སྤེལ་ཞིབ་ཕྲ།

བོད་ཡིག་གི་གསལ་བྱེད་སུམ་ཅུའི་སྨྱུག་རིམ་ཀུན་གསལ་དགེ་སློབ་དགྱེས་པའི་སྟོན་མོ།

འཇམ་མགོན་ས་སྐྱ་པཎྜི་ཏས། གང་དག་ཡི་གེ་འབྲི་བ་པོ། །སྙོམས་གཙང་འགྲིགས་གསུམ་ལྡན་པ་དང་། །ལེགས་མགྱོགས་དག་གསུམ་དྲུག་ཚང་ན། །མཁས་པའི་གོ་འཕང་ཐོབ་པ་ཡིན། །ཞེས་དང་། འཇམ་མགོན་བློ་གྲོས་མཐའ་ཡས་པའི་སྡེ་ཆེན་པོ་ཀོང་སྤྲུལ་རིན་པོ་ཆེས། ཆ་ཚད་འབྲི་གཞི་སྣག་སྙུག་མཁས་པར་བསླབ། །གཙང་སྒྲོས་དག་པ་ཆེ་ཕྲག་ཀུན་ལ་གཅེས། །ཞེས་དང་། རྗེ་བསྟན་དར་ལྷ་རམས་པའི་ཞལ་ནས། རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་བ། །དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། །ཞེས་དང་། གནའ་བོའི་ངག་རྒྱུན་ལས། སྣག་ཤོག་སྙུ་གུ་མི་གཟོབ་པར། །ཡི་གེ་གཟོབ་འདོད་ཡིག་མཁན་འཁྲུལ། །ཞེས་དང་། དོར་ཞི་གདོང་དྲུག་སྙེམས་བློས། རྩོམ་ལ་མཁས་ཀྱང་ཡིག་གཟུགས་མ་ཡག་ན། །ཁ་འཁྱོགས་སྣ་རྡིབ་བུ་མོ་ན་ཆུང་བཞིན། །དེ་ཕྱིར་རྩོམ་དང་ཡིག་གཟུགས་གཉིས་ཀ་ལ། །ཡན་ལག་ཚང་བར་སྦྱོང་བ་གནད་དུ་ཆེ། །ཞེས་གསུངས་པ་ལྟར་ཡིག་གཟུགས་གལ་གནད་ཆེ་བར་གསུངས་པ་ལྟར། འདིར་བོད་ཡིག་གི་གསལ་བྱེད་སུམ་ཅུའི་སྨྱུག་རིམ་ཀུན་གསལ་དགེ་སློབ་དགྱེས་པའི་སྟོན་མོ་གསལ་བར་བསྟན་པ་ལྟར་འབྲི་གལ་ཆེའོ།།  
གོང་དཀར་སྲིན་པོ་རིའི་ས་རྩི་ཞེས་པའི་འཆམ་གྱི་ལོ་རྒྱུས།

གོང་དཀར་སྲིན་པོ་རིའི་ ༼ ས་རྩི་ ༽ཞེས་པའི་གར་འཆམ་ནི་ལོ་ལྟར་བོད་ཟླ་བཅུ་པའི་ཚེས་བཅོ་ལྔ་སྟེ་དཔལ་ལྷ་མོའི་གསོལ་མཆོད་དང་། ཚར་ཆེན་རྡོ་རྗེ་འཆང་གི་བླ་མ། རྡོ་རིང་པ་ཀུན་སྤངས་ཆེན་པོའི་དགོངས་རྫོགས་ཉིན་འཁྲབ་སྲོལ་ཡོད། འཆམ་གྱི་མཚན་ལ་༼ ས་རྩི་ ༽ཞེས་ཞུ་དགོས་དོན་ཡང་བོད་ཀྱི་དགོན་སྡེ་དང་ཞིང་འབྲོག་ཡོངས་ཀྱི་སྡོད་ཁང་ ལ་ས་རྩི་དཀར་པོ་དང་།   ས་དམར། ས་སྔོན་སོགས་ཆོས་ལུགས་ཀྱི་དབྱེ་བ་དང་ལུང་པ་སོ་སོའི་གོམས་སྲོལ་ལྟར་མགྲོན་ཟིན་པའི་བཀྲ་ཤིས་རྟེན་འབྲེལ་ཚུལ་དུ་འཁྲབ་པར་བརྟེན་༼ས་རྩི་༽ཞེས་བརྗོད་པ་ཡིན།  སྤྱི་ལོ་གང་ལ་དར་བ་གསལ་པོ་མེད་ཀྱང་དཔལ་ས་སྐྱ་རྫོང་པའི་གདན་ས་གོང་དཀར་ཆོས་སྡེ་དགོན་ནས་དར་བ་རེད་ཅེས་བཤད་སྲོལ་ཡོད།  གང་ལགས་ཤེ་ན།  ལོ་རྒྱུས་ཐོག༼་ས་རྩི་༽ཞེས་པའི་གར་འཆམ་ལ་ངེས་པར་དུ་གོང་དཀར་ཆོས་སྡེའི་མཁན་རིན་པོ་ཆེ་ཕེབས་ཏེ་ཕུར་པའི་ཆོ་གའི་སྒོ་ནས་ལིང་ཁ་བསྒྲལ་བ་ལས་བླ་མ་གཞན་ཕེབས་སྲོལ་མེད། བོད་ཚེས་བཅུ་བཞི་༡༤ཉིན་མཆོད་རྟེནམ་བུམ་པ་གསུམ་ལ་སེར་ཕྲེང་བཅས་རབ་གནས་འཁྲུས་གསོལ་མཛད་པའི་ཕྱག་ལེན་གྱི་རིམ་པ་དང་། དེ་དག་གྲུབ་ནས་འཆམ་གྱི་ཕུད་གསུམ་སྟེ་སྔགས་པ། དགེ་སློང་། ཨ་ཙ་ར་འཁྲབ་སྲོལ་ཡོད། ད་དུང་ཡར་འབྲོག་ཐར་གླིང་དགོན་པའི་རྫོང་ལུགས་འཆམ་དང་།   སྙེ་ཐང་བཀྲ་ཤིས་སྒང་དགོན་པའི་རྫོང་ལུགས་དགུ་མདོས་འཆམ་བཅས་ཧ་ཅང་འདྲ་པོ་ཡོད་པས་གོང་དཀར་ནས་དར་བ་ཤེས་ཐུབ་ཅིང་ད་བར་མི་ལོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པར་གྲགས། 
རྩ་ཆེའི་གནའ་དཔེ་སྣ་མང་སྤྲིན་ཀློག་ལམ་ནས་ལྟ་ཀློག་ཐུབ་པའི་གཏམ་བཟང་།

བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་བོད་ཡིག་གློག་དེབ་གྲངས་མཛོད། དེ་ལ་བཟོ་དབྱིབས་སམ་གསར་རྙིང་གི་ཆ་ནས་གནའ་དཔེ་དང་། དཔེ་དེབ་ཀྱི་རིགས་གཉིས་སུ་ཕྱེ་བ་དང་། གནའ་དཔེ་ཡོངས་རྫོགས་བཀའ་འགྱུར་དང་། བསྟན་འགྱུར། གསུང་འབུམ། ཕྱོགས་བསྒྲིགས། ཐོར་བུ་བཅས་ཀྱི་རིགས་ལྔ་རུ་དབྱེ་བ་དང་། གསུང་འབུམ་ལའང་ནང་གསེས་དབྱེ་ན། དཀར་ཆག་རིག་པ་དང་། མཁྱུད་དཔྱད་རིག་པ། གླིང་སྒྲུང་རིག་པ། སྒྲ་རིག་པ། མངོན་བརྗོད་རིག་པ། བཅའ་ཁྲིམས་རིག་པ། སྙན་ངག་རིག་པ། གཏེར་ཆོས་རིག་པ། སྡེབ་སྦྱོར་རིག་པ། ནང་དོན་རིག་པ། དམངས་སྲོལ་རིག་པ། སྨོན་མཆོད་ཆོས་ཆོག རྩིས་རིག་པ། ཚད་མ་རིག་པ། ཟློས་གར་རིག་པ། བཟོ་རིག་པ། ལོ་རྒྱུས་རིག་པ། གསོ་བ་རིག་པ་བཅས་བཅོ་བརྒྱད་དུ་ཕྱེ་ནས་བསྒྲིགས་འདུག
<<བྱ་སྤྲེལ་གཏམ་རྒྱུད་>>ངོ་སྤྲོད།

རྩོམ་པ་པོ་པཎྜི་ཏ་རྡོ་རིང་བསྟན་འཛིན་དཔལ་འབྱོར། རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས། རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི་མཚན་གཞན་ལ་དགའ་བཞི་བསྟན་འཛིན་དཔལ་འབྱོར་ཡང་ཞུ། རྡོ་རིང་ཞེས་པ་ནི་ཁོང་གི་ཁྱིམ་རྒྱུད་ཀྱི་ལྷ་སའི་སྡོད་ཤག་གི་མིང་དང་། དགའ་བཞི་པ་ཞེས་པ་ནི་གཙང་ཁུལ་དུ་ཡོད་པའི་ཁོང་ཚང་གི་གཞིས་ཀའི་མིང་ངོ་།། དེ་བས་ཁོང་གི་ཁྱིམ་རྒྱུད་ལ་དགའ་བཞི་པའི་ཁྱིམ་རྒྱུད་ཅེས་ཟེར། ཁོང་གི་མཚན་དངོས་ལ་བསོད་ནམས་བསྟན་འཛིན་དཔལ་འབྱོར་རྡོ་རྗེ༼ ༡༧༦༠- ༽ ཟེར། ཁོང་ནི་བཀའ་བློན་ཁང་ཆེན་པའི་ཡང་ཚ་རེད། ཁང་ཆེན་པ་གྲོངས་རྗེས། ཁང་ཆེན་པའི་ཚ་བོ་རྣམ་རྒྱལ་ཚེ་བརྟན་དང་མགོན་པོ་དངོས་གྲུབ་རབ་བརྟན་སྐུ་མཆེད་གཉིས་སྔ་གཞུག་ཏུ་བཀའ་བློན་ལ་བསྐོ་བཞག་མཛད། མགོན་པོ་དངོས་གྲུབ་རབ་བརྟན་༼ ༡༧༢༡-༡༧༩༢ ༽ལ་གུང་པཎ་ཌི་ཏ་ཞེས་ཆེ་བརྗོད་ཀྱི་མིང་ཐོགས། ལོ་ངོ་བཞི་བཅུ་ལྷག་ལ་བཀའ་བློན་གྱི་ཕྱག་ལས་གནང་། ཁོང་གིས་གཞུང་གི་ལས་ཀ་དགོངས་ཞུ་བྱས་ཏེ་ངལ་གསོ་བྱས་རྗེས། ཁོང་གི་སྲས་བསྟན་འཛིན་དཔལ་འབྱོར་གྱིས་བཀའ་བློན་གྱི་ལས་ཁུར་རྒྱུན་འཛིན་བྱས། བསྟན་འཛིན་དཔལ་འབྱོར་གོ་ས་ནས་ཕབ་རྗེས། སྲས་འགྱུར་མེད་བསོད་ནམས་བཀའ་བློན་དུ་བསྐོས། དུས་རབས་བཅོ་བརྒྱད་པའི་དུས་མགོ་ནས་བཅུ་དགུ་པའི་དུས་མགོའི་བར་གྱི་ལོ་ངོ་བརྒྱ་ལྷག་གི་དུས་ཡུན་དུ་ཁོང་ཚང་གིས་མི་རབས་བཞིར་བཀའ་བློན་དུ་བསྡད་པར་མ་ཟད། བཀའ་བློན་ཕོ་ལྷ་བ་དང་བཀའ་བློན་མདོ་མཁར་ཚེ་རིང་དབང་རྒྱལ་གཉིས་ཀྱི་ཁྱིམ་དང་ཡང་གཉེན་གྱི་འབྲེལ་བ་ཡོད་༼གུང་པཎ་ཌི་ཏའི་ཆུང་མ་ནི་ཕོ་ལྷ་བའི་བུ་མོ་ཡིན། བསྟན་འཛིན་དཔལ་འབྱོར་གྱི་མ་ནི་ཚེ་རིང་དབང་རྒྱལ་གྱི་བུ་མོ་ཡིན༽པས། ཁོང་ནི་སྐབས་དེའི་བོད་ཀྱི་དབང་ཤུགས་ཅུང་ཆེ་བའི་སྐུ་དྲག་གི་གྲས་རེད།
ལོ་ངོ་ ༡༣༠༠ ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་བོད་ཀྱི་འཇུ་བྲོ།

འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོ་ནི་བོད་ཀྱི་འཇུ་བྲོ་དར་ཡུལ་རེད། ལྷོ་ཁའི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་བྲོ་གར་སྒྱུ་རྩལ་ཞིག་ཡིན་པའི་འཇུ་བྲོ་ལ་ད་བར་ལོ་ངོ་ ༡༣༠༠ ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། འཇུ་བྲོ་ནི་བོད་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོའི་རིག་གནས་ཁྲོད་ཀྱི་དམིགས་བསལ་གྱི་སྒྱུ་རྩལ་ཞིག་ཡིན་ལ། ད་བར་འཛམ་གླིང་མི་རིགས་ཁག་གི་སྲོལ་རྒྱུན་ཞབས་བྲོའི་རིག་གནས་ཁྲོད་ཉམས་པ་མེད་པའི་གནའ་ཉམས་དོད་ཤོས་ཀྱི་ཞབས་བྲོའི་གྲས་ཤིག་ཀྱང་རེད། དགུང་གྲངས་ ༧༥ ཕེབས་པའི་བགྲེས་སོང་ཉི་མ་དབང་ཕྱུག་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་གྱུར། ད་བར་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། དམངས་ཁྲོད་དུ་དར་ཁྱབ་ཆེ་བ། གནའ་ཉམས་དོད་ལ་གསོན་ཉམས་ལྡན་པའི་འཕྱོངས་རྒྱས་ཀྱི་འཇུ་བྲོ་གྲོང་ཚོ་འདིས་མ་ཉམས་རྒྱུན་འཛིན་བྱས་ཡོད།