<<བྱ་སྤྲེལ་གཏམ་རྒྱུད་>>ངོ་སྤྲོད།

<<བྱ་སྤྲེལ་གཏམ་རྒྱུད་>>ངོ་སྤྲོད།

རྩོམ་པ་པོ་པཎྜི་ཏ་རྡོ་རིང་བསྟན་འཛིན་དཔལ་འབྱོར།

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི་མཚན་གཞན་ལ་དགའ་བཞི་བསྟན་འཛིན་དཔལ་འབྱོར་ཡང་ཞུ། རྡོ་རིང་ཞེས་པ་ནི་ཁོང་གི་ཁྱིམ་རྒྱུད་ཀྱི་ལྷ་སའི་སྡོད་ཤག་གི་མིང་དང་། དགའ་བཞི་པ་ཞེས་པ་ནི་གཙང་ཁུལ་དུ་ཡོད་པའི་ཁོང་ཚང་གི་གཞིས་ཀའི་མིང་ངོ་།། དེ་བས་ཁོང་གི་ཁྱིམ་རྒྱུད་ལ་དགའ་བཞི་པའི་ཁྱིམ་རྒྱུད་ཅེས་ཟེར། ཁོང་གི་མཚན་དངོས་ལ་བསོད་ནམས་བསྟན་འཛིན་དཔལ་འབྱོར་རྡོ་རྗེ༼ ༡༧༦༠- ༽ ཟེར། ཁོང་ནི་བཀའ་བློན་ཁང་ཆེན་པའི་ཡང་ཚ་རེད། ཁང་ཆེན་པ་གྲོངས་རྗེས། ཁང་ཆེན་པའི་ཚ་བོ་རྣམ་རྒྱལ་ཚེ་བརྟན་དང་མགོན་པོ་དངོས་གྲུབ་རབ་བརྟན་སྐུ་མཆེད་གཉིས་སྔ་གཞུག་ཏུ་བཀའ་བློན་ལ་བསྐོ་བཞག་མཛད། མགོན་པོ་དངོས་གྲུབ་རབ་བརྟན་༼ ༡༧༢༡-༡༧༩༢ ༽ལ་གུང་པཎ་ཌི་ཏ་ཞེས་ཆེ་བརྗོད་ཀྱི་མིང་ཐོགས། ལོ་ངོ་བཞི་བཅུ་ལྷག་ལ་བཀའ་བློན་གྱི་ཕྱག་ལས་གནང་། ཁོང་གིས་གཞུང་གི་ལས་ཀ་དགོངས་ཞུ་བྱས་ཏེ་ངལ་གསོ་བྱས་རྗེས། ཁོང་གི་སྲས་བསྟན་འཛིན་དཔལ་འབྱོར་གྱིས་བཀའ་བློན་གྱི་ལས་ཁུར་རྒྱུན་འཛིན་བྱས། བསྟན་འཛིན་དཔལ་འབྱོར་གོ་ས་ནས་ཕབ་རྗེས། སྲས་འགྱུར་མེད་བསོད་ནམས་བཀའ་བློན་དུ་བསྐོས། དུས་རབས་བཅོ་བརྒྱད་པའི་དུས་མགོ་ནས་བཅུ་དགུ་པའི་དུས་མགོའི་བར་གྱི་ལོ་ངོ་བརྒྱ་ལྷག་གི་དུས་ཡུན་དུ་ཁོང་ཚང་གིས་མི་རབས་བཞིར་བཀའ་བློན་དུ་བསྡད་པར་མ་ཟད། བཀའ་བློན་ཕོ་ལྷ་བ་དང་བཀའ་བློན་མདོ་མཁར་ཚེ་རིང་དབང་རྒྱལ་གཉིས་ཀྱི་ཁྱིམ་དང་ཡང་གཉེན་གྱི་འབྲེལ་བ་ཡོད་༼གུང་པཎ་ཌི་ཏའི་ཆུང་མ་ནི་ཕོ་ལྷ་བའི་བུ་མོ་ཡིན། བསྟན་འཛིན་དཔལ་འབྱོར་གྱི་མ་ནི་ཚེ་རིང་དབང་རྒྱལ་གྱི་བུ་མོ་ཡིན༽པས། ཁོང་ནི་སྐབས་དེའི་བོད་ཀྱི་དབང་ཤུགས་ཅུང་ཆེ་བའི་སྐུ་དྲག་གི་གྲས་རེད།

གཞུང་ལས་ལ་གོམས་འདྲིས་ཡོང་ཕྱིར་བསྟན་འཛིན་དཔལ་འབྱོར་གྱིས་སྤྱི་ལོ་ ༡༧༧༩ ལོ་ནས་བཟུང་བཀའ་ཤག་གི་ལས་ཀར་ལྟ་སྦྱོང་བྱས། སྤྱི་ལོ་ ༡༧༨༡ ལོར་བཀའ་ཤག་གི་དྲུང་ཡིག་ཏུ་བསྐོས། སྤྱི་ལོ་ ༡༧༨༣ ལོར་ཡབ་ཀྱི་གོ་གནས་རྒྱུན་འཛིན་བྱས། སྤྱི་ལོ་ ༡༧༨༨ ལོར་བཀའ་བློན་གཙོ་བོར་གྱུར། ལོ་དེའི་ཟླ་ ༦ པར་གོར་ཥས་བོད་ལ་བཙན་འཛུལ་བྱས་ནས་གཉའ་ནང་དང་སྐྱིད་གྲོང་སོགས་མཐའ་མཚམས་ཀྱི་ས་ཁུལ་བཙན་བཟུང་བྱས་པས། མཐའ་མཚམས་ཀྱི་རྩོད་གླེང་བྱུང་། གོང་མ་ཆན་ལུང་གིས་ནང་བློན་པྰ་ཀྲུང་ས་མཚམས་སུ་དོན་གཅོད་ལ་མངགས་པ་དང་ལྷན་ཅིག་སི་ཁྲོན་དམག་དཔོན་ཆེན་མོ་ཨོ་ཧེ་སོགས་དམག་མི་སུམ་སྟོང་ལྷག་ཀྱང་བོད་ལ་མངགས། ནང་བློན་པྰ་ཀྲུང་གིས་མཚོན་རྩེ་དགྲ་བོར་མ་གཏད་པར་ཞི་མཐུན་ཆིངས་འགྲིག་ཡོང་རེ་བྱས་པས། གོར་ཥས་ཞྭ་དམར་སྐུ་ཕྲེང་བཅུ་པ་མི་ཕམ་ཆོས་གྲུབ་རྒྱ་མཚོར་ངན་འབྲེལ་གྱིས་འདྲ་མཉམ་མིན་པའི་ཆིངས་ཡིག་བཞག་སྟེ། བོད་ཕྱོགས་ནས་ལོ་གསུམ་གྱི་ནང་གོར་ཥ་ལ་རྫོང་སྒོ་བསླུ་རིན་ལོ་རེར་རྒྱ་དངུལ་རྡོ་ཚད༣༠༠སྤྲོད་རྒྱུ་བྱས། སྤྱི་ལོ་ ༡༧༩༡ ལོར་གོར་ཥས་ཡང་བསྐྱར་བོད་ལ་བཙན་འཛུལ་བྱས་ཤིང་གཡོ་སྒྱུ་ལ་བརྟེན་ནས་བཀའ་བློན་བསྟན་འཛིན་དཔལ་འབྱོར་དང་གཡུ་ཐོག་བཀྲ་ཤིས་དོན་གྲུབ་སོགས་འཛིན་བཟུང་བྱས། གོར་དཔུང་གཞིས་རྩེར་དཔུང་འཇུག་གིས་བཀྲ་ཤིས་ལྷུན་པོའི་གསེར་དངུལ་གོས་དར་དང་། སྐུ་གསུང་ཐུགས་རྟེན་རྣམས་གཤིག་བཅོམ་འཕྲོག་གསུམ་གྱིས་བཙན་འཛུལ་གྱི་ངན་སྤྱོད་ཆེས་ཆེར་སྤེལ། སྤྱི་ལོ་ ༡༧༩༢ ལོའི་ཟླ་ ༦ པར་གོང་མ་ཆན་ལུང་གིས་དམག་དཔོན་ཆེན་མོ་ཧྥུ་ཁང་ཨན་རྒྱ་བོད་སོག་གསུམ་གྱི་དམག་དཔོན་མི་ཁྲི་ལྷག་དང་བཅས་བོད་ལ་མངགས་ཏེ་གོར་དཔུང་གི་གཅོམ་བཅག་པ་མཐའ་མཚམས་རྫོང་ཁག་ནས་མཐའ་སྐྲོད་བྱས། གོར་ཥའི་རྒྱལ་པོས་མགོ་བཏགས་ཏེ་བལ་ཡུལ་དུ་བཙོན་འཇུག་བྱས་པའི་བཀའ་བློན་བསྟན་འཛིན་དཔལ་འབྱོར་སོགས་ཕྱིར་སློག་རྩིས་འབུལ་བྱས་པར་མ་ཟད། རང་སྲོག་རང་གཅོད་བྱས་པའི་ཞྭ་དམར་པའི་སྐུ་གདུང་དང་ཁོང་གི་ཉེ་དུ་རྣམས་ཀྱང་བོད་ལ་སྤྲད། སྤྱི་ལོ་ ༡༧༩༢ ལོའི་ཟླ་ ༢ པར་རྡོ་རིང་བསྟན་འཛིན་དཔལ་འབྱོར་དང་གཡུ་ཐོག་བཀྲ་ཤིས་དོན་གྲུབ་གཉིས་པེ་ཅིན་ལ་བཀུག་སྟེ་འདྲི་རྟོག་བྱས་ཤིང་བཀའ་བློན་གྱི་གོ་གནས་ལས་ཕབ། སྤྱི་ལོ་ ༡༧༩༣ ལོའི་ཟླ་ ༨ པར་བོད་དུ་ལོག་ཅིང་། དེ་ནས་ཁོང་བློ་བདེ་བག་ཡངས་ཀྱིས་རང་ཁྱིམ་དུ་བཞུགས། སྤྱི་ལོ་ ༡༧༩༥ ལོར་སླར་ཡང་སྲིད་དོན་དང་འཇིག་རྟེན་བྱ་བར་ཐེ་གཏོགས་ཀྱིས་ཞོལ་ལས་ཁུངས་ཀྱི་ལས་འགན་བཞེས། སྤྱི་ལོ་ ༡༧༩༨ ལོར་གཞུང་ལས་དགོངས་ཞུ་བྱས་ཤིང་། ཚེ་མཇུག་དམ་པའི་ཆོས་ཀྱིས་བསྐྱལ་བར་བྱས། སྤྱི་ལོ ༡༨༠༥ ལོར་ཁོང་ལ་རིམ་པ་བཞི་པའི་ཏོག་གནས་གནང་བ་དང་ལྷན་ཅིག་ཁོང་གི་བུ་ཆེ་བ་མི་འགྱུར་བསོད་ནམས་དཔལ་འབྱོར་བཀའ་བློན་དུ་བསྐོས་ཤིང་། ཁོང་གིས་མི་ཚེ་གང་བོར་བཀའ་ཤག་ལ་སྲི་ཞུ་བསྒྲུབས་ནས་དུས་འདའ་བར་མཛད།
ཁོང་གི་བརྩམས་ཆོས་གཞན་པའང་འགའ་ཞིག་མཆིས་ཏེ། སྤྱི་ལོ་ ༡༧༧༦ ལོ་སྟེ་ཁོང་ཉིད་དགུང་ལོ་བཅུ་དྲུག་ཐོག སྤོ་བོ་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱི་སྒྲུང་རིང༼གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད༽ལ་དཔེ་བྱས་ཏེ༼རྒྱལ་བུ་གྲགས་པའི་མུ་ཁྱུད་ཀྱི་བསྟན་བཅོས༽ཞེས་པ་བརྩམས། སྤྱི་ལོ་ ༡༧༧༩ ལོར༼གེ་སར་གྱི་སྒྲུང་དཔེ་འཇུན་པས་མཛད་པ་ཧོར་ཕར་འདུལ༽ལེགས་འགྲུབ་བྱུང་། སྤྱི་ལོ་ ༡༧༨༥ ལོར་རྒྱལ་བའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་སྐུལ་མ་དང་དུ་བླངས་ཏེ། ༼སྙན་ངག་གི་བསྟན་བཅོས་ལེགས་པར་བཤད་པ་སྡེ་བཞིའི་སྒོ་འཕར་རབ་ཏུ་འབྱེད་པའི་གཏམ༽ཞེས་བྱ་བར་བརྩམས། སྤྱི་ལོ་ ༡༧༩༥ ལོར་ཁོང་གིས་རང་གི་བུ་ལ༼སྙན་ངག་མེ་ལོང་མ༽འཁྲིད་དུས། སྙན་ངག་གི་དཔེར་བརྗོད༼བློ་གསར་ཡིད་དབང་འདྲེན་པའི་རྣམ་དཔྱོད་གསེར་གྱི་ཤིང་རྟ༽ཞེས་བྱ་བ་བརྩམས། དེ་མིན་ཁོང་གིས་རང་གི་བུའི་རེ་འདུན་ལྟར། བུ་རབས་ཚ་རྒྱུད་དང་ན་གཞོན་རྣམས་ལ་ཁོང་ཚོའི་འཚོ་བའི་བརྒྱུད་རིམ་ཁྲོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྣམས་རྒྱུན་འཛིན་དང་བསླབ་བྱ་སྡུད་ལེན་བྱེད་དུ་འཇུག་ཕྱིར། སྤྱི་ལོ་ ༡༨༠༡ ལོའི་ཡས་མས་ཤིག་ལ༼རྡོ་རིང་པཎ་ཌི་ཏའི་རྣམ་ཐར༽བརྩམས་སོ།། གཞན་ཡང༼ཆར་སྤྲིན་རྨ་བྱའི་ཟློས་གར༽དང༼སུམ་རྟགས་གཉིས་ཀྱི་འགྲེལ་བ་ལེགས་པར་བཤད་པ་ཚིག་ཉུང་དོན་བཟང་ཨུཏྤལ་ཡི་རྣ་རྒྱན༽
སོགས་མཆིས། དམ་པ་འདི་བའི་འདས་ལོ་མི་གསལ་ལོ།།
ཡིན་ཡང་། ཁ་ཅིག་གིས་རྩོམ་འདིའི་རྩོམ་པ་པོ་ནི་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་ཡིན་པར་འདོད་པ་ལ། ཁ་ཅིག་གིས་པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཡིན་པར་འདོད། ཧྥ་རན་སིའི་བོད་རིག་པ་བ་གྲགས་ཅན་ཧྲི་ཐའེ་ཨན་གྱིས་རྩོམ་པ་པོ་རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་ཡིན་ཟེར། དེང་གི་ཞིབ་འཇུག་གི་འབྲས་བུ་ལྟར་ན་རྩོམ་པ་པོ་ནི་རྡོ་རིང་བསྟན་འཛིན་དཔལ་འབྱོར་ཡིན་པར་འདོད། གཅིག་ན་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་བརྩམས་པའི་རང་རྣམ༼རྡོ་རིང་གི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ༽དང༼བྱ་སྤྲེལ་གཏམ་རྒྱུད༽གཉིས་ཀྱི་ཚིག་རྒྱན་དང་གཏམ་དཔེ་བཀོལ་ཚུལ་སོགས་ཚིག་སྦྱོར་གྱི་རྣམ་པ་ཧ་ཅང་འདྲ་བ་དང་། གཉིས་ན ༼ རྡོ་རིང་གི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ ༽རུ་བལ་བོ་གོར་ཥའི་དམག་གིས་ཐེངས་དང་བོར་བོད་དུ་བཙན་འཛུལ་བྱས་པའི་གནས་ཚུལ་བཀོད་པའི་ནང་དོན་དང་གོ་རིམ༼བྱ་སྤྲེལ་གཏམ་རྒྱུད༽དང་མཚུངས་པ། གསུམ་ན༼རྡོ་རིང་གི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ ༽རུ་བོད་གོར་འཁྲུག་རྩོད་མཚོན་པའི་ཐོག་མཐའ་བར་གསུམ་དུ་བོད་རྣམས་བྱ་ཡི་དཔེ་དང་གོར་ཥ་བ་སྤྲེལ་གྱི་དཔེ་རུ་སྦྱར་ཡོད་པ། བཞི་ན་བལ་བོ་གོར་ཥའི་དམག་གིས་ཐེངས་དང་བོར་བོད་དུ་བཙན་འཛུལ་བྱེད་དུས། ཁོང་ཉིད་ཆིངས་འགྲིག་བྱེད་དུ་སོང་བའི་མི་ཡིན་པས། སྐབས་དེའི་གནས་ཚུལ་ལ་གསལ་ཆ་ཡོད་པ་བཅས་སྒྲུབ་བྱེད་བཞིའི་སྒོ་ནས༼ བྱ་སྤྲེལ་གཏམ་རྒྱུད༽ ཀྱི་རྩོམ་པ་པོ་རྡོ་རིང་བ་ཡིན་པར་འདོད་ལ། རྩོམ་པ་པོ་དང་བརྩམས་ཆོས་ཀྱི་འབྲེལ་བ་འདིའི་སྟེང་ནས་ཀྱང་རྩོམ་གྱི་བརྗོད་བྱ་བསྟན་དོན་གཏན་ལ་ཕབ་ཐུབ་བོ།།
གཞུང་དངོས།

སྦྱང་བྱ་གཙོ་བོ།

སློབ་ཚན་འདི་ནི་བོད་ཀྱི་སྲོལ་རྒྱུན་གྱི་རབ་རྟོག་སྒྲུང་གཏམ་གྲགས་ཆེན་ཞིག་ཡིན་ཞིང་། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད། སྒྲུང་གཏམ་གྱི་མི་སྣ་གཙོ་བོར་བྱ་དང་སྤྲེལ་བྱས་ནས། བྱ་སྤྲེལ་བར་ནས་བྱུང་བའི་འགལ་བའི་བྱུང་བ་དང་། འཕེལ་བ། འདུམ་པ་བཅས་བྲིས་ཏེ། བྱ་སྤྲེལ་གཉིས་ཀྱི་ཁ་མཆུ་བརྗོད་པའི་ཤུགས་ནས་རྩོམ་པ་པོས་རང་གི་བརྗོད་འདོད་ཀྱི་དོན་ཅི་ཞིག་བརྗོད་པ་དང་།སྒྲུང་གཏམ་ལ་བསྡུས་བརྗོད་ཀྱི་རང་བཞིན་གཙོ་བོ་ཕྱོགས་གང་ཐད་ནས་མངོན་ཡོད་པ་ཤེས་རྟོགས་བྱ་རྒྱུ།

བརྗོད་བྱ་གནད་བསྡུས།

གཏམ་རྒྱུད་འདིའི་བརྗོད་བྱ་གནད་བསྡུས་ནི། སྔོན་བཀྲ་ཤིས་མཛེས་དགའི་ཡུལ་གྱི་རི་ཀུན་བཟང་བྱ་བ་རྩ་བ་ནགས་དང་། སྐེད་པ་སྤང་། རྩེ་མོ་གངས་ཡིན་པ་ཞིག་ཡོད་པར། དེའི་རྩེ་མོ་གངས་སེང་གི་ཁྱུས་བདག་བྱས། སྤང་ནི་བྱ་ཚོགས་ཀྱིས་བདག་གིར་བྱས། འདབས་ཀྱི་ནགས་ནི་གཅན་གཟན་དང་སྤྲེའུ་ཡིས་བདག་གིར་བྱས།དེ་རྣམས་ཕན་ཚུན་ལ་འཚེ་བ་མེད་ཅིང་གནས་བདག་སྒེར་དུ་བཟུང་བའི་ཚུལ་གྱིས་གནས་སོ༎རེ་ཞིག་གི་དུས་ན་སྤྲེའུ་འགའ་སྤང་རི་ལ་ཕྱིན་ནས་མེ་ཏོག་དང་སེར་ཤ་སྤང་རྒྱན་སོགས་ཤ་མོ་རྩེ་ཏོག་ཟོས་པ་བྱ་བྱེའུ་རྣམས་ཀྱི་བློར་མ་བབས་ནས་ལྷ་བྱ་གོང་མོ་མངགས་ཏེ་སྤྲེའུ་རྣམས་སྤང་དུ་ཡོང་མི་རིགས་པའི་བརྡ་བཏང་བ་ན།སྤྲེའུ་ཚོགས་ཀྱི་ཀྱང་དོན་དེ་ཁས་མ་བླངས་སྟབས་བྱ་སྤྲེལ་བར་དུ་རྩོད་གཞི་ཆེན་པོ་ཞིག་བྱུང་སྟེ་མཐར་གཡུལ་གཤོམ་རྒྱུའི་སྦྱོར་བ་རྩོམ་ལ་ཉེ་བ་ན།རི་བོང་བློ་ལྡན་དང་ཁྱིམ་བྱ་དེ་ཕོ་གཉིས་ཀྱིས་སྤང་རིའི་སུམ་ཆའི་གཅིག་སྤྲེའུ་ལ་བྱིན་པ་དང་།སྤྲེའུ་རྣམས་ཀྱིས་བྱ་བྱིའུ་རྣམས་ལ་ནགས་ཁྲོད་ཡོང་ནས་ཚང་བཅའ་བ་དང་བཟའ་འབྲུ་འཐུ་བའི་རང་དབང་བྱིན་ཏེ་བར་འདུམ་མཛད་པ་ལ་བརྟེན་ནས་བྱ་སྤྲེལ་རྣམས་སླར་ཡང་འཁོན་མེད་བདེ་སྐྱིད་ཀྱི་སྐལ་བ་ཉམས་སུ་མྱོང་བར་གྱུར་ཚུལ་བསྟན་ནས་མཇུག་བསྡུས་ཡོད་དོ༎
གཏམ་རྒྱུད་འདིའི་ནང་དུ།རྩོམ་པ་པོས་བསྡུས་བརྗོད་ཀྱི་རྩོམ་སྟངས་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་ཐོག་དངོས་སུ་བྱུང་མྱོང་བའི་གོར་ཥའི་བཙན་འཛུལ་སྟོད་ཆའི་སྔ་རྗེས་ཀྱི་གནས་ཚུལ་རྣམས་ཇི་བཞིན་མཚོན་པར་བྱས་ཡོད། དེ་ཡང་ལོ་རྒྱུས་དངོས་ནི། ཐོག་མར་གོར་ཥས་གཉའ་སྐྱིད་རོང་གསུམ་དང་རྫོང་དགའ་སོགས་ལ་བཙན་འཛུལ་བྱས་ཏེ་རྩ་ཆེའི་རྒྱུ་དངོས་མང་པོ་འཕྲོག་བཅོམ་བྱས་པར་བརྟེན།བར་དུ་དོན་འདི་ལ་བོད་མི་རྣམས་འདུག་མ་བཟོད་པར་བོད་དམག་དང་གནམ་བསྐོས་གོང་མ་ཆེན་པོའི་དམག་རྣམས་རྫོང་དགའ་སོགས་ལ་འབྱོར་ཀྱང་སྐབས་དེར་རེ་ཞིག་གོར་དཔུང་ལ་མཚོན་རྩེ་མ་གཏད་པར་ས་མཚམས་ཀྱི་དོན་དག་ཞི་ཆིངས་ཡོང་ཕྱིར་ཕན་ཚུན་ཕོ་ཉ་གཏོང་བ་སོགས་ཀྱག་ཀྱོག་མང་པོ་བརྒྱུད་དེ།མཐར་པཎ་ཆེན་སྐུ་ཕྲེང་བདུན་པའི་ཡབ་དཔལ་ལྡན་དོན་གྲུབ་དང་ས་སྐྱ་བདག་ཆེན་གྱི་མགྲོན་གཉེར་གཉིས་ཀྱིས་གོར་ཥར་ཆིངས་མོལ་གྱི་འབྲེལ་བ་བཙུགས་པ་ལྟར1789ལོར་བོད་ཀྱི་སྐུ་ཚབ་རྡོ་རིང་བསྟན་འཛིན་དཔལ་འབྱོར་སོགས་དང་གོར་ཥའི་སྐུ་ཚབ་སྦམ་ས་ཧེབ་ལ་སོགས་སྐྱིད་གྲོང་དུ་འབྱོར་ཏེ་གྲོས་མོལ་བྱས་མཐར་བོད་མིས་གོར་ཥར་རྫོང་སྒོ་བླུ་རིན་རྒྱ་དངུལ་རྡོ་ཚད་སུམ་བརྒྱ་སྤྲོད་རྒྱུ་བྱས་ཏེ་ཆིངས་དོན་ཐག་གཅོད་བྱས་སོ། །
ལོ་རྒྱུས་དོན་དངོས་འདི་དང་བྱ་སྤྲེལ་གཏམ་རྒྱུད་དེ་གཉིས་ཀྱི་ཐོག་མའི་རྒྱུ་རྐྱེན་དང་།བར་གྱི་འཕེལ་རིམ།མཐའི་འབྲས་བུ་སོགས་ནི་ཉ་གས་བཏེགས་པ་ལྟར་ལྕི་ཡང་མེད་ཅིང་འཇལ་བྱེད་བྲེ་ལ་འཇལ་བ་ལྟར་མང་ཉུང་ཡང་མེད་སྟབས། དེ་ནི་སྐབས་དེའི་ལོ་རྒྱུས་དངོས་ལ་གཞི་བྱས་ཏེ་བྲིས་པར་སྙམ་མོ༎ སྒྲུང་ཐུང་འདི་ལེའུ་དྲུག་ཏུ་ཕྱེས་ཡོད། བརྗོད་བྱ་དང་རྗོད་བྱེད་གོ་སླ་ཞིང་བསྡེབས་ལེགས་པར་མ་ཟད། འཆད་པ་པོས་བཤད་ཆོག་ཅིང་དབྱངས་སུ་དྲངས་ཏེ་བླངས་ནའང་ཆོག་པས་སྒྲུང་འདི་མང་ཚོགས་ཁྲོད་དུའང་དར་ཁྱབ་ཆེན་པོ་བྱུང་ཡོད།

སྒྲུང་གཏམ་གྱི་ལོ་རྒྱུས་རྒྱབ་ལྗོངས།

༡༧༨༨ལོར་བོད་དང་གོར་ཥའི་བར་དམག་འཁྲུག་བྱུང་ནས། ༡༧༨༩ལོར་ལུགས་མཐུན་མ་ཡིན་པའི་གོར་བོད་ཆིངས་ཡིག་བཞག་པའི་ལོ་རྒྱུས་ཀྱི་དོན་རྐྱེན་དེ་ཚུར་སྣང་བྱས་པ་ཡིན་ཟེར། དེ་ཡང་སྤྱི་ལོ༡༧༨༨ལོར་གོར་ཥའི་དམག་གིས་བོད་ཀྱི་ས་ཁོངས་གཉའ་ནང་དང་། སྐྱིད་གྲོང་། རྫོང་དགའ་སོགས་སུ་སྨྱོ་ཧམ་ཆེན་པོས་བཙན་འཛུལ་བྱས་ཏེ། རྩ་ཆེའི་རྒྱུ་ནོར་མང་པོ་འཕྲོག་བཅོམ་བྱས། མན་ཆིང་གོང་མའི་དམག་དང་བོད་དམག་གི་བཙན་འཛུལ་པར་རྒོལ་ལན་སྤྲོད་པའི་ལས་ལ་མཐའ་གཅིག་ཏུ་ཞུགས་ཀྱང་། མཐར་མན་ཆིང་གོང་མའི་བློན་ཆེན་པྰ་ཀྲུང་བོད་དུ་འབྱོར་རྗེས། གཅིག་ནས་གཡུལ་འགྱེད་ཀྱི་ངལ་བར་བག་འཁུམ་པ་དང་། གཉིས་ནས་གོར་ཥའི་ལྐོག་རྔན་ཟོས་རྐྱེན། གཡུལ་འགྱེད་བྱས་ན་རྒྱ་བོད་དཔུང་དམག་དང་མཐའ་མཚམས་ཀྱི་མི་སེར་ལ་བརྡབ་གསིག་ཡོང་བར་ཁ་གཡར་ནས། སྤྱི་ལོ༡༧༨༩ལོར་ལུགས་མཐུན་མ་ཡིན་པའི་བོད་གོར་ཆིངས་ཡིག་འཇོག་དགོས་བྱུང་། དེ་ནས་བོད་གོར་ཕྱོགས་གཉིས་ཀྱི་ཆིངས་དོན་མི་སྣས་བདེན་རྩོད་བྱས་པ་ལ། གོར་ཥའི་འདོད་ཚུལ་ནི། གལ་ཏེ་གཉའ་ནང་དང་རོང་ཤར། སྐྱིད་གྲོང་། རྫོང་དགའ་བཅས་རྫོང་བཞི་རང་འཇགས་བོད་ལ་ཕྱིར་སྤྲོད་དགོས་ན། རྫོང་མགོ་རེ་ལ་རྒྱ་དངུལ་རྡོ་ཚད་སུམ་བརྒྱ་རེ་ལོ་ལྟར་རྩིས་སྤྲོད་དགོས་པ་སོགས་ལུགས་དང་མི་མཐུན་པའི་རེ་བ་བཏོན། བཀའ་བློན་བསྟན་འཛིན་དཔལ་འབྱོར་སོགས་བོད་ཀྱི་ཆིངས་དོན་མི་སྣས་བློ་ཐག་མ་ཆོད་སྟབས། བོད་རྒྱ་དཔོན་རིགས་ཚོར་སྙན་ཞུ་བློ་འདྲི་བྱས་པར། ཏྰ་ལའི་བླ་མ་འཇམ་དཔལ་རྒྱ་མཚོའི་ཁུ་བོ་རྗེ་དྲུང་བློ་བཟང་ཕུན་ཚོགས་དང་བློན་ཆེན་པྰ་ཀྲུང་སོགས་གོང་མའི་དཔོན་རིགས་ཚོས་རྫོང་མགོ་བླུ་རིན་སྤྲད་ནས་ཆིངས་དོན་མྱུར་དུ་ཐག་གཅོད་དགོས་པའི་བསམ་ཚུལ་བསྟན་པ་ལྟར། སྤྱི་ལོ༡༧༨༩ལོར་བོད་གོར་ཆིངས་ཡིག་བཞག འདི་ནི༼བྱ་སྤྲེལ་གཏམ་རྒྱུད༽ཀྱི་རྩོམ་པ་པོ་སུ་ཡིན་ཞིབ་འཇུག་ལས་བྱུང་བ་ཞིག་ཡིན་ལ། ཀུན་ལ་གྲགས་ཆེ་བའི༼བྱ་སྤྲེལ་གཏམ་རྒྱུད༽ཀྱི་བརྗོད་བྱའི་བསྟན་དོན་ཡང་ཡིན།

དཀའ་གནད་མཆན་འགྲེལ།

ར་སྤུའི་འུར་རྡོ་ར་ཡི་མཇིང་བར་འཁོར། ཕྱུགས་འཚོ་བྱེད་ཀྱི་ཡོ་བྱད་འུར་ཆ་ནི་དུད་འགྲོ་ར་ཡི་སྤུ་ལས་བྱས་པ་ཡིན་ཡང་། དེས་འཕངས་པའི་འུར་རྡོ་དེ་མཐར་ར་རང་ཉིད་འདུལ་བྱེད་ཡིན་པས། སྣང་བརྙན་གྱི་སྒོ་ནས་ར་ལ་ཕོག་ཅེས་མ་སྨོས་པར་ར་ཡི་མཇིང་བར་འཁོར་ཅེས་བཤད་པའོ།།
ཧམ་པ་རི་ཙམ་བཤད་ན་ཡང་།། བདེན་པ་གཡག་ཙམ་ཡོད་ངེས་ཡིན།། སྐད་ཆ་ཕར་ལབ་དུས་རང་གི་འདོད་པ་ལས་ཆེས་ཆེར་འདས་པའི་འདོད་པ་རི་འདྲ་ཞིག་བཤད་ན། མཇུག་ཏུ་བདེན་མེད་པའི་དབང་དུ་བཏང་ཡང་། དོན་བྱ་ཅུང་ཟད་ཙམ་འགྲུབ་བོ་ཞེས་རི་དང་གཡག་གི་ཆེ་ཆུང་ལ་དཔེ་བཞག་ནས་བཤད་པའོ།།
གཏམ་དང་རལ་གྲི་གཉིས་པོ་འདི།། རྩེ་ནས་མི་འཆང་ཡུ་ནས་འཆང་།། རལ་གྲིའི་ཡུ་བ་ནས་ལག་པས་འཇུ་དགོས་པ་བཞིན་དུ། གཏམ་གྱི་ཕུགས་དང་རྩ་བ་དེད་ནས་ཤུགས་ཀྱི་དོན་རྟོགས་དགོས་ཞེས་བསྟན་པ་ཡིན།
དམའ་ནས་མཐོ་བཅོས་བྱས་འདྲ་བས།། བབ་མཚུངས་རང་ནི་མི་འདུག་ཀྱང་།། མི་གོ་ས་དམན་པ་ཞིག་གིས་གོ་ས་མཐོ་བ་ཞིག་ལ་ཁ་ཏ་བསླབ་བྱ་བྱས་པ་དང་འདྲ་བས། གནས་ལུགས་དང་མི་མཐུན་པ་ལྟ་བུ་ཞིག་ཏུ་སྣང་ཡང་ཞེས་པའི་དོན།
ཕྱོགས་གཅིག་མཐོང་སྟེ་གཉིས་མ་མཐོང་།། དོན་དག་གང་ཞིག་གི་ངོས་སམ་ཕྱོགས་གཅིག་མཐོང་ཡོད་ཀྱང་། དེ་ལས་གཞན་པའི་ངོས་ཅིག་ཤོས་པ་མཐོང་མེད་ཅེས་ཤེས་པ་ཆ་ཚང་བ་ཞིག་མ་རེད་ཅེས་བསྟན་པའོ།།

སློབ་ཚན་དབྱེ་ཞིབ།

སློབ་ཚན་འདི་ཁག་བཞི་རུ་དགར་ཆོག
ཁག་དང་པོ། ༼སྔོན་ཡུལ་བཀྲ་ཤིས་ཞེས་པ་ནས་སྤྲེའུ་རྣམས་ལོག་པར་གྱུར་ཏོ་ཞེས་པའི་བར་ཡིན༽
འདིའི་ནང་དུ་རི་ཀུན་བཟང་བྱ་བའི་ཡུལ་ཞེས་བྱ་དང་སྤྲེའུ་སྡོད་སའི་གནས་ཡུལ་དང་། སྤྲེའུ་རྣམས་ནམ་ཞིག་གནས་སྤང་རི་ལ་ཡོང་ནས་མེ་ཏོག་དང་སེར་ཤ སྤང་རྒྱན་སོགས་ཅི་དགར་ཟོས་པས། བྱ་རྣམས་ཀྱིས་འདི་རང་དགར་བསྐྱུར་མི་རུང་ཞེས་ལྷ་བྱ་གོང་མོ་མངགས་ཏེ་སྤྲེའུ་རྣམས་ལ་དོན་དེ་བཤད། སྤྲེའུ་རྣམས་ཀྱིས་ཁས་མ་བླངས་པས་བྱ་སྤྲེལ་གཉིས་ཀྱི་བར་ལ་འགལ་བའམ་གྱོད་བྱུང་བ་བྲིས་ཡོད།
ཁག་གཉིས་པ། ༼དེ་ནས་སྤྲེའུ་རྣམས་རང་གནས་སུ་ཕྱིན་ཞེས་པ་ནས་སྤྲེའུ་རྣམས་གད་མོ་ཤོར་བཞིན་ཕར་ལོག་སོང་ཞེས་པའི་བར་ཡིན༽
འདིའི་ནང་དུ་སྤྲེའུ་རྣམས་ཀྱིས་གྲོས་བྱས་པར། ཨ་ལི་མ་གཙོས་སྤྲེལ་ཕྲུག་ཁ་ཤས་ཀྱིས་དཔའ་རྩལ་ངོམ་སྟེ་འཐབ་དགོས་པའི་བསམ་འཆར་བཏོན་པ་དང་། སྤྲེལ་རྒན་བློ་བཟང་གིས་བྱ་ཡི་ས་ཆ་ཕྱིར་བྱ་ལ་སྤྲད་ནས་ཁ་མཆུ་མི་འབྱུང་བཏོན་ཡང་། མཐར་མྱུར་བར་བྱ་ལ་བདེན་ཁ་བྱིན་ན་ངོ་ཚ་ཡིན་པ་དང་ལ་རྒྱ་ཤོར་འགྲོ་བས། བྱ་རྣམས་ཀྱི་འཐུས་མི་ལྷ་བྱ་གོང་མོ་ལ་སྔར་ལྟར་མཐོ་ལ་མཐོ་ཚད་འཇལ་ཞེས་འགལ་བ་འཕེལ་རྒྱས་སུ་ཕྱིན་པ་བྲིས་ཡོད། ཁག་གསུམ་པ། ༼དེ་ནས་བྱ་གོང་མོས་སྐྱ་ཀ་དང་པུ་ཤུད་ཅེས་པ་ནས་དེ་སྐད་ཟེར་བ་དང་བྱ་གཉིས་ཀྱི་ལེགས་སོ་ཞེས་ཟེར་ནས་འཕུར་སོང་ཞེས་པའི་བར་ཡིན༽
འདིའི་ནང་དུ་ལྷ་བྱ་གོང་མོའི་དོན་དེ་བྱ་རྣམས་ལ་སྨྲས་པས། བྱའི་ནང་ནས་ཕོ་རོག་ནག་ཆུང་དང་ཁྭ་ཏ། སྐྱུང་ཀ་སོགས་དྲག་པོའི་སྦྱོར་བ་ལག་ཏུ་བསྟར་རྒྱུའི་བསམ་འཆར་འདོད་མཁན་བྱུང་ནས་འགལ་བའི་གནས་སྟངས་ཛ་དྲག་ཏུ་གྱུར་བ་བྲིས་ཡོད། 1 བྱ་རྒོད་པོ་དང་གོ་བ་ཀླད་དཀར་གཉིས་ཀྱིས༼སྡུག་ཀྲད་སྤྲེའུ་ལས་ཀ་ལ།། བ་སྤུ་གཡོ་འགུལ་གཏོང་མི་དགོས།།༽ཞེས་སྣང་ཆུང་མཛད་པ། ② ཕོ་རོག་ནག་ཆུང་གཙོས་དྲག་འཐབ་བྱེད་དགོས་པར་འདོད་པ།③ཁྱིམ་བྱ་དེ་ཕོས་བྱ་རྒྱལ་རྒོད་པོ་དང་གོ་བ་ཀླད་དཀར་གཉིས་ཀྱི་བྱ་སྤྱོད་ལ་འབྲེལ་ནས་བྱ་སྤྲེལ་འཁོན་ན་རང་གཞན་གཉིས་ཕུང་གི་གནས་སུ་གྱར་འགྲོ་ཞེས་འཁྲུག་པའི་ཉེས་དམིགས་བརྗོད་དེ། ལྷ་བྱ་གོང་མོ་དང་སྨྲ་མཁན་ནེ་ཙོ་གཉིས་ཡང་བསྐྱར་སྤྲེལ་ཚོགས་སུ་འདུམ་བྱེད་དུ་འགྲོ་རྒྱུའི་གྲོས་གཞི་བཏོན་ཏེ་ཞི་འདུམ་གྱི་བསམ་བློའི་རྒྱུན་མུ་མཐུད་དུ་བསྐྱངས། ཁག་བཞི་བ། ༼དེ་ནས་གོང་མོ་དང་ནེ་ཙོ་གཉིས་ཀྱིས་ཞེས་པ་ནས་མཇུག་བར་ཡིན༽
འདིའི་ནང་དུ་སྤྲེལ་རྒན་བློ་བཟང་གིས་རང་ཕྱོགས་ཀྱི་ཞན་ཆ་སྨས་པ་དང་། སྤྲེལ་གཞོན་དོན་གྲུབ་ཀྱིས་ཀྱང་ཕན་ཚུན་ཞི་མཐུན་དང་འཐབ་རྩོད་མེད་པའི་དགེ་མཚན་བཤད་པ་ལ་བརྟེན་ནས། སྤྲེའུ་ཚོགས་ཀྱི་བློ་ཡང་འགྱུར་ཏེ། གྱོད་ཁ་མཆུ་དེ་ཞི་འདུམ་བྱ་བའི་ཕྱོགས་སུ་འཁོར། རི་བོང་དང་དེ་ཕོས་གྲོས་ཡང་ཡང་བྱས་ཏེ་འདུམ་བྱའི་གྲོས་ཆོད་གཏན་ལ་ཕབ་ཅིང་། དེ་ལ་བྱ་སྤྲེལ་གཉིས་འཐད་པ་བྱུང་ནས་ཁས་ལེན་བྱས་པས་གྱོད་འདུམ་བྱུང་བ་བྲིས་ཡོད།
①སྤྲེལ་རྒན་བློ་བཟང་དང་སྤྲེལ་གཞོན་དོན་གྲུབ་གཉིས་ཀྱིས་རྐྱེན་བྱས་ནས་འདུམ་འགྲིག་གི་ཐད་ལ་སྤྲེའུ་རྣམས་བློ་ཁ་མཐུན་ནས་གྱོད་འདུམ་པར་མཐུན་རྐྱེན་བྱུང་བ།
② རི་བོང་དང་དེ་ཕོ་གཉིས་ཀྱིས་གྲོས་བྱས་ནས། བྱ་རྣམས་སྡོད་སའི་སྤང་རི་ནས་སུམ་ཆུའི་གཅིག་སྤྲེའུ་རྣམས་ལ་སྟེར་རྒྱུ་དང་། སྤྲེའུ་རྣམས་ཀྱིས་ནགས་ནས་བྱ་ཆེ་ཆུང་སྡོད་པ་དང་ཟས་འཚོལ་བ་གང་ལའང་དགག་བྱ་མེད་པ་བྱེད་དགོས་པའི་གྲོས་ཆོད་གཏན་ལ་ཕབ་པ།
③ བྱ་སྤྲེལ་སོ་སོར་དེ་དོན་བཤད་ནས་མཐར་གཉིས་ཀས་ཀྱང་དང་ལེན་བྱས་པའི་སྒོ་ནས་གྱོད་ཡོངས་སུ་འདུམ་པའོ།།

 

མི་སྣའི་སྣང་བརྙན་དབྱེ་ཞིབ།

མི་སྣའི་ཁ་བརྡ་དག་ལས་མི་སྣ་གཙོ་བོའི་སྣང་བརྙན་བཞེངས་སྐྲུན་དང་གཤིས་ཀ་བརྐོ་བཟོའི་ཐད་ནས་ཧ་ཅང་ལེགས་འགྲུབ་བྱུང་ཡོད་དེ། དཔེར་ན། སྤྲེལ་རྒན་བློ་བཟང་ནི་བློ་སྒམ་ཞིང་མིག་རྒྱང་རིང་བ། སྐད་ཆ་བཤད་སྐབས་ཐོག་མར་ཁ་ལ་བྱིལ་བྱིལ་ལན་གསུམ་བྱེད་པ་དང་། ལག་པ་གཡས་རྐེད་པར་འདེགས་པ་དང་། གཡོན་པ་པུས་མོའི་སྟེང་དུ་འཇོག་པ་སོགས་དང་། སྤྲེའུ་གཞོན་པ་ཨ་ལི་མ་ནི་ལོ་གཞོན་པ་དང་དཔའ་རྩལ་ཆེ་བ། སྐད་ཆ་འཆད་སྐབས་ལག་པ་བསྒྲེང་བ་དང་མཇུག་མ་གཡུག་པ་ཞིག་དང་། ནེ་ཙོ་ནི་སྨྲ་མཁས་ཤིང་ངག་འཇམ་པ་དང་། བཤད་པའི་སྐད་ཆར་ནང་དོན་བརྗིད་ཅིང་ཚིག་སྦྱོར་སྙན་པའི་ཁྱད་ཆོས་ལྡན་པ། ལྷ་བྱ་གོང་མོ་ནི་གཟུ་བོར་གནས་ཤིང་སྐད་སྙན་པ། གཏམ་འཆད་མཁས་པ། སྐད་ཆ་འཆད་སྐབས་ཐོག་མར་སྐད་འགྱུར་ཐེངས་གཉིས་དང་། གཤོག་རྡེབ་ལན་གསུམ་བྱེད་པ། རི་བོང་ནི་བློ་གྲོས་ཆེ་ཞིང་སྨྲ་མཁས་པ་ཞིག་ཡིན་པ་སོགས་བྲིས་པ་ནི་གསོན་ཉམས་ཆེ་ལ་ཐུན་མིན་གྱི་རང་གཤིས་ལྡན་པ་ཞིག་གོ།

བརྗོད་བྱའི་སྙིང་བོ།

རབ་རྟོག་སྒྲུང་གཏམ་འདིར་བྱ་སྤྲེལ་གཉིས་ཀྱིས་ས་རྩོད་བྱས་པའི་གྱོད་བྲིས་པ་བརྒྱུད་ནས། ༡༧༨༨ལོར་གོར་ཥས་བོད་ལ་བཙན་འཛུལ་བྱས་པར་བརྟེན་ནས་གོར་བོད་བར་ནས་བྱུང་བའི་དམག་འཁྲུག་དེ་མཚོན་ཡོད་པ་དང་། དེ་ལས་བོད་མི་དམངས་ཀྱིས་རང་གི་ཕ་ས་ཕ་ཡུལ་ལ་གཞན་གྱིས་བཙན་འཛུལ་བྱས་པར་རྒོལ་ལན་སྤྲོད་པའི་སྙིང་སྟོབས་དང་། ཕ་ས་ཕ་ཡུལ་སྲུང་སྐྱོབ་བྱེད་པར་ཆོད་སེམས་བརྟན་པོ་ཡོད་པར་མ་ཟད། བོད་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་གྱོད་ཞི་བའི་སྒོ་ནས་གྲོས་བྱས་ཏེ་ཐག་གཅོད་པར་འབད་པ་བྱེད་པ་ལས་བོད་རིགས་ནི་ཞི་བདེ་ལ་དགའ་བའི་མི་རིགས་ཡིན་པའང་གསལ་བཤད་བྱས་ཡོད།
ཡང་རྩོམ་འདིས་བྱ་སྤྲེལ་གཉིས་ཀྱི་རྩོད་པའི་བྱུང་བ་དང་འདུམ་པའི་གོ་རིམ་བྲིས་པ་བརྒྱུད་ནས་བོད་མི་རིགས་ཀྱི་ཞི་བདེ་དང་འགྲིག་མཐུན་ལ་དགའ་བའི་བསམ་བློ་མཚོན་ཡོད་ཟེར། དེ་ནི་རྩོམ་དུ༼མི་ལ་མི་དགོས་འཁྲུག་པ་རེད།། ཤིང་ལ་མི་དགོས་འཛེར་བ་རེད།།༽ ཟེར་བ་ལྟ་བུ་དང་། ༼སེམས་དཀར་པོ་ཕན་ཚུན་མཐུན་གྱུར་ན།། འགྲོ་བའི་དོན་ལ་ཕན་ཐོགས་ཡོད།། ཁོང་མཐུན་པ་སྤུན་བཞིའི་རྣམ་ཐར་སོམས༽ལྟ་བུ་དང་།༼སྨྱོ་ཧམ་གྱི་འཁོར་ལོ་བསྐོར་ན་ཡང་།། ར་སྤུའི་འུར་རྡོ་ར་ཡི་མཇིང་བར་འཁོར༽ཞེས་པ་ལྟ་བུའི་མི་སྣའི་སྐད་ཆ་དག་ལས་མཚོན་ཡོད།

རྩོམ་སྟངས་ཀྱི་ཁྱད་ཆོས།

1 མི་སྣའི་བར་གྱི་ཁ་བརྡའམ་གཏམ་གླེང་བརྒྱུད་དེ་སྣང་བརྙན་བཞེངས་སྐྲུན་དང་གཤིས་ཀ་བརྐོ་བཟོའི་ཐད་ནས་ཧ་ཅང་ལེགས་འགྲུབ་བྱུང་ཡོད།
2 དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གཏམ་དཔེ་མང་དུ་བཀོལ་སྤྱོད་བྱས་པས། ཚིག་ཉུང་ཞིང་དོན་འདུས་ལ། གསོན་ཉམས་ལྡན་པའི་ཁྱད་ཆོས་ལྡན།
3 འདྲིས་ཆ་ཆེ་བའི་དཔེ་མང་དུ་བཀོལ་པ་དེས་སྐད་ཆ་བབ་ཆགས་ཤིང་གོ་བདེ་བ། ཚིག་སྦྱོར་ཧ་ཅང་སྙན་ཞིང་ཡིད་ལ་འཛིན་བདེ་བའི་ཁྱད་ཆོས་ལྡན།
4 ཚིག་གྱོང་དང་བརྡ་རྙིང་སོགས་ཀྱི་མ་བཅིངས་པར་གོ་བདེ་བར་བྲིས་ཡོད་པས་བརྗོད་དོན་རྟོགས་སླ་བ།

བསམ་བློའི་དབྱེ་ཞིབ།

《བྱ་སྤྲེལ་གཏམ་རྒྱུད》ནི་སྐད་ཆར་གསོན་ཉམས་ལྡན་ཞིང་བྱུང་རིམ་ལ་ཀྱག་ཀྱོག་མང་བར་མ་ཟད།བོད་རིགས་མི་དམངས་ཀྱིས་བཙན་འཛུལ་ལ་ངོ་རྒོལ་དང་། དྲང་བདེན་རྒྱུན་འཁྱོངས།ཞི་བདེ་ལ་དགའ་བའི་སེམས་པ་དང་ཡིད་སྨོན་བཅས་མངོན་པར་མཚོན་ཡོད་པའི་སྒྲུང་རྩོམ་ཞིག་ཡིན་པས། རྒྱ་ཆེ་བའི་བོད་རིགས་མི་དམངས་ཀྱི་ཁྲོད་དུ་དར་ཁྱབ་ཆེ་ཞིང་ཀློག་པ་པོ་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱེད།
སྒྲུང་རྩོམ་འདི་ལས་ཐོག་མར་མཐོང་ཐུབ་པ་ནི། སྤྲེའུའི་བཙན་འཛུལ་ལ་བྱ་ཚོགས་ཀྱིས་བཙན་གཉོམ་རན་པའི་བྱེད་ཐབས་སྤྱད་པ་དེ་རེད། བྱ་ཚོགས་ཀྱིས་ཐོག་མར་ལྷ་བྱ་གོང་མོ་མངགས་ཏེ་སྤྲེའུའི་ཚོགས་ལ་གཏམ་ལབ་ཏུ་བཅུག་སྟེ་བདེན་པ་མཐའ་རུ་བསྐྱལ།
སྒྲུང་རྩོམ་འདིས་དུས་རབས་བཅོ་བརྒྱད་པའི་མཇུག་ཏུ་བྱུང་བའི་གོར་བོད་དམག་འཁྲུག་གི་ཚུལ་སྣང་བར་བྱས་པ་ཡིན་ཕྱིར།འདི་ལ་ སྐབས་དེར་ཤུགས་ཆེ་ཞིང་དངོས་ཡོད་ཀྱི་སློབ་གསོའི་དོན་སྙིང་ལྡན་པར་མ་ཟད།དེང་གི་དུས་སུ་ཡང་ཞི་བདེ་ལ་སྲུང་སྐྱོབ་དང་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་ཐད་ནས། དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན་ནོ།།
གཞན་ད་དུང་ངེས་པར་གླེང་དགོས་པ་ཞིག་ཡོད་པ་ནི། བྱ་སྤྲེལ་རྣམས་བྱ་བ་གང་ལ་ཐུག་ཀྱང་རང་རང་ས་ནས་ཐམས་ཅད་ལྷན་དུ་འཛོམས་ཏེ་གྲོས་སྡུར་གྱིས་ཐག་གཅོད་བྱེད་པ་དེས། རྩོམ་པ་པོའི་རྒྱུད་ནས་དམངས་གཙོའི་བསམ་བློ་ཡོད་པ་མཚོན་ཡོད་དོ།།
སྒྱུ་རྩལ་གྲུབ་འབྲས།
རྩོམ་འདི་ནི་བཅད་ལྷུག་སྤེལ་མའི་རྣམ་པ་ཅན་ཞིག་ཡིན་ལ།ཚིགས་བཅད་ལ་ཚེག་བར་བདུན་ཅན་དང་བརྒྱད་ཅན་གཉིས་ཀ་ཡོད་པས་ཕུན་སུམ་ཚོགས་ལ་རང་དབང་ཆེ་བ་ཞིག་རེད།སྐད་ཆ་བབ་ཆགས་པས་གོ་སླ་ལ།ཚིག་སྦྱོར་ཧ་ཅང་བདེ་བས་ཡིད་ལ་འཛིན་བདེ་བ་ཞིག་གོ། །
སྣང་བརྙན་བཞེངས་བསྐྲུན་དང་གཤིས་ཀ་བརྐོ་བཟོའི་ཐད་ནས་ཧ་ཅང་ལེགས་འགྲུབ་བྱུང་ཡོད་དེ། དཔེར་ན། སྤྲེལ་རྒན་བློ་བཟང་ནི་བློ་སྒམ་ཞིང་མིག་རྒྱང་རིང་བ། སྐད་ཆ་བཤད་སྐབས་ཐོག་མར་ཁ་ལ་བྱིལ་བྱིལ་ལན་གསུམ་བྱེད་པ། ལག་པ་གཡས་རྐེད་པར་འདེགས་པ་དང་། གཡོན་པ་པུས་མོའི་སྟེང་དུ་འཇོག་པ་སོགས་དང་། སྤྲེའུ་གཞོན་པ་ཨ་ལི་མ་ནི་ལོ་གཞོན་པ་དང་དཔའ་རྩལ་ཆེ་བ། སྐད་ཆ་བཤད་སྐབས་ལག་ངར་བསྒྲེངས་པ་དང་མཇུག་མ་གཡུག་པ་ཞིག་དང་། ནེ་ཙོ་ནི་སྨྲ་མཁས་ཤིང་ངག་འཇམ་པ་དང་། བཤད་པའི་སྐད་ཆར་ནང་དོན་བརྗིད་ཅིང་ཚིག་སྦྱོར་སྙན་པའི་ཁྱད་ཆོས་ལྡན་པ། ལྷ་བྱ་གོང་མོ་ནི་གཟུ་བོར་གནས་ཤིང་སྐད་སྙན་པ། གཏམ་ཤོད་མཁས་པ། སྐད་ཆ་བཤད་སྐབས་ཐོག་མར་སྐད་འགྱུར་ཐེངས་གཉིས་དང་། གཤོག་རྡེབ་ལན་གསུམ་བྱེད་པ། རི་བོང་ནི་བློ་གྲོས་ཆེ་ཞིང་སྨྲ་མཁས་པ་ཞིག་ཡིན་པ་སོགས་བྲིས་པ་ནི་གསོན་ཉམས་ཆེ་ལ་ཐུན་མིན་གྱི་རང་གཤིས་ལྡན་པ་ཞིག་གོ །
རྩོམ་པ་པོའི་སྐད་ཆ་བཀོལ་སྤྱོད་ཀྱི་ཐབས་རྩལ་ནི་ཐུན་མིན་མཆོག་གྱུར་ཅིག་ཡིན་ཏེ། གཤམ་དུ་གཙོ་བོ་དག་འཆད་པར་བྱའོ།།
(1)གསོན་ཉམས་ལྡན་ལ་འདྲིས་ཆེ་བའི་དཔེ་མང་དུ་བཀོལ་སྤྱོད་བྱས་ཡོད་དེ། དཔེར་ན། ཚོགས་འདུ་འཚོགས་ནས་གྲོས་སྡུར་བྱེད་སྐབས“ཁང་བ་གྲུ་བཞི་ཤོ་འདྲའི་ནང་། །བསམ་བློ་སྒོར་མོ་རྔ་འདྲ་ཐོངས། །གྲོས་མགོ་ཆུ་ཆེན་འབབ་འབབ་གྱིས། །གྲོས་ཐག་སྟར་ཁ་གཅོག་ གཅོག་གྱིས། །གྲོས་གཞུག་གྲུ་གུ་བསྒྲིལ་འདྲ་བྱེད། །”ཅེས་སོགས་བརྗོད་པ་དང་། ཐབས་བཟང་པོ་ཞིག་འཚོལ་ སྐབས“བྱ་མ་འདྲོགས་སྒོ་ང་ལེན་ཐབས་དང་། །ཉ་མ་འདྲོགས་ཆུ་མོ་ལེན་ཐབས་དང་། །བ་མ་འདྲོགས་འོ་མ་ལེན་པའི་ཐབས། །ཁྱོད་རྣམས་ལ་བློ་གྲོས་ཇི་འདྲ་ཡོད།།”ཅེས་བརྗོད་པ་ལ་སོགས་པའི་དཔེ་དེ་དག་ནི་ཉིན་རྒྱུན་འཚོ་བའི་ཁྲོད་རྒྱུན་དུ་མཐོང་ཐུབ་པའི་བྱ་དངོས་འབའ་ཞིག་ཡིན་ཕྱིར། གསོན་ཉམས་ལྡན་ལ་མཚོན་ཤུགས་ཆེ་བ་ཞིག་རེད།
(2)དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གཏམ་དཔེ་མང་དུ་བཀོལ་སྤྱོད་བྱས་ཡོད་དེ།དཔེར་ན། “ནང་དཔའ་བོའི་དཔའ་གྲལ་མ་ཞིག་ན།།ཕྱི་གེ་སར་གྱི་དམག་ལ་སྐྲག་མི་དགོས། །”ཞེས་པ་དང་། “ཕོ་རབ་གཅིག་གི་བློ་རྩེ་ལས། །ཕོ་འབྲིང་གསུམ་གྱི་གྲོས་བཟང་དགའ། །”“ཕུ་ལུང་བའི་ཕུ་ཐག་རིང་མི་རིང་། །མདའི་གཙང་ཆབ་སྔོན་མོ་མཐོང་བས་ཤེས། །”“ཁ་བཤད་ཆུ་ཡི་ཝུ་བ་ཡིན། །ལག་ལེན་གསེར་གྱི་ཐིགས་པ་ཡིན། །”ཞེས་པ་ལྟ་བུ་ནི་རྩོམ་ཡིག་གི་མགོ་མཇུག་བར་གསུམ་དུ་ལེགས་པར་སྦྱར་ཏེ། རྩོམ་ཡིག་གི་ཚིག་སྦྱོར་བླ་ལྷག་གིས་མཛེས་པར་བྱས་ཡོད།

འབྲེལ་ཡོད་ཤེས་བྱ།

1 བོད་ཀྱི་གཏམ་དཔེའི་གོ་དོན།

ལན། བོད་ཀྱི་གཏམ་དཔེ་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱིས་དུས་ཡུན་རིང་བོའི་སྤྱི་ཚོགས་འཚོ་བ་དང་ཐོན་སྐྱེད་འཐབ་རྩོད་ཁྲོད་ཀྱི་ཉམས་མྱོང་སྣ་ཚོགས་ཕྱོགས་བསྡོམས་བྱས་ཏེ་རྗོད་བྱེད་ཀྱི་ཚིག་ཉུང་ལ་དཔེ་དོན་གཉིས་སྦྱོར་གྱི་སྒོ་ནས་འཇིག་རྟེན་མི་ཆོས་ཀྱི་འགྲོ་ལུགས་འདུག་སྟངས་དང་ལེགས་ཉེས་བླང་དོར་སོགས་ཀྱི་གནས་ལུགས་བརྗོད་པ་ཞིག་ཡིན།

2 བོད་ཀྱི་གཏམ་དཔེའི་བྱུང་འཕེལ།

ལན། གཏམ་དཔེ་ཡང་ངག་ཐོག་གི་རིག་གནས་དར་བ་ནས་རིམ་པར་བྱུང་སྟབས་དར་སྔ་ལ་རིམ་བཞིན་འཕེལ་རྒྱས་བྱུང་ནས་རང་སྐྱ་ཐུབ་པ་ཐུན་མོང་མ་ཡིན་པའི་ལུས་ཀྱི་རྣམ་པ་འདི་བྱུང་བ་ཡིན། དེ་ཡང་བོད་ཀྱི་གཏམ་དཔེ་ཟིན་བྲིས་སུ་ཕབ་པའི་ཐོག་མ་ནི་ཏུན་ཧོང་སངས་རྒྱས་སྟོང་སྐུའི་བྲག་ཕུག་ནས་ཐོན་པའི༼བོད་སུམ་པའི་མ་ཤགས་ཆེན་མོ༽ཞེས་པ་དེ་ཡིན། གཏམ་དཔེ་དེ་དག་ནང་དོན་དང་རྣམ་པ་གང་གི་ཐད་ནས་བལྟས་ཀྱང་ཕལ་ཆེར་དུས་རབས་བདུན་པ་ནས་དགུ་བའི་སྐབས་ཀྱི་ཡིན། དེ་བས་གཏམ་དཔེ་དེ་དག་བོད་ཀྱི་གཏམ་དཔེ་སྔ་ཤས་ཁག་ཅིག་རེད།
སྤྱིར་བཏང་བོད་ཀྱི་གཏམ་དཔེ་ལ་ནང་དོན་ཆ་ནས་ཕྱེ་ན་རིགས་གསུམ་དུ་དབྱེ་ཆོག་སྟེ། བསྟོད་སྨད་ཀྱི་སྐོར། ཆོས་ཉིད་དང་གནས་ལུགས་ཀྱི་སྐོར། ཁ་ཏ་བསླབ་བྱའི་སྐོར་བཅས་གསུམ་དུ་འདུའོ།།
རྗེས་ཀྱི༼གེ་སར་སྒྲུང་དཔེ༽དང༼མི་ལ་རས་པའི་རྣམ་ཐར༽ ༼དཔེ་ཆོས་རིན་ཆེན་སྤུངས་པ༽༼བྱ་སྤྲེལ་གཏམ་རྒྱུད༽༼རྡོ་རིང་པཎ་ཌི་ཏའི་རྣམ་ཐར༽སོགས་སུ་གཏམ་དཔེ་སྣ་ཚོགས་བཀོལ་ཡོད་པ་དང་། དེང་སྐབས༼གཏམ་དཔེ་མཐོང་བ་འཛུམ་ཤོར༽དང ༼བོད་ཀྱི་ཁ་དཔེའི་གཏེར་མཛོད༽༼གླིང་སྒྲུང་གི་གཏམ་དཔེ་གཅེས་བསྡུས༽སོགས་གཏམ་དཔེ་ཕྱོགས་བསྡུས་བྱས་པའི་དཔེ་ཆ་མང་པོ་ཡོད་དོ།།

3 གཏམ་དཔེའི་ཕན་ནུས།

ལན། བོད་ཀྱི་གཏམ་དཔེ་ལ་དགེ་མཚན་ཤིན་ཏུ་མང་ནའང་། འདིར་མདོར་བསྡུས་ཤིག་བསྟན་ན། འབྲུ་ཉུང་ཞིང་བརྗོད་བདེ་བ། ཚིག་སྙན་ཞིང་ཡིད་འགུག་པ། དོན་འདུས་ལ་གནད་ཆེ་བའི་བརྗོད་བྱའི་དོན་གྱི་རང་བཞིན་དང་ཁྱད་ཆོས་རྣམས་དཔེ་ཡི་སྒོ་ནས་གསལ་བར་སྟོན་པའི་ཚིག་སྦྱོར་གྱི་ཁྱད་ཆོས་ལྡན་པས་བོད་གནའ་རབས་ཀྱི་གསུང་རྩོམ་མང་བོར་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་ཧ་ཅང་ཆེ། དེ་བས་དེང་རབས་ཀྱི་གསར་རྩོམ་ནང་དུའང་གཏམ་དཔེ་བཀོད་ན་བརྗོད་བྱ་ཕུན་སུམ་ཚོགས་པ་དང་ཚིག་དོན་སྙན་ཞིང་འཇེབས་པ། ཚིག་སྦྱོར་མཛེས་པར་བྱེད་པའི་གསོས་སུ་འགྱུར་རོ།།

བསྐྱར་སྦྱང་གནད་བསྡུས།

༡ བོད་ལ་སྲོལ་རྒྱུན་རབ་རྟོག་གི་སྒྲུང་རྩོམ་གཙོ་བོ་གང་དག་ཡོད།
ལན། དུས་རབས་བཅུ་དགུ་པ་ནས་བཟུང་སྲོག་ཆགས་ལ་སྦྱར་བའི་རབ་རྟོག་གི་སྒྲུང་རྩོམ་མང་དུ་བྱུང་ཡོད་དེ། དཔེར་ན། ༼གཏམ་པདྨའི་ཚལ་གྱི་ཟློས་གར༽དང ༼བྱ་སྤྲེལ་གཏམ་རྒྱུད༽ ༼ཇ་ཆང་ལྷ་མོའི་བསྟན་བཅོས༽༼གཡག་ལུག་ར་ཕག་གི་གཏམ་རྒྱུད༽ ༼རྫ་ཙིག་གི་གཏམ་རྒྱུད༽ ༼བསམ་ཡས་བྱ་དེ་དཀར་པོ༽སོགས་མང་ངོ་།།
༢ སྒྲུང་གཏམ་ནི་མི་སྣ་དང་བྱུང་རིམ། ཁོར་ཡུག་བཅས་ཀྱི་གནས་ཚུལ་ཞིབ་ཕྲ་བཀོད་ནས་འཚོ་བ་དངོས་མཚོན་པར་བྱེད་པའི་རྩོམ་ལུས་ཤིག་ཡིན་ལ། སྒྲུང་གཏམ་སྒྱུ་རྩལ་ལ་རྩ་བའི་ཁྱད་ཆོས་གང་དག་ཡོད།
ལན།① ཕྲ་ཞིང་ཞིབ་ལ་ཕྱོགས་ཡོངས་ནས་མི་སྣའི་རང་བཞིན་འཕྱོར་འབྲི་བྱེད་པ། ② བདེན་དངོས་ཡོད་པ་དང་མྱོང་ཚོར་ཐུབ་པའི་དཔེ་གཞིའི་ཁོར་ཡུག་འབྲི་བ།③ ཆ་ཚང་ཞིང་གསོན་ཉམས་ལྡན་པའི་སྒོ་ནས་བྱུང་རིམ་འབྲི་བ།
༣ སྒྲུང་གཏམ་གྱི་ཁོར་ཡུག་ཅེས་པ་དེ་གང་ལ་ངོས་འཛིན་དགོས།
ལན། སྒྲུང་གཏམ་གྱི་ཁོར་ཡུག་ཅེས་པ་ནི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གཉིས་ལ་ངོས་འཛིན།
༤ སྒྲུང་གཏམ་གྱི་སྤྱི་ཚོགས་ཁོར་ཡུག་ཅེས་པ་དེ་གང་ལ་གོ་དགོས།
ལན། དེ་ནི་མི་སྣས་བྱེད་སྒོ་སྤེལ་བ་དང་། བྱ་བའི་འབྱུང་ས་དང་བྱ་བ་འཕེལ་རྒྱས་འགྲོ་སའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཤིག་ཡིན་ཏེ། དུས་རབས་ཀྱི་ཁྱད་ཆོས་དང་སྤྱི་ཚོགས་ཀྱི་རྣམ་པ་སོགས་ལྟ་བུའོ།།
༥ སྒྲུང་གཏམ་གྱི་རང་བྱུང་ཁོར་ཡུག་ཅེས་པ་དེ་གང་ལ་གོ་དགོས།
ལན། དེ་ནི་མི་སྣའི་འགུལ་སྐྱོད་ཀྱི་དུས་ཚོད་དང་ས་ཆ། ནམ་དུས། གནམ་གཤིས། ས་ཁམས་ཀྱི་རྣམ་པ་སོགས་ཡིན།
༦ རྩོམ་རིག་ལོ་རྒྱུས་སྟེང་སྒྲུང་གཏམ་ནི་གང་གི་རྨང་གཞིའི་ཐོག་ནས་འཕེལ་རྒྱས་བྱུང་བ་ཡིན།
ལན། དེ་ནི་གཏམ་རྒྱུད་དང་སྒྲུང་སོགས་དོན་གྱི་བྱུང་བ་བརྗོད་པའི་རྩོམ་རིག་གི་རྨང་གཞིའི་ཐོག་འཕེལ་ནས་བྱུང་བ་ཡིན་ལ། བོད་ལ་མཚོན་ན་ཡང་མ་སངས་ཀྱི་སྒྲུང་དང་མཆིལ་བའི་སྒྲུང་སོགས་ཀྱི་རྨང་གཞིའི་སྟེང་ནས་འཕེལ་རྒྱས་བྱུང་བ་ཡིན།
༧ ༼བྱ་སྤྲེལ་གཏམ་རྒྱུད༽ཅེས་པའི་སློབ་ཚན་ནང་གི་བྱ་དང་སྤྲེའུ་མཚོན་དོན་ཅི་ཡིན།
ལན། བྱ་ཡིས་བོད་དང་སྤྲེའུས་གོར་ཥ་མཚོན་པར་བྱས་ཡོད།
༨ གོར་བོད་དམག་འཁྲུག་དེ་དུས་ནམ་ཞིག་ལ་བྱུང་བ་དང་། སྐབས་དེར་གོར་ཥའི་བོད་ཀྱི་ས་ཆ་གང་དག་ལ་བཙན་འཛུལ་བྱས་ཡོད།
ལན། སྤྱི་ལོ༡༧༨༨ལོར་གོར་བོད་དམག་འཁྲུག་བྱུང་བ་དང་། སྐབས་དེར་གོར་ཥའི་དམག་གིས་བོད་ཀྱི་ས་ཁོངས་གཉའ་ནང་དང་སྐྱིད་གྲོང་། རྫོང་དགའ་སོགས་སུ་སྨྱོ་ཧམ་ཆེན་པོས་བཙན་འཛུལ་བྱས་ཏེ། རྩ་ཆེའི་རྒྱུ་ནོར་མང་པོ་འཕྲོག་བཅོམ་བྱས་ཡོད།
ལས་བྱ་བཀོད་སྒྲིག
༡ སློབ་ཚན་དུ་གཏམ་དཔེ་མང་དུ་བཀོད་པ་དེས་རྩོམ་ཡིག་ཧྲིལ་བོར་ནུས་པ་ཅི་ཞིག་ཐོན་ཡོད།
༢ ༼བྱ་སྤྲེལ་གཏམ་རྒྱུད༽དང༼རྫ་ཙིག་གི་གཏམ་རྒྱུད༽ལྟ་བུར་མཚོན་ན། རྩོམ་ལུས་བཅད་ལྷུག་སྤེལ་མའི་ལམ་ནས་བྲིས་པའི་སྲོལ་རྒྱུན་རབ་རྟོག་སྒྲུང་གཏམ་ཞིག་ཡིན་མོད། ཡིན་ཡང་། རྩོམ་བྱང་དུ་གཏམ་རྒྱུད་ཅེས་སྦྱར་ཡོད་པས། ཁྱོད་ཀྱིས་བལྟས་ན་དེ་གཉིས་ལ་འགལ་བ་ཡོད་དམ།
༣ སྤྱིར་གཏམ་རྒྱུད་དང་སྒྲུང་གཏམ་གཉིས་ལ་འདྲ་བའི་ཆ་དང་མི་འདྲ་བའི་ཁྱད་པར་ཡོད་དམ། ཁྱོད་ཀྱིས་སྔོན་ཆད་བཀླགས་མྱོང་བའི་གཏམ་རྒྱུད་དང་སྒྲུང་གཏམ་གང་དག་ཡོད།
༤ ༼ བྱ་སྤྲེལ་གཏམ་རྒྱུད༽ དང ༼མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ༽གཉིས་གོ་བསྡུར་བྱས་ན། མི་སྣ་དང་བྱུང་རིམ། ཁོར་ཡུག་བཅས་བྲིས་པའི་ཆ་ནས་ཁྱད་པར་ཅི་ཡོད་པ་དང་། ཚིག་སྦྱོར་གྱི་ཆ་ནས་ཁྱད་པར་ཅི་ཞིག་ཡོད་པའི་དཔྱད་གཏམ་ཐུང་ངུ་ཞིག་འབྲི་དགོས།

 

ཡོང་ཁུངས། འོད་སྲུང་།

 

 

 

 

 

 

 

བོད་ཀྱི་བསྡུས་བརྗོད་སྒྲུང་གཏམ་《བྱ་སྤྲེལ་གཏམ་རྒྱུད་》ལ་དཔྱད་པ།

【ནང་དོན་གནད་བསྡུས།】 དཔྱད་རྩོམ་འདིའི་ནང་དུ་བོད་ཀྱི་བསྡུས་བརྗོད་སྒྲུང་གཏམ་《བྱ་སྤྲེལ་གཏམ་རྒྱུད།》ལས་འཕྲོས་ཏེ། སྲོག་ཆགས་དང་སྦྱར་ཏེ་བྲིས་པའི་གཏམ་རྒྱུད་འདིའི་རྩོམ་པ་པོ་སུ་ཡིན་མིན་དང་། སྒྲུང་གཏམ་དངོས་ཀྱི་བརྗོད་བྱ་ཅི་ཡིན་པ་དང་། སྒྲུང་གཏམ་འདིའི་ལོ་རྒྱུས་རྒྱབ་ལྗོངས་སོགས་མདོ་ཙམ་བརྗོད་ཡོད།

【བརྡ་ཆད་གཙོ་བོ།】 བསྡུས་བརྗོད་སྒྲུང་གཏམ། བྱ་སྤྲེལ་གཏམ་རྒྱུད།

དང་པོ། རྩོམ་པ་པོ་ངོ་སྤྲོད།

གཏམ་རྒྱུད་འདི་ཡོངས་གྲགས་སུ་བཞེད་པའི་རྩོམ་པ་པོ་ནི་རྡོ་རིང་བསྟན་འཛིན་དཔལ་འབྱོར་མཆོག་ཡིན་ཏེ། ཁོང་ནི་སྤྱི་ལོ་ ༡༧༦༠ ལོར་གཙང་རྒྱལ་རྩེ་དགའ་བཞི་ཞེས་པའི་སྒེར་གཞིས་སུ་འཁྲུངས། ཁོང་གི་རྣམ་ཐར་གཞིར་བཟུང་ན་ཁོང་ནི་གོར་བོད་དམག་འཁྲུག་བྱུང་བའི་སྐབས་འཚོ་བཞེས་གནང་ཡོད་པར་མ་ཟད། གོར་བོད་དམག་འཁྲུག་བྱུང་བའི་གོ་རིམ་ཁྲོད་དུ་ཁོང་ནི་སྤྱི་ལོ་༡༧༨༣ལོར་བོད་ཀྱི་བཀའ་བློན་གྱི་འགན་བཞེས་ཡོད་པ་ཞིག་དང་། སྤྱི་ལོ་༡༧༨༨ལོར་གོར་ཥས་བོད་ལ་བཙན་འཛུལ་བྱེད་སྐབས་དམག་སར་བསྐྱོད་པ་དང་གོར་བོད་བར་འདུམ་འགྲིག་གི་ཆིངས་ཡིག་འཇོག་སྐབས་ཀྱང་ས་གནས་སྲིད་གཞུང་གི་སྐུ་ཚབ་གཙོ་བོ་བྱས་ཡོད་པ། དེ་མིན་༡༧༩༠ལོར་གོར་ཥས་བོད་དུ་དམག་འཁྲུག་སློང་སྐབས་ཁོང་བཀའ་བློན་རྡོ་རིང་བསྟན་འཛིན་དཔལ་འབྱོར་གཙོ་བྱས་པའི་བོད་ཀྱི་མི་དྲག་འགའ་ཡང་གོར་ཥས་བཙོན་དུ་བཟུང་བ་དང་བཙོན་དུ་ཡུན་རིང་བསྡད་ཀྱང་དགྲ་བོར་མགོ་མ་བསྒུར་ལ་རྒྱའི་བློན་སྤ་ཀྲུང་སོགས་ལ་བརྟེན་ཚུལ་སོགས་ལས་ཁོང་ནི་དུས་སྐབས་དེར་འཚོ་བཞེས་གནང་ཡོད་པ་ཙམ་ཞིག་མིན་པར། གོར་བོད་ཀྱི་དམག་འཁྲུག་འདིར་མགོ་མཇུག་བར་གསུམ་དུ་ཞུགས་ཡོད་པ་ཞིག་ཀྱང་རེད། གཞན་ཡང་རྡོ་རིང་བསྟན་འཛིན་དཔལ་འབྱོར་ཁོང་རང་ཉིད་ཀྱི་ངོས་ཐད་ནས། ཁོང་ཉིད་ལོ་ན་ཕྲ་དུས་ནས་ཤེས་བྱའི་གནས་ལ་བརྩོན་པར་སྤྲོ་བ་དང་ཤེས་རབ་ལྡན་པ། དན་ཊིའི་གཞུང་དང་རྩིས་དཀར་ནག རོལ་མོའི་བྱེ་བྲག་གླུ་གར་སོགས་ལ་ཡང་སྦྱང་བརྩོན་མཐར་ཕྱིན་པར་བྱས་ཏེ་དགུང་ལོ་ཉི་ཤུ་མ་ལོན་གོང་ནས་རིག་པའི་གནས་མཐའ་དག་ལ་མཁས་པར་གྱུར་པ་ཞིག་རེད། དེ་མིན་རྡོ་རིང་བསྟན་འཛིན་དཔལ་འབྱོར་ཁོང་གིས་བརྩམས་པའི་རང་རྣམ་《དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ》དང་《བྱ་སྤྲེལ་གཏམ་རྒྱུད་》གཉིས་ཀྱི་བརྗོད་བྱའི་སྙིང་བོ་དང་མི་སྣ་སོ་སོའི་གཟུགས་བརྙན་ཞིབ་འབྲི་བྱས་པ་ཕན་ཚུན་མཚུངས་པ་དང་། བྱ་སྤྲེལ་གྱི་གཏམ་རྒྱུད་དང་རང་རྣམ་གྱི་ཚིག་གི་སྦྱོར་སྟངས་ཀྱང་མཐུན་པས། ཁོང་གིས་རང་ཉིད་བརྒྱུད་མྱོང་བའི་དོན་རྐྱེན་སྟེ་གོར་ཥ་དང་བོད་བར་གྱི་དམག་འཁྲུག་དེ་བྱ་དང་སྤྲེལ་གྱི་རྩོད་པར་སྦྱར་ནས་བརྩམས་ཡོད་པར་སྙམ། དེ་བས་ན་གཏམ་རྒྱུད་འདིའི་རྩོམ་པ་པོ་ནི་རྡོ་རིང་བསྟན་འཛིན་དཔལ་འབྱོར་འདི་ཉིད་ཡིན་པར་འདོད། ཁོང་གི་བརྩམས་ཆོས་ལ་《རྒྱལ་བུ་མུ་ཁྱུད་གྲགས་པའི་བསྟན་བཅོས》དང་། 《སྙན་ངག་གི་བསྟན་བཅོས་ལེགས་པར་བཤད་པ་སྡེ་བཞི་སྒོ་འཕར་རབ་ཏུ་འབྱེད་པའི་གཏམ།》 《བློ་གསལ་ཡིད་དབང་འདྲེན་བྱེད་རྣམ་དཔྱོད་གསེར་གྱི་ཤིང་རྟ།》 《བྱ་སྤྲེལ་གཏམ་རྒྱུད།》 《དགའ་བཞི་པའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ།》སོགས་བཞུགས་སོ། །

གཉིས་པ། བརྩམས་ཆོས་ཀྱི་ནང་དོན་མདོར་བསྡུས།
གཏམ་རྒྱུད་འདི་ནི་རྗོད་བྱེད་ཀྱི་ཚིག་སྙན་ཞིང་འཇེབས་ལ། བརྗོད་བྱ་ཕུན་སུམ་ཚོགས་པའི་བརྩམས་ཆོས་ཤིག་ཡིན་ལ། གཏམ་རྒྱུད་ཧྲིལ་བོར་ལེའུ་དྲུག་དུ་བཀར་ནས་བྲིས་ཡོད་དེ། ལེའུ་དང་པོར་བྱ་སྤྲེལ་གཉིས་ཀ་དང་པོར་འཕྲད་དེ་གཏམ་བྱེད་པར་བརྗོད་ཡོད་ལ། ལེའུ་གཉིས་པར་བྱ་སྤྲེལ་ཚོགས་ཀྱིས་གྲོས་ཐག་བཅད་དེ་གྲོས་ར་འཚོགས་པར་བརྗོད་ཡོད། ལེའུ་གསུམ་པར་ལྷ་བྱ་གོང་མོ་དང་སྨྲ་མཁན་ནེ་ཙོ་སྤྲེའུའི་སྡོད་གནས་ལ་མངགས་པ་བརྗོད་ཡོད། ལེའུ་བཞི་པར་བཀྲ་ཤིས་མཛེས་དགའི་ཡུལ་གྱི་གཏམ་རྒྱུད་ལས་བྱ་སྤྲེལ་གཉིས་ཕར་ལབ་ཚུར་ལབ་བྱས་མཐར་སྤྲེལ་རྒན་བློ་བཟང་གིས་གླེང་མགོ་བརྩམས་པ་བྲིས་ཡོད་པ་དང་། ལེའུ་ལྔ་པ་དང་དྲུག་པར་སོ་སོར་རི་བོང་དང་དེ་ཕོ། བྱ་སྤྲེལ་གཉིས་ཀྱི་དོན་ལ་སྡུམ་བྱེད་དགོས་པར། རི་དྭགས་ཚོགས་ནས་རི་བོང་ལ་སྨྲས་པ་བཞིན་ཁས་བླངས་པ་དང་། མཐའ་མར་བཀྲ་ཤིས་མཛེས་དགའི་ཡུལ་གྱི་གཏམ་རྒྱུད་ལས་རི་བོང་བློ་ལྡན་དང་དེ་ཕོ་གཉིས་ཀྱིས་ཐབས་མཁས་ཀྱིས་འདུམ་འགྲིག་བྱུང་དུ་བཅུག་པ་དང་བཅས་ལེའུ་དྲུག་ཏུ་བཀོད་ཡོད་པ་རེད། དེའང་གཏམ་རྒྱུད་ཀྱི་ནང་དོན་མདོར་བསྡུས་ན་འདི་ལྟ་སྟེ། སྔོན་ཡུལ་བཀྲ་ཤིས་མཛེས་དགའི་ཡུལ་གྱི་རི་ཀུན་བཟང་ཞེས་བྱ་བ་རྩ་བ་ནགས་འདབ་དང་། སྐེད་པ་སྤང་རི། རྩེ་མོ་གངས་རི་ཡིན་པ་ཞིག་ཡོད་པར། དེའི་རྩེ་མོར་སེང་གེ་དཀར་མོ་ཡི་ཁྱུ། སྤང་རི་ལ་ལྷ་བྱ་གོང་མོས་གཙོས་བྱ་སྣ་ཚོགས་དང་། རྩ་བ་ལ་སྟག་གཟིག་དོམ་དྲེད་ལ་སོགས་པའི་གཅན་གཟན་སྣ་ཚོགས་དང་། ནགས་ཚལ་དེའི་ཁུལ་ཞིག་ན་སྤྲེའུ་སྤྲིན་གྱི་སྒྲ་ཅན་སོགས་སྤྲེའུ་མང་ཙམ་གནས་སོ། །དེ་དག་ནམ་ཞིག་ཙམ་ན་གནས་བདག་གིར་བཟུང་བའི་ཚུལ་གྱིས་གནས་པ་ལ། སྤྲེའུ་དག་སྤང་རི་དེ་ལ་ཕྱིན་ཏེ་མེ་ཏོག་དང་སེར་ཤ་སྤང་རྒྱན་ཤ་མོ་རྩི་ཐོག་སོགས་གང་དགར་དུ་ཟས་པས། ནམ་ཞིག་གི་ཚེ་ན་བྱ་བྱེའུ་དག་གིས་སྣང་ཚུལ་དེ་མཐོང་བ་དང་དེ་ལྟར་རང་དགར་མེ་ཏོག་ཤ་མོ་རྩི་ཐོག་སོགས་བག་མེད་དུ་ཟོས་པ་སྤྲེའུ་དག་ལ་མ་བཤད་ན། མཇུག་མཐར་སྤང་རི་དེ་སྤྲེའུ་དག་གིས་བདག་བཟུང་བྱེད་སྲིད་ཅེས་གྲོས་བྱས་པ་དང་བྱ་བྱེའུ་དག་ལས་གཏམ་ཤོད་མཁས་པའི་ལྷ་བྱ་གོང་མོ་མངགས་ནས་གཞན་གྱི་སར་འོང་ནས་འབྲས་བུ་སོགས་སྣང་མེད་དུ་ལོངས་སྤྱོད་དང་བདག་གིར་བེད་སྤྱོད་བྱེད་མི་འོས་པར་སྨྲས་ཀྱང་། སྤྲེའུའི་ཚོགས་ཀྱིས་གཏམ་སྣ་ཚོགས་བཤད་དེ་ཕྱིར་རྒོལ་ལན་སློག་པ་དང་། བྱ་བྱེའུ་འདབ་ཆགས་རིགས་ཀྱིས་རང་གི་མངའ་ཁོངས་སྲུང་སྐྱོབ་བྱེད་ཆེད་སླར་ཡང་གྲོས་ར་འཚོགས་པ་དང་ཐབས་མཁས་ཀྱིས་གཏམ་བརྗོད་པ་དང་ཐ་ཚིག་བསྒྲགས་པ་སོགས་བྱས་པ་ལ་སྤྲེའུ་ཚོགས་ཀྱིས་ཀྱང་འདུམ་འགྲིག་བྱུང་ན་བསམ་ཡོད་པ་ལྟར། སྤྲེའུ་རྣམས་ཀྱིས་ཕྱིན་ཆད་ཧམ་ཟོས་མི་བྱེད་པ་དང་། བྱ་བྱེའུ་འདབ་ཆགས་རིགས་ཀྱིས་སྤྲེའུའི་ཚོགས་ལ་རི་སྐེད་ནས་ས་ཆའི་གསུམ་ཟུར་གཅིག་ལྟོ་རྟེན་ཙམ་དུ་སྟེར་རྒྱུ། ཡང་སྤྲེའུ་རྣམས་ཀྱིས་ཀྱང་བྱ་བྱེའུ་འདབ་ཆགས་ཚོགས་ཡོད་པ་ནགས་གསེབ་ཏུ་བསྡད་ཆོག་པ་དང་བཟའ་འབྲུ་འཐུ་བ་སོགས་བྱས་ཆོག་པ་བྱས་ནས་གྲོས་ཐག་བཅད་དེ་བྱ་སྤྲེལ་ཕན་ཚུན་དོན་འགྲིག་ཅིང་མཐུན་པར་བྱས་པ་བརྗོད་ཡོད་དོ། །

གསུམ་པ། བརྩམས་ཆོས་ཀྱི་ལོ་རྒྱུས་རྒྱབ་ལྗོངས།

བརྩམས་ཆོས་འདི་ནི་གོར་བོད་དམག་འཁྲུག་རྒྱབ་ལྗོངས་སུ་བྱས་པའི་གཏམ་རྒྱུད་ཅིག་ཡིན་ཏེ། གཏམ་རྒྱུད་ཁྲོད་ཀྱི་བྱ་དང་སྤྲེའུ་ཡིས་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི་རྣམ་ཐར་ཁྲོད་དུ་རང་རེའི་བོད་དང་གོར་ཥ་མཚོན། དེ་ཡང་གོར་བོད་བར་གྱི་དམག་འཁྲུག་འདི་ནི་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་༡༧༨༨ལོར་གོར་ཥས་བོད་ཀྱི་བཀས་བཀོད་རྒྱུད་འཛིན་གྱི་སྟོབས་ཤུགས་ཉམས་རྒུད་དུ་འགྲོ་བཞིན་པའི་དུས་སྐབས་ཤིག་ལ་བསྟུན་ནས་བཙན་འཛུལ་གྱི་མདུང་རྩེ་བོད་ལ་གཏད་པ་ཞིག་དང་། ༡༧༩༢ལོར་སླར་ཡང་བཙན་འཛུལ་གྱི་འདྲེ་ལག་ཐེངས་གཉིས་པ་བརྐྱངས་པ་ཞིག་ཏེ། དམག་འཁྲུག་འདི་ཡི་འབྱུང་རྐྱེན་ལ་བཞེད་པ་མི་མཐུན་པ་འགའ་རེ་ཡོད་ཀྱང་། རང་ཉིད་ཀྱི་བསམ་ཚུལ་ལྟར་ན་བླ་མ་ཞྭ་དམར་བའི་རྒྱུ་ནོར་གྱི་འདོད་སྲེད་ཀྱི་དབང་གིས་བྱུང་བ་ཡིན་པར་འདོད་དེ། དེ་ལ་ཁ་གཡར་ནས་བལ་ཡུལ་དུ་གནས་བསྐོར་དང་རྟེན་མཇལ་དུ་བྱིན་པ་དང་། 《དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ》ཡི་ནང་དུའང་འདི་འདྲ་ཞིག་ཡོད་པ་སྟེ། “གོར་ཁའི་རྗེས་འབྲང་བླ་མ་ཞྭ་དམར་བའི། །གཡོ་གཏམ་གྱིས་རྨོངས་ཀླད་མེད་ཆིངས་གྲོས་བྱས། །” ཞེས་པ་ཞིག་ཡོད་ལ། དེ་ལས་ཀྱང་བླ་མ་ཞྭ་དམར་བས་གོར་ཥ་ལ་ངན་འབྲེལ་གྱིས་གཉའ་ནང་དང་རོང་ཤར། སྐྱིད་གྲོང་བཅས་ས་ཆ་གསུམ་ལ་བཙན་འཛུལ་བྱས་པ་དང་། དེ་གསུམ་ནི་གོར་ཥས་རང་ཉིད་ཀྱི་མངའ་ཁོངས་སུ་འཇུག་འདོད་པའི་ས་ཆ་གསུམ་ཡིན།
སྐབས་དེའི་བོད་ཀྱི་སྤྱི་ཚོགས་གནས་བབ་ཁྲོད་ཀྱི་དཔོན་པོ་དག་ནི་རང་ཉིད་ཁོ་ནའི་བདེ་སྡུག་གི་ཆེད་དུ་གནས་རི་གྲགས་ཅན་དག་ལ་རྟེན་མཇལ་དང་གནས་མཇལ་དུ་སོང་སྟེ། སྲིད་ཕྱོགས་སམ་གཞུང་དོན་ལ་ནུས་པ་ཅི་ཡང་མི་འདོན་ལ་ཁ་ཡ་མི་བྱེད་པར་གནས་པ་དང་། གོར་ཥས་གནས་ཚུལ་དེ་འདྲའི་འོག་ཏུ་བོད་ཁུལ་ལ་བཙན་འཛུལ་གྱི་མདུང་རྩེ་གཏད་ལ། རྒྱའི་གོང་མས་ཐུགས་བརྩེ་བ་ཆེན་པོས་གཟིགས་ཡོད་ཀྱང་། གོང་མས་བོད་ཁུལ་ཏུ་བཏང་བའི་རྒྱའི་དཔོན་པོ་དག་ནི་དམག་འཁྲུག་གི་ངལ་བར་བག་འཁུམས་པ་དང་། གོང་མའི་བཀའ་དང་རྒྱབ་འགལ་བྱས་ནས་ཞི་ཆིངས་འཇོག་པའི་ངན་ཇུས་འཐེན་ཏེ། གོར་བོད་བར་ཕོ་ཉ་ལན་མང་མངགས་གཏོང་བྱས་པ་དང་བླ་མ་ཞྭ་དམར་བས་ཀྱང་གོར་ཥའི་མི་སྣ་རྣམས་ཁྲིད་དེ་ཆིངས་གྲོས་བྱེད་དུ་ཡོང་ལ། གོ་རིམ་འདིའི་ནང་བླ་མ་ཞྭ་དམར་བས་ཡང་དང་བསྐྱར་དུ་རྒྱ་དཔོན་རྣམས་ལ་ཞུ་ཡིག་ཕུལ་བ་དང་། ཆིངས་ཡིག་ལྟར་ཕྱིས་སུ་འཕྲལ་འགྲིག་ཕུགས་བརྟན་ཡོང་བའི་འགན་འཁུར་ཡང་བླ་མ་ཞྭ་དམར་བས་བྱས་ལ། ཆིངས་ཡིག་ལ་འགྱུར་བ་མེད་ཁུལ་སོགས་བྱས་པ་དང་། ས་སྐྱ་པཎྟི་ཏས་མཛད་པའི་ལེགས་བཤད་ལས། “གནོད་པའི་མཚན་མ་ཁར་འབྱིན་པའི། །དགྲ་བོ་དེ་དག་གཞོམ་སླ་ཡིན། །ཡན་པའི་བཟློག་རྟགས་ཁར་འབྱིན་པའི། །དགྲ་བོ་དེ་དག་ཇི་ལྟར་གཞོམ། །” ཞེས་གསུང་པ་ལྟར་བླ་མ་ཞྭ་དམར་བའི་ཆིངས་ཡིག་ལྟར་འགྲོ་བ་ཁོ་ཐག་ཡིན་པའི་ཤ་ཚའི་སྙིང་གཏམ་ཡིན་ཁུལ་གྱི་བསླུ་བྲིད་དང་མགོ་སྐོར་གྱི་སྐད་ཆས་རྒྱ་བོད་ཚང་མ་ཁ་ཡག་ལ་བཅུག་སྟེ་མགོ་གཡོག་ལ་བསྐོར་ཟེར་བའི་དཔེ་ལྟར་བྱས་ལ། འདི་འདྲའི་ངན་ཇུས་འཐེན་པའི་རྐྱེན་གྱིས་གོར་བོད་དམག་འཁྲུག་ཐེངས་གཉིས་པ་ཞེས་པ་ཞིག་འབྱུང་བར་ཡང་མཐུན་རྐྱེན་བསྐྲུན་ཞེས་བརྗོད་ཀྱང་ཆོག་སྙམ་པ་དང་། མཐར་འདྲ་མཉམ་མིན་པའི་ཆིངས་ཡིག་ཅིག་བཞག་སྟེ་བོད་སྲིད་གཞུང་གིས་གོར་ཥ་ལ་རྫོང་སྒོ་བསླུ་རིན་རྒྱ་དངུལ་རྡོ་ཚད་༣༠༠སྤྲོད་རྒྱུ་བྱས་ཏེ་དམག་འཁྲུག་ཐེངས་དང་པོའི་མཇུག་བསྡུས་པ་དང་། དམག་འཁྲུག་ཁྲོད་དཔའ་ངར་ལྡན་པའི་བོད་རིགས་མི་དམངས་རྣམས་ཀྱིས་ཞུམ་པ་མེད་པའི་སྙིང་སྟོབས་སྒོས་དགྲ་ལ་ངོ་རྒོལ་དང་བཀག་འགོག་བྱས་ཏེ། ཞི་བདེར་རེ་བའི་འདུན་པ་མངོན་པར་བྱས་ཡོད་དོ། །

བཞི་པ། བརྩམས་ཆོས་ཀྱི་སྒྱུ་རྩལ་ཁྱད་ཆོས།

བྱ་སྤྲེལ་གྱི་གཏམ་རྒྱུད་འདི་ནི་ཉེ་རབས་ཀྱི་བསྡུས་བརྗོད་བརྩམས་སྒྲུང་ཞིག་ཏེ། བརྩམས་ཆོས་ལས་རྩེ་མོ་གངས་རི། སྐེད་པ་སྤང་རི། རྩ་བ་ནགས་འདབ་ཡིན་པའི་བོད་ཁུལ་གྱི་ཡུལ་ལྗོངས་ཞིབ་འབྲི་བརྒྱུད། སྲོག་ཆགས་དང་སྦྱར་ཏེ་བྲིས་པའི་བརྩམས་ཆོས་ཤིག་ཡིན། གཏམ་རྒྱུད་འདིའི་རྩོམ་ལུས་ཚིག་བཅད་དང་བཅད་ལྷུག་སྤེལ་མར་བྲིས་ཡོད་པ་ཞིག་དང་། དེ་ལས་ཚིག་བཅད་གཙོ་བྱས་ཡོད་ལ། དེ་ཡང་ཚེག་བར་བདུན་མ་དང་བརྒྱད་མ་གཉིས་ཀ་ཡོད་པ། དགུ་མའང་རེ་གཉིས་ཡོད་པ་ཞིག་དང་། ཚིག་སྦྱོར་བདེ་ཞིང་གོ་སླ་ལ་གསོན་ཉམས་ལྡན་པ་ཞིག་ཡིན། འདིར་སྙན་ངག་གི་ལུས་དང་ཚིག་སྦྱོར་གྱི་ཁྱད་ཆོས་སོགས་རགས་ཙམ་བརྗོད་པར་བྱ།

༡ རྩོམ་ལུས་ཀྱི་ཆ་ནས།

བརྩམས་ཆོས་འདི་ཡི་རྩོམ་ལུས་ཚིག་བཅད་དང་བཅད་ལྷུག་སྤེལ་མ་ཡིན་པ་དང་། ཚིག་བཅད་ལ་ཚེག་བར་བདུན་མ་དང་བརྒྱད་མ། དགུ་མའང་ཡོད་དེ། དེ་ལས་ཤས་ཆེ་བ་ནི་ཚེག་མར་བདུན་མ་ཡིན། དེ་དག་རེ་རེ་བཞིན་དཔེར་བརྗོད་བཀོད་ན།

ཚེག་བར་བདུན་མའི་དཔེ་ལ། ཡུལ་འཛམ་བུ་གླིང་འདིར་དཔེ་མཚོན་ན། “སྤྱི་མཐུན་ལས་ཀྱིས་གྲུབ་ན་ཡང་། །རྒྱ་གར་རྒྱ་ནག་ཧོར་དང་བོད། །ལི་དང་བལ་ཡུལ་ལ་སོགས་པ། །རང་རང་དབང་རེ་སོ་སོར་ཡོད། །རྒྱ་གར་ཆོས་ཀྱི་རྒྱལ་བོས་བཟུང་། །དེ་ཚོ་ཁྱོད་ཀྱིས་མ་ཤེས་སམ། །” ལྟ་བུ་དང་། “སྔ་ས་ད་ལ་གནས་པ་བཞིན། །བྱས་ན་གྱོད་དང་ཁ་མཆུ་མེད། །སྔར་མེད་གསར་སྲོལ་བྱེད་ཟེར་ན། །དེ་ལུགས་ཞབས་ཞུ་ཞུས་པས་ཆོག །མཐོ་ལ་ཚད་ན་མཐོ་ལ་ཚད། །འདོམ་ལ་འཇལ་ན་འདོམ་ལ་འཇལ། །འདི་འདྲའི་ལན་ཞིག་སྐྱོལ་ཤོག་ཟེར། །” ལྟ་བུ།

དེ་མིན། རི་བོ་ཀུན་བཟང་ཟེར་བ་འདིར་ཅི་ཞིག་གནས་ཡོད་པ་དང་སུ་ལ་དབང་བ་བརྗོད་སྐབས། “རི་འདིར་གནས་པའི་འདབ་ཆགས་དང་། །སྡེར་ཆགས་གཅན་གཟན་ལ་སོགས་པ། །རྨིག་ཆགས་རི་དྭགས་ལ་སོགས་པ། །ཚེ་སྔོན་ལས་ཀྱིས་སྐྱེས་པ་ལས། །སུས་ཀྱང་མགྲོན་དུ་མ་བོས་ཟེར། །དེ་བཞིན་ཤིང་གི་འབྲས་བུ་དང་། །རྩི་ཏོག་མེ་ཏོག་ལ་སོགས་པ། །མཉམ་བདག་མཉམ་པོར་བཟའ་བ་ལ། །སུས་ཀྱང་དགག་བྱ་བྱེད་དོན་མེད། །ཁྱོད་ཚོས་རིན་གྱིས་ཉོས་པ་མིན། །གཞན་གྱིས་ཁྱོད་ཚོར་བཙོངས་པ་མིན། །ཡང་ཏིག་མཉམ་བཟའ་མཉམ་བདག་ཡིན། །”ཞེས་པ་ལྟ་བུ། ཡང་ཁྱིམ་བྱ་དེ་ཕོས་བྱ་རྒྱལ་རྒོད་པོ་དང་གོ་བོ་གཉིས་ལ་བསྟོད་པ་བྱེད་སྐབས་། ཁོང་བྱ་རྒྱལ་རྒོད་པོ་དང་གོ་བོ་གཉིས། །“བྱ་བརྒྱའི་ནང་གི་ཡང་རྩེ་ཡིན། །ཕོ་བརྒྱའི་ནང་གི་ཕོ་རྒོད་ཡིན། །བློ་དང་རིག་པ་འདྲ་ས་མེད། །རྩལ་དང་གཤོག་རླབས་འགྲན་ས་མེད། །”ཞེས་པ་ལྟ་བུ། ད་དུང་“ལྷ་ལུང་ལ་འདྲེ་ལག་རྐྱོང་མི་ཉན། །གཞན་ནོར་ལ་ཧམ་ཟོས་བྱེད་མི་ཉན། །དེ་ཡིན་ན་ལ་ལ་ཁ་བ་དང་། །ཀླུང་ལ་བ་མོའི་གནོད་པ་མེད། །འཁོན་མེད་ཉི་མ་སྤྲིན་བྲལ་ཡིན། །རྩོད་པ་ཆོས་ཕྱོགས་ཞི་ལེ་རེད། །” ཅེས་པ་ལྟ་བུ་སོགས་ཚེག་བར་བདུན་མ་ཅན་མང་ངོ། །

དེ་བཞིན་ཚེག་མར་བརྒྱད་མ་དང་དགུ་མའི་དཔེ་ལ། “དཔེ་དེ་བཞིན་རི་བོ་ཀུན་བཟང་གི །རྩ་ཆུ་དང་འབྲས་བུ་ཤིང་ཏོག་སོགས། །རང་གྲལ་མཚུངས་རྣམས་ཀྱིས་ཟ་བ་ལ། །བྱ་འདབ་ཆགས་བཀག་བགེགས་བྱེད་དོན་མེད། །” ལྟ་བུ་དང་། “ཕོ་རེ་རེའི་ཁ་ནས་གཏམ་རེ་དང་། །མོ་རེ་རེའི་ཁ་ནས་གླུ་རེ་བླངས། །” ལྟ་བུ། རྗེས་མ་ལ་དཔེར་ན། “བློ་རྩེ་གཉིས་ཀྱིས་འདོད་དོན་འགྲུབ་ལེ་མིན། །ཁབ་རྩེ་གཉིས་ཀྱིས་འཚེམ་བུ་ཡོང་ས་མེད། །ནང་དཔའ་བོའི་དཔའ་གྲལ་མ་ཞིག་ན། །ཕྱི་གེ་སར་དམག་ལ་སྐྲག་མི་དགོས། །” ལྟ་བུའོ། །

༢ ཁོར་ཡུག་འཕྱོར་འབྲི་བྱས་པ་མངོན་གསལ་ཡིན་པ།

སྤྱིར་ན་ཁོར་ཡུག་འཕྱོར་འབྲི་ལ་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གཉིས་ཡོད། དེ་ལས་གཏམ་རྒྱུད་འདིར་མངོན་གསལ་གྱིས་འཕྱོར་འབྲི་བྱས་ཡོད་པ་ནི་རང་བྱུང་ཁོར་ཡུག་ཡིན་ཏེ། དཔེར་ན། གཏམ་རྒྱུད་ལས་“སྔོན་ཡུལ་བཀྲ་ཤིས་མཛེས་དགའི་ཡུལ་གྱི་རི་ཀུན་བཟང་ཞེས་བྱ་བ་རྩ་བ་ནགས་འདབ་དང་། སྐེད་པ་སྤང་རི། རྩེ་མོ་གངས་རི་ཡིན་པ་ཞིག་ཡོད་པར། དེའི་རྩེ་མོར་སེང་གེ་དཀར་མོ་ཡི་ཁྱུ། སྤང་རི་ལ་ལྷ་བྱ་གོང་མོས་གཙོས་བྱ་སྣ་ཚོགས་དང་། རྩ་བ་ལ་སྟག་གཟིག་དོམ་དྲེད་ལ་སོགས་པའི་གཅན་གཟན་སྣ་ཚོགས་དང་། ནགས་ཚལ་དེའི་ཁུལ་ཞིག་ན་སྤྲེའུ་སྤྲིན་གྱི་སྒྲ་ཅན་སོགས་སྤྲེའུ་མང་ཙམ་གནས་སོ། །” ཞེས་པ་ལྟ་བུའོ།

༣ མི་སྣའི་གཟུགས་བརྙན་བཏོན་པ་མངོན་སུམ་ཡིན་པ།

དེ་དཔེར་ན། ལེའུ་གཉིས་པར་གྲོས་ར་འཚོགས་པའི་དུས་སུ་སྤྲེལ་ཕྲུག་འགའ་སྐྲག་ནས་ནས་ཙིག་ཙིག་དང་ཙིར་ཙིར་འུར་འུར་བྱས་ནའང་། དེ་ལྟ་བུའི་ཁོར་ཡུག་ཁྲོད་སྤྲེའུ་རྒན་བློ་བཟང་བསྒམ་ཞིང་བརླིང་ལ་སེམས་ལ་གཡོ་འགུལ་མེད་པ་ལྟ་བུ་དང་། སྤྲེའུ་རྒན་བློ་བཟང་གིས་སྐད་ཆ་བཤད་སྐབས་ཁ་ལ་བྱིལ་བྱིལ་གསུམ་བྱས་ནས་ལག་པ་གཡས་པ་སྐེད་པར་འདེགས་པ་དང་། གཡོན་པ་པུས་མོའི་སྟེང་དུ་འཇོག་པ་ལྟ་བུ་དང་། སྤྲེའུ་གཞོན་པས་ཨ་ལི་མའི་གཟུགས་བརྙན་སྒྲུབ་བཞེངས་བྱ་སྐབས་ཨ་ལི་མ་དེ་ལོ་གཞོན་ཡང་དཔའ་རྩལ་ཆེ་བ། དཔའ་རྩལ་གྱིས་སྙེམས་ནས་བཞིན་འགྱུར་ལག་ངར་བསྒྲེངས། མཇུག་མ་གཡུག་བཞིན་དུ་གཏམ་བཤད་པ་ཞེས་བྲིས་ཡོད་པ་ལྟ་བུ།

དེ་མིན་ཁྱིམ་བྱ་དེ་ཕོ་དེས་ནམ་འཕང་གཅོད་པའི་གཤོག་རྩལ་མི་ཆེ་ན་ཡང་། བློ་གྲོས་དང་ཕོ་ཚོད་ཆེ་བ། སྐད་ཆ་བཤད་སྐབས་གཤོག་རྡེབ་ལན་གསུམ་བྱེད་པ་ལྟ་བུ་སྟེ། རང་རང་གི་ཁྱད་ཆོས་དང་ལྡན་པའི་སྒོ་ནས་བྲིས་པ་མངོན་གསལ་ཡིན་ནོ། །

༤ སྐད་ཆའི་སྒྱུ་རྩལ་ལ་གསོན་ཉམས་དོད་པའི་དཔེ་མང་པོ་བཀོད་ཡོད་པ།

དཔེར་ན། གཏམ་རྒྱུད་ཀྱི་ལེའུ་ལྔ་བར་གྲོས་སྡུམ་བྱུང་བར་གྲོས་མོལ་བྱས་ཏེ་ཐབས་བཀོད་འཐེན་སྐབས། “བྱ་མ་འདྲོག་སྒོ་ང་ལེན་ཐབས་དང་། །ཉ་མ་འདྲོག་ཆུ་མོ་ལེན་ཐབས་དང་། །བ་མ་འདྲོག་འོ་མ་བཞོ་བའི་ཐབས། །” ཞེས་གཞན་གྱི་བསམ་བློ་བསྡུ་ལེན་བྱེད་པ་ལྟ་བུ་དང་། གྲོས་ཐག་གཅོད་སྐབས་ཀྱང་“ཁང་བ་གྲུ་བཞི་ཤོ་འདྲའི་ནང་། །བསམ་བློ་སྒོར་མོ་རྔ་འདྲ་ཐོངས། །གྲོས་འགོ་ཆུ་ཆེན་འབབ་འབབ་གྱིས། །གྲོས་ཐག་སྟར་ཁ་གཅོག་གཅོག་གྱིས། །གྲོས་གཞུག་གྲུ་གུ་བསྒྲིལ་འདྲ་བྱོས། །” ཟེར་བ་ལྟ་བུའོ། །

༥ ཉིན་རྒྱུན་གྱི་འཚོ་བའི་ཁྲོད་བཀོལ་ཆེ་བ་དང་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གཏམ་དཔེ་མང་པོ་སྤྱད་ཡོད་པ།

དཔེར་ན། ལྷ་བྱ་གོང་མོས་བཀོལ་ཡོད་པའི་གནའ་བོའི་གཏམ་དཔེ་“ཕོ་རབས་གཅིག་གི་བློ་རྩེ་ལས། །ཕོ་འབྲིང་གསུམ་གྱི་གྲོས་བཟང་དགའ། །” ཟེར་བ་ལྟ་བུ་དང་། “མི་ལ་མི་དགོས་པ་འཁྲུག་པ་རེད། །ཤིང་ལ་མི་དགོས་པ་མཛེར་བ་རེད། །ལུས་ལ་མི་དགོས་ན་ཚ་རེད། །སེམས་ལ་མི་དགོས་སྡུག་བསྔལ་རེད། །” ལྟ་བུ། “ཧམ་པ་རི་ཙམ་མ་བཤད་ན། །བདེན་པ་གཡག་ཙམ་ཐོབ་ལེ་མིན། །”ལྟ་བུ་དང་། “མི་འགྲིག་འགྲིག་གི་ལས་ཀ་ལས། །ལྷ་ཁང་བསྐོར་བ་བརྒྱབ་པ་དགའ། །”ལྟ་བུ་སོགས་མང་པོ་ཡོད་པ་རེད།

༦ ལེགས་ཉེས་བླང་དོར་གྱི་ཚུལ་སྟོན་པའི་ལེགས་བཤད་བཀོད་ཡོད་པ།
དཔེར་ན། “མཁས་པ་རྩད་ཅིང་མ་དྲིས་ན། །དེ་ཡི་བར་དུ་གཏིང་མི་དཔོག །རྔ་ལ་དབྱུག་གུས་མ་བསྣུན་ན། །དེ་སྲིད་གཞན་དང་ཁྱད་ཅི་ཡོད། །” ཅེས་པ་དང་།“ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐིགས་པ།” ལྟ་བུ་སོགས་བཀོད་ཡོད་ལ། སྐད་ཆའི་སྒྱུ་རྩལ་ཕུན་སུམ་ཚོགས་པ་རེད། གཞན་གཏམ་རྒྱུད་ནང་སྐབས་འགར་ཁ་སྐད་ཀྱི་མིང་རེ་གཉིས་ཀྱང་བཀོད་འདུག་པས་གོ་སླ་བ་དང་། གཏམ་རྒྱུད་ཉིད་བསྡུས་བརྗོད་ཀྱི་བརྩམས་ཆོས་ཤིག་ཡིན་པ། རྩོམ་ལུས་བཅད་ལྷུག་སྤེལ་མ་ཡིན་པ། ལེགས་བཤད་དང་གཏམ་དཔེ་མང་བ་སོགས་ཀྱི་རྐྱེན་གྱིས་བརྗོད་དོན་རྣོ་ཞིང་ཟབ་པ་དང་། དོན་གྱི་གནད་འདྲིལ་བ། ཚིག་སྦྱོར་བབས་ཆགས་ཤིང་སྙན་འཇེབས་ལྡན་ནོ། །

 

རྩོམ་འཇུག་པ། ལྷ་ཆེན་རྒྱལ།

བརྒྱུད་སྐུལ།

མཆན་སྤེལ།