བསྟན་འགྱུར་དཀར་ཆག་ལས། རྟེན་སྣོད་ཀྱི་ཁྱད་པར་བཤད་པ་དང༌། བརྟེན་པ་བཅུད་ཀྱི་ཁྱད་པར་བཤད་པ། ཁྱད་པར་གྱི་ཆོས་གཞན་བཤད་པ།

བསྟན་འགྱུར་དཀར་ཆག་ལས། རྟེན་སྣོད་ཀྱི་ཁྱད་པར་བཤད་པ་དང༌། བརྟེན་པ་བཅུད་ཀྱི་ཁྱད་པར་བཤད་པ། ཁྱད་པར་གྱི་ཆོས་གཞན་བཤད་པ།

༄༅། །བསྐལ་བཟང་རྣམ་འདྲེན་བཞི་པ་ཀུན་མཁྱེན་ཉི་མའི་གཉེན་གྱི་བཀའི་དགོངས་དོན་རྣམ་པར་འགྲེལ་པའི་བསྟན་བཅོས་བོད་གངས་ཅན་གྱི་སྐད་དུ་འགྱུར་རོ་འཚལ་གྱི་མཚན་བྱང་དཀར་ཆག་ཏུ་བཀོད་པ་ཡིད་བཞིན་ནོར་བུའི་འཕྲེང་བ་ཞེས་བྱ་བ་བཞུགས་སོ། །

 

རླབས་ཆེན་ཐུགས་བསྐྱེད་གོ་ཆ་བརྟན་པོ་ཡིས། །མི་མཇེད་ཞིང་འདི་བདག་གིར་བཞེས་པའི་ཚེ། །རྒྱལ་དང་དེ་སྲས་ཚོགས་ཀྱིས་པད་དཀར་ལྟར། །ཡོངས་བསྔགས་འདྲེན་པ་མཆོག་དེས་དགེ་ལེགས་སྩོལ། །དེ་སྲས་མཐུ་ཆེན་རྒྱལ་སྲས་བྱེ་བའི་དབུས། །མཚུངས་མེད་མཁྱེན་བརྩེ་ནུས་པའི་དཔལ་མངའ་བ། །རིགས་གསུམ་ལྷ་མཆོག་གསུམ་གྱི་ཐུགས་རྗེའི་གཟིས། །གངས་ལྗོངས་རྒུད་པའི་སྨག་རུམ་ཞི་བར་མཛོད། །བསྟན་ལ་ལྷག་བསམ་ཡངས་པའི་སྙིང་སྟོབས་ཀྱིས། །མི་བཟོད་དཀའ་བ་བརྒྱ་ཕྲག་ལྷུར་བཞེས་ཏེ། །གངས་ལྗོངས་ཆོས་ཀྱི་ཞིང་དུ་ལེགས་བསྐྲུན་པའི། །རྒྱལ་བློན་ལོ་པཎ་རྣམས་ཀྱི་བཀའ་དྲིན་དྲན། །དེ་དག་རྨད་བྱུང་བཀའ་སྲོལ་ད་ལྟའི་བར། །མི་ཉམས་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་ཀྱིས། །འགྲོ་ཀུན་ཐར་པ་མཆོག་གི་ལམ་པོ་ཆེར། །ཀུན་ནས་བཀྲི་མཛད་མཁས་གྲུབ་དེ་དག་རྒྱལ། །མཁྱེན་རབ་དབང་ཕྱུག་མི་ཡི་ཚུལ་བཟུང་ནས། །མདོ་རྒྱུད་དགོངས་དོན་མཐའ་དག་གསལ་བ་ལ། །རྒྱལ་བ་ཇི་བཞིན་རྒྱལ་བས་ལུང་བསྟན་པའི། །འཇམ་མགོན་བླ་མའི་ཞབས་པད་གཙུག་གིས་མཆོད། །ཟླུམ་པོའི་གོ་ལ་འདི་ཡི་སྐྱེ་འགྲོ་རྣམས། །རང་རང་མོས་པར་འཚམས་པའི་ལེགས་གསུང་གིས། །ཞི་བདེའི་གླིང་དུ་འཁྲིད་པའི་དེད་དཔོན་མཆོག །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོར་འདུད། །མདོ་དང་སྔགས་ཀྱི་གཞུང་ལུགས་དུ་མ་དང༌། །ཐུན་མོང་ཤེས་བྱ་རིག་པའི་གནས་རྣམས་ཀུན། །མཉེས་གཤིན་བྱམས་བརྩེ་སྒོ་ནས་ལེགས་སྟོན་པའི། །མཚན་ལྡན་བཤེས་གཉེན་ཚོགས་ལ་གུས་ཕྱག་འཚལ། །འདི་ན་བཀའ་ཡི་དགོངས་འགྲེལ་འགྱུར་རོ་ཡི། །མཚན་བྱང་མཛད་འགྱུར་མཐའ་དཔྱད་སྔ་རབས་གཞུང༌། །ཇི་སྙེད་བཞུགས་པའི་དཀར་ཆག་ནོར་བུའི་འཕྲེང༌། །བློ་ལྡན་དོན་གཉེར་ལྡན་པའི་སྐྱེས་སུ་འབུལ། །

དེ་ལ་འདིར་བསྐལ་བཟང་རྣམ་འདྲེན་བཞི་པ་ཀུན་མཁྱེན་ཉི་མའི་གཉེན་གྱི་བཀའ་ལུང་གི་དགོངས་དོན་རྣམ་པར་འགྲེལ་པའི་བསྟན་བཅོས་འགྱུར་རོ་འཚལ་གྱི་བཞུགས་བྱང་སོགས་དཀར་ཆག་ཏུ་འགོད་པ་ལ་གཉིས། རྟེན་དེ་ཉིད་གང་དུ་བཞུགས་པའི་ཞིང་གི་སྣོད་བཅུད་ཀྱི་ཁྱད་པར་མདོ་ཙམ་བརྗོད་པ་དང༌། ཞིང་དེའི་རྟེན་དུ་བཞུགས་པའི་བསྟན་བཅོས་རྣམས་ཀྱི་མཚན་བྱང་མཛད་འགྱུར་དང་བཅས་པ་འགོད་པའོ།།

དང་པོ་ལ་གསུམ། རྟེན་སྣོད་ཀྱི་ཁྱད་པར་བཤད་པ་དང༌། བརྟེན་པ་བཅུད་ཀྱི་ཁྱད་པར་བཤད་པ། ཁྱད་པར་གྱི་ཆོས་གཞན་བཤད་པའོ། །དང་པོ་ནི། རབ་དཀར་ཁ་བའི་མེ་ཏོག་སྡེ་བརྩེགས་པའི་རི་ཡི་འཕྲེང་བ་དཀར་པོས་ཕྱོགས་མཚམས་རྣམས་སུ་བརྒྱན་པའི་ཡུལ་འདི་ལ། ཡུལ་དུས་ཀྱི་འཕོ་འགྱུར་དང་འཕེལ་འགྲིབ་ཀྱི་དབང་གིས་ཡུལ་མིང་སྣ་ཚོགས་ཐོགས་པར་གསལ་ཏེ། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྐབས་སུ། ཁ་བ་ཅན་གྱི་རྒྱལ་ཁམས་ཀྱི་ཡུལ་ཞེས་མིང་འདོགས་པ་ནི། ཟ་མ་ཏོག་བཀོད་པའི་མདོ་ལས། བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁམས་ཀྱི་སེམས་ཅན་ནི་ཞེས་དང༌། མདོ་སྡེ་པདྨ་དཀར་པོ་ལས། སྟོན་པ་འོད་མའི་ཚལ་ན་བཞུགས་པའི་དུས་ན། སྨིན་མཚམས་ཀྱི་མཛོད་སྤུ་ལས་འོད་ཟེར་འཕྲོས་ཏེ། བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁམས་ལ་སོང༌། ཞེས་པའི་སྐབས་སུ་མིང་གི་ཐ་སྙད་ཁ་བ་ཅན་གྱི་རྒྱལ་ཁམས་ཞེས་བྱུང་བ་འདིས་དེ་དུས་མིང་དེས་འབོད་པར་འགྲུབ་ལ། སྤྱིར་སྤུར་རྒྱལ་ཡན་དུ་བོད་ཡུལ་ཡོངས་ལ་དབང་བསྒྱུར་བའི་རྒྱལ་པོ་དྲུག་བྱུང་བས་ཀྱང་ཤེས་ཏེ། དེ་དག་གི་སྐབས་སུ་ཡུལ་མིང་མི་འདྲ་བ་དྲུག་ལ་སོགས་པ་བྱུང་བ་ནི། དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ་ཡུལ་མིང་ལ་བདུད་མཁར་ཁ་རག་མགོ་དགུར་བཏགས། དེའི་རྗེས་སུ་བདུད་དང་སྲིན་མོ་ཞེས་པས་དབང་བྱས་ཏེ་ཡུལ་མིང་ལ་ལྷ་སྲིན་གཉིས་ཀྱི་ཡུལ་ཞེས་བཏགས། དེ་ནས་ཀླུ་དང་བཙན་ཞེས་པས་དབང་བྱས་ཏེ་ཡུལ་གྱི་མིང་ལ་བོད་ཁམས་གླིང་དགུ་ཞེས་བཏགས། ལོ་རྒྱུས་ཁ་ཅིག་ན་སངས་རྒྱས་འཇིགརྟེན་དུ་བྱོན་པའི་དུས་སུ་བོད་ཁམས་གླིང་དགུ་ཞེས་འདོགས་པར་བཤད་པ་ལྟར་ན་འདི་དུས་ཡིན་དགོས་ལ། བོད་ཁམས་གླིང་དགུ་ནི། རིན་པོ་ཆེའི་འོད་ཀྱི་གླིང་ནི་སྟོད་ཁམས་གསུམ། རི་བཞི་སོག་པའི་གླིང་ནི་བར་ཁམས་གསུམ། རྨ་བྱ་འོག་གླིང་ནི་སྨད་ཁམས་གསུམ་སྟེ་དགུའོ།།དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ་ཡུལ་མིང་ལ་བོད་ཁམས་གཡའ་དྲུག་བྱ་བར་བཏགས། དེ་ནས་ཟར་མ་སྐྱེས་དྲུག་གིས་དབང་བྱས་ཏེ་ཡུལ་གྱི་མིང་ལ་སྟོང་སྡེ་བཅོ་བརྒྱད་བྱ་བར་བཏགས། དེ་རྗེས་རྒྱལ་ཕྲན་བཅུ་གཉིས་བྱ་བས་དབང་བྱས་ཏེ་ཡུལ་གྱི་མིང་ལ་སྭ་ཁ་བརྒྱད་དུ་བཏགས། དེ་ལྟར་དབང་བསྒྱུར་བའི་རྒྱལ་པོ་འདི་དྲུག་ནི། རྒྱལ་པོ་བཀའ་ཐང་ལས། བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ༔ སྤུར་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང༔ ཞེས་པ་དེ་དྲུག་ཡིན་ལ། དེ་དག་ལ་གནོད་སྦྱིན་དང་བདུད་དང་སྲིན་མོ་དང་ཀླུ་བཙན་ལ་སོགས་པའི་མིང་གིས་གསུངས་ཀྱང༌། དེ་དག་གནོད་སྦྱིན་ལ་སོགས་པ་དངོས་མིན་པས་སྤྱོད་ལམ་དང་ཆ་ལུགས་ལ་སོགས་པའི་སྒོ་ནས་དེ་དག་གི་མིང་གིས་བཏགས་པར་མངོན་ནོ།། དེ་དག་གི་གཞུག་སྟེ་རྗེས་སུ་སྤུར་རྒྱལ་བཙན་པོས་དབང་བྱས་ཏེ་ཡུལ་གྱི་མིང་ལ་བོད་ཁམས་རུ་བཞི་བྱ་བར་བཏགས་ཤིང༌། བོད་ཀྱི་རྒྱལ་པོ་འོ་དེ་སྤུར་རྒྱལ་ནས་རིམ་པར་ཐེན་དགུ་དང༌། སྲས་པོ་མཆེད་བཞི་དང༌། ཡབ་ལྷ་བདལ་དྲུག་བྱ་བའི་བར་དུ་བརྒྱུད། ཡབ་ལྷ་བདལ་དྲུག་ཞེས་པ་འདི་ལ་སྲས་མཆོག་སྤུན་བདུན་འཁྲུངས་པ་ལས་བར་བ་ཡབ་ཡུམ་ལ་གནོད་ནས་ཞང་པོའི་ཡུལ་དུ་སྤྱུགས་པ་དམུབཟའ་ལྡེ་མོ་བཙུན་དང་གཤོས་པའི་སྲས་ནི་གཉའ་ཁྲི་ཡིན་ལ། དེ་ཡན་ལ་སྲིད་པའི་ལྷ་རབསཞེས་འདོགས་པར་རྒྱལ་པོ་བཀའི་ཐང་ཡིག་ལས་གསུངས་སོ།།

ཚུལ་དེས་ནི་ཞང་ཞུང་སྒོ་ཕུག་བར་གསུམ་ཞེས་གྲགས་པ་ཡང༌། ཞང་ཞུང་གི་རྒྱལ་རབས་ཀྱིས་བོད་ཡུལ་སྤྱི་ལ་སྲིད་ཀྱིས་དབང་བསྒྱུར་བའི་ཆ་ནས་བཏགས་པ་མ་ཡིན་པར་ཆོས་ཀྱིས་ཁྱབ་པའི་ཆ་ནས་བཏགས་པར་ཤེས་སོ། །དེ་ལྟ་བུའི་ཡུལ་མིང་སྣ་ཚོགས་ཀྱིས་བསྙད་པའི་སྤུར་རྒྱལ་བོད་ཀྱི་རྒྱལ་ཁབ་ཆེན་པོ་ནི། ཕྱིས་སུ་ཡང་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཅུ་བཞིར་གྲགས་པ་སོགས་རིམ་གྱིས་གཅིག་གྱུར་གྱིས་རྒྱ་ཆེན་པོར་གྱུར་པ་ཞིག་ཡིན་ལ། རྒྱལ་ཁབ་འདིའི་རྒྱ་ཁྱོན་གྱི་ཚད་ལ། རྒྱལ་ཁབ་བརྒྱད་ཀྱིས་ཀུན་ནས་བརྟེན་པའི་ཚུལ་གྱིས་འཇོག་ཚུལ་ཞིག་དང༌། སྟོད་སྨད་བར་གསུམ་དུ་ཕྱེས་ནས་འཇོག་ཚུལ་དང༌། ཆོལ་ཁ་གསུམ་དུ་ཕྱེས་ནས་འཇོག་ཚུལ་སོགས་ཡོད་པ་ལས།

དང་པོ་ནི། མཐའི་རྒྱལ་ཁབ་རྣམས་ངོས་བཟུང་སྟེ་དེ་དག་གི་དབུས་གང་ཡིན་པ་དེ་བོད་ཀྱི་རྒྱལ་ཁབ་ཀྱི་རྒྱ་ཁྱོན་དུ་སྟོན་པ་ཡིན་ལ། དེ་ཡང་མཐའི་རྒྱལ་ཁབ་རྣམས་ནི། ཤར་དུ་རྒྱ་ནག་དང་ཁྲི་བརྟན། ལྷོར་རྒྱ་གར་དང་ཁ་ཆེ། ནུབ་ཏུ་སྟག་སྡེ་དང་གཟིག་འཕན། བྱང་དུ་ཁྲོམ་དང་གེ་སེར་སྟེ་བརྒྱད་དོ། །འདི་དག་གི་ངོས་འཛིན་ལ་ཤར་གྱི་རྒྱ་ནག་རྒྱལ་ཁབ་ནི་ཐང་སོགས་ཀྱིས་བཟུང་བའི་རྒྱལ་ཁབ་ཡིན་པ་ནི་ཤེས་སླ་ལ། ཤར་གྱི་ཁྲི་བརྟན་གྱི་རྒྱལ་ཁབ་ནི་ནུབ་ཀྱི་ཁཆེའི་ཁྲི་བརྟན་གྱི་རྒྱལ་ཁབ་དང་གནས་ཀྱི་སྒོ་ནས་མི་ནོར་ལ། འདི་དེང་སང་ཁ་ཅིག་ཆུས་ཏན་གྱི་རིགས་ཟེར་བ་དེས་བཟུང་བའི་རྒྱལ་ཁབ་ལ་བྱེད་ཟེར་བ་ཡོད་ཀྱང༌། ཤར་ཕྱོགས་བེ་ཆུའི་རྒྱལ་པོ་ཟེར་བ་དེས་བདག་ཏུ་བཟུང་བའི་རྒྱལ་ཁབ་ལ་བྱེད་དགོས་པ་འདྲ་བས་དཔྱད། ལྷོར་རྒྱ་གར་དང་ཁ་ཆེ་ཞེས་རྒྱལ་ཁབ་དེ་གཉིས་ལ་ཐུག་པར་བཤད་པ་ནི། སྐབས་དེར་བལ་ཡུལ། འབྲུག་ཡུལ། འབྲས་ལྗོངས་སོགས་བོད་ཀྱི་མངའ་འབངས་ཡིན་པར་མ་ཟད། རྒྱ་བོད་ཀྱི་མཚམས་ཀྱང་ཆུ་བོ་གངྒཱས་ཕྱེས་པ་ནི་མཚམས་དེ་རྣམས་སུ་ལྕགས་ཀྱི་ཀ་བ་དུ་མ་བཙུགས་པ་སོགས་ཀྱིས་ཤེས་ལ། དེབ་དཀར་ལས། དུས་འདི་ཙམ་ན་བཙུགས་པའི་ལྕགས་ཀྱི་ཀ་བ་ཞིག་ད་ལྟའི་ལྡི་ལའི་ཕྱོགས་ན་ཡོད་ཀྱང༌། སྟེང་གི་ཡི་གེ་རྣམས་ནི་རྒྱལ་པོ་ཙནྡྲ་ཟླ་བ་བྱ་བ་ཞིག་གིས་བཀོད་པ་ཡིན་འདུག་ལ། འོན་ཀྱང་རྒྱ་གར་ན་མྱ་ངན་མེད་ཀྱི་རྡོ་རིང་འགའ་ཞིག་གི་སྟེང་ན། ཕྱིས་ཀླ་ཀློའི་རྒྱལ་པོས་ཡི་གེ་བཀོད་པ་འདུག་པས། འདི་འདྲ་བསམ་ཚེ་ལྕགས་ཀྱི་ཀྭ་བ་དེ་ཡང་ངོ་བོ་སྔར་བོད་ཀྱིས་བཙུགས་པ་དེ་ཡིན་སྲིད་དམ་སྙམ་སྟེ། ཞེས་གསུངས་པ་ལྟར། ལྕགས་ཀྱི་ཀ་བ་དེའི་ངོ་བོ་བོད་ཀྱི་ཡིན་ན་སྐབས་དེའི་ས་མཚམས་ཆུ་བོ་ཡཱ་མུ་ནས་ཕྱེས་པར་ཤེས་སོ།།

ལྷོའི་ཁ་ཆེའི་རྒྱལ་ཁབ་ནི། ཁ་ཆེའི་རྒྱལ་པོ་གྲྀབྟན་གྱིས་བཟུང་བའི་ཀསྨིར་ཟེར་བ་དེ་ཡིན་ཞིང༌། རྒྱལ་པོ་དེ་ལ་བོད་རྣམས་ཀྱིས་ཁ་ཆེ་ཁྲི་བརྟན་གྱི་རྒྱལ་པོ་ཞེས་འབོད་པར་བཤད་ལ། ཡུལ་འདི་ནི་ཁ་ཆེས་མ་བཟུང་བའི་སྔོན་དུ་ནང་ཆོས་དར་བའི་གནས་གཞི་ཆེན་པོ་ཞིག་ཏུ་བཤད་དོ། །ནུབ་ཏུ་སྟག་སྡེ་དང་གཟིག་འཕན་ཞེས་པ་ནི། ཨ་ལ་པོ་ཕྱེད་གླིང་གི་ཧྲ་ཐེ་ཨ་ལ་པོ་ཟེར་བ་དེ་ཤར་ནུབ་ཀྱི་རྒྱལ་ཁབ་གཉིས་སུ་གྱུར་ཅིང༌། ཤར་ཕྱོགས་ཀྱི་རྒྱལ་ཁབ་ལ་གོས་ནག་ཏཱ་ཟིག་ཅེས་འབོད་ལ། དེའི་རྒྱལ་ས་ནི་དེང་སང་གི་དབྱི་རག་གི་རྒྱལ་ས་པ་ཀེ་ཏཱ་ཡིན་པར་བཤད། ནུབཕྱོགས་རྒྱལ་ཁབ་ཀྱི་རྒྱལ་ས་སི་ཕན་ཀེར་གྱི་ཏོ་ཝ་ཡིན་ལ། རྒྱལ་ཁབ་དེ་ལ་གོས་དཀར་སྟག་གཟིག་གམ་གཟིག་འཕན་དུ་བཤད་པ་དང༌། བྱང་དུ་ཁྲོམ་དང་གེ་སེར་ཞེས་པའི་ཁྲོམ་རྒྱལ་ཁབ་ནི། དེང་སང་ཤིན་ཅང་གི་ཁོངས་སུ་གཏོགས་པའི་ཧོ་མིས་ལ་རྒྱལ་ས་བྱེད་པའི་རྒྱལ་པོ་དེ་ལ་ཁྲོམ་གེ་སེར་རྒྱལ་པོ་ཞེས་འབོད་ཅིང༌། འདི་དེས་བདག་ཏུ་བཟུང་བའི་རྒྱལ་ཁབ་ལ་བྱེད་དགོས་སམ་སྙམ། གེ་སེར་གྱི་རྒྱལ་ཁབ་ནི། སོག་པོ་གེ་སེར་དམག་གི་རྒྱལ་པོ་ཞེས་གྲགསཔ་དེས་བདག་ཏུ་བཟུང་བའི་རྒྱལ་ཁབ་ལ་བྱེད་ཅིང༌། ཤིན་ཅིང་གི་ཇུན་གར་གཤོངས་སའི་ཁུལ་དུ་གནས་པའི་ཇུན་གར་རྒྱལ་པོ་ཞེས་པའང་རྒྱལ་པོ་དེའི་མི་བརྒྱུད་ཡིན་པར་བཤད་དོ། །གཉིས་པ་སྟོད་སྨད་བར་གསུམ་དུ་ཕྱེས་ནས་འཇོག་ཚུལ་ནི། སྟོད་ཀྱི་སྐོར་གསུམ། བར་གྱི་རུ་བཞི། སྨད་ཀྱི་ཁམས་གསུམ་མམ་སྒང་གསུམ་དུ་འཇོག་པ་སྟེ། དང་པོ་ནི། སྤུ་རངས། མང་ཡུལ། ཟངས་དཀར་གསུམ་ལ་སྐོར་གཅིག ལི་དང༌། བྲུ་ཤ་དང༌། སྦལ་ཏེ་གསུམ་ལ་སྐོར་གཅིག ཞང་ཞུང་དང༌། ཁྲི་ཏེ་དང༌། སྟོད་སྨད་གསུམ་ལ་སྐོར་གཅིག་སྟེ་གསུམ་མོ།།

འདིའི་སྐོར་དང་པོ་གསུམ་དེང་སང་རྒྱ་གར་གྱི་མངའ་ཁོངས་སུ་ཡོད་ལ། ལི་ནི་ལི་ཡུལ་ལྕང་ར་སྨུག་པོ་དང༌། བྲུ་ཤ་ནི་དེང་སང་ཏཱ་ཇི་སི་ཐཱན་ཞེས་པའི་རྒྱལ་ཁབ་ཆུང་ངུ་དེ་དང༌། སྦལ་ཏེ་ནི་དེང་སང་པ་ཁུ་སི་ཐན་གྱི་མངའ་ཁོངས་སུ་གནས་ཤིང༌། མི་འབོར་གྱི་གྲངས་འབུམ་བཞི་ཡོད་པ་དང་། ནང་ཆོས་ལ་མོས་ཀྱང་ནང་ཆོས་བྱེད་པའི་རང་དབང་མེད་པས་དཀའ་སྡུག་གི་འོག་ནས་ཁ་ཆེའི་ཆོས་བྱེད་དགོས་པར་ཐོས་སོ། །འདིའི་མི་རིགས་ཀྱི་ངོ་བོ་ནི་བོད་རྣམ་དག་ཡིན་པར་མ་ཟད། མགོ་ལ་ལན་བུ་འཇོག་པ་དང་ཁྲུས་མི་བྱེད་པ་སོགས་ཀྱི་ཆ་ལུགས་དང་སྤྱོད་ཚུལ་ཨ་མདོའི་ཡུལ་གྱི་གནའ་བོའི་འབྲོག་པ་དང་འདྲ་བར་བཤད། ལི་དང་བྲུ་ཤའི་མི་རིགས་ཀྱི་ངོ་བོ་བོད་ཡིན་མིན་སོགས་ཀྱི་སྒོ་ནས་དཔྱད་ན་དཔྱད་གཞི་ཆེ་ཞིང༌། དེས་མཚོན་པའི་ཨུ་རྒྱན་གྱི་ཡུལ་དང༌། ཐེ་ལན་ཀྲི་དང༌། འབར་མ་ལ་སོགས་པའི་རྒྱལ་ཁབ་དུ་མའི་ནང་བོད་ཀྱི་མི་རིགས་ཁ་འཐོར་དུ་སོང་བ་ཡོད་པ་ནི་གདོན་མི་ཟ་བས་ཕྱི་རབས་པའི་ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱིས་ཞིབ་འཇུག་གནང་རྒྱུ་ནི་ཤིན་ཏུ་གལ་འགང་ཆེ་བ་ཞིག་རེད་སྙམ། སྟོད་ཀྱི་སྐོར་གསུམ་གྱི་སྐོར་ཕྱི་མ་འདི་ནི་སྐོར་བཞི་ལས་གྲུབ་སྟེ། ཞང་ཞུང་དང༌། ཁྲི་ཏེ་དང་ཞེས་སོ་སོར་བགྲངཞིང་། སྟོད་སྨད་གཉིས་སྐོར་གཅིག་ཏུ་བྱས་པས་སོ། །ཁ་ཅིག་ཁྲི་ཏེ་ཟེར་བ་དོར་ནས། ཁྲི་སྡེསྟོད།ཁྲི་སྡེ་སྨད། ཅེས་སྦྱར་བ་སྣང་མོད། ཁྲི་ཏེ་བྱ་བ་འདི་སྟོད་ཀྱི་ཆ་གང་ཡིན་ངོས་བཟུང་བ་ཡི་གེར་བཀོད་པ་མ་མཐོང་ཡང་དཔེ་རྙིང་རྣམས་སུ་མིང་འདི་ལྟར་འབྱུང་བས་རང་འགར་བཅོས་པ་དང་དོར་དུ་མི་རུང་སྙམ་མོ། །འདིའི་སྟོད་ཀྱི་སྐོར་གསུམ་དང༌། སྟོད་མངའ་རིས་བསྐོར་གསུམ་གཉིས་མི་འདྲ་བ་དང༌། སྤུ་རངས་དང་སྤུ་ཧྲེང་གཉིས་མི་འདྲ་བ་དང༌། སྦལ་ཏེ་དང་སྤུས་ཏི་གཉིས་མི་འདྲ་བ་སོགས་ཀྱི་ཁྱད་པར་མ་ཤེས་ན་ལོ་རྒྱུས་རྣམས་འཁྲུགས་པར་འགྱུར་བས་ཁྱད་པར་རྣམས་མ་འདྲེས་པར་འབྱེད་ཤེས་པར་བྱའོ། །གཉིས་པ་ནི། དབུས་ན་དབུ་རུ་དང་གཡོ་རུ་གཉིས། གཙང་ན་གཡས་རུ་དང་རུ་ལག་གཉིས་ཏེ་བཞིའོ།།

གསུམ་པ་སྨད་སྡེ་ཀྱི་ཁམས་གསུམ་མམ་སྒང་གསུམ་ནི། གནས་གཞི་ཆེན་པོ་ཞིག་ཆ་གསུམ་དུ་བཅད་པའི་ཡུལ་གསུམ་ལ་བྱེད་པས་འདིའི་ཁམས་དང་སྒང་གི་དོན་འདྲ་ལ། མདོ་ཁམས་ལ་སྨར་ཁམས་སུ་བཏགས་པ་ཁམས་གཅིག མདོ་སྨད་ལ་དབྱར་མོ་ཐང་དུ་བཏགས་པ་ཁམས་གཅིག །བཙོང་ཁ་ལ་གྱི་ཐང་དུ་བཏགས་པ་ཁམས་གཅིག་བྱས་པའི་བརྩི་ཚུལ་ནི་འགྲོ་མགོན་ཆོས་འཕགས་ཀྱི་སྐབས་སུ་བྱུང་བ་ཡིན་ལ། དེ་ནི་ཁམས་གསུམ་གྱི་དོད་བརྩི་བ་ཡིན་པ་ནི་དེ་དག་གི་གདགས་གཞི་མི་འདྲ་བས་ཤེས་ལ། སྤྱིར་བཏགས་པ་ཞེས་པའི་ཚིག་གི་ནུས་པས་ཀྱང་དེ་དག་དངོས་ཡིན་པ་འགོག་པའི་ནུས་པ་འདོན་པས། ཁམས་གསུམ་ནི་ཡོངས་གྲགས་ངག་རྒྱུན་ལ་ཁམས་ཀྱི་ཐ་སྙད་ཡོད་པ་སྨར་ཁམས་དང༌། འབར་ཁམས་དང༌། བཙོང་ཁ་བདེ་ཁམས་གསུམ་ལ་བྱེད་དགོསཔ་འདྲ་ལ། མདོ་ཁམས་ནི་ཁམས་གསུམ་གྱི་སྤྱི་མིང་ཡིན་པས་འདིའི་གྲངས་སུ་མི་བགྲང་བ་ཤེས་དགོས་སོ།།

གསུམ་པ་ཆོལ་ཁ་གསུམ་དུ་ཕྱེས་ནས་འཇོག་ཚུལ་ནི། ཧོར་སེ་ཆེན་རྒྱལ་པོས་འགྲོ་མགོན་ཆོས་རྒྱལ་འཕགས་པར་དབང་ལན་གསུམ་ཞུས་པའི་དབང་ཡོན་དང་པོའི་སྐབས་བོད་ཁྲི་སྐོར་བཅུ་གསུམ་དང༌། བར་པའི་སྐབས་ཆོས་དུང་དཀར་པོ་རྒྱང་གྲགས་གཙོས་ཆོལ་ཁ་གསུམ་དང༌། ཐ་མའི་སྐབས་བླ་མའི་ཐུགས་དགོངས་ལྟར་རྒྱའི་མི་ཡུར་ཆེན་པོ་སོགས་ཕུལ་སྐབས་ཁམས་གསུམ་གྱི་གདགས་གཞི་གསར་དུ་བཟོས་པ་ནི་གོང་དུ་བཤད་པ་ལྟར་དང༌། ཆོལ་ཁ་གསུམ་གྱི་གདགས་གཞི་ཡང་གསར་དུ་བཟོས་པ་ནི། མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོའི་བར་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་དང༌། སོག་ལ་སྐྱ་བོ་ནས་རྨ་ཆུ་ཁུག་པའི་བར་ལ་མདོ་སྟོད་མགོ་ནག་མིའི་ཆོལ་ཁ་དང༌། རྨ་ཆུ་ཁུག་པ་ནས་རྒྱའི་མཆོད་རྟེན་དཀར་པོའི་བར་ལ་མདོ་སྨད་གྱི་ལིང་རྟའི་ཆོལ་ཁར་བརྩི་བ་འདི་ཡིན་ལ། ས་ཆོལ་འདིའི་ནང་དུ་མངའ་རིས་གུང་ཐང་ཙམ་མ་གཏོགས་སྟོད་ཀྱི་ཕྱོགས་ཐམས་ཅད་མ་ཚུད་པའི་ཁྱད་པར་རྣམས་མ་འདྲེས་པར་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ངེས་པར་མཁྱེན་དགོས་པ་ཞིག་གོ །དེའི་གོང་དུའང་ཆོལ་གསུམ་གྱི་ཐ་སྙད་མེད་པ་མིན་ཏེ། སྟོད་ཀྱི་སྐོར་གསུམ་གྱི་ཡུལ་དང་བར་གྱི་དབུས་གཙང་རུ་བཞིའི་ཡུལ་ནི་དང་པོ་དམ་པའི་ཆོས་དར་བ་ལ་སོགས་ཀྱི་གནས་ཡིན་པས་ཆོས་ཀྱི་ཆོལ་ཁ་གཉིས་ཡིན་ལ། སྨད་མདོ་ཁམས་ནི་རྒྱལ་ཁབ་ཀྱི་ས་སྲུང་དུ་དམག་འཁྲུག་གི་ལས་བྱེད་ས་ཡིན་པས་དམག་བུ་རྟའི་ཆོལ་ཁ་ཞེས་ཆོལ་ཁ་གཅིག་ཏུ་བརྩིས་ཏེ་ཆོལ་གསུམ་བརྩི་བར་སྙམ་མོ། །

དེ་ནི་ངག་རྒྱུན་དུ། སྟོད་དབུས་གཙང་ཆོས་ཀྱི་ཆོལ་ཁ་ཞེས་པ་ལྟར་འབྱུང་ལ། དེའི་དོན་ཡང་སྟོད་ཀྱི་ཕྱོགས་ན་ཡོད་པའི་དབུས་གཙང་གཉིས་ཆོས་ཀྱི་ཆོལ་ཁ་གཅིག་ཡིན་ཞེས་མི་གོ་བར། སྟོད་ཀྱི་སྐོར་གསུམ་དང༌། བར་གྱི་དབུས་གཙང་གཉིས་ནི་ཆོས་ཀྱི་སྒོ་ནས་བཞག་པའི་ཆོལ་ཁ་གཉིས་ཡིན་ཞེས་པར་གོ་བ་ལེན་དགོས་ལ། དེའི་ཤུགས་ཀྱིས་སྨད་མདོ་ཁམས་ནི་མི་དང་རྟའི་ཆོལ་ཁ་གཉིས་སུ་མི་བྱེད་པར་བུ་རྟའི་ཆོལ་ཁ་གཅིག་ཏུ་དོན་གྱིས་འཕེན་ནོ། །དེས་ན་འདི་གསུམ་གྱི་གདགས་གཞི་ནི་སྟོད་བར་སྨད་གསུམ་དུ་ཕྱེ་བའི་གདགས་གཞི་ལས་ལོགས་སུ་མེད་ཅིང༌། ཆོས་དང་ས་སྲུང་གི་བྱ་བ་བྱེད་ཚུལ་གྱི་སྒོ་ནས་ཆོལ་གསུམ་ཞེས་མིང་དུ་བཏགས་པ་ཙམ་མོ། །གཞན་དུ་ན་དབུས་གཙང་གཉིས་ཆོས་ཀྱི་ཆོལ་ཁ་གཅིག་ཏུ་བརྩིས་ན་ནི་བོད་ཡུལ་ཡོངས་སུ་རྫོགས་པ་ཆོལ་གསུམ་གྱི་ནང་དུ་མ་འདུས་པའི་སྐྱོན་འབྱུང་བས་ལོ་རྒྱུས་ལ་སྣང་ཆུང་མ་བྱས་ན་བཟང༌། དེ་བཞིན་དུ་སྒང་དྲུག་གི་གདགས་གཞི་ཡང་གསར་དུ་བཟོས་མིན་ལ་དཔྱད་གཞི་ཆེ་ཡང་གཞན་དུ་བཤད་པར་འདོད་དོ།།

གཉིས་པ་བརྟེན་པ་བཅུད་ཀྱི་ཁྱད་པར་བཤད་པ་ནི། བོད་ཀྱི་ལོ་རྒྱུས་རྣམས་སུ་ལྗོངས་འདི་འགྲོ་བ་བྱུང་ཚུལ་ནི། སྲིད་སྒྲུབ་དཔུང་གི་ཁ་ལོ་བ་བྱས་པའི་སྐྱ་སེང་བུ་ལྔས་འཐབ་དཀའི་རིགས་དཔུང་གི་ཚོགས་བཅོ་བརྒྱད་དང་གཡུལ་འགྱེད་པའི་ཚེ། རཱུ་བ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་དང་བཅས་བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་བྲོས་ནས། རི་ཁ་བ་ཅན་གྱི་ཁྲོད་དུ་ཞུགས་པ་ཕྱོགས་དེར་གནས་པ་ལས་མཆེད་པར་བཤད་པའི་ཚུལ་གཅིག་དང༌། འཕགས་པ་སྤྱན་རས་གཟིགས་ཀྱི་ཕྱག་གཡོན་པའི་འོད་ཟེར་ལས། བྱང་ཆུབ་སེམས་དཔའ་སྤྲེའུའི་རྒྱལ་པོ་ཧ་ལུ་མཉྫུ་ཞེས་བྱ་བའི་སྤྲུལ་པ་ཞིག་བྱུང་ལ། སྤྲུལ་པའི་སྤྲེའུ་དེས་འཕགས་མཆོག་སྤྱན་རས་གཟིགས་ལས་སྡོམ་པ་ལྔའི་ཁྲིམས་གཟུང་ཞིང༌། ཟབ་རྒྱས་ཀྱི་ཆོས་ལ་མཁས་པར་བྱས་ནས་བྱང་ཕྱོགས་ཁ་བ་ཅན་དུ་སྒོམ་བྱེད་དུ་བྱོན་པ་དང༌། སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་དང་ཁྱིམ་ཐབས་སུ་འདུས་པ་ལས། འགྲོ་བ་རིགས་དྲུག་ལས་འཕོས་པའི་ཕྲུག་གུ་གཤིས་ཀ་མི་འདྲ་སྡེ་པ་དྲུག་བྱུང་སྟེ། དེ་ཡང་ལྷ་ལས་འཕོས་པ་ནི། དལ་བ་དང༌། ཡིད་གཞུང་བ། རྒྱུད་འཇམ་པ། ལྷ་མ་ཡིན་ལས་འཕོས་པ་ནི། ཞེ་སྡང་ཆེ་བ་དང༌། འཐབ་པ་ལ་དགའ་བ། མི་ལས་འཕོས་པ་ནི། འདོད་པའི་ལོངས་སྤྱོད་ལ་སྲེད་པ་ཆེ་བ། ནོར་རྫས་ལ་དགའ་བ། དུད་འགྲོ་ ལས་འཕོས་པ་ནི། གོ་བ་ཞན་པ་དང༌། ཤེས་རབ་ཆུང་བ། ཡི་དྭགས་ལས་འཕོས་པ་ནི། ལུས་བྱད་ངན་ལ་ལྟོ་ལ་ཞེན་པ་དང༌། སེར་སྣ་ཆེ་བ། དམྱལ་བ་ལས་འཕོས་པ་ནི། ཁྲོ་གཏུམ་ཆེ་བ་དང༌། སྡུག་བསྔལ་ལ་བཟོད་སྲན་ཆེ་བ་རྣམས་འབྱུང་སྟེ། དེ་དག་ཀྱང་རིམ་གྱིས་འཕེལ་ནས་རེ་ཞིག་ན། མེས་པོས་ཆེ་གཞི་བྱས་ཏེ་ཞིང་རྣམས་ཁག་བཞིར་བགོས་ནས་གཏད་པ་ལྟར་སོ་སོར་གྱེས་པས། སེ་དང༌། རྨུ་དང༌། ལྡོང་དང༌། སྟོང་སྟེ་ནང་གི་མིའུ་རིགས་བཞིའམ་དྲུག་ཏུ་བྱུང་ཞེས་པའི་བཤད་ཚུལ་གཅིག་སྟེ་བཤད་ཚུལ་གཉིས་སོ། །དེ་གཉིས་ལས་བཤད་ཚུལ་ཕྱི་མའི་སྐབས་སྤྲེའུ་དེ་ཡང་སྤྲེའུ་ཕལ་པ་ཞིག་མ་ཡིན་པར་འཕགས་པ་སྤྱན་རས་གཟིགས་ཀྱི་ཕྱག་གཡོན་པའི་འོད་ཟེར་ལས་སྤྲུལ་བར་བཤད་པ་དང༌། སྲིན་མོ་དེ་ཡང་སྒྲོལ་མའི་སྤྲུལ་པར་བཤད་པ་དེ་དག་ནི་དག་སྣང་སྦྱང་བ་གཙོ་བོར་བྱེད་པའི་དབང་དུ་བྱས་པའམ། ཡང་ན་ལྷ་སྒྲུང་གི་ཚུལ་གྱིས་བཤད་པ་གང་རུང་ལས་མ་འདས་པས་དེ་གནས་ཚོད་དུ་ཁས་ལེན་ནི་ཤིན་ཏུ་དཀའ་ལ། བདག་ཅག་གི་སྟོན་པ་འཇིག་རྟེན་དུ་བྱོན་པའི་སྐབས་སུ། ཁ་བ་ཅན་ན་མིའི་འགྲོ་བ་མེད་ཅེས་བཤད་པའི་ཁུངས་བརྟེན་ས་ནི། ཟ་མ་ཏོག་བཀོད་པའི་མདོའི་འཁོར་ལོ་ཐ་མ་ལས། བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁམས་ཀྱི་སེམས་ཅན་ནི་ད་ལྟ་དུད་འགྲོར་སོང་བས་སེམས་ཅན་མིའི་མིང་མེད་དོ། །ཞེས་པའི་ལུང་འདི་ཡིན་ལ། ལུང་དེའི་དོན་ནི་དེ་དུས་ཁ་བ་ཅན་གྱི་འགྲོ་བ་དེ་དག་ངོ་བོ་དུད་འགྲོ་ཡིན་པས་དུད་འགྲོར་སོང་བ་དང༌། སེམས་ཅན་མིའི་འགྲོ་བ་གང་ཡང་མེད་པས་མིའི་མིང་ཙམ་ཡང་མེད་པའི་དོན་མ་ཡིན་པར། འཇིག་རྟེན་མི་ཆོས་ཙམ་ཡང་ལེགས་པར་སྤྱད་པ་མེད་པས་མིའི་འགྲོ་བ་དེ་དག་དུད་འགྲོ་དང་འདྲ་བར་སོང་བས། དམ་པའི་ཆོས་ཀྱིས་ངེས་ལེགས་སུ་འཁྲིད་དུ་རུང་བའི་སྐལ་བ་དང་ལྡན་པའི་སེམས་ཅན་མིའི་མིང་ཡང་མེད་ཞེས་པའི་དོན་ཡིན་ནོ།། མདོ་འདིར་ཁ་བ་ཅན་གྱི་ཡུལ་ཁམས་ཞེས་མ་གསུངས་པར་ཁབ་ཅན་གྱི་རྒྱལ་ཁམས་ཞེས་གསུངས་པས་ཀྱང་གནས་དེར་མིའི་འགྲོ་བ་ཡོད་པར་མ་ཟད། དེ་ལ་རྒྱལ་ཁྲིམས་ཀྱིས་དབང་སྒྱུར་བྱེད་པ་པོ་ཡོད་པར་སྟོན་ལ། དེ་མེད་ན་རྒྱལ་ཁམས་ཞེས་པའི་མིང་མི་ཐོབ་པའི་ཕྱིར་སྙམ་མོ། །དེས་ན་སངས་རྒྱས་འཇིག་རྟེན་དུ་མ་བྱོན་པའི་སྔོན་ནས་ཀྱང༌། རྒྱ་གར་ཡུལ་དབུས་སོགས་དང༌། ལི་ཡུལ་དང༌། རྒྱ་ནག་དང༌། འབར་མ་དང༌། ཁ་ཆེ་ལ་སོགས་པ་རང་རང་གི་གནས་ན་ཇི་ལྟར་ཡོད་པ་དེ་བཞིན་དུ། ཁ་བའི་ལྗོངས་སུ་བོད་མིའི་འགྲོ་བ་ཡོད་པ་ལ་ལུང་རིགས་གང་གིས་ཀྱང་མི་གནོད་པར་མ་ཟད། དེང་སང་ཚན་རིག་པ་རྣམས་ཀྱིས་ཀྱང་ལོ་བཞི་སྟོང་སྔོན་ནས་མིའི་འགྲོ་བ་ཡོད་པར་ངོས་འཛིན་གནང་བ་སོགས་ནི་དངོས་པོའི་གནས་ཚུལ་དང་བར་ཐག་ཉེ་བ་ཞིག་ཏུ་མཐོང་ངོ༌།།

གསུམ་པ་ཁྱད་པར་གྱི་ཆོས་གཞན་བཤད་པ་ལ་གཉིས། གནས་དེ་ལུང་ལས་ཇི་ལྟར་བསྔགས་པའི་ཚུལ་འགོད་པ་དང༌། རྒྱལ་བའི་གསུང་རབ་དང་བཅས་པའི་བསྟན་བཅོས་རྣམ་ས་ཇི་ལྟར་བསྒྱུར་བ་དང་བཞེངས་པའི་ཚུལ་བཤད་པའོ། །དང་པོ་ནི། བདེ་མཆོག་ཉུང་ངུའི་ལེའུ་རྩ་གཅིག་པ་ལས། བོད་ཀྱི་ཡུལ་དང་དེ་བཞིན་དུ། །མ་ལ་ཝ་དང་པུལླི་སོགས། །ཉི་ཤུ་རྩ་བཞིའི་གནས་ཡིན་ནོ། །ཞེས་པ་ཉི་ཤུ་རྩ་བཞིའི་ཡུལ་གྱི་གསུང་གི་འཁོར་ལོའི་ནང་ཚན་དུ་བཤད་པ་དང༌། ཀྱེ་རྡོ་ལས་གནས་དང་ས་སྦྱར་བའི་བཅུ་གཉིས་པར་བཤད་པ་དང༌། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བོད་ཡུལ་དུ་ནི་ལྷན་སྐྱེས་ཏེ། །ཞི་ཞིང་གསལ་བའི་གཟུགས་ཅན་མ། །ཆུ་སྲིན་རྒྱལ་མཚན་ལེགས་ན་ཐོགས། །ཕྲག་གི་ཁྱིམ་ལ་བརྟེན་ཏེ་གནས། །རང་བྱུང་གི་ནི་སྐྱེ་གནས་ཅན། །ཞེས་དང༌། ལྷ་མོ་དྲི་མ་མེད་པའི་ཞུས་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་དང༌། འཕགས་པ་བརྒྱད་སྟོང་པར་ཡུལ་ཡོངས་སུ་སྦྱོང་བར། ཡུལ་དབུས་ནས་ལྷོ་ཕྱོགས་སུ་དར་བར་འགྱུར་རོ། །ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་དར་བར་འགྱུར་རོ། །བྱང་ཕྱོགས་ནས་བྱང་ཕྱོགས་སུ་དར་བར་འགྱུར་རོ། །ཞེས་དང༌། འཇམ་དཔལ་རྩ་རྒྱུད་དུ། ང་ཡི་དུས་ནས་ལོ་བརྒྱ་ན། །ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་དང༌། མདོ་སྡེ་པདྨ་དཀར་པོ་དང༌། ཟ་མ་ཏོག་བཀོད་པའི་མདོའི་འཁོར་ལོ་ཐ་མ་ལས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་ལུང་བསྟན་སྡེ་པ་དང༌། ལྷག་པར་དུ་ལུང་སྔ་མ་ལས། མ་འོངས་དུས་སུ་དམ་པའི་ཆོས་ཉི་མ་ཤར་བ་ལྟ་བུ་ཞིག་དར་ཞིང་རྒྱས་པར་འདུག་སྟེ། སེམས་ཅན་དེ་རྣམས་ཀྱང་ཐར་པ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་འགྱུར་རོ། །ཞེས་གསུངས་ལ། གཞན་ཡང་པུར་རྒྱལ་བོད་ཀྱི་ཡུལ་ལ་བསྔགས་པ་ནི་མཁའ་འགྲོ་མ་རྣམས་ཀྱི་རྡོ་རྗེ་མགུར་བླངས་པ་ལས། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད། །གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །ཚོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། །དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །རི་པདྨ་སྟོང་ལྡན་དབྱིབས་ལེགས་པ། །དུས་དགུན་གསུམ་དཀར་པོ་ཤེལ་གྱི་མདོག །དུས་དབྱར་གསུམ་སྔོན་པོ་གཡུ་ཡི་མདོག །དུས་སྟོན་གསུམ་སེར་པོ་གསེར་གྱི་མདོག །དུས་དཔྱིད་གསུམ་ཁྲ་བོ་གཟི་ཡི་མདོག །མདོག་ཕུན་སུམ་ཚོགས་པའི་རི་བོ་ལ། །ལྟས་ཁྱད་པར་འཕགས་པའི་མཚན་མ་ཡོད། །དུང་དཀར་པོ་གཡས་སུ་འཁྱིལ་བ་ལ། །དར་དམར་པོ་རཱ་གའི་ཅོད་པན་ཡོད། །མི་ཁྱོད་ཀྱི་སྙན་པ་ཕྱོགས་བཅུར་འཕེལ། །དཔལ་བེའུའི་རིས་བསྐོར་བརྒྱན་པ་ལ། །ནགས་བཀྲ་ཤིས་ཡལ་འདབ་རྒྱས་པ་ཡོད། །མི་ཁྱོད་ཀྱི་བུ་སློབ་ཕྱོགས་བཅུར་འཕེལ། །རི་བོགས་ཆད་གཡུ་ཡི་བུམ་པ་ལ། །ཆུ་ཡན་ལག་བརྒྱད་ལྡན་ཆུ་མིག་འབབ། །མི་ཁྱོད་ཀྱི་ཐུགས་རྗེ་བསིལ་བར་བྱེད། །གནམ་སྔོན་པོ་གཡུ་བྱའི་གདུགསསུ་ཕུབ། །ལས་ཉོན་མོངས་ཚད་པ་ཞི་བར་བྱེད། །མི་ཁྱོད་ཀྱི་དགེ་བཤེས་འཕེལ་བའི་རྟགས། །རི་ཟུར་གསུམ་བྲག་གཞུང་གནམ་དུ་མཐོ། །དེ་མཁའ་འགྲོའི་རྒྱལ་མཚན་སྒྲེང་བ་འདྲ། །མི་ཁྱོད་ཀྱི་གནས་དེར་བསྟན་པ་སྤེལ། །ས་རྩེ་བརྒྱད་ལུང་པ་ཕྱོགས་སུ་གྱེས། །དེ་འཁོར་ལོའི་རྩིབས་བརྒྱད་ཕུབ་པ་འདྲ། །མི་ཁྱོད་ཀྱི་མི་མཐུན་གཅོད་པའི་རྟགས། །ཐང་ཆེན་པོའི་དཀྱིལ་ན་རི་ཆུང་ཉལ། །མཚོ་ཆེན་པོའི་ནང་གི་ཉ་མོ་འདྲ། །མི་ཁྱོད་ཀྱི་སྤྱན་སྔ་འཕེལ་བའི་རྟགས། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །མི་ཁྱོད་ཀྱི་ཞིང་ཁམས་དེ་ནཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །འབྲུ་སྣ་ཚོགས་སྨིན་པའི་ཞིང་ས་ཅན། །འབྲུ་བང་མཛོད་རྒྱས་པའི་རྟགས་སུ་བཟང༌། །ཤིང་སྣ་ཚོགས་སྐྱེས་པ་ནགས་ཀྱི་ཁྲོད། །གནས་ཁང་བཟང་འཕེལ་བའི་རྟགས་སུ་བཟང༌། །ཆུ་མི་ཆེ་རྒྱ་མཚོ་ཆེན་པོ་མེད། །ཆུ་མི་ཆུང་ཆུ་བོ་གྲངས་མེད་འབབ། །ཆུ་སྙོམས་པས་ཡུལ་མི་རྟག་ཏུ་བདེ། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ནི་ཁྱོད་ཀྱི་ཞིང་ཁམས་ཡིན། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཤར་ལྷུན་པོའི་རྩེ་ནས་ཉི་མ་འཆར། །ཕྱོགས་གཞན་གསུམ་མི་ནོར་ཤུགས་ལ་ཤེས། །འཆར་མི་སྔ་སྔ་དུས་བསམ་གཏན་འཕེལ། །འཆར་མི་འཕྱི་ཉི་འོད་སྨིན་པ་ལ། །ལུས་བག་ཕེབ་བདེ་བར་སྤྱོད་པར་བྱེད། །རྒས་མི་སྔ་ཕོ་རབ་མདུན་ཐང་འཕེལ། །རྒས་མི་འཕྱི་མཛངས་མའི་ལས་རྣམས་འགྲུབ། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །ཡུལ་བཀྲ་ཤིས་འབྱུང་དེ་ཁྱོད་ཀྱི་ཞིང༌། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཅེས་སོགས་གསུངས་སོ།།

གཉིས་པ་རྒྱལ་བའི་གསུང་རབ་དང་བཅས་པའི་བསྟན་བཅོས་རྣམས་ཇི་ལྟར་བསྒྱུར་བ་དང་བཞེངས་པའི་ཚུལ་བཤད་པ་ནི། དེ་ལྟ་བུའི་ཞིང་དེ་རུ་བསམ་བཞིན་དུ་མིའི་སྲིད་པར་སྐྱེ་བ་བཟུང་བའི་ཆོས་ཀྱི་རྒྱལ་བློན་རྣམས་དང༌། དེ་དག་གིས་སྤྱན་དྲངས་པ་དང༌། སྔོན་གྱིས་སྨོན་ལམ་བཟང་པོའི་ཕོ་ཉས་ཡོངས་སུ་བསྐུལ་ཏེ་བྱོན་པའི་འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་ཤེས་བྱ་རིག་པའི་གཞུང་ལུགས་རབ་འབྱམས་ཡུལ་ལ་རྣམ་པར་བལྟ་བའི་མཁྱེན་རབ་ཀྱི་མིག་དཀྱུས་ཐུང་ངུར་མ་གྱུར་པ་རྣམས་དང༌། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་འཇིག་རྟེན་ཐམས་ཅད་ཆོས་ཀྱིས་སྣང་བར་བྱེད་ཅིང༌། འཇིག་རྟེན་ཀུན་གྱི་མིག་ཏུ་གྱུར་པ་རྣམས་ཀྱིས་ཐུགས་བསྐྱེད་དང་བརྟུན་པ་བརྒྱ་ཕྲག་བརྩེགས་པའི་བཀའ་དྲིན་གྱི་ཤིང་རྟས། རྒྱ་གར་དང༌། ཁ་ཆེ་དང༌། ཟ་ཧོར་དང༌། བལ་པོ་དང༌། ལི་ཡུལ་དང༌། ཤམ་བྷ་ལ་དང༌། ཨོ་རྒྱན་དང༌། རྒྱ་ནག་ལ་སོགས་པ་རྣམས་ནས་བདེ་བར་གཤེགས་པའི་བཀའ་དང་བསྟན་བཅོས་ཀྱི་རིགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། གངས་ཅན་གྱི་སྐད་དང་རྗེས་སུ་མཐུན་པའི་བརྡའི་ལམ་དུ་བསྒྱུར་བ་དང༌། བཤད་པ་དང༌། དཔྱད་པ་གསུམ་གྱི་སྒོ་ནས་ལེགས་པར་གཏན་ལ་ཕབ་སྟེ། གངས་རིའི་ཁྲོད་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱའི་རྒྱལ་པོའི་བསྟན་པ་དྲི་མ་མེད་པ་དེ་ཉིད་ཤིན་ཏུ་དར་ཞིང་རྒྱས་པར་མཛད་ཅིང༌། དེ་དང་མཉམ་དུ་སྤྲུལ་པའི་རྒྱལ་བློན་ཆེན་པོ་རྣམས་ཀྱིས་བདེ་བར་གཤེགས་པའི་བཀའ་ལུང་དགོངས་འགྲེལ་དྲི་མ་མེད་པ་དང་བཅས་པའི་གླེགས་བམ་གྱི་ཚོགས་བགྲང་གིས་མི་ལང་པ་མང་པོ་ཐུགས་དམ་གྱི་རྟེན་དུ་བཞེངས་ཏེ་མཆོད་ཅིང་རྗེད་པ་དང༌། ཉན་པ་དང་བཤད་པ་ལ་སོགས་པའི་སྲོལ་བཟང་པོ་ནམ་ཡང་བསུབ་ཏུ་མེད་པར་བཙུགས་ཤིང༌། ཁྱད་པར་དུ་ཆོས་ཀྱི་རྒྱལ་པོ་སད་ན་ལེགས་མཇིང་ཡོན་གྱི་སྐུ་རིང་ལ། སྐད་གཉིས་སྨྲ་བའི་དབང་པོ་བནྡེ་དཔལ་བརྩེགས་རཀྵི་ཏ་དང༌། དེ་ཝིནྡྲ་དང༌། དཔལ་གྱི་ལྷུན་པོ་ལ་སོགས་པས་འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་ན་བཞུགས་པའི་གསུང་རབ་རྣམས་ལ། ཚེག་བར་བརྒྱད་ལ་རྐང་པ་གཅིག་ཏུ་བརྩིས་པའི་རྐང་པ་བཞིའི་ཚོགས་པ་ལ་ཤློ་ཀ་དང༌། དེ་སུམ་བརྒྱ་ལ་སོགས་པ་ལ་བམ་པོའི་ཚད་དུ་བྱས་ཏེ། གཞུང་ཚད་དེ་ཉིད་ཀྱིས་ལེགས་པར་གཞལ་བའི་ཐེམ་བྱང་མ་འཁྲུལ་བར་ཆོས་ཚན་འདི་དང་འདི་ལ་རྣམ་གྲངས་འདི་དང་འདི་བཀོད་པ་དཀར་ཆག་འཕང་ཐང་མར་གྲགས་པ་སྟེ། བོད་ལ་དམ་པའི་ཆོས་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཐོག་མ་དེ་འདི་ཡིན་པར་གྲགས་ཤིང༌། དེའི་རྗེས་སུ་སྒྲ་བསྒྱུར་གྱི་བནྡེ་དཔལ་བརྩེགས་དང༌། འཁོན་ཀླུའི་དབང་པོས་བསྲུངས་པ་ལ་སོགས་པས་སྟོང་ཐང་ལྡན་དཀར་གྱི་ཕོ་བྲང་ན་བཞུགས་པའི་གསུང་རབ་དང་བསྟན་བཅོས་བོད་ཀྱི་རྒྱལ་ཁམས་སུ་འགྱུར་རོ་འཚལ་བམ་པོ་དང་ཤློ་ཀའི་གྲངས་སུ་འདི་དང་འདི་མཆིས་ཞེས་ངེས་པར་གཏན་ལ་ཕབ་ཟིན་པ་རྣམས་ཀྱི་མཚན་བྱང་དཀར་ཆག་ཏུ་བཏབ་པ་ལ་དཀར་ཆག་དཀར་ལྡན་མར་གྲགས་པ་བྱུང༌། དེའི་རྗེས་སུ་བཙན་པོ་ལྡེ་ཁྲི་སྲོང་བཙན་ཕོ་བྲང་འོན་ཅང་གི་རྡོར་བཞུགས་པ་ན། ཉི་འོག་གི་མཁན་པོ་ཨཱ་ཙཱརྱ་ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོ་དྷི་དང༌། ཤི་ལེནྡྲ་བོ་དྷི་དང༌། དཱ་ན་ཤཱི་ལ་དང༌། བོ་དྷི་མི་ཏྲ་དང༌། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང༌། དྷརྨ་ཏ་ཤཱི་ལ་དང༌། ལོ་ཙཱ་བ་མཁས་པ་ཛྙཱ་ན་སེ་ནཱ་དང༌། ཛ་ཡ་རཀྵི་ཏ་དང༌། མཛྙུ་ཤྲཱི་ཝརྨ་དང༌། རཏྣནྡྲེ་ཤཱི་ལ་ལ་སོགས་པ་རྣམས་ཀྱིས་ཐེག་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་གཞན་དུ་མི་བསྒྱུར་ཞིང༌། དེ་ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་ཅེས་བཀའ་སྩལ་བར་བརྟེན། དེ་རྣམས་ཀྱིས་ཀྱང་རྒྱལ་བའི་གསུངརབ་དང་བསྟན་བཅོས་ཀྱི་རིགས་སྔར་བསྒྱུར་བ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། གསར་དུ་ཡང་མང་པོ་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་ཅིང༌། སླན་ཆད་ཀྱང་དེ་ལས་མི་བསྒྱུར་བར་བཀས་བཅད་པ་སྒྲ་སྦྱོར་བམ་པོ་གཉིས་པ་མཛད། དེ་རྗེས་བསྟན་པ་ཕྱི་དར་གྱི་དུས་སུ་ཆོས་རྒྱལ་ཆེན་པོ་རྣམས་ཀྱི་ཐུགས་བསྐྱེད་ལས། ས་སྟེང་ན་ཉི་ཟླ་ལྟར་ཡོངས་སུ་གྲགས་ཤིང་གྲུབ་པའི་པཎྜི་ཏ་ཇི་སྙེད་བྱོན་པ་རྣམས་དང༌། སྐད་གཉིས་སྨྲ་བའི་དབང་པོ་སྤྲུལ་པའི་ལོ་ཙཱ་བ་རྣམས་ཀྱིས་གསུང་རབ་སྔར་བསྒྱུར་བ་རྣམས་ཀྱང་ཞུ་ནན་གྱི་སྒོ་ནས་གཏན་ལ་ཕབ་སྟེ་སྒྲོ་བཀུར་གྱི་དྲི་མ་དང་བྲལ་བར་མཛད། སྔོན་ཆད་བོད་དུ་མ་བསྒྱུར་བའི་བཀའ་དང་བསྟན་བཅོས་ཀྱི་རིགས་དཔག་ཏུ་མེད་པ་ཡང་གསར་དུ་བསྒྱུར་ཅིང་ཞུ་བ་དང༌། བཤད་པ་ལ་སོགས་པས་ལེགས་པར་སྤེལ་བ་ལ་བརྟེན་ནས་གངས་རིའི་ཁྲོད་འདིར་དམ་པའི་ཆོས་ཀྱི་འབྱོར་པ་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཚོགས་ཀྱིས་སྔོན་དུས་འཕགས་པའི་ཡུལ་དུ་ཇི་ལྟར་བྱུང་བའི་ངོ་མཚར་གྱི་ཕུང་པོ་ལ་འགྲན་བཟོད་པའི་རང་བཞིན་དུ་གྱུར་ཏོ།།

དུས་ཕྱིས་གཙུག་ལག་ཟུང་གི་མཁྱེན་རབ་རྣམ་པར་ཡངས་པའི་དཔོན་ཆེན་པོ་ཀུན་དགའ་དོན་གྲུབ་ཀྱི་བསོད་ནམས་གསོག་པའི་རྟེན་དུ། བསྟན་བཅོས་འགྱུར་རོ་འཚལ་བཞེངས་པའི་དུས་སུ། ཆོས་གྲྭ་ཆེན་པོ་སྣར་ཐང་ན་བཞུགས་པའི་བསྟན་བཅོས་འགྱུར་རོ་འཚལ་ལ་མ་ཕྱིར་བཟུང་སྟེ། དེ་ཉིད་དུ་བཞུགས་པའི་ཆོས་ཚན་རྣམས་དང༌། གསར་དུ་བསྒྱུར་བའི་བསྟན་བཅོས་ཀྱི་རིགས་རྣམས་དབུས་གཙང་གི་ཆོས་གྲྭ་ཆེ་ཆུང་རྣམས་ནས་འབད་པ་ཆེན་པོས་བཙལ་ཏེ། ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་ཙམ་རྙེད་པ་བསྣན་པ་དང་བཅས་པའི་བསྟན་བཅོས་རིན་པོ་ཆེ་སྟོང་ཕྲག་གསུམ་དང་སུམ་བརྒྱ་དྲུག་ཅུ་རྩ་གཉིས་བཞུགས་པའི་གླེགས་བམ་གྱི་ཚོགས་བཞེངས་ཏེ་ལེགས་བྱས་ཀྱི་རྒྱ་མཚོ་ཆེན་པོ་བསྐྱིལ་བར་མཛད་ཅིང༌། དུས་དེར་གངས་ཅན་གྱི་ཁྲོད་ན་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོ་བུ་སྟོན་རིན་ཆེན་གྲུབ་ཅེས་པའི་དགེ་བའི་བཤེས་གཉེན་ཆེན་པོ་དེས། ཆོས་ཀྱི་རྣམ་གྲངས་མཐའ་དག་གི་མཚན་བྱང་དང༌། མཛད་འགྱུར་མཐའ་དཔྱད་དང་བཅས་པའི་སྒོ་ནས་གཏན་ལ་ཕབ་པའི་བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་འཕྲེང་བ་ཞེས་བྱ་བ་བརྩམས་སོ།། དེའི་རྗེས་སུ་ཏའི་སི་ཏུ་ཆེན་པོ་བྱང་ཆུབ་རྒྱལ་མཚན་གྱིསསྡེ་སྔོན་གྱི་རྒྱལ་བློན་བཟང་པོ་རྣམས་ཀྱི་རྣམ་པར་ཐར་པ་བསྐྱང་བར་བྱ་བ་ལ་སོགས་པའི་དགོས་པ་དུ་མའི་ཕྱིར། དཔལ་ཞ་ལུ་གསེར་ཁང་གི་གཙུག་ལག་ཁང་ན་བཞུགས་པའི་བསྟན་བཅོས་འགྱུར་རོ་འཚལ་ཕྱི་མོར་བཟུང་སྟེ། དེར་མ་ཚུད་པའི་དཔེ་དཀོན་པ་ཕྱིས་སུ་རྙེད་པ་དང༌། གསར་དུ་འགྱུར་བ་སུམ་ཅུ་རྩ་བརྒྱད་ཙམ་བསྣན་པ་དང་བཅས་པ་རྣམས་ལ་སྒྲོ་སྐུར་གྱི་མཐའ་སྤངས་པའི་ཕྱིར། ལུང་རིགས་སྨྲ་བའི་དབང་པོ་ཤཱཀྱ་འོད་དང༌། བྱང་ཆུབ་རྒྱལ་མཚན་པ་རྣམས་ཀྱིས་ཞལ་ཏ་ལེགས་པར་མཛད་དེ། ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་གསུམ་དང་བཞི་བརྒྱ་ཉི་ཤུ་རྩ་དགུ་བཞུགས་པའི་གླེགས་བམ་གྱི་ཚོགས་རྣམས་བཞེངས་ཏེ། ཀུན་མཁྱེན་བུ་སྟོན་ཆེན་པོས་སླར་བསྣན་པ་རྣམས་དང་བཅས་པ་དཀར་ཆག་ཏུ་བཏབ་སྟེ། དེའི་དཀར་ཆག་ཡིད་བཞིན་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བརྩམས་ཤིང༌། ཡང་རྒྱལ་པོ་ཆེན་པོ་ཨ་མགོན་བཟངཔོ་དང༌། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཀུན་དགའ་བཟང་པོ་ཉིད་སྤྱན་འདྲེན་པར་མཛད་དེ། བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་འགྱུར་རོ་འཚལ་རྣམས་བཞེངས་པ་ན། དེའི་སྒྲིག་རིམ་དང་དོན་འགའ་ཞིག་ཐེ་ཚོམ་ཅན་ཡིན་མིན་གྱི་མཐའ་དཔྱད་དང་བཅས་པ་ལེགས་པར་མཛད་དེ། མཚན་ཉིད་ཐེག་པའི་བསྟན་བཅོས་འགྱུར་རོ་འཚལ་དང༌། རྡོ་རྗེཐེག་པའི་བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་གཉིས་མཛད་དོ།།

གཞན་ཡང་སྡེ་སྲིད་མིའི་དབང་པོ་སངས་རྒྱས་རྒྱ་མཚོ་ཞེས་ཤེས་བྱ་རིག་པའི་གནས་ཐམས་ཅད་གང་གི་མཁྱེན་དཔྱོད་ཀྱི་མེ་ལོང་དུ་རྣམ་པར་བཀྲ་བ་དེས། ཚངས་སྲས་བཞད་པའི་རྡོ་རྗེ་ངག་དབང་བློ་བཟངརྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ་ཞེས་པ། ལུགས་གཉིས་ཀྱི་འཁོར་སྒྱུར་ཆེན་པོ་དེ་ཉིད་ཀྱི་ཞབས་པད་མི་འགྱུར་རྡོ་རྗེ་ཁྲི་ལ་བརྟན་པར་བཞུགས་པའི་རིམ་གྲོར་དམིགས་ནས། འཕྱོང་རྒྱས་འཕྱིང་བར་སྟག་རྩེའི་ཕོ་བྲང་དུ། ཞ་ལུ་གསེར་ཁང་གི་བསྟན་བཅོས་འགྱུར་རོ་འཚལ་ཕྱི་མོར་བགྱིས་ནས་ཡར་ལུང་པས་བཞེངས་པའི་བསྟན་བཅོས་འགྱུར་རོ་འཚལ་ཉིད་ལས་རིམ་པར་བརྒྱུད་དེ་མཆེད་པའི་བུ་དཔེ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་དང་། སེ་ར་ཐེག་ཆེན་གླིང་དང༌། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང༌། འཕྱོང་རྒྱས་ལ་སོགས་པར་བཞུགས་པའི་ཕྱི་མོ་རྣམས་དང༌། དེར་མ་བཞུགས་པ་བུ་སྟོན་རིན་པོ་ཆེ་ནས་དེང་གི་བར་གྱི་གསར་འགྱུར་དང༌། མདོ་དང་སྔགས་དང༌། རིག་གནས་ཀྱི་དཔེ་རྙིང་ཁུངས་བཙུན་པ་སྔར་མ་ཚུད་པ་རྣམས་དང་བཅས་པའི་ཁྱོན་བདུན་བརྒྱ་དང་བརྒྱད་ཙམ་བསྣན་པ་དང་བཅས་པསཁྱོན་བསྡོམས་པར་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བཞི་དང་ཉིས་བརྒྱ་དགུ་ཙམ་བསགས་པ་ལ། མ་ཕྱིར་སྡེབ་ཀྱི་ཞུ་ཆེན་པ་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་གཙོས་པའི་བརྡ་དག་དང་རིག་པའི་གནས་བྱང་ཆུབ་པ་རྣམས་ཀྱིས་བགྱིས་ཏེ་བཞེངས་ནས། དེའི་དཀར་ཆག་འཇིག་རྟེན་གསུམ་དུ་བདེ་སྐྱིད་པད་ཚལ་བཞད་པའི་ཉིན་བྱེད་ཅེས་བྱ་བ། རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་ྋགོང་ས་ལྔ་པ་ཆེན་མོས་བརྩམས་སོ། །དེ་ལ་སོགས་པ་སྔོན་གྱི་མཁས་པ་ཆེན་པོ་ཐུབ་དབང་བསྟན་པའི་རྩ་ལག་དམ་པར་གྱུར་པ་རྣམས་ཀྱིས་ལན་གྲངས་དུ་མར་བརྡ་དང་དོན་གྱི་ཞུ་ཆེན་གྱིས་ལེགས་པར་གཏན་ལ་ཕབ་སྟེ། བོད་གངས་ཅན་པ་རྣམས་ཀྱི་གཙོས་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་ས་དམ་པར་བཞུགས་པ་འདི་བཞིན་ལགས་སོ།།

གཉིས་པ་ཞིང་དེའི་རྟེན་དུ་བཞུགས་པའི་བསྟན་བཅོས་རྣམས་ཀྱི་མཚན་བྱང་མཛད་འགྱུར་དང་བཅས་པ་འགོད་པ་ལ་གཉིས། ཇི་ལྟར་འགོད་པའི་གོ་རིམ་བཤད་པ་དང༌། གོ་རིམ་དེ་ལྟར་འགོད་པ་དངོས་སོ། །དང་པོ་ནི། སྤྱིར་ཆོས་ཀྱི་རྣམ་གྲངས་འདི་དག་ཇི་ལྟར་བཞུགས་པའི་གོ་རིམ་ནི་བློ་དང་ལྡན་པའི་སྐྱེས་བུ་དམ་པ་མཁས་པ་རྣམས་ཀྱི་འཇུག་ངོགས་སུ་འཇུག་པར་འདོད་པ་རྣམས་ཀྱིས་ཇི་ལྟར་སློབ་པའི་རིམ་པ་དང་རྗེས་སུ་མཐུན་པར། ཐོག་མར་བཟོ་རིག་པ་དང༌། གསོ་བ་རིག་པ་དང༌། བརྡ་སྤྲོད་རིག་པ་དང༌། གཏན་ཚིགས་རིག་པ་དང༌། ནང་རིག་པའི་སྡེ་སྣོད་ཀྱི་བསྟན་བཅོས་རྣམས་གོ་རིམ་དུ་འགོད་པའམ། སྒྲུབ་པ་ཉམས་ལེན་གྱི་རིམ་པ་དང་རྗེས་སུ་མཐུན་པར་འདུལ་བ་དང༌། མདོ་སྡེ་དང༌། མངོན་པའི་སྡེ་སྣོད་ཀྱི་བསྟན་བཅོས་རྣམས་གོ་རིམ་དུ་འགོད་པའམ། དམན་པ་དང་མཆོག་གི་རིམ་པ་དང་རྗེས་སུ་མཐུན་པར་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང༌། ཕྱི་རིག་པའི་གནས་དང་ནང་རིག་པའི་གནས། ཐེག་པ་ཆུང་ངུ་དང་ཐེག་པ་ཆེན་པོ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་བསྟན་བཅོས་རྣམས་གོ་རིམ་དུ་འགོད་པའི་རྣམ་པར་བཞག་པ་ཇི་ལྟར་བྱས་ཀྱང་མི་བཏུབ་པ་མེད་མོད། འདིར་མཆོག་དང་དམན་པའི་སྡེ་གོ་རིམ་གྱི་དབང་དུ་བགྱིས་ཏེ། ཐོག་མར་ནང་རིག་པའི་བསྟན་བཅོས་ནས་བརྩམས་ཏེ་འགོད་པ་ལ། དེའང་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་དང༌། ཐེག་པ་ཆེན་པོ་ཐུན་མོང་བ་དང༌། ཐེག་པ་ཆུང་ངུའི་བསྟན་བཅོས་རྣམས་དང༌། དེ་དག་གི་རྗེས་སུ་གཏན་ཚིགས་རིག་པ་དང༌། བརྡ་སྤྲོད་རིག་པ་དང༌། གསོ་བ་རིག་པ་དང༌། བཟོ་རིག་པའི་བསྟན་བཅོས་རྣམས་རིམ་པར་འགོད་པར་བྱའོ།།

གཞན་ཡང་བོད་ཀྱི་མཁས་པ་སྔ་རབས་པ་དག་གིས་མཛད་པའི་བསྟན་བཅོས་གཅེས་ཤིང་དཔེ་རྒྱུན་དཀོན་པ་ཅི་རིགས་པ་རྣམས་ཀྱང་སྔོན་གྱི་དཀར་ཆག་རྣམས་སུ་བཞུགས་སུ་བཅུག་པ་ལྟར་དང༌། སྔར་མ་ཚུད་པའི་བསྟན་བཅོས་རྙིང་པ་ལོགས་སུ་ལུས་པ་ཕྱིས་བྱུང་བ་དང༌། གསར་འགྱུར་གྱི་རིགས་ཀྱང་འདི་དག་ཏུ་ཚུད་པ་དང་མ་ཚུད་པ་ཕྱིས་ཀྱི་དཀར་ཆག་ལ་ལ་ནས་བྱུང་བ་རྣམས་ཀྱང་སླན་ཆད་བརྟུན་པ་ལྷུར་བྱེད་པ་རྣམས་ཀྱི་ཕྱིར་ཐོར་དགོད་པར་བྱ་ཞིང༌། དེ་དག་གི་མཐར་བསྔོ་བ་སྨོན་ལམ་དང༌། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྣམས་ཀྱིས་མཐའ་བརྒྱན་པ་དང་བཅས་པའི་སྒོ་ནས་བསྟན་བཅོས་རྣམས་ཀྱི་བཞུགས་བྱང་འགོད་པའོ།། །།

བརྒྱུད་སྐུལ།

དེའི་ཐད་བསམ་ཚུལ། “བསྟན་འགྱུར་དཀར་ཆག་ལས། རྟེན་སྣོད་ཀྱི་ཁྱད་པར་བཤད་པ་དང༌། བརྟེན་པ་བཅུད་ཀྱི་ཁྱད་པར་བཤད་པ། ཁྱད་པར་གྱི་ཆོས་གཞན་བཤད་པ།

མཆན་སྤེལ།