ཐིག་ཕྱི་དགོན་དང་། རྒྱ་རི་དགོན། དགོན་པ་རྩེ་དགོན། ལྷ་ལུང་དགོན། སྤྱན་གཡས། གསང་སྔགས་གཟིམ་སྤྱིལ་དགོན་བཅས་ཀྱི་གནས་བཤད།
མཁས་གྲུབ་ཀྱིས་བརྩམས། དང་པོ། ཐིག་ཕྱི་དགོན། རྩེ་ཐང་ནས་ལམ་ཐག་སྤྱི་ལེ་ ༡༣༧ ཙམ་བསྐྱོད་ན་ཐིག་ཕྱི་དགོན་པར་སླེབས་ཤིང་། མཐོ་ཚད་རྒྱ་ཚོའི་ངོས་ལས་རྨིད་ ༣༧༠༠ ཡོད། ཐོག་མར་དགོན་པ་གནས་ས་དེ་མཚོ་ཡིན་པ་དང་། དེ་ནས་གནས་དེའི་ཡུལ་གྱི་ཁ་ར་ཐོད་ཅེས་པས་མཚོ་དེ་བརྟོལ། དེ་རྗེས་མཚོ་མིག་ཏུ་ཀླུ་གདོལ་པ་ནག་པོ་ཞེས་པ་གདུག་པ་ཅན་ཞིག་གནས་ཏེ་སྐྱེ་འགྲོར་གནོད་པ་ཆེན་པོ་བསྐྱལ་བས་དེའི་ཁ་གནོན་དུ་གྲུབ་ཐོབ་ལས་ཀྱི་རྡོ་རྗེའམ་ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་འཁྲུངས་རབས་ནང་ཚན་ཤུལ་བུ་ཟླ་བ་རྒྱལ་མཚན་གྱིས་མཚོ་གནས་དེར་དགོན་པ་ཞིག་འདེབས་དགོས་ཐུགས་ལ་འཁྲུངས་ཏེ་ཐིག་བསྐྱོན་པ་ལ་མཚན་མོ་ལྷ་འདྲེས་ཕྱིས་པས་ཐིག་ཕྱི་ཞེས་པའི་མཚན་ཐོགས། དེ་ལྟར་ལྷ་འདྲེས་ཀོ་ལོང་ཕྲག་དོག་བྱས་པའི་རུ་གནོན་དུ་ཕྱོགས་བཞི་དང་དབུས་བཅས་པར་མཆོད་རྟེན་ལྔ་བཞེངས། དེ་ནས་ཐིག་ཕྱི་གཙུག་ལག་ཁང་བཞེངས།




