དུང་དཀར་རིན་པོ་ཆེས་མཛད་པའི་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར།

དུང་དཀར་རིན་པོ་ཆེས་མཛད་པའི་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར།

༡༽ ཀླུ་སྒྲུབ།

 

(མགོན་པོ་ཀླུ་སྒྲུབ།) སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་ཐོག་མཚན་སྙན་གྲགས་ཤིན་ཏུ་ཆེ་བའི་རྒྱ་གར་གྱི་སློབ་དཔོན། ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་ནང་ཚན་ཞིག སློབ་དཔོན་འདི་དུས་སྐབས་གང་འདྲ་ཞིག་ལ་བྱུང་བ་ནི། བོད་ཀྱི་ལོ་རྒྱུས་མཁས་པ་མང་པོ་ཞིག་གིས་གསུངས་པ་ལྟར་ན། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཙམ་སོང་བའི་དུས་སུ་བྱུང་བར་བཤད་ཅིང་། ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི་ <<རྒྱ་གར་ཆོས་འབྱུང་>> གི་ནང་མགོན་པོ་ཀླུ་སྒྲུབ་ཀྱི་ལོ་རྒྱུས་ཐད་དུ་བཤད་པར། སློབ་དཔོན་འདིའི་སྐུ་ཚེའི་སྨད་དུ་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ནས་སངས་རྒྱས་ཆོས་ལུགས་དར་སྤེལ་མཛད་པའི་དུས་སྐབས་སུ་ཐོ་གར་གྱི་ཡུལ་གྱི་རྒྱབ་ཤུ་ལི་ཀ་ཞེས་བྱ་བའི་ཡུལ་ (འདི་ཐུར་ཆིས་དང་ཐག་ཉེ་བའི་ཞུས་ལི་ཡ་ཟེར་བ་དེ་ཡིན་ནམ་བརྟག) དུ་སོང་ནས་ཀླ་ཀློའི་ཆོས་ལུགས་ཐོག་མར་བརྩམས་ནས། རྗེས་སུ་དེའི་སློབ་མ་བེ་ཁམས་པ་ཞེས་བྱ་བས་ཁོང་ལ་སློབ་སྦྱོང་བྱས་རྗེས་མ་ཁའི་ཡུལ་དུ་སོང་ (འདི་དབྱི་ཏཱ་ལིའི་རྒྱལ་ས་ལོ་མའི་མིང་ཡིན་ནམ་སྙམ།) ནས་ཀླ་ཀློ་སྟག་གཟིག་གི་ཆོས་ལུགས་དར་སྤེལ་གཏོང་འགོ་ཚུགས་ཞེས་བཤད་པ་དང་། སློབ་དཔོན་འདི་ཉིད་སྐུ་ཚེ་སྨད་དུ་རྒྱ་གར་ལྷོ་ཕྱོགས་སུ་བྱོན་པའི་དུས་སྤྱི་ལོའི་དུས་རབས་དང་པོའི་འགོ་ཚུགས་པ་ཡིན་ཚོད་འདུག་ཀྱང་། དེ་ལས་གསལ་བའི་ལོ་རྒྱུས་ཞིབ་ཆ་ད་ཕན་ཁོ་བོས་མ་མཐོང་ཞིང་། སློབ་དཔོན་འདི་ཉིད་རྒྱ་གར་ལྷོ་ཕྱོགས་བེདརྦྷ་༌ཞེས་བྱ་བའི་ཡུལ་དུ་བྲམ་ཟེ་འབྱོར་ལྡན་ཞིག་གི་ཁྱིམ་དུ་འཁྲུངས་ཤིང་། མཚན་མཁན་ལ་བསྟན་པས་ཚེ་རིང་ཤོས་ལ་ལོ་བདུན་ལས་མི་ཐུབ་ཟེར་བས། ཕ་མ་གཉིས་ཀྱིས་བུ་ཤི་བའི་རོ་མིག་གིས་མཐོང་མ་བཟོད་པར་གཡོག་དང་བཅས་ཡུལ་གཞན་དུ་འཁྱམ་དུ་བཏང་། རིམ་གྱིས་རྒྱ་གར་ཡུལ་དབུས་ཀྱི་དགོན་པ་ཆེ་ཤོས་ནཱ་ལེན་ཊར་ཕེབས་ཏེ་སློབ་དཔོན་བྲམ་ཟེ་ས་ར་ཧ་དང་མཇལ་ཏེ་ཚེ་དབང་ཞུས། གཞན་གསང་བ་འདུས་པ་ལ་སོགས་པའི་གསང་སྔགས་ཀྱི་ཆོས་མང་པོ་གསན། དགོན་པའི་མཁན་པོ་སྒྲ་གཅན་འཛིན་བཟང་པོའི་དྲུང་དུ་དགེ་སློང་གི་སྡོམ་པ་ཞུས་ཏེ་མཚན་དགེ་སློང་དཔལ་ལྡན་ཞེས་བཏགས།

དགོན་པའི་ཞལ་ཏ་བ་ (གྲྭ་པ་རྣམས་ཀྱི་འཚོ་བའི་གཉེར་བ།) གནང་རིང་མུ་གེ་ཆེན་པོ་བྱུང་སྟེ་གླིང་ཕྲན་ཞིག་ནས་གསེར་འགྱུར་གྱི་རྩི་བླངས་ནས་གསེར་བཙོངས་པའི་རིན་གྱི་ཐོག་ནས་དགེ་འདུན་ལ་འཚོ་བ་སྦྱར། དེའི་གནས་ཚུལ་དགེ་འདུན་ཚོས་དྲིས་པ་ན་ལན་དྲང་པོར་གསུངས་པས་དགེ་འདུན་ལ་གནང་བ་མ་ཞུས་པར་ཚོང་བྱས་ནས་འཚོ་བ་སྦྱར་བ་ཆོས་ཁྲིམས་དང་འགལ་བ་ཡིན་ཟེར་ཏེ་གནས་ནས་ཕྱུང་ (སྒྲིགས་བཙུགས་ནས་ཕུད་པ།) དེ་ནས་ཡུལ་གཞན་དུ་བྱོན་ནས་ལྷ་ཁང་དང་མཆོད་རྟེན་མང་པོ་བཞེངས་ཤིང་། སློབ་དཔོན་དགུང་ལོ་བརྒྱ་མ་ལོན་ཙམ་ན་སྐལ་བ་དང་ལྡན་པའི་སྐྱེ་བོ་མང་པོ་ཞིག་ལ་སྡེ་སྣོད་གསུམ་གྱི་ཆོས་རྒྱ་ཆེར་འཆད། དེའི་སྐབས་དགེ་སློང་བདེ་བྱེད་ཅེས་བྱ་བས་ཐེག་ཆེན་གྱི་ལྟ་སྤྱོད་གཉིས་ཀ་སུན་འབྱིན་པར་བྱེད་པའི་ཆེད་དུ་ <<རིག་པའི་རྒྱན་>> ཞེས་བྱ་བའི་གཞུང་ལུགས་འབུམ་ཕྲག་བཅུ་གཉིས་བྱས་པ་དེ་གདུལ་བའི་དོན་དུ་ནཱ་ལེན་དྲར་ཆོས་རྒྱ་ཆེར་གསུངས། དེའི་ཚེ་བྱིས་པ་གཉིས་ཆོས་ཉན་དུ་འོང་པ་ན་དྲི་ཞིམ་པོས་ཁོར་ཡུག་ཀུན་ཁྱབ་པར་གྱུར་ཅིང་། བྱིས་པ་དེ་གཉིས་ཕྱིར་སོང་བའི་ཚེ་དྲི་ཞིམ་པོ་དེ་མེད་པར་གྱུར་པས་ན། དེའི་རྒྱུ་མཚན་དྲིས་པས་བདག་ཅག་ཀླུའི་རྒྱལ་པོ་འཇོག་པོའི་བུ་ཡིན། མི་ཡུལ་དུ་ཡོང་བ་ལ་ཙན་དན་གོར་ཤིར་ཥའི་བསུང་བ་བྱས་པ་ཡིན་ཟེར། ཙན་དན་དེ་བླངས་དུ་ཡོད་དམ་དྲིས་པས། ཡབ་ལ་དྲིའོ་ཟེར། དེས་ཕ་ལ་དྲིས་པས། ཀླུ་རྒྱལ་གྱིས་སློབ་དཔོན་ཀླུའི་ཡུལ་དུ་འབྱོན་ན་ཕུལ་ཟེར་བར། ཀླུའི་ཡུལ་དུ་གདུལ་བྱ་མཐའ་ཡས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། རྒྱལ་བ་ཐམས་ཅད་ཀྱི་ཡུམ་གཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་མི་ཡུལ་དུ་མེད་པ་སྤྱན་འདྲེན་པ་སོགས་ཀྱི་དགོས་པ་མང་པོ་ཞིག་ཉེ་བར་གཟིགས་ཏེ་སློབ་དཔོན་ཀླུ་ཡུལ་དུ་བྱོན། ཀླུ་མང་པོ་ལ་ཆོས་བསྟན་ནས་ཀླུ་རྣམས་ཤིན་ཏུ་མགུ་བར་གྱུར་ཏེ་ཀླུ་ཡུལ་དུ་བཞུགས་པར་ཞུས་པས། ད་ལྟ་ང་མཆོད་རྟེན་བྱེ་བ་བཞེངས་པའི་འདམ་འཚོལ་བ་དང་། འབུམ་གདན་དྲངས་པར་འོང་པས་བསྡད་མི་ཁོམ། ཕྱིས་འོང་སྲིད་ཅེས་གསུངས་ཏེ་ཀླུའི་འདམ་མང་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་བརྒྱ་པ། གཟུངས་མང་པོ་བཅས་སྤྱན་དྲངས་ཏེ་འཛམ་བུའི་གླིང་དུ་བྱོན། དེའི་ཚེ་ཀླུ་རྣམས་ཀྱིས་སློབ་དཔོན་ཀླུའི་ཡུལ་དུ་ངེས་པར་བྱོན་པའི་གཏའ་མར་འབུམ་གྱི་ཞབས་ནས་ཅུང་ཟད་ཙམ་མ་བསྐུརཞེས་གྲགས་ཏེ་ཀླུ་ཡུལ་ནས་སྤྱན་དྲངས་པའི་འབུམ་རྒྱས་པ་ལ་རྟག་ཏུ་ངུའི་ལེའུ་དང་། ཆོས་འཕགས་ཀྱི་ལེའུ་རྣམས་མེད་པས་བརྒྱད་སྟོང་པའི་གཤམ་གྱི་ལེའུ་གཉིས་པོ་དེ་ཡུམ་རྒྱས་པའི་གཤམ་དུ་སྦྱར་བ་ཡིན་པས། ལེའུ་གཉིས་པོ་དེ་དང་ཡུམ་རྒྱས་བསྡུས་ལ་ཁྱད་ཅུང་ཟད་ཀྱང་མེད་དོ། །དེས་ན་ཀླུའི་འདམ་བཞེས་ནས་མཆོད་རྟེན་བྱེ་བ་ཙམ་བཞེངས་པ་དང་ཤེར་ཕྱིན་འབུམ་སོགས་མི་ཡུལ་དུ་སྤྱན་དྲངས་པས་མཚན་ཡང་ཀླུ་སྒྲུབ་ཅེས་ཆགས། དེ་ནས་མཉན་ཡོད་ལ་སོགས་པའི་རྒྱ་གར་གྱི་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་དྲུག་གིས་གཙོས་ཕྱོགས་ཐམས་ཅད་དུ་ལྷ་ཁང་དང་མཆོད་རྟེན་མང་པོ་བཞེངས་ཤིང་། རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་གི་མཐའ་སྐོར་དུ་རྡོའི་དྲ་མིག་གི་ར་བས་བསྐོར། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་ལྕགས་རིས་བསྐོར་ཞིང་ནང་དུ་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས། བྱང་སྒྲ་མི་སྙན་དུ་ཕེབས་ནས་འགྲོ་དོན་མཛད། སྒྲ་མི་སྙན་དུ་གཤེགས་པའི་ལམ་དུ་གྲོང་ཁྱེར་ས་ལ་མ་ན་བྱིས་པ་ཛི་ཏ་ཀའི་ལག་རིས་ལས་ཕྱིས་རྒྱལ་པོར་ལུང་བསྟན། སྐུ་ཚེའི་སྨད་ལ་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་བོར་གཙོར་བཞུགས་གནང་སྟེ་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། ལྷག་པར་ཐེག་པ་ཆེན་པོའི་དབུ་མའི་ལྟ་བ་དར་སྤེལ་མཛད་དེ་གདུལ་བྱ་གྲངས་ལས་འདས་པ་ཐེག་པ་ཆེན་པོའི་ལམ་དུ་ཁྲིད་པར་མཛད། དེ་ལྟར་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་ན། བདུད་སྡིག་ཏོ་ཅན་དཔུང་དང་བཅས་ཕྲག་དོག་གིས་མ་བཟོད་པར་སྔར་སློབ་དཔོན་སྒྲ་མི་སྙན་དུ་གཤེགས་སྐབས་ལུང་བསྟན་པའི་བྱིས་པ་དེ་རྒྱལ་པོར་གྱུར་པ་རྒྱལ་པོ་བདེ་སྤྱོད་བཟང་པོ་ཞེས་པའི་བཙུན་མོའི་མངལ་དུ་བདུད་ཀྱིས་ཞུགས་ནས་ཕྱིར་བཙས་པས། དེའི་མིང་དུ་རྒྱལ་པོ་གཞོན་ནུ་ནུས་ལྡན་དུ་གྲགས་པ་ལ་རང་གི་མས་གོས་བཟང་པོ་བསྲུབས་མེད་པ་འཇིག་རྟེན་ན་རྙེད་དཀའ་བ་ཞིག་བྱིན་པས། བུ་ན་རེ། འདི་ད་ལྟ་སྦོས་ལ་ངས་རྒྱལ་སྲིད་སྐྱོང་བ་ན་གྱོན་ནོ་ཞེས་ཟེར་བ་ལ། མས། ཁྱོད་ཀྱི་ཡབ་སློབ་དཔོན་ཀླུ་སྒྲུབ་དང་ཚེ་མཉམ་པའི་བཅུད་ལེན་གྲུབ་པས་སློབ་དཔོན་མ་གྲོངས་བར་མི་འཆི། ཁྱོད་ཀྱིས་རྒྱལ་སྲིད་སྐྱོང་བ་མི་ཡོང་ཅེས་བརྗོད་པས། བུ་མྱ་ངན་སྐྱེས་ནས་ངུས་པས་ན། མ་ན་རེ། ངུ་མི་དགོས། སློབ་དཔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་གནས་པས། དབུ་སློང་ན་སྟེར་བར་གྱུར་ཞིང་། དེར་ཡབ་ཀྱང་འགུམས་པས། ཁྱོད་ཀྱིས་རྒྱལ་སྲིད་ཐོབ་པར་འགྱུར་རོ་ཞེས་སྨྲས་པ་ལྟར། དེས་དཔལ་གྱི་རི་ལ་སློབ་དཔོན་གྱི་དྲུང་དུ་དབུ་སློང་བའི་ཕྱིར་དུ་འོང་། སློབ་དཔོན་གྱིས་ཇི་ལྟར་འདོད་པ་བཞིན་ཆོད་ཅིག་ཅེས་བཀའ་བསྩལ་པ་དང་དེས་རལ་གྲི་ཤིན་ཏུ་རྣོ་བས་བཅད་པས་ཆད་པར་མ་འགྱུར། དེ་ཚེ་སློབ་དཔོན་གྱིས་དེ་ལ་སྨྲས་པ། ང་ཉིད་སྔོན་དགེ་འདུན་གྱི་ཞལ་ཏ་བར་གྱུར་པའི་ཚེ་འཇག་མ་ཞིག་བཅད་པའི་ཞོར་ལ་འབུ་གཅིག་གི་སྐེ་བཅད་པའི་ཉེས་པ་ཡོད་པས་རྩྭ་ཀུ་ཤས་ཆོད་ཅིག་གསུངས་པ་ལྟར་བྱས་པས་ཆོད། དེའི་ཚེ་སྐུ་ཁྲག་འོ་མའི་རང་བཞིན་དུ་བྱུང་ཞིང་དབུ་དེའི་ཞལ་ནས། ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། །ཕྱིན་ནས་ལུས་འདི་ལ་ཡང་འཇུག་པར་གྱུར། །ཅེས་པའི་ཚིག་བྱུང་བར་གྲགས། དེ་ནས་རྒྱལ་པོ་དེས་སླར་དབུ་འབྱར་གྱི་དོགས་ནས་དཔག་ཚད་གཅིག་ཙམ་དུ་དོར་བ་ན་སློབ་དཔོན་བཅུད་ལེན་སྒྲུབ་པས་སྐུ་ལུས་དང་དབུ་རྡོ་རུ་གྱུར་ཅིང་སླར་རིམ་གྱིས་དབུ་དང་སྐུ་གཉིས་ཀ་མ་ཉམས་པར་ལོ་རེ་བཞིན་ཇེ་ཉེ་ཇེ་ཉེར་སོང་ནས་མཐར་སྐུ་ལུས་ལ་འབྱར་ནས་སློབ་དཔོན་རང་ཉིད་ཞལ་བཞུགས་དུས་ལྟར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་པར་འགྱུར་བར་གསུངས། མདོ་སྔགས་གང་གི་ཆ་ལའང་སྟོན་པ་གཉིས་པ་ལྟ་བུར་གྱུར། སློབ་དཔོན་འདི་དགུང་ལོ་དྲུག་བརྒྱ་བཞུགས་ཟེར་བ་དང་སུམ་བརྒྱ་བཞུགས་ཟེར་བའི་བཤད་སྲོལ་གཉིས་ཡོད་ཀྱང་དེ་གཉིས་ཀ་ལོ་ཕྱེད་ལ་ལོ་གཅིག་ཏུ་བརྩིས་པའི་ལུགས་ཡིན་ཞེས་ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི་ <<རྒྱ་གར་ཆོས་འབྱུང་>> ལས་བཤད་པས་གང་ལྟར་སྐུ་ཚེ་རིང་པོ་ཞིག་བཞུགས་པ་འདྲ། སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ་ <<དབུ་མ་རྩ་བ་ཤེས་རབ་>> <<རིགས་པ་དྲུག་ཅུ་པ་>> <<སྟོང་ཉིད་བདུན་ཅུ་པ་>> <<རྩོད་བཟློག་>> <<ཞིབ་མོ་རྣམ་འཐག་>> <<མདོ་ཀུན་ལས་བཏུས་པ་>> <<རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་>> ཆོས་བྱེད་ཁྱིམ་པ་ལ་གདམས་པ་ <<བཤེས་སྤྲིངས་>> <<རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་གཏམ་དུ་བྱ་བ་རིན་པོ་ཆེའི་ཕྲེང་བ་>> ཆོས་བྱེད་རབ་བྱུང་ལ་གདམས་པ་ <<བྱང་ཆུབ་ཀྱི་ཚོགས་>> གསང་སྔགས་ཀྱི་ལྟ་སྤྱོད་མདོར་བསྡུས་ཏེ་བཤད་པ་ <<རྒྱུད་ཀུན་ལས་བཏུས་པ་>> དབུ་མའི་ལྟ་བ་གཏན་ལ་འབེབས་པ་ <<བྱང་ཆུབ་སེམས་འགྲེལ་>> གསང་སྔགས་ཀྱི་བསྐྱེད་རིམ་སྟོན་པ་ <<མདོར་བྱས་>> <<མདོར་བསྲེ་>> <<དཀྱིལ་ཆོག་ཉི་ཤུ་པ་>> གསང་སྔགས་ཀྱི་རྫོགས་རིམ་སྟོན་པ་ <<རིམ་པ་ལྔ་པ་>> <<གསོ་བ་རིག་པའི་བསྟན་བཅོས་སྦྱོར་བ་བརྒྱ་པ་>> སྐྱེ་བོ་སྤྱི་ལ་གདམས་པ་ <<ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་ཐིགས་>> རྒྱལ་པོའི་བློན་པོ་རྣམས་ལ་གདམས་པ་ <<ཤེས་རབ་བརྒྱ་པ་>> <<སྤོས་སྦྱོར་གྱི་བསྟན་བཅོས་མིག་མངས་རིས་ཀྱི་སྦྱོར་བ་>> རྩིས་ཀྱི་བསྟན་བཅོས་ <<རྟེན་ཅིང་འབྲེལ་བར་འབྱུང་བའི་གཙུག་ལག་གི་དེ་ཁོ་ན་ཉིད་>> བཅས་ཆ་ཚང་བ་བོད་སྐད་དུ་བསྒྱུར་ཞིང་རེ་གཉིས་ཙམ་མ་གཏོགས་མང་ཆེ་བ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་བོད་སྐད་དུ་བསྒྱུར་བ་བསྟན་འགྱུར་གྱི་ནང་དུ་ཡོད། འདི་ཉིད་ཀྱིས་ལེགས་པར་གསུངས་པའི་བདུད་རྩིས་ཉེ་བར་བསྐྱེད་པའི་བསྟན་འཛིན་གྱི་སྐྱེས་བུ་མཐའ་ཡས་པ་ཞིག་བྱོན་པ་ལས། གཙོ་བོར་གྱུར་པ་སྲས་ཀྱི་ཐུ་བོ་རྣམ་པ་བཞི་སྟེ། ཤཱཀྱ་མི་ཏྲ། ནཱ་ག་བོ་དྷི། ཨཱརྱ་དེ་བ། མ་ཏིངྐ་པ། ཉེ་བའི་ཐུགས་སྲས་གསུམ་སྟེ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་བཅས་བདུན་དུ་གྲགས། དེའི་ནང་ནས་ཀྱང་ཟླ་དང་བྲལ་བ་ནི་སློབ་དཔོན་ཨཱརྱ་དེ་བ་སྟེ་འཕགས་པ་ལྷ་ཡིན་ལ། དེ་གཉིས་ལ་ཀླུ་སྒྲུབ་ཡབ་སྲས་གཉིས་དང་གཞུང་ཕྱི་མོའི་དབུ་མ་པར་ཡང་གྲགས། སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུའི་ཆ་བྱད་ནི་ཞབས་གཡོན་བརྐྱངས་ཤིང་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་དང་། དབུའི་སྟེང་དུ་ཀླུའི་རྒྱལ་པོས་ཕུལ་བའི་སྦྲུལ་གྱི་གདེངས་ཀ་བདུན་གྱིས་བརྒྱན་ནས་བཞུགས་པའོ། །སློབ་དཔོན་འདི་ཉིད་ཀྱི་ལོ་རྒྱུས་བོད་ཡིག་ཐོག་བཀོད་པ་རྒྱས་ཤོས་ནི་ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི་ <<བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་རིན་པོ་ཆེའི་འབྱུང་གནས་>> སུ་གསལ་བས་དེར་གཟིགས།

 

༢༽ ཨརྱ་དེ་བ།

 

(སློབ་དཔོན་ཨརྱ་དེ་བ།) བོད་སྐད་དུ་སློབ་དཔོན་འཕགས་པ་ལྷ་ཟེར། འདི་སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྨད་ཀྱི་སློབ་མ། སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་སློབ་དཔོན་ཀླུ་སྒྲུབ་དངོས་དང་ཁྱད་མེད་པའི་བརྩི་བཀུར་དང་དད་གུས་ཞུ་ཡུལ་དང་། སངས་རྒྱས་ཆོས་ལུགས་ཙམ་མ་ཟད་མུ་སྟེགས་པའི་གྲུབ་མཐའ་ལ་ཡང་ཧ་ཅང་མཁས་པ་ཞིག་ཡིན། བོད་ཀྱི་ལོ་རྒྱུས་འགའ་ཞིག་ནང་བཤད་སྲོལ་ལ་སློབ་དཔོན་འདི་སིངྒལའི་གླིང་གི་ (དེང་སང་གི་ཤྲི་ལངྒ་) རྒྱལ་པོའི་སྐྱེད་ཚལ་ནང་གི་མེ་ཏོག་པདྨའི་ནང་བརྫུས་ཏེ་འཁྲུངས་ཞེས་གསལ་ཡང་། རྒྱ་གར་གྱི་ལོ་རྒྱུས་ཁུངས་མ་ལྟར་ན། སིངྒལ་གླིང་གི་རྒྱལ་པོ་པཉྩ་ཤྲི་གམ་ཞེས་པའི་སྲས་ཡིན་པར་བཤད་ཡོད་ཚུལ་ཏཱ་ར་ནཱ་ཐས་མཛད་པའི་ <<རྒྱ་གར་ཆོས་འབྱུང་>> གི་ནང་གསལ། མཁན་པོ་ཧེ་མ་དེ་ཝ་ལས་རབ་ཏུ་བྱུང་ཞིང་དགེ་སློང་གི་སྡོམ་པ་ཞུས། དེ་ནས་རྒྱ་གར་གྱི་སྐམ་ས་ཆེན་པོའི་ཐོག་ཡོད་པའི་ལྷ་ཁང་དང་མཆོད་རྟེན་རྣམས་མཇལ་བར་ཕེབས། སྐབས་དེར་སློབ་དཔོན་ཀླུ་སྒྲུབ་ལྷོ་ཕྱོགས་རྒྱུད་དུ་ཕེབས་པ་དང་སྟབས་ཁེལ་ནས་མཇལ་ཏེ། སློབ་དཔོན་གྱི་དྲུང་དུ་མདོ་སྔགས་ཀྱི་ཆོས་མཐར་ཕྱིན་པ་གསན། སློབ་དཔོན་ཀླུ་སྒྲུབ་སྐུ་འདས་ཁར་བསྟན་པའི་བདག་པོར་བསྐོས་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་སངས་རྒྱས་ཆོས་ལུགས་དར་སྤེལ་གནང་སྟེ། ལྷ་ཁང་དང་གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས། དེ་ཐམས་ཅད་དུ་ཆོས་གཞི་ (ཆོས་ལུགས་སློབ་སྦྱོང་བྱེད་སའི་རྟེན་གཞི) བཙུགས། བྲམ་ཟེ་ཐུབ་དཀའ་ནག་པོ་ཞེས་པ་རྩོད་པ་ལ་འགྲན་ཟླ་མེད་པ་དེ་ཕམ་པར་མཛད་ནས་རང་ཉིད་ཀྱི་སློབ་མར་གྱུར་པའི་མཚན་ལ་སློབ་དཔོན་དཔའ་བོ་ཞེས་ཟེར་ཞིང་། ན་ལེན་དྲ་དགོན་པར་ཡང་ཡུན་རིང་དུ་བཞུགས། སྐུ་ཚེའི་སྨད་དུ་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་རང་དུ་བཞུགས་ནས་དེར་སྐུ་འདས། སློབ་དཔོན་འདིས་བརྩམས་པའི་བསྟན་བཅོས་ལ། དབུ་མའི་ལྟ་བ་རྒྱས་པར་བཤད་པ་ <<དབུ་མ་བཞི་བརྒྱ་པ་>> དེ་མདོར་བསྡུས་ནས་བཤད་པ་ <<དབུ་མ་ལག་པའི་ཚད་>> དེ་ལ་རྩོད་པ་སྤོང་བ་ <<འཁྲུལ་བ་བཟློག་པའི་གཏན་ཚིགས་གྲུབ་པ་>> མཚན་ཉིད་དང་སྔགས་ཀྱི་གྲུབ་མཐའི་རྣམ་གཞག་སྟོན་པ་ <<ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་>> གསང་སྔགས་ཀྱི་ལྟ་སྤྱོད་གཏན་ལ་འབེབས་པ་ <<སྤྱོད་པ་བསྡུས་པའི་སྒྲོན་མ་>> དེ་རིགས་པས་སྒྲུབ་པ་ <<སེམས་ཀྱི་སྒྲིབ་སྦྱོང་>> སྨིན་བྱེད་དབང་གི་ཆོ་ག་ལ་ <<རྡོ་རྗེ་གདན་བཞིའི་དཀྱིལ་ཆོག་སྙིང་པོ་མདོར་བསགས་>> བསྐྱེད་རིམ་སྟོན་པ་ <<རྡོ་རྗེ་གདན་བཞིའི་སྒྲུབ་ཐབས་>> ལ་སོགས་པ་མཛད་པ་རྣམས་དུས་རབས་བཅུ་གཅིག་པའི་ནང་བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་སོགས་ཀྱིས་རིམ་བཞིན་བསྒྱུར་བ། བསྟན་འགྱུར་སྣར་ཐང་དཔར་མའི་སྔགས་ཕྱོགས་པོད་ ༼ཟ༽ པ་དང་། མདོ་ཕྱོགས་ ༼ཙ༽ པའི་ནང་ཡོད། སློབ་དཔོན་འདིའི་ལོ་རྒྱུས་རྒྱས་པ། བུ་སྟོན་རིན་པོ་ཆེས་མཛད་པའི་ <<བུ་སྟོན་ཆོས་འབྱུང་>> དང་ཇོ་ནང་ཏཱ་ར་ནཱ་ཐའི་ <<རྒྱ་གར་ཆོས་འབྱུང་>> ལེའུ་བཅུ་བདུན་པར་གསལ་བས་དེར་གཟིགས།

 

༣༽ སློབ་དཔོན་སངས་རྒྱས་བསྐྱངས། (ཐལ་འགྱུར་བ།)

 

ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་ཡ་གྱལ་ཞིག་སྟེ། ཐལ་འགྱུར་ཙམ་གྱིས་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པས་ན་ཐལ་འགྱུར་པ་ཞེས་བརྗོད། དེ་ཡང་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བའི་ཆེད་དུ་རྟགས་སྦྱོར་འགོད་མི་དགོས་པར། གཞན་གྱི་ལོག་རྟོག་དགག་པའི་ཆེད་དུ་ནང་འགལ་བརྗོད་པའི་ཐལ་འགྱུར་ཙམ་གྱི་ཕྱི་རྒོལ་གྱི་རྒྱུད་ལ་བདེན་མེད་རྟོགས་པའི་རྗེས་དཔག་བསྐྱེད་པར་འདོད་པས་སོ། །རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུ་ཡང་མི་བཞེད་པའི་ངོ་བོ་ཉིད་མེད་པར་སྨྲ་བ་དེ་ཐལ་འགྱུར་བའི་མཚན་ཉིད་ཡིན། ལུགས་འདིར་སློབ་དཔོན་ཐོགས་མེད་འཇིག་རྟེན་དུ་བྱོན་ནས་སེམས་ཙམ་པའི་སྲོལ་ཕྱེ་བའི་རྗེས་ཙམ་ལ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དངོས་སློབ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རྩ་ཤེས་ཀྱིའགྲེལ་པ་བུདྡྷཱ་པཱ་ལི་ཏ་མཛད་ཅིང་། རྩ་བ་བཤད་པའི་རིགས་པ་རྣམས་ཀྱི་དོན་ཐལ་འགྱུར་མང་པོ་མཛད་ནས་བཀྲལ་ཞིང་རང་རྒྱུད་ཀྱི་གཏན་ཚིགས་མ་གསུངས་ལ། དེའི་རྗེས་སུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་ལ་སྐྱོན་བརྗོད་པར་མཛད་ཅིང་། རང་རྒྱུད་ཀྱི་གཏན་ཚིགས་འགོད་དགོས་པའི་རྒྱུ་མཚན་མང་དུ་གསུངས་ནས་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་པར་མཛད། དེའི་རྗེས་སུ་དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པ་དང་རྩ་ཤེས་ཀྱི་འགྲེལ་པ་ཚིག་གསལ་མཛད་ནས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་སངས་རྒྱས་བསྐྱངས་ཀྱི་བཀྲལ་བ་ལྟར་གནས་ཤིང་སངས་རྒྱས་བསྐྱངས་ལ་སྐྱོན་དེ་རྣམས་མི་འཇུག་པ་དང་། རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པ་ལ་གནོད་བྱེད་དང་ཁས་མི་ལེན་པ་ལ་སྒྲུབ་བྱེད་མང་དུ་བསྟན་ནས་འཕགས་པའི་དགོངས་པ་མཐར་ཐུག་དབུ་མ་ཐལ་འགྱུར་དུ་བཀྲལ། འོན་ཀྱང་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་ནི་སངས་རྒྱས་བསྐྱངས་ཡིན་པར་བཞེད་པ་དང་། ཟླ་བ་གྲགས་པ་ཡིན་པར་བཞེད་པའི་ཕྱོགས་གཉིས་སྣང་ཡང་རྗེ་བདག་ཉིད་ཆེན་པོ་ལ་སོགས་པའི་མཁས་པ་ཕལ་ཆེ་བས་ནི་སྲོལ་འབྱེད་སློབ་དཔོན་ཟླ་བའི་ཞབས་ཡིན་པར་བཞེད་ཅེས་གསུངས་སོ། །

 

༤༽ སློབ་དཔོན་ལེགས་ལྡན་འབྱེད། (དབུ་མ་རང་རྒྱུད་པ།)

 

དབུ་མ་པ་ལ་གཉིས་སུ་དབྱེ་བའི་ཡ་གྱལ་ཞིག་སྟེ། ཚུལ་གསུམ་རང་ངོས་ནས་གྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་བདེན་དངོས་འགོག་པར་བྱེད་པས་ན་རང་རྒྱུད་པ་ཞེས་བརྗོད། དེ་ཡང་ཕྱི་རྒོལ་གྱི་ཁས་བླངས་ཙམ་ལ་མ་འཁྲིས་པར་ཡུལ་གང་སྣང་རང་གི་ངོས་སམ་གདགས་གཞིའི་ངོས་ནས་གྲུབ་པར་སྣང་བའི་ཤེས་པ་གནོད་མེད་ཚད་མར་ཁས་བླངས་ཤིང་། དེའི་དོན་དེ་འདྲ་བའི་ཚད་མའི་རྙེད་དོན་ཡིན་པར་སྔ་རྒོལ་ཕྱི་རྒོལ་གཉིས་ཀའི་ལུགས་ལ་མཐུན་པས་ན་ཆོས་མཐུན་སྣང་དུ་གྲུབ་པ་དང་། ཆོས་ཅན་དེའི་སྟེང་དུ་སྔ་རྒོལ་གང་ལ་ཤེས་འདོད་ཞུགས་པའི་བསྒྲུབ་བྱའི་ཆོས་དེ་སྒྲུབ་བྱེད་ཀྱི་རྟགས་ཀྱི་ཚུལ་རྣམས་བཀོད་ནས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེད་པ་བྱེད་པ་རང་རྒྱུད་ཀྱི་དོན་ཡིན་ལ། དེ་ལྟར་འགོད་པར་འཐད་པའི་དབུ་མ་ལ་དབུ་མ་རང་རྒྱུད་པ་ཞེས་ཟེར་བ་ཡིན། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུ་ཁས་ལེན་པའི་ངོ་བོ་ཉིད་མེད་པར་སྨྲ་བ་དེ་དབུ་མ་རང་རྒྱུད་པའི་མཚན་ཉིད། དེ་ཡང་རང་རྒྱུད་པས་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པ། ངོ་བོ་ཉིད་ཀྱིས་གྲུབ་པ་གསུམ་ནི་ཐ་སྙད་དུ་གྲུབ་པར་བཞེད་དེ། དེར་མ་གྲུབ་ན་ཆད་ལྟར་འགྲོ་བར་འདོད་དོ། །འོན་ཀྱང་བདེན་པར་གྲུབ་པ་དང། དོན་དམ་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ། ཡང་དག་པར་གྲུབ་པ་བཞི་ནི་ཐ་སྙད་དུའང་མི་བཞེད་དོ། །ལུགས་འདི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཤིང་རྟའི་སྲོལ་འབྱེད་པར་མཛད་ཅིང་། དེ་ལ་དབྱེ་ན་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་ཡོད།

 

༥༽ ཟླ་བ་གྲགས་པ།

 

(སློབ་དཔོན་ཟླ་བ་གྲགས་པ།) ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པའི་ <<དེབ་ཐེར་དམར་པོ་>> ནང་སློབ་དཔོན་འདི་འཛམ་གླིང་རྒྱན་དྲུག་གི་གྲས་སུ་བགྲངས་འདུག་ཀྱང་། བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་སློབ་དཔོན་ཨརྱ་དེ་བ་བགྲངས་པ་ལས། སློབ་དཔོན་འདི་བགྲང་སྲོལ་མེད། སློབ་དཔོན་འདི་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་ལ་བཤད་སྲོལ་མི་འདྲ་བ་སྣ་ཚོགས་འདུག་ཀྱང་སློབ་དཔོན་རང་ཉིད་ཀྱིས་མཛད་པའི་ <<གསང་བ་འདུས་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་>> ནང་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་བཤད་པ་མ་ཟད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་ <<བྱང་ཆུབ་ལམ་སྒྲོན་>> ལས་ཀྱང་། སློབ་དཔོན་འདི་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས་པས་དེ་ལ་ནོར་འཁྲུལ་མེད། སྐུ་འཁྲུངས་པའི་ཡུལ་རྒྱ་གར་ལྷོ་ཕྱོགས་ས་མནྟར་ཡིན་ཅིང་། ཆུང་དུས་ནས་རིག་གནས་མཐའ་དག་ལ་མཁས་པར་སྦྱངས། ལྷོ་ཕྱོགས་ཀྱི་རྒྱུད་དེ་ཉིད་དུ་རབ་ཏུ་བྱུང་། སློབ་དཔོན་ཀླུ་སྒྲུབ་དང་། སློབ་དཔོན་སངས་རྒྱས་བསྐྱངས་དང། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་སློབ་མ་མང་པོ་ལས་མདོ་སྔགས་ཀྱི་ཆོས་མང་པོ་གསན་ཅིང་། ལྷག་པར་དུ་དབུ་མའི་གཞུང་དང་གསང་སྔགས་ཀྱི་གཞུང་ལ་སྦྱངས་པ་མཐར་ཕྱིན་པ་མཛད། ན་ལེནྡྲ་ཡི་དགོན་པའི་མཁན་པོ་ཡུན་རིང་དུ་མཛད་དེ་སྐུ་ཚེའི་སྨད་དུ་རང་ཉིད་ཀྱི་འཁྲུངས་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ནས་ལྷ་ཁང་དང་དགོན་པ་མང་པོ་བཏབ། དགུང་ལོ་སུམ་བརྒྱ་ཙམ་བཞུགས་ཟེར་བ་བདེན་མིན་ཇི་ལྟར་ཡང་སྐུ་ཚེ་རིང་པོ་བཞུགས་པར་མངོན་ཏེ་ཁོང་གི་སློབ་མ་རིགས་པའི་ཁྱུ་བྱུག་ཆེ་བ་དང་། དེའི་སློབ་མ་རིགས་པའི་ཁྱུ་བྱུག་ཆུང་བ་ (བླ་མ་བྱམས་པའི་རྣལ་འབྱོར་པ) ཡིན་ལ། དེའི་སློབ་མ་ཇོ་བོ་ཆེན་པོ་ཨ་ཏི་ཤ་ཡིན་ཅིང་། ཇོ་བོ་ཆེན་པོ་ནི་བོད་ཀྱི་རབ་བྱུང་གོང་གི་ཆུ་རྟ་ (༩༨༢) ལོར་སྐུ་འཁྲུངས་པ་དང་། དགུང་ལོ་དྲུག་ཅུ་རེ་གཅིག་པ་བོད་ཀྱི་རབ་བྱུང་དང་པོའི་ལྕགས་སྦྲུལ་ (༡༠༤༠) ལོའི་ལོ་མཇུག་ལ་རྒྱ་གར་ནས་བལ་ཡུལ་བརྒྱུད་མངའ་རིས་སུ་ཕེབས་པ་ཡིན་པས་མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྨད་དུ་དུས་རབས་དང་པོ་འགོ་ཚུགས་པ་ནས། ཇོ་བོ་ཆེན་པོ་འཁྲུངས་པའི་བར་དུས་རབས་དགུ་ལ་ལོ་དགུ་བརྒྱ་ལྷག་ཙམ་ཡོད་པ་ཚང་མས་མཁྱེན་གསལ་ལྟར་སངས་རྒྱས་ཆོས་ལུགས་ལ་ལྷག་བསམ་རྣམ་དག་གིས་དད་མོས་བྱེད་མཁན་ཚོས་དེ་ལ་དོགས་པ་རྩ་བ་ནས་བྱེད་ཀྱི་མེད་ཀྱང་། ལོ་རྒྱུས་དངོས་གཙོ་སྨྲ་བའི་ལུགས་ལྟར་བྱས་ན་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་རྫུན་བཟོ་ཡིན་པའི་གཞི་འཛིན་ས་ལྟ་བུར་གྱུར་འདུག་པ་བརྟག སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ། <<དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཚིག་གསལ་>> <<དབུ་མའི་བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པ་>> དང་ <<དེའི་རང་འགྲེལ་>> <<དབུ་མ་ཤེས་རབ་ལ་འཇུག་པ་>> སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་ <<རིགས་པ་དྲུག་ཅུ་པའི་འགྲེལ་པ་>> <<བྱང་ཆུབ་སེམས་པའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་འགྲེལ་པ་>> <<དབུ་མ་ཕུང་པོ་ལྔ་པ་>> བཅས་འདི་རྣམས་མང་ཆེ་བ་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་ནག་ཚོ་ལོ་ཙཱ་བ་དང་པ་ཚབ་ལོ་ཙཱ་བ་སོགས་ཀྱིས་བསྒྱུར་བ་ཡིན། བསྟན་འགྱུར་སྣར་ཐང་དཔར་མའི་མདོ་ཕྱོགས་ཀྱི་པོད་ ༼འ༽ ༼ཡ༽གཉིས་སུ་ཡོད། གསང་སྔགས་ཀྱི་སྐོར་ལ་ <<གསང་བ་འདུས་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་>> <<གསང་བ་འདུས་པའི་སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ་>> འདི་གཉིས་སྤྱི་ལོའི་དུས་རབས་བཅུ་པའི་མཇུག་ཏུ་མངའ་རིས་ལོ་ཙཱ་བ་རིན་ཆེན་བཟང་པོས་བོད་སྐད་དུ་བསྒྱུར་བ་བསྟན་འགྱུར་སྣར་ཐང་དཔར་མའི་སྔགས་ཕྱོགས་ཀྱི་པོད་ ༼ཤ༽ པར་ཡོད། སློབ་དཔོན་འདིའི་ལོ་རྒྱུས་སྐོར་བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་ <<བུ་སྟོན་ཆོས་འབྱུང་>> དང་ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི་ <<རྒྱ་གར་ཆོས་འབྱུང་>> གཉིས་སུ་གསལ།

 

༦༽ ཞི་བ་ལྷ།

 

སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལྟར་ན། ཞི་བ་ལྷ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་བ་ཞིག་སྟེ། སྤྱི་ལོའི་དུས་རབས་བདུན་པའམ་བརྒྱད་པ་ཙམ་ལ་རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཡུལ་འཁོར་མོ་བཟང་ཞེས་བྱ་བར་རྒྱལ་པོ་དགེ་བའི་གོ་ཆ་ཞེས་བྱ་བའི་སྲས་སུ་འཁྲུངས། མཚན་ཞི་བའི་གོ་ཆ་ཞེས་བཏགས། སྐུ་ན་ཕྲ་མོ་ནས་རིག་གནས་ཐམས་ཅད་ལ་མཁས་པའི་ཕུལ་དུ་ཕྱིན། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཞལ་གཟིགས། ཡབ་འདས་ཏེ་སང་ཉིན་རྒྱལ་སྲིད་ལ་དབང་བསྐུར་བའི་དོ་ནུབ་བྲོས་ནས་ན་ལེནྡྲར་པཎྜི་ཏ་ལྔ་བརྒྱའི་ཁྱུ་མཆོག་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་སྟེ། མཚན་ཞི་བ་ལྷ་ཞེས་བཏགས། མཁན་པོ་ལས་སྡེ་སྣོད་གསུམ་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཅིང་རྗེ་བཙུན་འཇམ་དཔལ་དབྱངས་ལས་ཆོས་གསན་ཏེ་མདོ་སྔགས་ཀྱི་བཀའ་དང་གདམས་པ་མ་ལུས་པ་ཐུགས་སུ་ཆུད་ཀྱང༌། ཕྱི་རོལ་དམ་པ་མ་ཡིན་པའི་སྐྱེ་བོ་རྣམས་ཀྱི་ངོར་སྤྱོད་ལམ་ཟ་ཉལ་བཤང་བ་མ་གཏོགས་གླེགས་ལམ་ཀློག་པ་ལ་སོགས་གཞན་གང་ཡང་མ་མཐོང་བས་འདུ་ཤེས་གསུམ་པ་ཞེས་གྲགས། ནམ་ཞིག་ཆོ་འཕྲུལ་ཟླ་བ་ལ་གསུང་རབ་འདོན་པའི་རེས་མོས་ཡོད་པ་ལས། དགེ་འདུན་ཕལ་མོས་ནན་ཞུས་བྱས་པ་ཇི་བཞིན་དཔལ་ན་ལེནྡྲའི་དགེ་འདུན་ཐམས་ཅད་འདུས་པའི་དབུས་སུ་ཁྲི་ལ་བཞུགས་ཏེ། མདོ་སྔོན་ཆད་གྲགས་པ་ཞིག་འདོན་ནམ། མི་གྲགས་པ་ཞིག་འདོན་ཞེས་བཀའ་བསྩལ་པས་སྔོན་མ་གྲགས་པ་ཞིག་གསུང་བར་ཞུས་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བསྟན་བཅོས་ཆེན་པོ་གསུངས་ཏེ། གང་ཚེ་དངོས་དང་དངོས་མེད་དག །ཅེས་པའི་བར་གསུངས་ནས། དེ་ཕྱིན་གསུང་བཞིན་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་སོང་ནས་མཐར་སྐུ་མི་སྣང་བར་གསུང་གྲགས་པའི་སྒོ་ནས་གཞུང་མ་རྫོགས་ཀྱི་བར་རྒྱུན་མ་ཆད་པར་བཏོན་ཏེ་གཤེགས། དེ་གཟུང་ཐོབ་པ་རྣམས་ཀྱིས་ཇི་ལྟར་ཟིན་པ་བསྡུས་པས་ཤོ་ལོ་ཀ་སྟོང་ཚང་བ་དེ་ཡིན་ཞེས་ལུང་བསྟན་ནོ། །སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ་གོང་དུ་བརྗོད་པའི་སྤྱོད་འཇུག་དང༌། བསླབ་བཏུས་ལ་སོགས་ཡོད་དོ། །

 

༧༽ མཁན་ཆེན་བོ་དྷི་སྭ་ཏྭ།

 

བོད་དུ་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་རབ་བྱུང་ཐོག་མར་འཛུགས་སྐབས་སྡོམ་པ་གནང་མཁན་ཡིན་པས་མཁན་པོ་དང༌། བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་མངའ་བས་བོ་དྷི་ས་ཏྭ་སྟེ་བྱང་ཆུབ་སེམས་དཔའ་ཞེས་ཞུ་སྲོལ་ཡོད། མཚན་དངོས་ནི་རྒྱ་གར་སྐད་དུ་ཤནྟ་རཀྵི་ཏ་སྟེ་བོད་སྐད་དུ་བསྒྱུར་ན་ཞི་བ་འཚོ་ཟེར། མཚན་གཞན་རྣམ་སྣང་མཛད་དུ་ཡང་གྲགས། དམ་པ་འདི་ནི་རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་བམ་གྷ་ལའམ་ (现为孟加拉国) ཟ་ཧོར་གྱི་གྲོང་ཁྱེར་དུ་ཡབ་རྒྱལ་པོ་གཙུག་ལག་འཛིན་ལ་སྲས་ལྕམ་སྲིང་གསུམ་ (ཆེ་བ་དྷརྨ་རྭ་ཛ། འབྲིང་བ་མཁན་ཆེན་འདི་ཉིད། ཆུང་བ་ལྷ་ལྕམ་མ་ནྡྷར་བ་ཞེས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གཟུངས་མར་གྱུར་པ་དེ་ཡིན།) ཡོད་པའི་འབྲིང་པོ་ཡིན། མཁན་པོ་འདི་ཉིད་སྐུ་འཁྲུངས་པའི་དུས་སྐབས་སྐོར། བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་པོར་དགུང་ལོ་དགུ་བརྒྱ་ལྷག་ཙམ་བཞུགས་པ་དང༌། བོད་ཀྱི་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་སྲིད་དབང་སྐྱོང་སྐབས་མཁན་ཆེན་འདིས་ <<མདོ་སྡེ་དཔང་སྐོང་ཕྱག་རྒྱ་>> སོགས་བསྣམས་ནས་བོད་དུ་ཕེབས་པ་སྐབས་འདིའི་མཚན་ལི་ཐེ་སི་སྟེ་བློ་སེམས་འཚོ་ཟེར་བ་དང༌། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་གཞི་ནས་བོད་དུ་གདན་དྲངས་ཏེ་བྱོན་པ། མཁན་ཆེན་འདི་སྐུ་ཚེ་ཡང་ཧ་ཅང་རིང་པོ་བཞུགས་པར་བརྟེན་སྐུ་ཚེ་སྟོད་དང༌། བར། སྨད་བཅས་ཀྱི་སློབ་མ་མང་པོ་ཡོད་ཅེས་གསུང་སྲོལ་འདུག ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་ <<རྒྱ་གར་ཆོས་འབྱུང་>> ལེའུ་ཉི་ཤུ་རྩ་དགུ་པའི་ཐད་འདི་ལྟར་གསུངས་ཏེ་བོད་ཀྱི་ཡུལ་དུ་བྱོན་པའི་ཨཙ་རྱ་བོ་དྷི་སྭ་ཏྭ་ནི་རྒྱལ་པོ་གོ་པཱ་ལ་ནས་རྒྱལ་པོ་རྡརྨ་པཱ་ལའི་བར་དུ་ངེས་པར་བཞུགས་པར་མངོན་ལ། བོད་ཀྱི་ལོ་རྒྱུས་ཁུངས་ཆེ་བར་བྱས་པ་མང་པོ་ཞིག་གི་ནང་བོད་ཀྱི་རྒྱལ་པོ་དགུ་མཁན་པོ་འདིའི་སྐུ་ཚེའི་རིང་ལ་འདས་ཟེར་བར་སྣང་བས་དེ་ལྟར་ན། སློབ་དཔོན་འཕགས་པ་ཐོགས་མེད་སྐུ་མཆེད་གཉིས་ཀྱི་ཞབས་ཟིན་པ་ཙམ་དུ་བྱེད་དགོས་ཏེ་ཇི་བཞིན་ཡིན་པར་དཀའོ་ཞེས་གསལ་བ་དེ་རང་གཞིར་བཟུང་ན་རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་པོ་གོ་པཱ་ལས་སྲིད་དབང་བཟུང་བའི་དུས་ནི་ཏཱ་ར་ནཱ་ཐས་ <<རྒྱ་གར་ཆོས་འབྱུང་>> དུ་གསུངས་པའི་པཱ་ལའི་རྒྱལ་རབས་ཀྱི་ལོ་གྲངས་གཞིར་བཟུང་ན་སྤྱི་ལོའི་དུས་རབས་བདུན་པའི (༦༨༥ ནས་ ༧༢༠) བར་ཡིན་ཅིང༌། དེ་ནས་རྩིས་པའི་རྒྱལ་རབས་བཞི་པ་རྒྱལ་པོ་དྷརྨ་པཱ༌ལས་སྲིད་དབང་བཟུང་བའི་དུས་ནི་སྤྱི་ལོའི་དུས་རབས་བརྒྱད་པའི (༧༩༠) ནས་སྤྱི་ལོའི་དུས་རབས་དགུ་པའི (༨༥༣) བར་ཡིན་ཅིང༌། དེ་ལ་ལོ་གྲངས་བརྒྱ་དང་ལྔ་ཡོད༌པས་སྐུ་ཚེ་རིང་པོ་དེ་ཙམ་ཞིག་བཞུགས་ངེས་ཅན་རེད། ༡༩༨༨ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་པའི་ <<བོན་གྱི་བསྟན་འབྱུང་ལེགས་བཤད་སྐལ༌བ་བཟང་པོའི་མགྲིན་རྒྱན་>> ལྕགས་དཔར་མའི་ཤོག་གྲངས་ ༡༢༣ ནས་ ༡༢༤ བར། བོན་བསྣུབས་པའི་རྒྱུ་རྐྱེན་སྐོར་བཤད་སྐབས། མཁན་པོ་འདི་སྨོན་ལམ་ལོག་པའི་མི་ཞིག་སྤུན་མཆེད་གཉིས་བཟའ་ཚང་བྱས་པ་ལས་སྐྱེས་པའི་ནལ་ཕྲུག་ཡིན་པ་དང༌། བོན་པོས་ཆོ་ག་བྱས་ནས་རྒྱ་གར་ཡུལ་དུ་ཕུད་པར་བརྟེན་འཁོན་འཛིན་བཅང་ནས་རྒྱ་གར་དུ་སློབ་གཉེར་འབད་བརྩོན་བྱས་ཏེ་པཎྜི་ཏར་གྱུར་པ་དང༌། དེ་ནས་བོད་དུ་འོང་ནས་བོན་བསྣུབས་པ་ཡིན་ཚུལ་སོགས་འཁོད་འདུག་པ་དེ་ནི་བོན་རྣམས་ནང་པའི་ཆོས་ལ་ཧ་ཅང་མི་དགའ་བའི་གསུང་རྗེན་པར་ཕེབས་པ་ཞིག་ཡིན་ངེས་པས་ལན་འདེབས་ཞུ་བའི་དགོས་པ་མ་མཆིས། མཁན་པོ་འདི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་དུ་གདན་དྲངས་པའི་ལོ་ནི་རྒྱལ་པོ་དེ་ཆུ་རྟ་ (༧༤༢) ལོར་འཁྲུངས་པའི་དགུང་ལོ་ཉི་ཤུ་པ་ལྕགས་གླང་ (༧༦༡) ལོར་ནང་པ་སངས་རྒྱས་ཀྱི་ཆོས་མཛད་པའི་ཁྲིམས་ཁྱབ་བསྒྲགས་གནང་རྗེས་སུ་གདན་དྲངས་པ་ཡིན། མཁན་པོ་འདི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་དུ་ཐེངས་གཉིས་གདན་དྲངས་པའི་ཐེངས་དང་པོ་འདིར་ཟླ་བ་ཁ་ཤས་ལས་མ་བཞུགས་ཤིང༌། གཙུག་ལག་ཁང་གི་ས་འདུལ་དང་རྨང་བཏིང་བ་ཙམ་ལས་མཛད་ལོང་མ་བྱུང་བར་བོད་ནས་བལ་ཡུལ་དུ་ཕྱིར་ཕེབས་གནང་དགོས་བྱུང༌། དེ་རྗེས་སླར་ཡང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་མཉམ་དུ་གདན་དྲངས་ཏེ་བསམ་ཡས་གཙུག་ལག་ཁང་གི་ས་འདུལ་དང༌། རྩིག་རྨང་འདིང་བ། གཙུག་ལག་ཁང་དངོས་སུ་བཞེངས་ནས་རབ་གནས་མཛད་པ། དེ་རྗེས་སད་མི་དྲུག་གམ་བདུན་རབ་ཏུ་བྱུང་ནས་དགེ་འདུན་གྱི་སྡེ་བཙུགས་པ་བཅས་མཛད། རྟས་ཕྲ་བ་བརྒྱབ་ (རྡོག་རྒྱག་བཞུས།) ནས་སྐུ་འདས་པ་སོགས་ཀྱི་ལོ་རྒྱུས་གོ་རིམ་རྣམས་ཡིག་ཆ་མང་ཆེ་བའི་ནང་གསལ་བས་འདིར་ཡིག་ཚོགས་ཆུང་ཆེད་མ་བྲིས་ཤིང༌། གོང་གསལ་རྣམས་ཀྱི་ལོ་ཚིགས་སྐོར་བཞེད་པ་འདྲ་མིན་མང་བས་དེ་སྐོར་གྱི་དཔྱད་གཏམ་ཟུར་དུ་བཀོད་ཡོད་པས་དེར་གཟིགས་པར་ཞུ།

 

༨༽ ཀ་མ་ལ་ཤཱི་ལ།

 

ཀ་མ་ལ་སྟེ་པདྨ་དང་ཤཱི་ལ་ནི་ངང་ཚུལ་ཏེ་པདྨའི་ངང་ཚུལ་ལམ་རྒྱལ་བའི་ངང་ཚུལ་ཞེས་བྱ་ཞིང༌། རྒྱ་གར་གྱི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་བཞེད་སྲོལ་འཛིན་པའི་པཎྜི་ཏ་ཆེན་པོ་ཞིག་ཡིན་པ་ཡོངས་གྲགས་ཀྱི་ལོ་རྒྱུས་ཕལ་ཆེ་བའི་ནང་གསལ་ཡང༌། མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ <<ཆོས་འབྱུང་མེ་ཏོག་སྙིང་པོ་>> ལྕགས་དཔར་མའི་ཤོག་གྲངས་ ༣༣༢ དང༌། ཡང་དེ་ཉིད་ཀྱིས་མཛད་པའི་ <<བཀའ་ཐང་ཟངས་གླིང་མ་>> ལྕགས་དཔར་གྱི་ཤོག་གྲངས་ ༥༢ པ་བཅས་གཉིས་ཀར་རྒྱ་ནག་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་སྤྱན་དྲངས་ཞེས་འཁོད་འདུག་པ་དེ་ཁོ་བོའི་བསམ་ཚུལ་ལྟར་ན་མ་ཡིག་བྲིས་མ་གཅིག་ལ་གཅིག་བརྒྱུད་ཀྱིས་དཔེ་བཤུ་བྱས་སྟབས། ཡིག་ཕྲེང་གོང་མ་ནས་འོག་མར་མཆོངས་ཏེ་བྲིས་ནོར་བྱུང་བ་མིན་ནམ་སྙམ་ཏེ་ཡིག་ཕྲེང་གོང་མར་རྒྱ་ནག་ནས་ཧཱ་ཤང་མ་ཧཱ་ཡ་ན་བོད་དུ་ཕེབས་པ་དང༌། རྒྱ་གར་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་གདན་དྲངས་ཞེས་གསུངས་རྒྱུ་ཡིན་ངེས་སྙམ་པས་མཁས་དབང་རྣམས་ཀྱིས་དཔྱད་པར་ཞུ་ཞིང༌། སློབ་དཔོན་འདི་མཁན་ཆེན་ཞི་བ་འཚོའི་དངོས་སློབ་ཡིན། མཁན་ཆེན་ཞི་བ་འཚོ་སྐུ་འདས་རྗེས་རྒྱ་ནག་ནས་ཕེབས་པའི་ཧཱ་ཤང་མ་ཧཱ་ཡ་ནས་ཅིག་ཅར་འཇུག་པའི་ཆོས་ཞེས་ཕྱག་མཆོད་སོགས་ལུས་ངག་གི་ཆོས་སྤྱོད་མི་དགོས་པར་དང་པོ་ནས་སེམས་རྣམ་པར་མི་རྟོག་པ་སྒོམ་དགོས་པའི་སྲོལ་གསར་པ་དར་སྤེལ་བཏང་བར་བརྟེན་སྔར་གྱི་སློབ་དཔོན་ཞི་བ་འཚོའི་སྐབས་བཙུགས་པ་གནང་བའི་ཆོས་སྲོལ་དང་མི་མཐུན་པའི་ཕྱོགས་ཁག་གསར་པ་ཞིག་ཆགས་ཏེ་བོད་ཀྱི་ནང་བསྟན་ཆོས་ལུགས་པ་ནང་ཁུལ་ལྟ་བ་མི་མཐུན་པའི་ཕྱོགས་ཁག་གཉིས་བྱུང༌། ཧཱ་ཤང་གི་ཕྱོགས་ཁག་རྣམས་ཀྱིས་སློབ་དཔོན་ཞི་བ་འཚོའི་ཕྱོགས་ཁག་རྣམས་དམར་གསོད་གཏོང་རྩིས་བྱས་ཤིང༌། འགའ་ཞིག་རང་སྲོག་བཅད་པ་བཅས་འགལ་ཟླ་ཚབས་ཆེན་བྱུང་བ་ལ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཧཱ་ཤང་ཕྱོགས་ཁག་རྣམས་ལ་ཕན་ཚུན་དྲག་འཐབ་མ་དགོས་པར་ཕྱོགས་གཉིས་ཀྱི་སློབ་དཔོན་མཁས་པ་རྣམས་ཆོས་རྩོད་འགྲན་གླེང་ཐོག་རྒྱལ་ཕམ་ཐག་གཅོད་གནང་རྒྱུར་གོ་བསྐོན་སློབ་གསོ་གནང་རྗེས་མཁན་པོ་ཞི་བ་འཚོ་སྐུ་གཤེགས་ཁའི་ཞལ་ཆེམས་ལྟར་ཁོང་གི་སློབ་མ་ཀཱ་མ་ལ་ཤཱི་ལ་བལ་ཡུལ་ནས་གདན་དྲངས་པ་ལྟར་བསམ་ཡས་སུ་ཕེབས་ཐོག ཧཱ་ཤང་མ་ཧཱ་ཡ་ན་དང་རྩོད་གླེང་གནང་སྟེ་ཧཱ་ཤང་ཚར་བཅད་པ་སོགས་ <<རྦ་བཞེད་>> དང་ <<མདའ་བདག་ཉང་རལ་པ་ཅན་གྱི་ཆོས་འབྱུང་>> སོགས་བོད་ཡིག་གི་ཆོས་འབྱུང་ལོ་རྒྱུས་ཚང་མ་གསུང་ཚུལ་གཅིག་མཐུན་དུ་ཡོད། འོན་ཀྱང་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོས་གསུངས་དོན་དུ་བོད་ཡིག་གི་ལོ་རྒྱུས་ཐོག་ཧཱ་ཤང་གི་ཕྱོགས་རྩོད་པ་ཕམ་པར་གསལ་བ་དེ་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་སློབ་དཔོན་ཀ་མ་ལ་ཤཱི་ལའི་ཕྱོགས་གཏོགས་ཀྱིས་བྲིས་པ་ཞིག་ཡིན་པ་དང༌། རྒྱ་ཡིག་གི་ཐོག་བྲིས་པའི་ <<རིགས་པ་ཡང་དག་པར་ངེས་པ་>> ཞེས་པའི་ནང་རྩོད་པ་བསམ་གཏན་མཁན་པོའི་ཕྱོགས་ལ་རྒྱལ་ཁ་ཐོབ་པར་བཤད་ཡོད་པས་བོད་ཡིག་ཐོག་བྲིས་པའི་ལོ་རྒྱུས་དེ་ཁུངས་དག་མིན་ཞེས་ཧཱ་ཤང་མ་ཧཱ་ཡ་ནའི་དོན་དུ་དག་སེལ་གནང་མཁན་བྱུང་ཡོད་པས་དོན་གནད་དེ་སྐོར་ལ་གཟུ་བོར་གནས་པའི་མཁས་དབང་རྣམ་པ་ཚོས་ཞིབ་དཔྱད་གནང་རོགས་ཞུ་རྒྱུ། སློབ་དཔོན་ཀ་མ་ལ་ཤཱི་ལ་བསམ་ཡས་ཆོས་རྩོད་ཀྱི་རྗེས་སུ་ལོ་ཁ་ཤས་བོད་དུ་བཞུགས་རིང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ལྟ་བ་དང༌། སྒོམ་པ། འབྲས་བུ་གསུམ་གྱི་སྐོར་ལ་དྲི་བ་ཞུས་པའི་ལན་དུ་ <<སྒོམ་རིམ་དང་པོ། བར་པ། ཐ་མ་>> བཅས་ཆེད་རྩོམ་མཛད་དེ་འབྲས་བུ་གསུངས་པའི་ཞོར་ལ་ཧཱ་ཤང་མ་ཡ་ནའི་ལྟ་ཚུལ་ལ་དགག་པ་མཛད། (གསུང་རྩོམ་དེ་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བོད་སྐད་དུ་བསྒྱུར་བ་བསྟན་འགྱུར་སྡེ་དགེ་དཔར་མའི་པོད་ ༼ཀི༽ པར་ཡོད) སླར་ཡང་སྒོམ་རིམ་གསུམ་གྱི་དོན་འགྲེལ་དུ་ལུང་རིགས་གཉིས་ཀྱི་སྒོ་ནས་གཏན་ལ་ཕབ་པའི་ <<དབུ་མ་སྣང་བ་>> བརྩམས་པར་མཛད་པ་དེ་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏས་བོད་སྐད་དུ་བསྒྱུར་བ་བསྟན་འགྱུར་སྡེ་དགེ་དཔར་མའི་མདོ་ཕྱོགས་པོད་ ༼ས༽ པར་ཡོད། གཞན་ཡང་གསུང་རྩོམ་གཞན་དག་སྐོར་ <<ཤེར་ཕྱིན་བདུན་བརྒྱ་པའི་རྒྱ་ཆེར་བཤད་པ་>> ལོ་ཙཱ་བ་ནམ་མཁའ་བསྟན་པས་བསྒྱུར་བ་བསྟན་འགྱུར་སྡེ་དགེ་དཔར་མའི་མདོ་ཕྱོགས་པོད་ ༼མ༽ པར་ཡོད། <<ཤེར་ཕྱིན་རྡོ་རྗེ་གཅོད་པ་དབུ་མའི་ཚུལ་དུ་འགྲེལ་བ་>> ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བསྒྱུར་བ་དང་ <<དབུ་མ་རྒྱན་གྱི་དཀའ་འགྲེལ་>> ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར་བ་བསྟན་འགྱུར་སྡེ་དགེ་དཔར་མའི་མདོ་ཕྱོགས་པོད་ ༼ས༽ པར་ཡོད། གཞན་ཡང་གསུང་ཁག་ཁ་ཤས་ཡོད་པ་འདིར་མ་བཀོད། སློབ་དཔོན་སྐུ་གཤེགས་རྐྱེན་ནི་བོད་ཡིག་གི་ལོ་རྒྱུས་ཐོག་གསལ་བ་ལྟར་ན་ཧཱ་ཤང་མ་ཧཱ་ཡ་ནའི་ཕྱོགས་ཆོས་རྩོད་ཕམ་ཉེས་བྱུང་བ་དེས་ནད་མ་ཐེག་པར་གཤེད་མ་ལག་དམར་པ་གཉིས་མངགས་ནས་མཚན་མོ་སྒྲ་བསྒྱུར་ཁང་པར་གཟིམས་ནས་བཞུགས་པའི་དུས་སུ་མཁལ་མ་བཙིར་ནས་སྐུ་དཀྲོངས་པར་བཤད་པ་དཔྱད་གཞི་ཆེ་སྙམ།

 

༩༽ ཐོགས་མེད།

 

(སློབ་དཔོན་འཕགས་པ་ཐོགས་མེད།) སློབ་དཔོན་འདི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སྨྲ་བ་བཞིའི་ནང་ནས་སེམས་ཙམ་པའི་གྲུབ་མཐའི་སྲོལ་གསར་གཏོད་གནང་མཁན་ཡིན་པས་ཤིང་རྟའི་སྲོལ་འབྱེད་ཆེན་པོ་གཉིསཀྱི་ནང་ཚན་གཅིག་ཏུ་བགྲངས་སྲོལ་ཡོད། སློབ་དཔོན་འདི་དུས་སྐབས་གང་དུ་བྱུང་བ་བོད་ཡིག་གི་ལོ་རྒྱུས་ནང་གསལ་བོ་མ་མཐོང་ཡང་། སློབ་དཔོན་འདི་དང་སློབ་དཔོན་དབྱིག་གཉེན་གཉིས་ཡུམ་གཅིག་པའི་སྐུ་མཆེད་ཡིན་པ་དང་། སློབ་དཔོན་དབྱིག་གཉེན་དང་བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉིས་དུས་མཉམ་ཡིན་ཚུལ་ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི་ <<རྒྱ་གར་ཆོས་འབྱུང་>> ནང་གསལ་ཞིང་། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་གཉིས་དུས་མཉམ་པར་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་ <<དེབ་ཐེར་དཀར་པོ་>> ལས་གསལ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་སློབ་མ་སློབ་དཔོན་དབང་ཕྱུག་སྡེ་ཡིན་པ་དང་དེའི་སློབ་མ་སློབ་དཔོན་ཆོས་ཀྱི་གྲགས་པ་ཡིན་པ། སློབ་དཔོན་ཆོས་ཀྱི་གྲགས་པ་དང་། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་གཉིས་དུས་མཉམ་པར་ཇོ་ནང་ཏཱ་ར་ནཱ་ཐས་ <<རྒྱ་གར་ཆོས་འབྱུང་>> ལས་གསུངས་པ་བཅས་གུང་བསྒྲིགས་ན་སློབ་དཔོན་འཕགས་པ་ཐོགས་མེད་ནི། སྤྱི་ལོའི་དུས་རབས་བཞི་པ་ནས་ལྔ་པའི་མཇུག་བར་བྱུང་བ་ཡིན་ཚོད་འདུག སློབ་དཔོན་འདིའི་ཡབ་ནི་རྒྱལ་རིགས་དང་ཡུམ་བྲམ་ཟེ་མོ་པྲ་ཀཱ་ས་ཤཱི་ལ་ (རབ་གསལ་ངང་ཚུལ་མ) ཡིན། ཆེར་ལོངས་པའི་དུས་སུ་རིག་གནས་ལྔ་ལ་མཁས་པར་སྦྱངས་ཏེ་ཡུམ་གྱིས་བསླབ་བྱ་བྱས་པ་ལྟར་རབ་ཏུ་བྱུང་། མཁན་སློབ་དང་དགེ་འདུན་གྱི་གཡོག་ལོ་གཅིག་མཛད། དེ་རྗེས་དགེ་སློང་གི་སྡོམ་པ་ཞུས་ནས་ལོ་ལྔའི་རིང་སངས་རྒྱས་ཆོས་ལུགས་ལ་སློབ་སྦྱོང་དང་། ལོ་རེ་ཚིགས་བཅད་ཁྲི་བཅུ་རེའི་ཚིག་དང་དོན་ཐམས་ཅད་ཁོང་དུཆུད་པ་གནང་། དེ་ནས་ལོ་མང་པོའི་རིང་གསང་སྔགས་ཀྱི་ཆོས་ལ་སྒོམ་སྒྲུབ་དང་ཐེག་པ་ཆེན་པོའི་ཆོས་ལ་སློབ་གཉེར་གནང་། སྐུ་ཚེའི་དཀྱིལ་དུ་རྒྱ་གར་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ (དེང་སང་གི་ཨ་ཧྥུ་ཧན་) དང་། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་སངས་རྒྱས་ཆོས་ལུགས་དར་སྤེལ་དང་། ལྷ་ཁང་དང་། མཆོད་རྟེན། ཆོས་གཞི་སོགས་བརྒྱ་ལྷག་ཙམ་གསར་དུ་བཙུགས། རང་ཉིད་ལ་སློབ་མ་ཁྲི་ཕྲག་མང་པོ་ཡོད་ཀྱང་། རྒྱུན་དུ་མཉམ་དུ་གནས་པའི་འཁོར་དགེ་སློང་ཉི་ཤུ་རྩ་ལྔ་ཙམ་ལས་མེད་པ་ཚང་མ་སངས་རྒྱས་ཆོས་ལུགས་ཀྱི་གནས་ཚད་ངེས་ཅན་རེ་ཡོད་པ་ཤ་སྟག་ཡིན། སྐུ་ཚེའི་སྨད་ཀྱི་མཐར་རྒྱ་གར་ཡུལ་དབུས་ཀྱི་ན་ལེནྡྲ་དགོན་པར་ལོ་བཅུ་གཉིས་ཙམ་བཞུགས་ཤིང་། དགུང་ལོ་བརྒྱ་དང་ལྔ་བཅུ་བར་བཞུགས། མཐར་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་སྐུ་མྱ་ངན་ལས་འདས། སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ། <<ཡུམ་རྒྱས་འབྲིང་བསྡུས་གསུམ་>> དང་། མངོན་རྟོགས་རྒྱན་གྱི་དོན་སྟོན་པ་ <<དེ་ཉིད་རྣམ་ངེས་>> ཐེག་པ་ཆེན་པོའི་སྡེ་སྣོད་གསུམ་གྱི་དོན་རྒྱས་པར་སྟོན་པ་ <<ས་སྡེ་ལྔ་>> སྟེ། ༡. <<ས་ཡི་དངོས་གཞི་>> ༢. <<རྣམ་པར་གཏན་ལ་དབབ་པ་བསྡུ་བ་>> ༣. <<གཞི་བསྡུ་བ་>> ༤. <<རྣམ་གྲངས་བསྡུ་བ་>> ༥. <<རྣམ་པར་བཤད་པའི་སྒོ་བསྡུ་བ་>> བཅས་ཐེག་པ་ཆེན་པོའི་དོན་བསྡུས་ནས་སྟོན་པ་ <<ཐེག་བསྡུས་>> ཐེག་པ་ཐུན་མོང་གི་དོན་བསྡུས་ཏེ་སྟོན་པ་ <<མངོན་པ་ཀུན་བཏུས་>> འདི་རྣམས་བསྟན་འགྱུར་སྣར་ཐང་དཔར་མའི་མདོ་ཕྱོགས་ཀྱི་སྐོར་པོད་ ༼ཛི༽༼ཝི༽༼ཞི༽༼ཟི༽༼འི༽༼ཡི༽༼ལི༽ བཅས་སུ་ཡོད། <<མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་འགྲེལ་པ་>> བསྟན་འགྱུར་མདོ་ཕྱོགས་ཀྱི་སྐོར་པོད་ ༼ངི༽ པར་ཡོད། <<ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པ་>> བསྟན་འགྱུར་མདོ་ཕྱོགས་སྐོར་པོད་ ༼ཕི༽ པར་ཡོད། དེ་རྣམས་ཀྱི་ནང་ནས་ <<ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པ་>> དེ་དུས་རབས་བཅུ་གཅིག་པའི་འགོར་བསྒྱུར་བ་ཙམ་མ་གཏོགས་དེ་བྱིངས་ཚང་མ་དུས་རབས་བརྒྱད་པའི་དཀྱིལ་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བསྒྱུར་བ་ཡིན། སློབ་དཔོན་འདིའི་ལོ་རྒྱུས་རྒྱས་པ་ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི་ <<རྒྱ་གར་ཆོས་འབྱུང་>> ལེའུ་ཉི་ཤུ་རྩ་གཉིས་པར་གསལ།

 

༡༠༽ དབྱིག་གཉེན།

 

སློབ་དཔོན་དབྱིག་གཉེན་འདི་སློབ་དཔོན་འཕགས་པ་ཐོགས་མེད་དང་ཡུམ་གཅིག་པའི་གཅུང་པོ་ཡིན་ཅིང་ཡབ་ནི་བྲམ་ཟེའི་རིགས་ཡིན། སློབ་དཔོན་འཕགས་པ་ཐོགས་མེད་རབ་ཏུ་བྱུང་བའི་ཕྱི་ལོ་དེར་འཁྲུངས། ཆུང་ངུའི་དུས་ན་ལེནྡྲ་དགོན་པར་རབ་ཏུ་བྱུང་། ཐེག་པ་ཆུང་ངུའི་སྡེ་སྣོད་གསུམ་ཆ་ཚང་བར་སློབ་སྦྱོང་གནང། ད་དུང་ཁ་ཆེའི་ཡུལ་དུ་བྱོན་ནས་སློབ་དཔོན་དགེ་འདུན་བཟང་པོའི་དྲུང་དུ་ཐེག་པ་ཆུང་ངུའི་གྲུབ་མཐའ་རིགས་མི་འདྲ་བ་དྲུག་གི་རིག་པའི་གཞུང་ལུགས་མཐའ་དག་ཁོང་དུ་ཆུད་པར་མཛད་དེ་ཡུལ་དབུས་མ་གྷ་ངྷར་བྱོན། སློབ་དཔོན་འཕགས་པ་ཐོགས་མེད་ཀྱི་དྲུང་དུ་ཐེག་པ་ཆེན་པོའི་ཆོས་མཐའ་དག་གསན། སྐབས་དེར་མི་ཡུལ་དུ་ཡོད་པའི་སངས་རྒྱས་ཀྱི་བཀའ་ཐེག་པ་ཆེ་ཆུང་གི་མདོ་སྡེ་ཀུན་བསྡོམས་པར་མདོ་ལྔ་བརྒྱ་ཙམ་ཐུགས་ལ་བཟུང་ནས་ལོ་རེར་ཐེངས་རེ་བློ་ཐོག་ནས་ཞལ་འདོན་གནང། སློབ་དཔོན་འདི་ཐེག་པ་ཆེན་པོའི་ཆོས་ལ་ཞུགས་པའི་ཤུགས་རྐྱེན་ལ་བརྟེན་ནས་ཐེག་པ་ཆུང་ངུའི་མཁས་པ་ལྔ་བརྒྱ་ཙམ་ཐེག་པ་ཆེན་པོའི་ཆོས་ལ་བཞུགས། རྒྱུན་དུ་ས་གནས་གཞན་དག་དུ་མ་བྱོན་པར་མ་གྷ་དྷ་རང་དུ་བཞུགས་ནས་ཆོས་འཆད་ཉན་དང་ལྷ་ཁང་རྙིང་པ་རྣམས་ཉམས་གསོ་ཞུས། ཐེག་པ་ཆེན་པོའི་ཆོས་གཞི་བརྒྱ་དང་བརྒྱད་གསར་དུ་བཙུགས། རྒྱ་གར་ཤར་ཕྱོགས་ཨོ་ཊི་བི་ཤར་ཐེངས་གཅིག་བྱོན་ནས་ཟླ་བ་གསུམ་ལྷག་ཙམ་རིང་ཆོས་གསུངས་ཤིང། ཆོས་གཞི་བརྒྱ་རྩ་བརྒྱད་གསར་དུ་བཙུགས། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་མ་ཕེབས་ཀྱང་བཀའ་བསྒོས་ཏེ་ཆོས་གཞི་མང་པོ་བཙུགས་པ་བཅས་བསྡོམས་ན་ཆོས་གཞི་དྲུག་བརྒྱ་དང་ལྔ་བཞི་ཚུགས་ཞེས་གྲགས། སློབ་དཔོན་འདི་བཞུགས་པའི་དུས་སུ་རྒྱ་གར་ཤར་ལྷོ་དབུས་སོགས་སུ་ཡོད་པའི་སློབ་མ་ཐེག་པ་ཆེན་པོའི་དགེ་སློང་གཅིག་པུ་བསྡོམས་ན་ཡང་ཁྲི་དྲུག་ཙམ་དང། སློབ་དཔོན་ཉིད་དང་མཉམ་དུ་གནས་པའི་དགེ་སློང་ཡང་སྟོང་ཕྲག་ལོངས་པ་ཡོད། སྐུ་ཚེའི་སྨད་དུ་སློབ་མ་མཁས་པ་སྟོང་ཕྲག་ལྔ་ཙམ་མཉམ་དུ་འཁྲིད་ནསབལ་པོའི་ཡུལ་དུ་བྱོན་ནས་ཆོས་གསུང་པ་དང། ཆོས་གཞི་འཛུགས་པ་སོགས་མཛད། མཐར་དགེ་སློང་ཞིག་གི་རབ་ཏུ་བྱུང་བའི་ཆས་གྱོན་བཞིན་དུ་ཞིང་རྨོ་བ་གཟིགས་པའི་རྐྱེན་བྱས་ཏེ་བལ་ཡུལ་དུ་སྐུ་གཤེགས། དེར་སློབ་མ་རྣམས་ཀྱིས་མཆོད་རྟེན་ཡང་བཞེངས། དགུང་ལོ་བརྒྱ་མ་ཟིན་ཙམ་བཞུགས། སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ཧ་ཅང་མང་པོ་ཡོད་ཀྱང་། གྲགས་ཆེ་ཞིང་བོད་སྐད་དུ་བསྒྱུར་བའི་གྲས་ལ་ <<འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ་>> <<ཆོས་བཞི་པའི་མདོའི་རྣམ་པར་བཤད་པ་>> <<ག་ཡ་གོ་རིའི་མདོའི་རྣམ་པར་བཤད་པ་>> <<ས་བཅུ་པའི་མདོའི་རྣམ་པར་བཤད་པ་>> འདི་གསུམ་བསྟན་འགྱུར་མདོ་ཕྱོགས་པོད་ ༼ངི༽ པར་ཡོད། <<བློ་གྲོས་མི་ཟད་པའི་མདོ་རྣམ་པར་བཤད་པ་>> བསྟན་འགྱུར་མདོ་ཕྱོགས་པོད་ ༼ཅི༽ པར་ཡོད། <<བཟང་སྤྱོད་སྨོན་ལམ་གྱི་མདོའི་འགྲེལ་པ་>> བསྟན་འགྱུར་མདོ་ཕྱོགས་པོད་ ༼ཉི༽ པར་ཡོད། <<མདོ་སྡེ་རྒྱན་གྱི་འགྲེལ་པ་>> བསྟན་འགྱུར་མདོ་ཕྱོགས་ ༼ཕི༽ པར་ཡོད། <<དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ་>> དང་ <<ཆོས་དང་ཆོས་ཉིད་རྣམ་འབྱེད་པའི་འགྲེལ་པ་>> འདི་ཉིད་བསྟན་འགྱུར་མདོ་ཕྱོགས་སྐོར་པོད་ ༼བི༽ པར་ཡོད། <<སུམ་ཅུ་པའི་ཚིག་ལེའུར་བྱས་པ་>> <<ཉི་ཤུ་པའི་ཚིག་ལེའུར་བྱས་པ་>> <<དེའི་རང་འགྲེལ་>> <<རང་བཞིན་གསུམ་ངེས་པར་བསྟན་པ་>> <<ཕུང་པོ་ལྔའི་རབ་ཏུ་བྱེད་པ་>> <<རྣམ་བཤད་རིགས་པ་>> <<ལས་གྲུབ་པའི་རབ་བྱེད་>> <<ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་སྒོའི་བསྟན་བཅོས་>> འདི་རྣམས་བསྟན་འགྱུར་མདོ་ ༼ཤི༽ པར་ཡོད། <<ཆོས་མངོན་པ་མཛོད་ཀྱི་རྩ་བ་>> དང་ <<དེའི་རང་འགྲེལ་>> བསྟན་འགྱུར་མདོ་ཕྱོགས་པོད་ ༼གུ༽༼ངུ༽ གཉིས་ལ་ཡོད། འདི་རྣམས་ནས་རེ་གཉིས་མ་གཏོགས་མང་ཆེ་བ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བོས་སྐད་དུ་བསྒྱུར་བ་ཡིན། སློབ་དཔོན་འདིའི་ལོ་རྒྱུས་སྐོར་བུ་སྟོན་རིན་པོ་ཆེས་མཛད་པའི་བུ་སྟོན་ཆོས་འབྱུང་དང་ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི་རྒྱ་གར་ཆོས་འབྱུང་ལེའུ་ཉི་ཤུ་རྩ་གཉིས་པར་གསལ། གཞན་ཡང་སློབ་དཔོན་འདི་ལ་སྔ་རྗེས་གཉིས་བྱུང་སྐོར་ <<དེབ་ཐེར་སེར་པོ་>> ལས་གསལ་ཞིང། ཡང་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་དང་དུས་མཉམ་ཞེས་གྲགས་པ་ཡང་འཐད་དོ་ཞེས་ <<རྒྱ་ནག་ཆོས་འབྱུང་>> ཤོག་གྲངས་ ༡༥༩ པར་གསལ།

 

༡༡༽ ཕྱོགས་གླང༌།

 

(སློབ་དཔོན་ཕྱོགས་ཀྱི་གླང་པོ།) སློབ་དཔོན་དབྱིག་གཉེན་གྱི་སློབ་མ། ཚད་མ་རིག་པ་ལ་ཤིན་ཏུ་མཁས་པ་ཞིག་ཡིན། འཁྲུངས་ཡུལ་ནི་རྒྱ་གར་ལྷོ་ཕྱོགས་སིངྒ་བཀྟ་ཞེས་བྱ་བ་ཀཉྩིའི་ཡུལ་དང་ཐག་ཉེ་བ་ཞིག་ཏུ་སྐུ་འཁྲུངས་ཤིང་། རིགས་ནི་བྲམ་ཟེའི་རིགས་ཡིན། སློབ་དཔོན་འདི་ཉིད་དུས་སྐབས་གང་དུ་བྱུང་བ་ནི་སློབ་དཔོན་དབྱིག་གཉེན་གྱི་ལོ་རྒྱུས་ཐད་བཤད་པ་དེར་དོགས་གཅོད་ཡོད། སྐུ་ཆུང་ངུའི་དུས་སུ་མུ་སྟེགས་ཀྱི་གྲུབ་མཐའ་ལ་ཤིན་ཏུ་མཁས་པར་སྦྱངས་ཤིང་། ཉན་ཐོས་གྱི་གྲུབ་མཐའ་ལ་མཁས་པར་སྦྱངས་ནས་མཐར་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་བྱོན་ནས་ཐེག་པ་ཆེ་ཆུང་གི་ཆོས་མང་པོ་གསན། དེ་ནས་ལོ་མང་པོའི་རིང་རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་ཨོ་ཊི་བི་ཤའི་བྲག་ཕུག་ཏུ་སྒོམ་སྒྲུབ་གནང་ཞིང་བཞུགས། དེ་ནས་ཐེངས་ཤིག་མུ་སྟེགས་ཀྱི་གྲུབ་མཐའ་སྨྲ་བ་སུ་དུར་ཛ་ཡས་ན་ལེནྡྲ་དགོན་པར་ཡོང་ནས་སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་ཚོར་རྩོད་གླེང་བྱེད་འདོད་པ་ན་སྐབས་དེར་ན་ལེནྡྲར་ཡོད་པའི་མཁས་པ་སུས་ཀྱང་རྩོད་པར་མ་ནུས་པར་རྒྱ་གར་ཤར་ཕྱོགས་སུ་སློབ་དཔོན་འདི་ཉིད་གདན་དྲངས། སློབ་དཔོན་གྱིས་མུ་སྟེགས་པ་དེ་རྩོད་པས་ཕམ་པར་མཛད་དེ་སངས་རྒྱས་ཆོས་ལུགས་ལ་བསྒྱུར། སླར་ཡང་རྒྱ་གར་ཤར་ཕྱོགས་ཨོ་ཊི་བི་ཤ་རང་དུ་ཕྱིར་ལོག་ཕེབས་ཏེ་སྐུ་ཚེ་མ་རྫོགས་བར་དུ་དེར་བཞུགས་ནས་སྐབས་སྐབས་སུ་ཆོས་གསུངས་པ་དང་མུ་སྟེགས་ཀྱི་རྩོད་པ་བཟློག་པ། བསྟན་བཅོས་རྩོམ་པ་སོགས་མཛད། སློབ་མ་ནི་ཤིན་ཏུ་མང་ཡང་མཉམ་དུ་གནས་པའི་འཁོར་ནི་གཅིག་ཀྱང་མེད། བསླབ་ཁྲིམས་རྣམ་པར་དག་པའི་སྒོ་ནས་ཡུལ་དེའི་ནགས་ཚལ་དབེན་པ་ཞིག་ཏུ་སྐུ་འདས། དགུང་ལོ་ཇི་ཙམ་བཞུགས་པ་ད་ཕན་མཐོང་བའི་བོད་ཡིག་ལོ་རྒྱུས་ཚོར་མི་གསལ། སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ་ཁ་ཐོར་ཤིན་ཏུ་མང་ཡང་། བོད་དུ་བསྒྱུར་ཞིང་གྲགས་ཆེ་བའི་གྲས་ནི་ <<ཚད་མའི་མདོ་ཀུན་ལས་བཏུས་པ་>> དང་ <<དེའི་རང་འགྲེལ་>> <<དམིགས་པ་བརྟག་པ་>> དང་ <<དེའི་རང་འགྲེལ་>> <<དུས་གསུམ་བརྟག་པ་>> <<ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་>> <<ཕྱོགས་ཆོས་དགུའི་འཁོར་ལོ་>> འདི་རྣམས་བསྟན་འགྱུར་མདོ་ཕྱོགས་སྐོར་པོད་ ༼ཅེ༽ པར་ཡོད། <<ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་གནད་ཀྱི་སྒྲོན་མེ་>> བསྟན་འགྱུར་མདོ་ཕྱོགས་པོད་ ༼ཏུ༽༼ཐུ༽ ཡོད། <<ཡོན་ཏན་མཐས་ཡས་པར་བསྟོད་པའི་འགྲེལ་བ་>> བསྟན་འགྱུར་མདོ་ཕྱོགས་པོད་ ༼གི༽ པར་ཡོད། འདི་དག་ལས་རེ་གཉིས་མ་གཏོགས་མང་ཆེ་བ་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དུ་ལོ་ཙཱ་བ་དགེ་བའི་བློ་གྲོས་སོགས་ཀྱིས་བོད་སྐད་དུ་བསྒྱུར་བ་ཡིན། སློབ་དཔོན་འདིའི་ལོ་རྒྱུས་རྒྱས་པ། བུ་སྟོན་རིན་པོས་ཆེས་མཛད་པའི་ <<བུ་སྟོན་ཆོས་བྱུང་>> དང་ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི་ <<རྒྱ་གར་ཆོས་བྱུང་>> ལེའུ་ཉི་ཤུ་རྩ་གསུམ་པར་གསལ་བ་དེར་གཟིགས།

 

༡༢༽ ཆོས་གྲགས།

 

(སློབ་དཔོན་ཆོས་ཀྱི་གྲགས་པ།) སློབ་དཔོན་ཕྱོགས་ཀྱི་གླང་པོའི་སློབ་མ་སློབ་དཔོན་དབང་ཕྱུག་སྡེའི་དངོས་སློབ་ཡིན། སློབ་དཔོན་འདི་དང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་གཉིས་དུས་ཐོག་གཅིག་ཡིན་པར་ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི་ <<རྒྱ་གར་ཆོས་འབྱུང་>> ལས་བཤད། རྒྱ་གར་ལྷོ་ཕྱོགས་ཏྲི་མ་ལ་ཡ་ཟེར་བའི་ཡུལ་དུ་འཁྲུངས། ཡབ་བྲམ་ཟེའི་རིགས་ཀྱི་མུ་སྟེགས་རོ་྅ནནྡྲ་ཞེས་ཟེར། ཆུང་དུས་རིག་གནས་ལྔ་དང་མུ་སྟེགས་ཀྱི་གྲུབ་མཐའ་ལ་ཤིན་ཏུ་མཁས་པར་སྦྱངས་ནས་ལོ་བཅོ་བརྒྱད་སོན་ཚེ་མུ་སྟེགས་ཀྱི་ལྟ་བ་ལ་ཤིན་ཏུ་མཁས་པར་གྱུར། རྗེས་སུ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལ་གཟིགས་ནས་མུ་སྟེགས་ཀྱི་གྲུབ་མཐའ་དོར་བས་ཕ་མ་ཞང་པོ་དང་བཅས་པས་ཁྱིམ་ནས་བསྐྲད། རྒྱ་གར་ཡུལ་དབུས་སུ་བྱོན་ནས་དེའི་སློབ་དཔོན་ཆོས་སྐྱོང་གི་དྲུང་དུ་རབ་ཏུ་བྱུང་ནས་སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་མཐའ་དག་ལ་མཁས་པར་སྦྱངས། སློབ་དཔོན་དབང་ཕྱུག་སྡེའི་དྲུང་དུ་ <<ཚད་མ་ཀུན་བཏུས་>> ཚར་གསུམ་གསན། ན་ལེནྡྲར་རྩོད་གླེང་དུ་འོངས་པའི་མུ་སྟེགས་པའི་མཁས་པ་གྲགས་ཅན་མང་པོ་སྔ་རྗེས་སུ་ཕམ་པར་མཛད། རྒྱ་གར་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་རྒྱུད་དུ་ཕེབས་ནས་མུ་སྟེགས་པ་མང་པོ་བཏུལ་ཞིང་སངས་རྒྱས་ཆོས་ལུགས་དར་བར་མཛད་དེ་ལྷ་ཁང་དང་ཆོས་གཞི་བརྒྱ་ལྷག་ཙམ་གསར་དུ་བཙུགས། སློབ་མ་ཁྲི་ཕྲག་མང་པོ་ཡོད་ཀྱང་མཉམ་དུ་གནས་པ་ནི་ལྔ་ལས་མེད། སྐུ་ཚེའི་མཐར་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་བཞུགས་ནས། ཡུལ་ཀ་ལིངྐར་མྱ་ངན་ལས་འདས། སློབ་དཔོན་འདིས་བརྩམས་པའི་བསྟན་བཅོས་མང་པོ་ཡོད་ཀྱང་ཡོངས་སུ་གྲགས་ཤིང་བོད་དུ་བསྒྱུར་བའི་གྲས་ <<ཚད་མ་རྣམ་འགྲེལ་>> དང་། <<ཚད་མ་རྣམ་ངེས་>> <<རིགས་པའི་ཐིགས་པ་>> བཅས་གསུམ་དུས་རབས་བཅུ་གཅིག་པའི་མཇུག་ཏུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཞིང་། <<གཏན་ཚིགས་ཐིགས་པ་>> དང་། <<འགྲེལ་པ་བརྟག་པ་>> <<རྒྱུད་གཞན་སྒྲུབ་པ་>> <<རྩོད་པའི་རིགས་པ་>> བཅས་དུས་རབས་བརྒྱད་པའི་དཀྱིལ་དུ་ལོ་ཙཱ་བ་བནྡེ་ནམ་མཁའ་སོགས་ཀྱིས་བསྒྱུར་བ་བསྟན་འགྱུར་མདོ་ཕྱོགས་པོད༼ཅེ༽པར་ཡོད། སློབ་དཔོན་འདིའི་ལོ་རྒྱུས་རྒྱས་པ་བུ་སྟོན་རིན་པོ་ཆེས་མཛད་པའི་ <<བུ་སྟོན་ཆོས་འབྱུང་>> དང་ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི་ <<རྒྱ་གར་ཆོས་འབྱུང་>> གཉིས་སུ་གསལ་བས་དེར་གཟིགས།

 

༡༣༽ སློབ་དཔོན་འཕགས་པ་གྲོལ་སྡེ།

 

རྒྱ་བོད་ཡོངས་གྲགས་སུ་སློབ་དཔོན་གྱི་དངོས་སློབ་ཡིན་པར་འདོད་ཀྱང་རྒྱ་གར་བ་འགའ་ཞིག་གིས་སློབ་དཔོན་ཕྱོགས་གླང་གི་དངོས་སློབ་ཡིན་ཞེས་ཟེར་ཚུལ་གསལ།

 

༡༤༽ སློབ་དཔོན་སེང་གེ་བཟང་པོ།

 

སྔར་རྒྱ་གར་གྱི་སེམས་ཙམ་རྣམ་རྫུན་པ་དང་མཐུན་པའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སློབ་དཔོན་ཞིག་སྟེ། སློབ་དཔོན་འདི་རྒྱལ་རིགས་སུ་སྐུ་འཁྲུངས་པ་དང་། ཆོས་འབྱུང་འགའ་ཞིག་ཏུ་སློབ་དཔོན་འདི་མའི་ལྟོ་ན་གནས་པའི་ཚེ་མ་ལ་སེང་གེའི་གནོད་པ་བྱུང་སྟེ་མའི་ལུས་སེང་གེས་ཟོས་ཀྱང་ལྟོ་ན་གནས་པའི་ཁྱེའུ་སེང་གེས་མ་ཟོས་པར་བདེ་བར་སྐྱེས་པས་སེང་གེ་བཟང་པོ་ཞེས་བཏགས་པར་གསུངས་པའང་ཡོད། དེ་ནས་ནར་སོན་པ་ན་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་བསླབ་གཞི་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་མཁས་པར་གྱུར། ཁྱད་པར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེའི་དོན་ལ་ངེས་པ་གཏིང་ཚུགས་པ་ཞིག་ཡོང་པའི་སླད། མཁན་ཆེན་ཞི་བ་འཚོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ། རྗེ་བཙུན་བྱམས་པ་ནས་བརྒྱུད་པའི་ཤེར་ཕྱིན་གྱི་མན་ངག་འཕགས་པ་ཐོགས་མེད་སྐུ་མཆེད་གཉིས་དང་། འཕགས་པ་གྲོལ་སྡེའི་གཞུང་རྣམས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་བཀྲལ་བའི་དབུ་མའི་གཞུང་རྣམས་ལ་ཞིབ་ཏུ་སྦྱངས་ཏེ་རྒྱལ་བའི་བསྟན་པའི་སྙིང་པོ་ཐེག་པ་གསུམ་གའི་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པ་ལ་མྱོང་བ་ཁྱད་པར་ཅན་འཁྲུངས། མནལ་ལམ་དུ་རྗེ་བཙུན་བྱམས་པ་མགོན་པོས་བསྟན་བཅོས་རྩོམ་པའི་བསྐུལ་མ་མཛད་པ་ཇི་བཞིན། ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ་དང་། མངོན་རྟོགས་རྒྱན་དང་བརྒྱད་སྟོང་པ་སྦྱར་བའི་མན་ངག་བརྒྱད་སྟོང་འགྲེལ་ཆེན་དང་། འཕགས་པ་གྲོལ་སྡེས་མཛད་པའི་ཉི་ཁྲིའི་བསྡུས་དོན་ལེ་བརྒྱད་མ་དང་། ཡོན་ཏན་རིན་པོ་ཆེ་སྡུད་པའི་འགྲེལ་པ་རྟོགས་པར་སླ་བ་སོགས་མང་དུ་མཛད་དོ། །

 

༡༥༽ ཡོན་ཏན་འོད།

 

(སློབ་དཔོན་ཡོན་ཏན་འོད།) འདི་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་འདུལ་བ་ལ་ཤིན་ཏུ་མཁས་པ་ཞིག་ཡིན། ཡུལ་བཅོམ་བརླག་ཏུ་བྲམ་ཟེའི་རིགས་སུ་འཁྲུངས། ཆུང་དུས་མུ་སྟེགས་ཀྱི་གྲུབ་མཐའ་དང་རིག་གནས་ལ་མཁས་པར་སྦྱངས། རྗེས་སུ་ཡུལ་དེར་རབ་ཏུ་བྱུང་ཞིང་དགེ་སློང་མཛད། སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་དང། ཉན་ཐོས་སྡེ་པ་བཅོ་བརྒྱད་ཀྱི་གྲུབ་མཐའ་ཐམས་ཅད་ལ་མཁས་པར་སྦྱངས། སློབ་མ་དགེ་སློང་སྟོང་ཕྲག་ལྔ་ཙམ་ཡོད་ཅིང། དེའི་ནང་སྡེ་སྣོད་སྣ་རེ་གཉིས་ལ་མཁས་པ་ལྔ་བརྒྱ་ཙམ་ཡོད། དགུང་ལོ་བཞི་བརྒྱ་ཙམ་བཞུགས་ཟེར་བ་བདེན་མིན་དོགས་པ་ཡོད་ཀྱང་སྐུ་ཚེ་རིང་པོ་ཞིག་ནི་བཞུགས་པ་ཡིན་ཚོད་འདུག།མཐར་རང་ཉིད་ཀྱི་འཁྲུངས་ཡུལ་དུ་མྱ་ངན་ལས་འདས། སློབ་དཔོན་འདིས་མཛད་པའི་བསྟན་བཅོས་མང་དུ་ཡོད་ཀྱང་བོད་དུ་འགྱུར་བའི་ནང་ནས་གྲགས་ཆེ་བའི་གྲས་ <<བྱང་སའི་སྦྱིན་པའི་རིམ་པར་ཕྱེ་བ་དགུ་པ་ཡན་གྱི་འགྲེལ་པ་>> དང། <<བྱང་སའི་ཚུལ་ཁྲིམས་ལེའུའི་འགྲེལ་པ་>> འདི་གཉིས་ནག་ཚོ་ལོ་ཙཱ་བ་དང་། ཞང་ཡེ་ཤེས་སྡེ་གཉིས་སོ་སོས་བསྒྱུར་བ་བསྟན་འགྱུར་མདོ་ཕྱོགས་པོད་ ༼ཡི༽ པར་ཡོད། <<འདུལ་བ་མདོ་རྩ་བ་>> དང་ <<དེའི་རང་འགྲེལ་>> <<འདུལ་བའི་ལག་ལེན་ལས་བརྒྱ་རྩ་གཅིག་པ་>> བཅས་དུས་རབས་བརྒྱད་པའི་མཇུག་ཏུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ཅོག་རོ་ལོ་ཙཱ་བ་དང། ག་རོང་ཚུལ་ཁྲིམས་འབྱུང་གནས་གཉིས་ཀྱིས་བསྒྱུར་བ། བསྟན་འགྱུར་མདོ་ཕྱོགས་པོད་ ༼ཟུ༽༼འུ༽༼ཡུ༽ གསུམ་ལ་ཡོད། སློབ་དཔོན་འདི་ཡི་ལོ་རྒྱུས་བུ་སྟོན་རིན་པོ་ཆེས་མཛད་པའི་ <<བུ་སྟོན་ཆོས་འབྱུང་>> དང་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་ <<རྒྱ་གར་ཆོས་འབྱུང་>> ལེའུ་ཉི་ཤུ་རྩ་གསུམ་པར་གསལ།

 

༡༦༽ ཤཱཀྱ་འོད།

 

(སློབ་དཔོན་ཤཱཀྱ་འོད།) སློབ་དཔོན་འདི་ཡང་འདུལ་བ་ལ་ཤིན་ཏུ་མཁས་པ་ཞིག་ཡིན། དུས་སྐབས་གང་དུ་བྱུང་མིན་མི་གསལ་ཞིང་། ལོ་རྒྱུས་གསལ་བར་འཁོད་པ་ཞིག་ད་ཕན་མ་མཐོང་། ཁོང་གིས་མཛད་པའི་ <<འདུལ་བ་འོད་ལྡན་>> ལས་སློབ་དཔོན་བསོད་ནམས་གྲགས་པ་དང་། ཞི་བའི་འོད་གཉིས་ཀྱི་སློབ་མ་ཡིན་པར་གསུངས། སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ་བོད་དུ་འགྱུར་ཞིང་གྲགས་ཆེ་བ་ནི། <<འདུལ་བ་སུམ་བརྒྱ་པ་>> དང་ <<དེའི་རང་འགྲེལ་འོད་ལྡན་>> གཉིས་དུས་རབས་བརྒྱད་པའི་མཇུག་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ལོ་ཙཱ་བ་རྩངས་དེ་ཝནྡྲ་ར་ཀྵི་ཏས་བོད་སྐད་དུ་བསྒྱུར་བ། བསྟན་འགྱུར་མདོ་ཕྱོགས་པོད་ ༼ཧུ༽ པར་ཡོད།

 

༡༧༽ ཇོ་བོ་རྗེ་ཨ་ཏི་ཤ།

 

(དཱི་པཾ་ཀ་རའམ་མར་མེ་མཛད།) (སུང་ཐའི་ཙུང་རྒྱལ་པོ་ཀྲའོ་ཀུས་ཀྱི་ཐའི་ཕིང་ཤིན་གོ་ཁྲི་ལོ་བདུན་པ་ཆུ་རྟ་སྤྱི་ལོ་ ༩༨༢ རབ་བྱུང་དང་པོའི་ཤིང་རྟ་ ༡༠༥༤བར) ཁོང་བོད་དུ་ཕེབས་ནས་བཀའ་གདམས་ཀྱི་ཆོས་ལུགས་གསར་གཏོད་མཛད་པའི་པཎྜིཏ་ཆེན་པོ་ཞིག་ཡིན། འཁྲུངས་ཡུལ་ནི་རྒྱ་གར་ཤར་ཕྱོགས་བྷང་གྷ་ལ་ (དེང་སང་རྒྱ་སྐད་དུ་མང་ཅ་ལ་ཟེར) ཡིན་ཅིང་། མཁན་ཆེན་ཞི་བ་འཚོ་དང་གདུང་རྒྱུད་གཅིག་པའི་ཟ་ཧོར་གྱི་རྒྱལ་པོ་དགེ་བ་དཔལ་དང་ཡུམ་དཔལ་མོ་འོད་ཟེར་ཅན་གཉིས་ཀྱི་སྲས་འབྲིང་པོ་ཡིན། དགུང་ལོ་ལྔ་ལོན་པ་ནས་ཆོས་གསུངས་མཁྱེན་པ་དང་། ནང་དོན་ཕུན་སུམ་ཚོགས་པའི་ཚིགས་བཅད་ཀྱང་ཞལ་ནས་ཐོགས་མེད་དུ་གསུང་ཐུབ་པ་ཞིག་ཡིན། དགུང་ལོ་བཅུའི་བར་སྒྱུ་རྩལ་སྣ་ཚོགས་ལ་སྦྱངས་ཤིང་། དེ་ནས་དགུང་ལོ་བཅུའི་རིང་མུ་སྟེགས་པ་དང་། སངས་རྒྱས་ཆོས་ལུགས་ཀྱི་སྒྲ་རིག་པ་དང་། ཚད་མ་རིག་པ་ལ་སློབ་གཉེར་གནང་། དགུང་ལོ་ཉི་ཤུ་ལྷག་ཙམ་ལོན་དུས་ཡབ་ཡུམ་གཉིས་ཀྱིས་རྒྱལ་སྲིད་བཟུང་བའི་རེ་བ་གནང་སྟེ་རྒྱལ་རིགས་ཀྱི་བུ་མོ་མཛེས་མ་ཧ་ཅང་མང་པོ་བདམ་ནས་གཉེན་སྒྲིག་གནང་བར་ཞུས་ཀྱང་གཏན་ནས་ཞལ་བཞེས་མ་གནང་བར་མཐར་དགུང་ལོ་ཉེར་དགུར་རྒྱ་གར་རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷིའི་གཙུག་ལག་ཁང་དུ་རབ་བྱུང་མཛད། སླར་ཡང་སྒྲ་རིག་པའི་གཞུང་ཆེན་པོ་བརྒྱད་དང་། ཕྱི་ནང་གཉིས་ཀྱི་ཚད་མ་རིག་པ། གསོ་བ་རིག་པ། སྐར་རྩིས། སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ། མདོ་སྔགས་ཀྱི་གཞུང་སོགས་སྦྱངས་པ་མཐའ་འཁྱོལ་བ་མཛད། པཎྜིཏ་ཆེན་པོའི་མཚན་ཐོགས། གསེར་གླིང་པ་ལ་སོགས་པའི་བླ་མ་སུམ་ཅུ་སོ་བཞི་ཙམ་བསྟེན་ནས་རྒྱ་གར་དུ་མཁས་པའི་གྲགས་པ་ཆེ་བ་མ་ཟད། ཐུགས་སེམས་ཧ་ཅང་བཟང་བ་ཞིག་ཡིན་པས། མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གསེར་མང་པོའི་འབུལ་བ་དང་བཅས་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་མངགས་ཏེ་བོད་དུ་གདན་འདྲེན་པར་བཏང་ཡང་གདན་དྲངས་མ་ཐུབ། ད་དུང་ལྷ་བླ་མ་ཡིད་ཐང་མ་ཆད་པར་གསེར་འཚོལ་དུ་ཕེབས་པས་མུ་སྟེགས་མཐའ་འཁོབ་ཀྱི་རྒྱལ་པོས་འཛིན་བཟུང་བྱས་ཏེ་བཙོན་དུ་བཅུག སྐུ་ལུས་ཀྱི་རྩ་སྒོ་ཐམས་ཅད་མེར་བསྲེགས་པ་སོགས་མནར་གཅོད་ཚད་མེད་པའི་འོག་ཏུ་སྐུ་གཤེགས། ཁོང་གི་ཞལ་ཆེམས་ལྟར་ཚ་བོ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་སླར་ཡང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་མངགས་ནས་བོད་དུ་གདན་ཞུ་གནང་བར་རྒྱ་གར་གྱི་རྒྱལ་པོ་དང་བྲི་ཀཱ་མ་ལ་ཤི་ལའི་དགོན་པའི་མཁན་པོ་དགེ་འདུན་དང་བཅས་པས་བོད་དུ་ལོ་གསུམ་བཞུགས་ཆོག་པའི་གནང་བ་ཐོབ་ནས་དགུང་ལོ་ང་དགུ་པ་རབ་བྱུང་དང་པོའི་ལྕགས་འབྲུག་ (༡༠༤༠) ལོར་བལ་ཡུལ་བརྒྱུད་ནས་མངའ་རིས་སུ་ཕེབས་ཏེ་ལོ་གསུམ་རིང་བཞུགས།་ <<བྱང་ཆུབ་ལམ་གྱི་སྒྲོན་མ་>> སོགས་མཛད། ལོ་གསུམ་སོང་བ་རབ་བྱུང་དང་པོའི་ཆུ་རྟ་ (༡༠༤༢) ལོར་རྒྱ་གར་དུ་ཕྱིར་ཕེབས་རྩིས་ལ་སྐབས་དེར་བལ་ཡུལ་མཐའ་མཚམས་སུ་འཁྲུག་པ་ལངས་ནས་ཕེབས་མ་ཐུབ་པར་གནས་སྐབས་ཕྱིར་འགྱངས་གནང་སྟེ་བཞུགས་མུས་ལ་འབྲོམ་སྟོན་པ་ཕེབས་ཏེ་བོད་དབུས་གཙང་དུ་གདན་ཞུ་གནང་བ་ལྟར་ཐོག་མར་བསམ་ཡས། ཡར་ལུང་སོགས་སུ་ཟླ་ཤས་བཞུགས་ནས་འབྲོམ་སྟོན་པས་སྙེ་ཐང་དུ་གདན་དྲངས། དེར་ལོ་དགུ་དང་། འཕན་པོ་དང་། ཡེར་པ། ལྷ་ས་སོགས་སུ་ལོ་ལྔ་བཅས་ལོ་བཅུ་བདུན་གྱི་རིང་ཆོས་གསུངས་པ་དང་། བསྒྱུར་པ། སྒྱུར་བཅོས་སོགས་མཛད། དཔེར་ན་བསྟན་འགྱུར་གྱི་ཁྲོད་དུ་ <<དབུ་མའི་གཞུང་རྟོག་གེ་འབར་བ་>> སོགས་ཇོ་བོ་རྗེ་ཉིད་དང་ནག་ཚོ་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་གནང་མཛད་པ་མི་ཉུང་བ་ཞིག་ཡོད་ལ་གསུང་རྩོམ་ཁག་བརྒྱ་ལྷག་བསྟན་འགྱུར་མདོ་ཕྱོགས་ལེ་ཚན་ ༼ཀི༽ ༼ཁི༽ ༼གི༽ གསུམ་ལ་ཡོད། བོད་དུ་བཞུགས་རིང་དགེ་བཤེས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་། རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ། དགེ་བཤེས་འབྲོམ་སྟོན་པ། འགོས་ལོ་ཙཱ་བ་ཁུག་པ་ལྷ་བཙས་སོགས་སློབ་མ་མཁས་པ་མང་དུ་བྱུང་། མཐར་དགུང་ལོ་བདུན་ཅུ་དོན་གསུམ་ལ་ཕེབས་པ་ཤིང་རྟ་ (༡༠༥༤) ལོའི་བོད་ཟླ་དགུ་པའི་ཚེས་བཅོ་བརྒྱད་ལ་སྙེ་ཐང་དུ་སྐུ་གཤེགས། སྐུ་གདུང་རྣམས་སྙེ་ཐང་ན་མོ་ཆེར་བཞུགས་ལ་ཕུལ། སྙེ་ཐང་འོར་དུ་སྐུ་གདུང་བཞུགས་པའི་གཙུག་ཁང་བཞེངས་པ་སོགས་ཞིབ་པར་ནི་འབྲོམ་སྟོན་པས་མཛད་པའི་ <<བླ་མའི་ཡོན་ཏན་ཆོས་ཀྱི་འབྱུང་གནས་>> དང་། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་བརྩམས་པའི་ <<བཀའ་གདམས་ཆོས་འབྱུང་མཁས་པའི་ཡིད་འཕྲོག་>> དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་ <<ཆོས་འབྱུང་མཁས་པའི་དགའ་སྟོན་>> གྱི་ལེ་ཚན་ ༼ད༽ པ་བཅས་སུ་གསལ།

 

དུང་དཀར་ཚིག་མཛོད་ཆེན་མོ་ལས་ཕྱོགས་བཏུས་ཞུས་པའོ།།

 

བརྒྱུད་སྐུལ།

མཆན་སྤེལ།