སྤེལ་ཞིབ་ཕྲ།

 (གཙང་པ་)ཧའོ་རིན་པོ་ཆེ་ཚེ་དབང་དོན་གྲུབ། མི་ང་རང་གི་སྙིང་གི་རེ་བ་དང་བསམ་ཚུལ་ནི། འདས་རྟགས་ལས་ཀྱང་གསོན་རྟགས་མང་བ་འཇོག་པ་དེ་ཡག་པར་བརྩི་བཞིན་ཡོད། དེང་སང་རྙིང་མ་བ་འདས་རྟགས་བཞག་པ་མང་པོ་བྱུང་འདུག །ཉམས་ལེན་ལ་གྲུབ་འབྲས་ཆེ་བ་མེད་པའི་ཆོས་པ་མང་པོ་ལས་འདས་རྟགས་གང་མང་ཐོན་པ་དེ་སྤྱིར་བཟང་མོད། ཡིན་ཡང་ང་རང་ཧང་སངས་མ་བྱུང་ལ་དགའ་ཚོར་ཡང་དེ་ཙམ་མ་བྱུང་། རྒྱུ་མཚན་གང་ཡིན་ནམ་ཞེ་ན་མང་པོ་བཤད་མི་དགོས། རྙིང་མའི་རྩ་རྒྱུད་ཀྱི་བླ་མ་སངས་རྒྱས་དངོས་བྱོན་རྣམས་ལ་གསོན་རྟགས་དགའ་མང་ཡག་གསུམ་ཡོད་པ་ལས། འདས་རྟགས་བཟང་མང་བཞག་པ་མེད་པ་དེ་ཡིན། འདས་རྟགས་ཆེར་མེད་པའི་རྒྱུ་མཚན་ཡང་། བསྟན་པའི་དོན་དུ་རྙོག་འཛིང་གི་ལམ་བུ་མང་པོར་དཀའ་ངལ་མང་པོ་ལ་གདོང་གཏད་ནས་བསྐྱོད་པས་ཡིན་པ་རེད། རྒྱུ་མཚན་གཞན་ཡང་། འདིར་ལྷག་པའི་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་པ་ནི་གསོན་རྟགས་འཇོག་པར་མཛད་མཁན་རྐྱང་པའི་མཛད་རྗེས་ཁོ་ན་ཡིན། དེར་བརྟེན་ངས་བསམ་ན་རྒྱུ་མཚན་གཉིས་པོ་དེ་རྒྱུ་མཚན་སྟོབས་ཆེན་ཡིན་བསམ་གྱི་ཡོད། ངས་ཀྱང་མང་པོ་གང་ཡང་བསམ་ཤེས་ཀྱི་མེད། བླ་མའི་མཛད་རྗེས་ལ་དཔེ་ལྟ་རྒྱུ་དང་། དེའི་རྗེས་སུ་མ་འཇོན་ན་མ་གཏོགས་སྒྲུབ་རྒྱུ་ནི་ངའི་ལས་ཀའི་བྱེད་ཕྱོགས་གཅིག་པུ་དེ་ཡིན། དེར་ཧ་ཅང་གིས་གཙིགས་ཆེན་བྱེད་ཀྱི་ཡོད། གསོན་རྟགས་ཞེས་པ་ནི་མཁས་བཙུན་བཟང་གསུམ་གྱི་སློབ་མ་དགའ་ལ་མང་བ་གསོ་སྐྱོང་ཐུབ་པ་བྱེད་རྒྱུ་དེ་གཙོ་བོ་ཡིན་པ་ལས། དེ་མིན་ས་རྡོ་དང་གསེར་དངུལ་ཟངས་ལྕགས་ཀྱིས་དངོས་པོ་སྣ་མང་བསྐྲུན་པར་གསོན་རྟགས་རེད་ཟེར་གྱི་མེད། ཚེ་དོན་ནས། ༢༠༡༩ ལོའི་བོད་ཟླ་ ༣ ཚེས་ ༢ ལའོ།།
༄༅། །བོད་ཡུལ་གྱི་སངས་རྒྱས་བསྟན་པའི་གནས་ཚད་དེ་ཡུན་རིང་མིན།

 གཙང་པ་ཧའོ་རིན་པོ་ཆེ་མཆོག རྒྱུ་མཚན། སངས་རྒྱས་བསྟན་པ་ནི་དགོན་པ་མ་ཡིན། སངས་རྒྱས་བསྟན་པ་ནི་གར་འཆམ་མ་ཡིན། སངས་རྒྱས་བསྟན་པ་ནི་སྒོམ་མེད་ཀྱི་སྒྲུབ་པ་མ་ཡིན། སངས་རྒྱས་བསྟན་པ་ནི་ལྷ་ཁང་སྐུ་འདྲ་མ་ཡིན། སངས་རྒྱས་བསྟན་པ་ནི་བསྐྱེད་རྫོགས་མེད་པའི་འུར་འཆེམ་མིན། སངས་རྒྱས་བསྟན་པ་ནི་བཤད་སྒྲུབ་མེད་པའི་དམར་སེར་གྱི་ཚོགས་པ་མིན། སངས་རྒྱས་བསྟན་པ་ནི་བཤད་སྒྲུབ་རྐྱང་པ་རང་ཡིན། བཤད་སྒྲུབ་དེ་ཡང་བཤད་པ་ཨང་དང་པོ་ཡག་པོ་སོང་ཟིན་ནས་གཞི་ནས་སྒྲུབ་པ་ལ་འགྲོ་དགོས་པ་ཡིན། བཤད་པ་མེད་པའི་སྒྲུབ་པ་དེ་ནི་དམིགས་བསལ་ལམ་སྦྱང་སྔོན་དུ་སོང་བ་མིན་ན་ཧ་ཅང་དཀའ་བོ་ཡིན་འདུག འོན་ཀྱང་དེང་སང་གི་དགོན་སྡེའི་དབུ་འཛིན་ཚོ་ནི་བཤད་སྒྲུབ་ཟེར་ན་གོ་མཁན་ཡང་ཧ་ཅང་དཀོན། གོ་མྱོང་ཡོད་ཀྱང་ལག་ཏུ་ལེན་མཁན་ནི་ཤིན་ཏུ་དཀོན། རང་ཉིད་ཀྱི་གོ་མྱོང་ཐོབ་ཐང་བཤད་གྲྭ་ནས་གསོ་སྐྱོང་བྱས་ནས་བྱུང་ཡང་ད་དུང་བཤད་གྲྭར་རོགས་རམ་མེད། མ་ཟད་བཀག་རྡོ་ཏག་ཏག་བཟོ་མཁན་གྱི་ཁེངས་ཡོད། གཞན་ཡང་བཤད་གྲྭ་དང་བཤད་གྲྭའི་གྲྭ་བཙུན་གྱིས་ཅུང་ཙམ་མ་འགྲིག་ན་ལམ་སེང་ངར་ཤུགས་ཆེར་བསྐྱེད་ཀྱིས་བཤད་གྲྭ་བས་མི་ཉན་འདུག་ཟེར་ནས་བཤད་གྲྭ་བ་བཀག་གང་ཐུབ་བྱེད་པ་ཡང་ཧ་ཅང་མང་པོ་ཡོད། དེར་བརྟེན་བོད་ཡུལ་གྱི་ནང་བསྟན་གང་མགྱོགས་ལྗོངས་རྒྱུ་ལ་ཕེབས་རྒྱུ་ཡིན་པ་རེད། ངོ་མ་བསྟན་པ་ལ་བསམ་བློ་ཡོད་མཁན་ནི་ཉིན་སྐར་རེད་ཅེས་གསུངས་པ་བདེན་པ་རེད། དཀོན་མཆོག་གིས་ཐུགས་རྗེས་གཟིགས།
༄༅། །བཞད་བཀྲ་ཤིས་དགེ་འཕེལ་དགོན་གྱི་ལོ་རྒྱུས་རགས་བསྡུས།

 བཀྲ༵་ཤིས༵་དགེ༵་ལེགས་དུ་མར་འཕེལ༵་བའི་རྡུལ།། མི་ཟད་ཕུང་པོར་བརྩེགས་པའི་ཀེ་ལ་ཤ།། འདོད་རྒུའི་བསིལ་བ་སྟེར་བའི་ཆུ་རྒྱུན་ཅན།། བཞད་ལྗོངས་ནོར་འཛིན་སྒེག་མོའི་ཕང་བར་བརྗིད།། ཅེས་པ་འདི་ནི་དབྱངས་ཅན་གྲུབ་པའི་རྡོ་རྗེས་གསུངས། དགོན་འདི་ནི་གཙང་གཞིས་རྩེ་གྲོང་ཁྱེར་ནས་སྤྱི་ལེ་དགུ་བཅུ་ལྷག་ཙམ་གྱི་བར་དག་ན་གནས་པའི་བཞད་མཐོང་སྨོན་རྫོང་ཁོངས་ན་ཡོད། བོད་ཡུལ་འདི་ལ་ཆོལ་ཁ་གསུམ་ཡོད་པས་ཆོལ་ཁ་དང་པོ་དེའི་ནང་ནས་གཡས་རུའི་ཆ་ཤས་སློབ་དཔོན་ཆེན་པོ་པདྨ་སཾབྷ་བས་ཡུལ་ཕྱོགས་འདིའི་དགེ་མཚན་ཡོངས་སུ་ལྡན་པ་རྡོ་རྗེའི་ཐུགས་ཀྱི་མེ་ལོང་དྲི་མ་མེད་པར་གསལ་རྗེས་ཐོག་མཐའ་བར་གསུམ་དུ་དགེ་ཞིང་ཤིས་པའི་མཚན་ལ་ཁྱད་པར་ཅན་གཟིགས་རྐྱེན་འཛུམ་ཞལ་ལྷུག་པར་གྲོལ་བའི་རྒྱུ་མཚན་གྱིས་བཞད་ཅེས་གྲགས།
༄༅། །བླ་མ་དྲན་པའི་གདུང་དབྱངས།

 རྩོམ་པ་པོ། དཀའ་ཆེན་བློ་བཟང་ཡོན་ཏན། རྣམ་འདྲེན་བཞི་པའི་གདུང་ཚོབ་ཟླ་མེད་པ། ། སྣང་མཐའི་མགོན་པོ་ཆོས་ཀྱི་རྒྱལ་མཚན་གྱིས། ། བཀའ་ལུང་ཟབ་མོས་མཁན་ཁྲིར་མངའ་གསོལ་བ། ། མཁ༵ན་ཆེ༵ན་རྡོ༵་རྗེ༵་འཆ༵ང་ཆེན་སྙིང་ནས་དྲན། ། གཞོན་ནུའི་དུས་ནས་རྣམ་དཔྱོད་ཤེས་རབ་ཀྱིས། ། ཆོས་ཚུལ་དར་ཞིང་རྒྱས་པའི་མཛད་འཕྲིན་ནི། ། ཚུར་མཐོང་ཡུལ་ལས་འདས་ཀྱང་རྣམ་ཐར་གྱི། ། ས་བོན་ཅུང་ཞིག་བརྗོད་ལ་སྤྲོ་བ་བརྟས། ། དགུང་ལོ་བཅུ་ཕྲག་གཉིས་ཀྱི་ལྷག་པའི་དུས། ། རྣམ་འགྲེལ་ཊིག་ཆེན་ཐུགས་ལ་ཡོངས་བཟུང་ནས། ། སྣང་མཐའི་མགོན་པོ་མཆོག་ལ་རྒྱུགས་ཕུལ་བས། ། རྒྱལ་བསྟན་ཡང་དར་བྱེད་པོ་ཐུགས་མཉེས་ནས། ། བྱ་དགའ་དངོས་པོའི་བདག་རྐྱེན་ཚད་མེད་དང་། ། ཚེ་རབས་རྗེས་འཛིན་སྨོན་ཚིག་བཀའ་དྲིན་བསྐྱངས། ། གྲྭ་ཚང་གསུམ་གྱི་མཁས་མང་འདུས་པའི་དབུས། ། རྣམ་འགྲེལ་གཞུང་ལ་དམ་བཅའ་འཇོག་པའི་ཚེ། ། ཆོས་ཀྱི་གྲགས་པ་གནས་འདིར་ཕེབས་སམ་ཞེས། ། བསྟོད་བཀུར་བསྔགས་པའི་མེ་ཏོག་ཚད་མེད་གཏོར། །
༄༅། །ངེས་དོན་གྱི་འདུལ་བ་འཛིན་པ་ཆེན་པོ་མཁན་རིན་པོ་ཆེ་༸རྗེ་བཙུན་དཀའ་ཆེན་ཤེས་རབ་ཆོས་དར་དཔལ་བཟང་པོའི་རྣམ་ཐར་གསོལ་འདེབས་དོན་གཉིས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།

རྩོམ་པ་པོ། དགེ་བཤེས་བློ་བཟང་རྣམ་རྒྱལ། བློ༵་ཆེན་མཁྱེན་བརྩེ་བཟ༵ང་པོའི་འཕྲིན་ལ༵ས་རྣམས།   ། ལྗོངས་འདིའི་བསྟན་པའི་བདག་པོར་མ་གྲུབ་ན།   ། གནས་འདིར་སུ་ལ་གཞན་དོན་ལྷུ༵ན་གྱིས་གྲུ༵བ།   ། ཆོ༵ས་ཀྱི༵་རྒྱ༵ལ་མཚ༵ན་གང་དག་གཏན་མདུན་སྐྱབས།   ། ཤེ༵ས་བྱའི་གནས་ཀུ༵ན་ཀུ༵ན་མཁྱེན་ཇི་བཞིན་ཤེ༵ས།   ། ར༵བ་བྱམས་ཐུགས་རྗེ༵ས་རྗེ༵ས་འཇུག་སྐྱོང་བའི་ར༵བ།   ། ཆོ༵ས་ཀུན་གནས་ལུ༵གས་ལུ༵གས་བཟང་མཐའ་བྲལ་ཆོ༵ས།   ། ད༵ར་མཛད་སྐྱབས་མཆོ༷ག་མཆོ༵ག་གསུམ་བར་དུ་ད༵ར།   །
བོད་ལྕགས་བྱི་ལོའི་ལོ་གསར་འཚམས་འདྲི།

༄༅། །འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་དང་། ལྷག་པར་དབུས་གཙང་རིག་མཛོད་ལ་དོ་འཁུར་གནང་མཁན་གྱི་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ། བོད་རྒྱལ་ལོ་༢༡༤༧ རབ་གནས་ལྕགས་བྱི་ལོའི་གནམ་ལོ་གསར་བཞད་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་། ལྷན་རྒྱས་ལོ་གསར་པའི་ནང་སྐུ་འཚོ་གསལ་ཐང་དང་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་ཤིང་། ཏོག་དབྱིབས་རིམས་ནད་མྱུར་དུ་ཞི་ནས་སྐྱེ་འགྲོ་ཡོངས་དགའ་སྐྱིད་དཔལ་ལ་རོལ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་བཅས། དབུས་གཙང་རིག་མཛོད་ལས་སྣེ་ཡོངས་ནས།