྨ་བཀོད།

        དུས་རབས་བཅུ་གསུམ་པའི་གོང་པདྨ་བཀོད་ཀྱི་ཡུལ་གྲུར་མི་སྡེ་ཆགས་པའི་གནས་ཚུལ་མེད་ཚོད་ལ་བརྟེན། བོད་ཆོལ་ཁ་གསུམ་གང་གི་ཆར་གཏོགས་མིན་ཐད་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་གི་ནང་མཐོང་ལམ་དུ་མ་གྱུར་ཞིང་། ཕྱིས་བོད་གཞུང་གི་ཁྲལ་ཡིག་འགའ་ཤས་ནང་པདྨ་བཀོད་ལྷོ་མོན་ཚོགས་ལྔ།[8] ཞེས་དམིགས་བསལ་དབང་སྒྱུར་གྱི་ས་ཁུལ་ཞིག་ཏུ་རྩིས་འདུག རང་ཉིད་ལ་པདྨ་བཀོད་ཀྱི་ཡུལ་གྲུ་འདི་མདོ་དབུས་གང་གི་ཁོངས་སུ་གཏོགས་པའི་ལོ་རྒྱུས་ཡིག་ཆ་ཁུངས་བཙུན་ངེས་ཤེས་འདྲོངས་པ་ཞིག་ལག་སོན་མ་བྱུང་བས་གང་དུ་གཏོགས་མིན་ཐག་ཆོད་པའི་སྤོབས་པ་བྲལ་ལ། བོད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་དང་བཀའ་མོལ་ཞུས་པའི་ཞོར་འཕྲོས་སུ། པདྨ་བཀོད་ཁམས་པ་སྤོ་བོའི་ཁོངས་ཡིན་པ་ལ་དབུས་གཙང་ཡིན་ལབ་ཀྱི་ཡོད་པ་རེད། ཀོང་པོ་དབུས་གཙང་ཁོངས་ཡིན་པ་ལ་ཁམས་པ་ཡིན་ལབ་ཀྱི་ཡོད་པ་རེད། ཅེས་བཀའ་ཕེབས་བྱུང་བས་རང་ངོས་ནས་ཁོང་གི་བཞེད་ཚུལ་དེར་ཡིད་ཆེས་དང་མོས་གུས་ཞུ་བཞིན་ཡོད།

འོན་ཀྱང་། ལོ་རབས་བདུན་ཅུ་བརྒྱ་ཅུའི་ནང་བཙན་བྱོལ་བོད་མའི་སྤྱི་ཚོགས་ཀྱི་འོས་བསྡུའི་ལས་རིམ་དང་བོད་མིའི་རང་དབང་གཅེས་འཛིན་དྭང་བླངས་སྤྱི་དངུལ་ཕུལ་འཛིན་བཅས་ཀྱི་ནང་། པདྨ་བཀོད་ཚང་ལྷ་མི་རིགས་རྣམས་ཆོལ་ཁ་གང་དུ་གཏོགས་མིན་ཐད། སྐབས་དེའི་སྲིད་དོན་གྱི་ལས་སྣེར་གཏོགས་པ་ཚོ་ལབ་གླེང་བྱུང་འདུག ལྷག་པར་ཕྱི་ལོ་ ༡༩༨༢ ལོར་ཀོང་དོན་ལྷག་སྐབས་པདྨ་བཀོད་ཀྱང་ཆོལ་ཁ་གང་གི་ཁོངས་སུ་གཏོགས་མིན། ༸སྐྱབས་རྗེ་པད་བཀོད་བདུད་འཇོམས་རིན་པོ་ཆེ་མཆོག་ལ་སྙན་སེང་ཞུས་པར། དབུས་གཙང་ཆོས་ཀྱི་ཆོལ་ཁོངས་སུ་ཐད་ཞེས་ཕེབས་པས་ད་ལྟའི་ཆར་པདྨ་བཀོད་པ་རྣམས་ཀྱི་དབུས་གཙང་ཆོལ་ཁོངས་ཡིན་ཤག་བྱས་ནས་འགྲོ་བཞིན་འདུག་པར་བརྟེན།[9] ད་ཐེངས་ཆོལ་ཁ་གསུམ་གྱི་ལོ་རྒྱུས་རྩོམ་སྒྲིག་བྱེད་སྐབས་དབུས་གཙང་ཆོལ་ཁའི་ལོ་རྒྱུས་ནང་པདྨ་བཀོད་ཀྱི་ལོ་རྒྱུས་མ་བཀོད་ན། མདོ་དབུས་རྩོམ་སྒྲིག་པའི་དབར་གཅིག་བར་གཉིས་ཤོར་གྱིས་ཕྱོགས་གཉིས་ཀས་པདྨ་བཀོད་ཀྱི་ལོ་རྒྱུས་ཆད་ལུས་ཤོར་ཚེ། པད་བཀོད་མི་མང་ལ་ནག་ཉེས་བསགས་པའི་ཚོར་སྣང་བྱུང་བའི་འཇིགས་པས་འདིར་བཀོད་པ་ལགས།

དེ་ཡང་། ཡུལ་དེ་ནི་གནའ་རབས་ཀྱི་ངག་རྒྱུན་དུ་སློབ་དཔོན་པདྨ་འབྱུང་གནས་བོད་དུ་བྱོན་ནས། མཐའ་མཚམས་མི་མེད་ལུང་སྟོང་དུ་རྫུ་འཕྲུལ་གྱི་ཞབས་ཀྱིས་བཅགས་ཤིང་། ས་གཞི་བྱིན་གྱིས་བརླབས་ནས་ཕྱི་རབས་ཀྱི་དོན་དུ་སྦས་གནས་པདྨ་བཀོད་ངོས་འཛིན་མ་མཛད་གོང་། ལྷ་སྲིན་སྡེ་བརྒྱད་དང་མི་མ་ཡིན་རྒྱུ་ཡུལ་གྱི་འདྲེ་ལུང་ལྟ་བུར་རྩི་ཡང་། ཕྱིས་རྒྱ་གར་དང་། བོད་ཡུལ། བྷར་མ་སོགས་ཀྱི་མཐའ་མཚམས་གདོད་མའི་མི་རིགས་རྣམས་ཀྱིས་རི་དྭགས་རྒྱག་སའི་ཡུལ་ཤ་ལུང་དང་། ཉ་ལུང་ཆེད་དུ་ཉིན་མོར་རྒྱུ་ཡུལ་ལྟ་བུ་ཙམ་ལས་གཏན་གྱི་གཞིས་གྲོང་ཞིག་ད་དུང་ཡང་ཆགས་མེད་ཚོད། དེ་ཡང་《སྒམ་པོ་ཨོ་རྒྱན་འགྲོ་འདུལ་གླིང་པའི་རྣམ་ཐར།》ལས། ཁོང་པདྨ་བཀོད་དུ་གནས་སྒོ་འབྱེད་པའི་དུས་སུ་མོན་གྲོང་མང་པོ་ཆགས་ཟིན་འདུག་ཅེས་གསུངས་པར་གཞིགས་ན། འབྲུག་ཤར་ཕྱོགས་ཀྱི་ཚངས་ལྷ་མི་རིགས་རྣམས་དུས་རབས་ ༡༧ གྱི་ཡར་སྔོན་ནས་པདྨ་བཀོད་ནང་གཏན་གཞིས་བྱས་ཟིན་པར་གོ་ལ། རྒན་རབས་རྣམས་ཀྱི་ཞལ་རྒྱུན་ལྟར་བྱས་ན་འབྲུག་ཤར་ཕྱོགས་བཀྲིས་སྒང་བུམ་ཐང་དུ་སྐུ་བལྟམས་པའི་གཏེར་སྟོན་པདྨ་གླིང་པའི་དངོས་སློབ་མང་པོ་ལྷ་ས་དང་། རྩྭ་རི་རོང་བསྐོར་དུ་འབྱོར་རྗེས་རང་ཡུལ་དུ་ཕྱིར་ལོག་མ་ཐུབ་པར་པདྨ་བཀོད་དུ་འབྱོར་ནས་གནས་ཆགས་པར་བཞེད།[10] ཞེས་དང་། དེ་ལྟར་ན་དུས་རབས་ ༡༥ དང་ ༡༦ ནང་པདྨ་བཀོད་དུ་མོན་གྲོང་ཐོར་བུ་རེ་ཟུང་ཆགས་པའི་འགོ་བརྩམས་མེད་དམ་སྙམ།[11]ཞེས་འཁོད།

དེ་མིན་《ཀྲུང་གོའི་བོད་ལྗོངས་ཉིང་ཁྲི།》ཞེས་པའི་ནང་། མོན་པའི་རྒན་རབས་ཚོས་བཤད་སྲོལ་ལྟར་ན། ད་ལྟ་མེ་ཏོག་རྫོང་དུ་འཚོ་བ་སྐྱེལ་མཁན་གྱི་མོན་པ་ནི་ལོ་ ༢༠༠ སྔོན་དུ་ས་ཡོམ་ལ་སོགས་པའི་རང་བྱུང་གནོད་འཚེ་མ་བཟོད་པར་ཤར་རྒྱུད་ཀྱི་འབྲུག་པའི་ས་ཁུལ་ནས་སྤོས་ཡོང་བ་དང་། ཐེངས་དང་པོར་དུད་ཚང་དྲུག་དང་མི་སུམ་ཅུ་ཐེངས་གཉིས་པར་དུད་ཚང་བརྒྱ་ལྷག་ཙམ་དང་མི་དྲུག་བརྒྱ་བདུན་བརྒྱ་བཅས་ཐེངས་གསུམ་བསྟུད་མར་སྤོས་ཡོང་ནས་ཁོང་ཚོ་མང་ཆེ་བ་མེ་ཏོག་རྫོང་དུ་བསྡད་པ་དང་། ཉུས་ཤས་ཤིག་ལམ་འཛོལ་ཤོར་ནས་ཉིང་ཁྲི་རྫོང་གི་སྦ་ལུང་ཤའང་དུ་སླེབས་ནས་དེ་གར་རང་འཇགས་སྡད་དེ་ཉིང་ཁྲི་རྫོང་གི་མོན་པ་ཆགས་པ་རེད་ཟེར།[12] ཞེས་བྱུང་། གང་ལྟར་ཡང་སྦས་གནས་པདྨ་བཀོད་དུ་ཐོག་མར་གཞིས་ཆགས་མཁན་ཚངས་ལྷ་མི་རིགས་ཡིན་ཞིང་། དང་པོ་འབྲུག་ཤར་ཕྱོགས་ཁོངས་ཚངས་ལྷའི་སྐད་རིགས་སྨྲ་བའི་མི་རིགས་ཁག་ཅིག་གནས་བསྐོར་དུ་བསྐྱོད་པ་ལས། རང་ཡུལ་དུ་ལོག་མ་ཐུབ་པར་བརླགས་ཕྱིན་པའི་མི་རིགས་ཀྱིས་ངོ་བོའི་ཐོག་ནས་པདྨ་བཀོད་དུ་ཡུལ་གཞི་བཟུང་ནས་བསྡད་པ་དང་། དེ་ནས་རིམ་བཞིན་ཚངས་ལྷ་མི་རིགས་རྣམས་པདྨ་བཀོད་ཡུལ་གྱི་བདག་པོར་གྱུར་ཏེ། པདྨ་བཀོད་ཀྱི་ཡུལ་མིང་རུས་ལ་ཐོགས་ཏེ་པདྨ་བཀོད་དུ་གནས་པའི་ཚངས་ལྷ་མི་རིགས་རྣམས་ལ་ད་ལྟ་པདྨ་བཀོད་པ་ཞེས་ཡོངས་སུ་འབོད་པ་དེ་ཡིན།[13] དུས་རབས་ ༡༨ པ་ཙམ་ནས་སྦས་གནས་ཀྱི་ཆེ་བ་ཡོངས་གྲགས་སུ་གྱུར་ཏེ་བོད་ཀྱི་ཡུལ་གྲུ་ཀུན་ནས་བྱ་བྲལ་རྣལ་འབྱོར་བ་མང་པོས་སྒྲུབ་གནས་ཀྱི་མཐིལ་དུ་མཛད་པས་རྗེས་སུ་གནས་ལ་དད་པའི་བོད་མདོ་དབུས་ཁམས་གསུམ་ནས་རིམ་བཞིན་མི་རིགས་འདྲ་མིན་འབྱོར་འདུག[14] ཞེས་གསུངས།

ཡང་《བོད་རིགས་སྤྱི་ཚོགས་ལོ་རྒྱུས་རྟོག་ཞིབ།(西藏社会历史调查)》ཅེས་པའི་རྒྱ་ཡིག་དེབ་གྲངས་བཞི་པའི་ནང་། ཧ་ལམ་ཕྱི་ལོའི་དུས་རབས་བཅོ་བརྒྱད་བཅུ་དགུའི་མཚམས་(ཕྱི་ལོ་ ༡༨༨༡[15] )སྤོ་བོ་ཀ་གནམ་རྒྱལ་པོ་དང་པོ་ཉི་མ་རྒྱལ་པོའི་སྐབས། འབྲུག་ཡུལ་དང་མོན་ཡུལ་སོགས་ནས་གཅིག་མཇུག་གཉིས་མཐུད་ཀྱིས་སྤོས་འོང་བའི་མོན་པའི་མི་རིགས་རྣམས་ཀློ་(ལྷོ་)ཡུལ་དུ་གཞིས་ཆགས་སྐབས། ཁོ་ཚོ་དང་གནས་དེའི་ཀློ་མིའི་དབར་བར་མཚམས་མེད་པར་རྩོད་གླེང་དང་དམར་འཛིང་ཐུག་པས། ཀློ་མོན་གཉིས་ཀས་ས་གནས་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་ཐོབ་པའི་ཐབས་ཤེས་དང་རེ་བ་བྱེད་བཞིན་ཡོད་པ་ལྟར། ཕྱོགས་སོ་སོས་ཀ་གནམ་རྒྱལ་པོར་མགོན་སྐྱབས་ཡོང་བའི་རེ་བ་ཞུས་མ་ཟད་ཀ་གནམ་རྒྱལ་པོའི་མངའ་ཁོངས་སུ་འདུག་རྒྱུའི་བསམ་འདུན་ཞུས་པར་བརྟེན། ཀ་གནམ་པ་ཉི་མ་རྒྱལ་པོས་འབྲུག་ཤར་ཕྱོགས་ནས་སྤོས་འོང་བའི་མོན་པའི་མི་རྣམས་སྔ་རྗེས་པདྨ་མ་བཀོད་ཡུལ་དུ་གཞིས་ཆགས་བཀོད་བསྒྲིགས་བྱས་སྟབས། ཀློ་མོན་གཉིས་ཡུན་རིང་འཐབ་རྩོད་བྱེད་བཞིན་པའི་རྒྱུན་ཐག་ཆོད་པ་དང་གཉིས་ཀས་ཀ་གནམ་རྒྱལ་པོར་བཅའ་ཁྲལ་སྣེ་སེལ་རེ་ཕུལ་བས་ཀ་གནམ་རྒྱལ་པོའི་མངའ་འོག་མི་སེར་དུ་གྱུར།[16] ཞེས་འཁོད།

ཕྱི་ལོ་ ༡༩༢༨ ལོར་བོད་གཞུང་དང་ཀ་གནམ་རྒྱལ་པོའི་དབར་དམག་འཁྲུག་བྱུང་བ་དང་། ཀ་གནམ་རྒྱལ་པོའི་དཔོན་རབས་ ༢༧ བྱུང་བའི་མཐའ་མ་བདུད་འདུལ་རྡོ་རྗེ་དགའ་ལྡན་ཕོ་བྲང་པའི་འོག་ནས་ཕམ་ཉེས་བྱུང་རྗེས། པདྨ་བཀོད་ཀྱི་ས་ཁུལ་ཡོངས་རྫོགས་གཞུང་སའི་ཐད་སྐྱོང་གནང་ཞིང་མོན་ཚོ་ལྔ་ནི་རྫོང་ཕྲན་ཞིག་ཡིན་པས་སེ་ར་དགོན་དང་། སྤོ་བོ་ཆུང་མདོ་དགོན་གཉིས་ནས་ཐད་སྐྱོངས་ཆོས་གཞིས་སུ་བསྩལ།[17] བོད་ལ་དུས་འགྱུར་བྱུང་བ་དང་བསྟུན་ཕྱི་ལོ་ ༡༩༦༠ ལོར་མེ་ཏོང་རྫོང་དང་། སྤྱན་འབྲུག སྤང་ཞིང་གཞིས་ཀ་གསུམ་ཟླ་བསྒྲིལ་ནས་མེ་ཏོག་རྫོང་དུ་སྒྱུར་འཛུགས་བྱས་པ་དང་། ཕྱི་ལོ་ ༡༩༦༤ ལོར་ལྷ་ས་གྲོང་ཁྱེར་ཁོངས་སུ་བཅུག་མོད་ཕྱི་ལོ་ ༡༩༨༦ ལོའི་ཟླ་ ༢ པར་ཉིང་ཁྲི་ས་ཁུལ་གྱི་ཁྱབ་ཁོངས་སུ་བཅུག་པ་ནས་བཟུང་ད་བར་གནས། ད་ལྟའི་རྫོང་སྲིད་གཞུང་མདོངས་པོ་ལ་གནས་ཡོད།[18]

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ངག་དབང་གསུང་རབ། བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག ཕྱི་ལོ་  ༡༩༩༠། ༡། བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭ། ཤོག ༤༨ །

[2] ངག་དབང་གསུང་རབ། བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག ཕྱི་ལོ་  ༡༩༩༠། ༡། བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭ། ཤོག ༤༨ །

[3] ངག་དབང་གསུང་རབ། བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག ཕྱི་ལོ་  ༡༩༩༠། ༡། བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭ། ཤོག ༤༩ །

[4] ངག་དབང་གསུང་རབ། བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག ཕྱི་ལོ་  ༡༩༩༠། ༡། བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭ། ཤོག ༤༩ །

[5] པད་བཀོད་འཆི་མེད་རིག་འཛིན། པདྨ་བཀོད་ཡུལ་གྱི་བཀོད་པ་དང་། བྱུང་རབས་ལོ་རྒྱུས་མདོར་བསྡུས། ཕྱི་ལོ་ ༢༠༡༦། ཤོག ༦༧།

[6]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 155.

[7] པད་བཀོད་འཆི་མེད་རིག་འཛིན། པདྨ་བཀོད་ཡུལ་གྱི་བཀོད་པ་དང་། བྱུང་རབས་ལོ་རྒྱུས་མདོར་བསྡུས། ཕྱི་ལོ་ ༢༠༡༦། ཤོག ༦༧།

[8] པད་བཀོད་འཆི་མེད་རིག་འཛིན། པདྨ་བཀོད་ཡུལ་གྱི་བཀོད་པ་དང་། བྱུང་རབས་ལོ་རྒྱུས་མདོར་བསྡུས། ཕྱི་ལོ་ ༢༠༡༦། ཤོག །

[9] པད་བཀོད་འཆི་མེད་རིག་འཛིན། པདྨ་བཀོད་ཡུལ་གྱི་བཀོད་པ་དང་། བྱུང་རབས་ལོ་རྒྱུས་མདོར་བསྡུས། ཕྱི་ལོ་ ༢༠༡༦། ཤོག ༦༧།

[10] པད་བཀོད་འཆི་མེད་རིག་འཛིན། པདྨ་བཀོད་ཡུལ་གྱི་བཀོད་པ་དང་། བྱུང་རབས་ལོ་རྒྱུས་མདོར་བསྡུས། ཕྱི་ལོ་ ༢༠༡༦། ཤོག ༦༡།

[11] པད་བཀོད་འཆི་མེད་རིག་འཛིན། པདྨ་བཀོད་ཡུལ་གྱི་བཀོད་པ་དང་། བྱུང་རབས་ལོ་རྒྱུས་མདོར་བསྡུས། ཕྱི་ལོ་ ༢༠༡༦། ཤོག ༦༡།

[12] ཀྲུང་གོའི་བོད་ལྗོངས་ཉིང་ཁྲི། གླིང་ལྔ་བརྡ་སྦྱོར་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༡། ཤོག ༢༠།

[13] པད་བཀོད་འཆི་མེད་རིག་འཛིན། པདྨ་བཀོད་ཡུལ་གྱི་བཀོད་པ་དང་། བྱུང་རབས་ལོ་རྒྱུས་མདོར་བསྡུས། ཕྱི་ལོ་ ༢༠༡༦། ཤོག ༦༡།

[14] པད་བཀོད་འཆི་མེད་རིག་འཛིན། པདྨ་བཀོད་ཡུལ་གྱི་བཀོད་པ་དང་། བྱུང་རབས་ལོ་རྒྱུས་མདོར་བསྡུས། ཕྱི་ལོ་ ༢༠༡༦། ཤོག ༦༡།

[15]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 155.

[16] 藏族历史社会调查(四)人民出版社,2009. pg 113.

[17] སྤོ་བོའི་ལོ་རྒྱུས། སྤོ་བོ་རྫོང་ལོ་རྒྱུས་རྒྱུ་ཆ་ལེགས་སྒྲིག་ཚོ་ཆུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༨༨། ཤོག ༣།

[18]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 155.

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།