སྤེལ་ཞིབ་ཕྲ།

ཁ་བའི་ལས་དབང༌། ཚུལ་ལྡན ། གཟའ་ཉི་མའི་ཉིན་ཞིག་ལ་ཁ་བ་གློ་བུར་དུ་བབས་བྱུང་བས་ཁོར་ཡུག་ཀུན་ཏུ་དངུལ་དཀར་གྱི་འཇིག་རྟེན་ཞིག་ཏུ་བསྒྱུར། ང་མལ་ལས་ལངས་ཏེ་སྒོར་ཕྱིར་དུས ། ངའི་སེམས་ལ་སྔར་མེད་ཀྱི་སུན་སྣང་ཞིག་བསླང་བྱུང༌། ཡོད་ཚད་ལ་ཞེད་སྣང་ཞིག་གམ་སྐྱོ་སྣང་ཞིག མ་གཞིར་ང་ལ་ཉིན་དེར་བཀོད་སྒྲིག་ལེགས་པོ་ཞིག་ཡོད་ནའང༌། ཁ་བས་བཀོད་སྒྲིག་དེ་དག་གནས་མེད་དུ་འཁྱམ་པར་བྱས ། རེ་ཐག་ཡོངས་སུ་ཆད་ནས་སླར་ཡང་མལ་དུ་མི་ལོག་ཐབས་མེད་བྱུང༌། མགོ་སྔའི་ཐོག་གི་ཆུ་ཚོད་ཀྱིས་ཐག་སྒྲ་ལས་སེམས་ལ་གནོད་སྣང་ཞིག་ཤར་ཡང་སླར་ཡང་རྨི་ལམ་གྱི་ཞིང་ཁམས་སུ་ཡུར ། རྨི་ལམ་དུ་རྨིས་བཞིན་པའི་ཡུལ་ལྗོངས་དེར་ཁ་བ་བབས་མེད་ལ ། ཉི་འོད་འཇམ་པོ་ཞིག་དང་རླུང་བུ་དལ་མོར་ཞིག་གི་འོག་ན། ངའི་སེམས་པ་མོས་འདུན་དྲག་པོ་ཞིག་གིས་སྣེ་ཁྲིད་དེ། ངའི་སྔོན་དུ་འགྲོ་བཞིན་པའི་མི་ཚོགས་ཀྱི་དབུས་ན ། རྒྱབ་གཟུགས་གཞན་དང་མི་མཐུན་པའི་བུད་མེད་ཞིག་གིས་གར་གྱིས་སྟངས་སྟབས་བསྒྱུར་བཞིན་བྲེལ་འཚུབ་ངང་སྔུན་དུ་བགྲོད ། དེ་ནི་མི་ཚོགས་ཀྱི་རྒྱབ་གཟུགས་དང་གཏན་ནས་མི་མཚུངས་བས་སེམས་པ་གཅིག་ཏུ་འཕྲོག་པའི་མཛེས་མ་ཞིག ངས་མོའི་ངོ་མདངས་རིག་ཅི་ཐུབ་བྱས་ཀྱང་མོ་རང་མི་ཚོགས་དབུས་སུ་གར་སོང་ཆ་མེད་དུ་གྱུར ། ལམ་གྱི་སྲང་མདོ་རེ་རེ་ནས་ངས་མི་ཚོགས་ཀྱི་དབུས་སུ་ཐག་ཉེ་དང་ཡང་ན་ཐག་རིང་ལ་མིག་གིས་ཧྲིག་ཧྲིག་ངང་ཕྱོགས་ཀུན་ལ་བལྟས་ཀྱང་མོ་རང་གར་སོང་ཆ་མ་འཚལ ། ང་རང་ཡང་ མགོ་བོ་སྨད་ནས་རང་ཁྱིམ་གྱི་རྐང་ལམ་ཕྲ་མོ་དེ་མི་བརྒྱུད་ཐབས་མེད་བྱུང་ ། ཁྱིམ་དུ་སླེབས་འཕྲལ་གཏན་འཇོག་ཁ་པར་གྱི་སིལ་སྒྲ་གྲགས་བྱུང༌། ང་རང་རེ་ཞིག་ཧད་དེ་ལུས ། སུ་ཞིག་གིས་ཁ་པར་ཨང་གྲངས་དེ་ཤེས་སོང་སྙམ་བཞིན་དལ་མོར་ཁ་པར་ ལ་ཉན། དེ་ནི་འབྲིང་རིམ་སྐབས་ཀྱི་སློབ་གྲོགས་ཟླ་བ་རེད ། ངའི་གཏན་འཇོག་ཁ་པར་གྱི་ཨང་གྲངས་ཁྱོད་ཀྱིས་ཇི་ལྟར་ཤེས་སོང་བ་ཡིན་ཞེས་དྲིས་ཚེ ། ཁོས་འཛེམ་དོགས་ཅི་ཡང་མེད་པའི་སྒོ་ནས་འདི་ལྟར་བཤད…