དཔལ་ལྷའི་རི་རབ་བམ། དཔལ་ལྷའི་རི་ཁྲོད་ཀྱི་དུས་ཆེན་ངོ་སྤྲོད།
བོད་དབུས་ཁུལ་གྱི་དུས་ཆེན་ཞིག་སྟེ། བོད་ཟླ་བཅུ་པའི་ནང་ལྷ་ལྡན་སྤྲུལ་པའི་གཙུལ་ལག་ཁང་གི་གནས་སྲུང་གཙོ་བོ་དཔལ་ལྡན་ལྷ་མོའི་གསོལ་མཆོད་དུས་ཆེན་ཡིན་ཅིང། ཟླ་བ་དེའི་ཚེས་གཅིག་ནས་བཟུང་ལྷ་ས་ཁུལ་དུ་རྣམ་ཀུན་གྱི་སློང་མོ་བ་འདྲ་མིན་ཁག་ཙམ་མ་ཟད་བྱིས་པ་དང་ལྷ་ཁང་ཁག་གི་དཀོན་གཉེར་སོགས་ནས་དཔལ་ལྷའི་མདུན་ཆང་ཞེས་དངུལ་སློང་སྲོལ་ཡོད། ཚེས་བརྒྱད་དགུ་ཙམ་ནས་གཙུག་ལག་ཁང་གི་དཔལ་ལྷ་ལྕོག་ལ་རྨེ་རུ་དགོན་པའི་ཚོགས་ཡོངས་ནས་གཏོར་སྒྲུབ་ཚུགས། དེ་སྔོན་གུང་ཐང་བླ་མ་ཞང་གི་གཏེར་བཞེས་དཔལ་ལྷ་དྲག་མོའི་ཞལ་འབག་གསོལ་བའི་སྐུ་གསོབ་དེ་ན་བཟའ་དང་རྒྱན་ཆ་གཟབ་པར་སྒྲོན་ཐོག་གཙུག་ལག་ཁང་གི་ཐོག་ཁར་དཔལ་ལྷ་ལྕོག་གི་སྒོ་འགྲམ་གྱི་ཀ་ཕིབས་འོག་ཏུ་གདན་དྲངས། ཞལ་ལྷོ་རུ་གཟིགས་ནས་བཞུགས་སུ་གསོལ་བའི་མདུན་དུ་མཆོད་སྤྲིན་བཤམས། ལྷ་ས་བ་ཚོས་བསང་གསོལ་གསེར་སྐྱེམས་འབུལ་བ་སོགས་བྱེད།




