སྔོན་གྱི་དཀར་ཆག་ཆེན་མོ་གསུམ། (ལྡན་དཀར་མ་དང་། མཆིམས་ཕུ་མ། འཕང་ཐང་མ།) གྱི་ངོ་སྤྲོད།

སྔོན་གྱི་དཀར་ཆག་ཆེན་མོ་གསུམ། (ལྡན་དཀར་མ་དང་། མཆིམས་ཕུ་མ། འཕང་ཐང་མ།) གྱི་ངོ་སྤྲོད།

དང་པོ།  དཀར་ཆག་ལྡན་དཀར་མ།

 

སྔར་བོད་ཀྱི་བཙན་པོའི་དུས་རབས་སུ་བཀོད་པའི་བཀའ་བསྟན་གྱི་དཀར་ཆག་ཁག་གསུམ་གྱི་ནང་ཚན་ཞིག་ཡིན།  དཀར་ཆག་འདི་བཙན་པོ་གང་གི་དུས་སུ་བཀོད་པ་ཡིན་མིན་སྐོར་བོད་ཀྱི་སྔོན་བྱོན་མཁས་པ་རྣམས་ལ་བཞེད་སྲོལ་མི་འདྲ་བ་གཉིས་བྱུང་སྟེ།  བུ་སྟོན་རིན་པོ་ཆེ་དང་།  དཔའ་བོ་གཙུག་ལག་ཕྲེང་བ་གཉིས་ཀྱིས་དཀར་ཆག་འདི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བཀོད་པ་དང་།  བཀའ་བསྟན་དཀར་ཆག་བོད་ཡིག་ཐོག་བཀོད་པའི་ཐོག་མ་དེ་ཡིན་པར་བཞེད་པ་ལྟར་ཁོ་བོས་ཆེད་རྩོམ་འགའ་ཞིག་ཐོག་དེ་བཞིན་བཀོད་ཡོད་ཅིང་།   <<དཀར་ཆག་ལྡན་དཀར་མ>> ལས་འབྲུག་གི་ལོ་ལ་ཕོ་བྲང་ལྡན་དཀར་ན་བཞུགས་པའི་སྟོན་ཞེས་གསལ་བས།  བཙན༌པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དབང་བཟུང་རིང་འབྲུག་ལོ་སྔ་རྗེས་གཉིས་བྱུང་བའི་སྔ་མ་ནི་བསམ་ཡས་གཙུག་ལག་ཁང་བཞེངས་འགོ་ཚུགས་ནས་མ་གྲུབ་གོང་གི་ལོ་ངོ་གསུམ་པའི་ཤིང་འབྲུག་ (༧༦༤) ལོ་ལ་ཁེལ་བས་སྐབས་དེར་ལོ་ཙཱ་བ་རྣམས་ཀྱིས་བཀའ་བསྟན་བསྒྱུར་འགོ་ཚུགས་ཙམ་ལས་དཀར་ཆག་ཏུ་འགོད་བྱའི་བཀའ་བསྟན་མང་པོ་མེད་ཅིང་།  འབྲུག་ལོ་དེའི་རྗེས་ཀྱི་མེ་འབྲུག་ (༧༧༦) ལོ་བར་ལོ་བཅུ་གཉིས་ལས་མེད་པས་དེའི་རིང་ལ <<དཀར་ཆག་ལྡན་དཀར་མ>> ལས་གསལ་བའི་ཆོས་ཚན་འབོར་ཆེན་དེ་ཙམ་བོད་སྐད་དུ་བསྒྱུར་ཐུབ་པ་ཧ་ཅང་དཀའ་བ་མ་ཟད།

མེ་འབྲུག་དེ་ནས་ལོ་ངོ་བཞི་སོང་བའི་ས་ལུག་ (༧༧༩) ལོ་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་གཤེགས་པ་ཡིན་པས།   <<དཀར་ཆག་ལྡན་དཀར་མ>> བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ལ་བྱུང་བའི་བཞེད་ཚུལ་དེར་དོགས་གཞི་ཆེ་བར་བརྟེན།  རྗེས་སུ་ཁོ་བོས <<དཀར་ཆག་རིག་པ>> ཞེས་པའི་ཆེད་རྩོམ་དེའི་ནང་འཇམ་མགོན་སི་ཏུ་རིན་པོ་ཆེ་དང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་རྣམ་གཉིས་ཀྱི་བཞེད་པ་ལྟར <<དཀར་ཆག་འཕང་ཐང་མ>> དང་པོ་དང <<དཀར་ཆག་ལྡན་དཀར་མ>> གཉིས་པ་ཡིན་པ་དང་།  དེ་གཉིས་ཀ་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་ཀྱི་དུས་སུ་བྱུང་ཚུལ་སོར་བཞག་བྱས་པ་ཡིན།   <<དཀར་ཆག་ལྡན་དཀར་མ>> བརྩམས་པའི་འབྲུག་ལོ་དེ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་ས་སྟག་ (༧༩༨)  ལོ་ནས་ཤིང་ལུག་ (༨༡༥) བར་སྲིད་དབང་སྐྱོང་བའི་བཞེད་པ་ལྟར་བྱས་ན་དེའི་རིང་ལ་འབྲུག་ལོ་གཉིས་བྱུང་བའི་འབྲུག་ལོ་སྔ་མ་ནི་ལྕགས་འབྲུག་ (༨༠༠) ལོ་ཡིན་པ་དང་།  འབྲུག་ལོ་ཕྱི་མ་ནི་ཆུ་འབྲུག(༨༡༢)ལོ་ཡིན་པས་ལོ་དེ་གཉིས་གང་རུང་ཞིག་ལ <<དཀར་ཆག་ལྡན་དཀར་མ>> ཕྱོགས་བསྒྲིགས་གནང་བ་ཡིན་ངེས།  དཀར་ཆག་འདིའི་ནང་དུ་ཕྱོགས་བསྒྲིགས་མཛད་པ་པོ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་།  འཁོན་ཀླུའི་དབང་པོ་སོགས་ཡིན་ཚུལ་གསལ་བ་མ་ཟད།  ཞང་ཡེ་ཤེས་སྡེ་དང་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ཀྱིས་མཛད་པའི་གསུང་རྩོམ་ཁག་གི་མཚན་བྱང་བཀོད་པའི་མཇུག་ཏུ་མཁན་པོ་ཡེ་ཤེས་སྡེས་མཛད་པ་ཞེས་དང་།  སློབ་དཔོན་ཀླུའི་རྒྱལ་མཚན་གྱིས་མཛད་པ་ཞེས་ཆེ་བརྗོད་ཆེན་པོ་མཛད་ཡོད་ཅིང་།  ཞང་ཡེ་ཤེས་སྡེ་དང་ཅོག་རོ་རྣམ་གཉིས་ཀྱིས་བསྒྱུར་རྣམས་ཕལ་ཆེ་བ་གསལ་ཡང་།  སྐ་བ་དཔལ་བརྩེགས་རང་ཉིད་ཀྱིས་བསྒྱུར་བ་འགའ་ཞིག་ཙམ་ལས།  མང་ཆེ་བ་མི་གསལ་བ་བཅས་དཔྱད་གཞི་ཆེ།  ད་དུང་དོགས་གཅོད་བྱ་དགོས་པ་ནི།  ལོ་ཙཱ་བ་སྐ་ཅོག་ཞང་གསུམ་ཀ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་ཡིན་ཚུལ་ལོ་རྒྱུས་ཕལ་ཆེ་བའི་ནང་གསལ་ཡང་།  དེ་ལྟར་ཡིན་མིན་སྐོར་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་རྣམས་ཀྱིས་གསུང་ཚུལ་མི་འདྲ་བ་འདུག་པས་མུ་མཐུད་ནས་ཞིབ་འཇུག་ཡོད་པ་ཞུ་རྒྱུ།  དཀར་ཆག་འདིའི་གཞུང་ངོ་མ་བསྟན་འགྱུར་ཕྱོགས་བསྒྲིགས་ཕལ་ཆེ་བའི་ནང་བཞུགས་ཤིང <<སྡེ་དགེ་བསྟན་འགྱུར>> སྣ་ཚོགས་སྡེ་ཚན་གྱི་པོད[ཛ]པའི་ནང་དུ་ཡོད།

 

གཉིས་པ། དཀར་ཆག་མཆིམས་ཕུ་མ།  

 

བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་དུས་སྐབས་སུ་བསམ་ཡས་མཆིམས་ཕུའི་ལྷ་ཁང་དུ་བཞུགས་པའི་བཀའ་འགྱུར་དང་བསྟན་འགྱུར་གྱི་དཀར་ཆག་གི་མིང་།  དཀར་ཆག་འདི་འགོད་པར་མཛད་མཁན་ལོ་ཙཱ་བ་སུ་ཡིན་དང་ལོ་ཁམས་གང་ཡིན་ལོ་རྒྱུས་ཁག་གི་ནང་དུ་མི་གསལ་ཡང་།  བུ་སྟོན་རིན་པོ་ཆེས་མཛད་པའི <<ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད་ཀྱི>> བཀའ་འགྱུར་དཀར་ཆག་གི་སྐབས་སུ་མཆིམས་ཕུའི་དཀར་ཆག་ལས་ཞེས་དང་དཀར་ཆག་མཆིམས་ཕུ་མ་ཞེས་གསལ་བ་མ་ཟད།  ཆོས་འབྱུང་དེའི་མཛད་བྱང་ནང་དུའང་ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་དཀར་ཆག་དང་།  དེའི་རྗེས་ཀྱི་བསམ་ཡས་མཆིམས་ཕུའི་དཀར་ཆག་དང་།  དེའི་རྗེས་ཀྱི་འཕང་ཐང་ཀ་མེད་ཀྱི་དཀར་ཆག་དང་།  ཞེས་གསལ་ཞིང་།   <<ཆོས་འབྱུང་མཁས་པའི་དགའ་སྟོན>> ལྕགས་དཔར་མའི་ཤོག་གྲངས་  ༤༡༧ ལས་སྤྱིར་ཁྲི་སྲོང་གི་དུས་ཀྱི་དཀར་ཆག་ཕོ་བྲང་ལྡན་དཀར་མ་དང་།  ཕྱིས་མཆིམས་ཕུ་མ་དང་།  འཕང་ཐང་མ་སྟེ་གསུམ་དུ་བྱུང་ཞེས་གསལ་བས་དམ་པ་རྣམ་གཉིས་དཀར་ཆག་བྱུང་བའི་གོ་རིམ་གཅིག་མཐུན་བྱུང་བ་ལྟར་ཁོ་བོས་ཀྱང་ཆེད་རྩོམ་གཞན་དུ་གོ་རིམ་དེ་ལྟར་བྲིས་ཡོད་ཅིང་།  འཇམ་མགོན་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི <<སྡེ་དགེའི་བཀའ་འགྱུར་གྱི་དཀར་ཆག>> དང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གཉིས་ཀྱིས་བཀའ་བསྟན་དཀར་ཆག་འཕང་ཐང་མ་དང་།  ལྡན་དཀར་མ་གཉིས་ཡིན་པར་བཞེད་ཅིང་།  དཀར་ཆག་མཆིམས་ཕུ་མ་ཡོད་མེད་ཀྱི་ཚིག་ཟུར་ཙམ་ཡང་མ་གསུངས།  བུ་སྟོན་རིན་པོ་ཆེ་ཞལ་བཞུགས་སྐབས་དཀར་ཆག་འཕང་ཐང་མ་དང་།  མཆིམས་ཕུ་མ་གཉིས་ཀྱི་མ་དཔེ་ཡོད་མེད་ཐེ་ཚོམ་གྱི་གཞི་སྟེ།  གལ་ཏེ་སྐབས་དེར་དཀར་ཆག་དེ་གཉིས་ཀྱི་མ་དཔེ་བཞུགས་ཡོད་ན་བུ་སྟོན་རིན་པོ་ཆེ་དགུང་ལོ་བཞི་བཅུ་ཞེ་ལྔར་ཕེབས་པ་རབ་བྱུང་དྲུག་པའི་ཤིང་ཁྱི (༡༣༣༤) ལོར་ཞ་ལུའི་བསྟན་འགྱུར་གསར་བཞེངས་མཛད་སྐབས།  སྣར་ཐང་གི་བསྟན་འགྱུར་ནང་མ་བཞུགས་པའི་མ་དཔེ་དཀོན་པའི་གྲས་གསར་དུ་བཙལ་རྙེད་བྱུང་བའི་ཆོས་ཚན་ཆིག་སྟོང་ཙམ་ཁ་སྣོན་མཛད་པར་གསུངས་པའི་ནང་ངེས་པར་དུ་འཇུག་པ་གནང་ངེས་ཡིན་པ་ནི་སྨྲོས་མི་དགོས་པ་ཡིན་ཅིང་།  དེའི་རྗེས་སུ་རབ་བྱུང་དྲུག་པའི་ཆུ་སྟག  (༡༣༦༢) ལོར་ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱིས་སྣེ་གདོང་ཕོ་བྲང་དུ་བསྟན་འགྱུར་བཞེངས་སྐབས་ཀྱི་དཀར་ཆག་བུ་སྟོན་རིན་པོ་ཆེའི་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་གྱིས་མཛད་དུས།  ཞ་ལུའི་བསྟན་འགྱུར་གྱི་ནང་དུ་མ་ཚུད་པའི་ཆོས་ཚན་ཉི་ཤུ་རྩ་བདུན་ཁ་སྣོན་མཛད་པ་སོགས།  སྣར་ཐང་བསྟན་འགྱུར་དཔར་མ་དང་།  སྡེ་དགེ་བསྟན་འགྱུར།  ཅོ་ནེ་བསྟན་འགྱུར་སོགས་ཚང་མའི་ནང་དེ་སྔོན་མེད་པའི་ཆོས་ཚན་གསར་རྙེད་རྣམས་རིམ་བཞིན་ཁ་སྐོང་མཛད་ཡོད་ཀྱང་།  གོང་གསལ་དཀར་ཆག་དེ་གཉིས་འཁོད་མེད་སྟབས།  མ་དཔེ་ཕལ་ཆེར་རྩ་སྟོང་སོང་ཟིན་པར་ཚོད་དཔག་བྱེད་ཐུབ།

 

གསུམ་པ།  དཀར་ཆག་འཕང་ཐང་མ།

 

སྔར་བཙན པོའི་དུས་སྐབས་སུ་བོད་སྐད་དུ་བསྒྱུར་བའི་བཀའ་བསྟན་ཕོ་བྲང་འཕང་ཐང་ནང་བཞུགས་པ་རྣམས་ཀྱི་དཀར་ཆག་གི་མིང་ཡིན།  དཀར་ཆག་འདིའི་མཛད་པ་པོ་ནི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་།  ཆོས་ཀྱི་སྙིང་པོ།  དེཝནྡྲེ་ (ལྷའི་དབང་པོ) དཔལ་གྱི་ལྷུན་པོ་བཅས་ཡིན་པ་དང་།  དུས་སྐབས་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་ཀྱི་སྐབས་སུ་ཕོ་བྲང་འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་དུ་བཞུགས་པའི་བཀའ་བསྟན་རྣམས་ལ།  ཚེག་བར་བརྒྱད་རེ་ལ་ཤློོ་ཀ་རེ་དང་།  ཤློོ་ཀ་སུམ་བརྒྱ་ལ་བམ་པོ་རེའི་ཚད་དུ་བྱས་པའི་དཀར་ཆག་བཀོད་པ་དེར <<དཀར་ཆག་འཕང་ཐང་མ>> ཞེས་བོད་དུ་བཀའ་བསྟན་གྱི་དཀར་ཆག་བཀོད་པའི་ཐོག་མ་དེ་ཡིན་པར་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་དང་།  ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་གསུངས་པ་ལྟར་འཐད་དམ་སྙམ།  དཀར་ཆག་འདི་ཡང་བུ་སྟོན་རིན་པོ་ཆེས <<ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད>> ཀྱི་ནང་ཚིག་འགའ་ཞིག་ལུང་འདྲེན་མཛད་པ་ལས།  གཞུང་ངོ་མ་གཟིགས་མེད་པ་འདྲ་སྟེ།  སྐབས་དེར་མ་དཔེ་ཡོད་ན་ཞ་ལུའི་བསྟན་འགྱུར་གྱི་ནང་དུ་ངེས་པར་ཁ་སྣོན་མཛད་ཀྱི་རེད་སྙམ།

དུང་དཀར་ཚིག་མཛོད་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།