གྲུབ་མཐའ་རྒྱན་གྱི་མེ་ཏོག

གྲུབ་མཐའ་རྒྱན་གྱི་མེ་ཏོག

༄༅། །གྲུབ་མཐའ་རྒྱན་གྱི་མེ་ཏོག་བཞུགས་སོ། །

 

བཅོམ་ལྡན་རིག་པའི་རལ་གྲི།

 

རྒྱ་གར་སྐད་དུ། སིདྡྷི་ཨནྟ་བི་བྷ་ག་ཨ་ལཾ་ཀ་ར་པུཥྤ་ན་མ།  བོད་སྐད་དུ། གྲུབ་པའི་མཐའ་རྣམ་པར་དབྱེ་བ་རྒྱན་གྱི་མེ་ཏོག་ཅེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །གྲུབ་པའི་མཐར་ཕྱིན་ཤེས་བྱ་ཀུན་མཁྱེན་ནས། །འགྲོ་བས་མཐོ་རིས་ཐར་པ་འགྲུབ་བྱའི་ཕྱིར། །གྲུབ་པའི་གསུང་དབྱངས་ཡན་ལག་དྲུག་བཅུ་ཡིས། །རང་གཞན་གྲུབ་མཐའ་སྟོན་པ་དེ་ལ་འདུད། །

མུ་སྟེགས་བྱེད་སྤྱིར་བརྟག་པ།

 

རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ཁོ་ན་ཡིན་ཏེ་རང་གཞན་གྱི་འདོད་པའི་ཚོགས་ཐམས་ཅད་ནི་དེའི་གསུང་རབ་ཁོ་ན་ལས་གསལ་བར་འབྱུང་བའི་ཕྱིར་རོ། །དེ་ལ་ཕྱག་བྱེད་པ་ནི། གནས་སྐབས་དང་མཐར་ཐུག་གི་དོན་འགྲུབ་པར་བྱ་བའི་ཕྱིར་ཏེ། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ་ལས། །སྙིང་ནས་དད་དམ་ཅི་ལྟར་དགའ་བ་དང་། །ཐེ་ཚོམ་གྱིས་སམ་གཞན་གྱི་ངོར་ཡང་རུང་། །གང་ཞིག་ཐུབ་དབང་དེ་ལ་ཕྱག་བགྱིད་པ། །དེས་ནི་ལྷའི་བདེ་བ་ཕུན་སུམ་འཐོབ། །ཅེས་བྱ་བ་དང་། འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ལས། ལྷའི་གནས་སུ་གང་རྣམས་རྩེན་པ་དང་། །དེ་བཞིན་རྒ་དང་འཆི་ལས་ཐར་འདོད་དང་། །བདུད་ཀྱི་སྡེ་རྣམས་ཕམ་པར་གང་འདོད་པ། །དེས་ནི་ཤཱཀྱའི་སེང་གེ་མཆོད་པར་གྱིས། །ཞེས་གསུངས་པ་ཡིན་ནོ། །གྲུབ་པའི་མཐར་ཕྱིན་ཞེས་བྱ་བ་ནི་དད་པ་ལ་སྤོབས་པ་བསྐྱེད་པ་ལས། ཉེས་པ་ཉམས་སྨད་རྩ་ནས་བཏོན། །ཡོན་ཏན་སྤེལ་ནས་རྣམ་པར་སྦྱངས། །གཞུང་ལུགས་བཟང་པོ་དེས་ན་ཁྱོད། །གྲུབ་མཆོག་ལྷག་པར་བརྙེས་ལ་སོགས། །ཞེས་འབྱུང་བ་བཞིན་ནོ། །ཡན་ལག་དྲུག་ཅུ་ནི་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་རིག་པར་བྱའོ། །ཚིག་གཞན་རྣམས་ནི་ཤིན་ཏུ་མངས་བར་འགྱུར་བའི་ཕྱིར་མི་བཤད་དོ། །དེ་ལ་ཕྱག་འཚལ་ནས་ཅི་ཞིག་བྱེད་ཅེ་ན། །གང་ཞིག་བདག་གཞན་གྲུབ་པའི་མཐའ། །རྒྱ་མཚོའི་ཕ་རོལ་ཕྱིན་གྱུར་ན། །ཤེས་བྱ་ཀུན་ལ་འཇིགས་མེད་འཐོབ། །དེ་ཕྱིར་དེ་ནི་བདག་གིས་བཤད། །བདག་དང་གཞན་ནི་སངས་རྒྱས་པ་དང་མུ་སྟེགས་བྱེད་དོ། །དེ་གཉིས་སུ་མ་འདུས་པའི་གྲུབ་པའི་མཐའ་ཡང་མང་པོ་སྣང་མོད་ཀྱི་འདི་གཉིས་ནི་ཐོག་མ་མེད་པ་ནས་བྱུང་བའི་གྲུབ་མཐའ་ཡིན་པས་བཤད་དོ། །དེ་ལ་འདི་གཉིས་ཀྱི་ཁྱད་པར་ལྟ་བ་བདག་དང་བདག་མེད་པར་སྨྲ་བ་ཙམ་ནི་མ་ཡིན་སྟེ་གནས་མ་བུ་པའང་བདག་འདོད་པའི་ཕྱིར་རོ། །སྤྱོད་པ་སེམས་ཅན་ལ་འཚེ་བ་སྤོང་མི་སྤོང་ཙམ་ཡང་འདི་གཉིས་མ་ཡིན་ཏེ་ནམ་མཁའི་གོས་འཆང་པའང་འཚེ་བ་སྤོང་བའི་ཕྱིར་དང་། སངས་རྒྱས་པར་ཁས་འཆེ་བ་ཁ་ཅིག་ཀྱང་རྒྱུན་དུ་སེམས་ཅན་ལ་གནོད་པ་བྱེད་པའི་ཕྱིར་རོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མི་འགྲོ་ཙམ་ཡང་མ་ཡིན་ཏེ། སྐྱབས་སུ་མིས་འགྲོ་བ་མང་པོ་ནི་གཉིས་ཀ་མ་ཡིན་པར་གནས་པའི་ཕྱིར་རོ། །ལྷ་དང་སྟོན་པ་ཐ་དད་པ་ཙམ་ཡང་མ་ཡིན་ཏེ་གྲངས་ཅན་ལྷ་མེད་པ་དང་འཇིག་རྟེན་རྒྱང་འཕེན་པ་ལ་ལྷ་མེད་པའི་ཕྱིར་རོ། །དེས་ན་ལྟ་བ་ཕྱག་རྒྱ་བཞི་དང་། སྤྱོད་པ་མཐའ་གཉིས་དང་བྲལ་བ་དང་འབྲས་བུ་སྲིད་པའི་རྩེ་མོ་ལས་བརྒལ་ནུས་པ་ཅན་ནི་སངས་རྒྱས་པ་ཡིན་ལ། དེ་གསུམ་མི་ལྡན་པ་ཁ་ཅིག་ནི་མུ་སྟེགས་པ་ཡིན་ཏེ་འོད་ལྡན་ལས། །བསླབ་པ་གསུམ་ནི་རབ་སྟོན་ཅིང་། །ཕྱག་རྒྱ་གསུམ་དང་ཡང་དག་ལྡན། །ཐོག་མ་བར་དང་མཐར་དགེ་བ། །སངས་རྒྱས་གསུང་དུ་མཁས་པས་རྟོགས། །ཞེས་བྱ་བ་དང་། ཁྱོད་ཀྱི་ཆོས་ལ་མི་ཕྱོགས་པའི། །སྐྱེ་བོ་གཏི་མུག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོན་ནས་ཀྱང་། །སྡུག་བསྔལ་རབ་འབྱུང་སྲིད་པ་སྒྲུབ། །ཁྱོད་ཀྱི་བསྟན་པའི་རྗེས་འགྲོ་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། །བདུད་ཀྱི་མིག་རས་རྩྭ་བཞིན་དུ། །སྲིད་པ་དག་ནི་ཟློག་པར་བགྱིད། །ཅེས་བཤད་པ་ཡིན་ནོ། །ཕྱག་རྒྱ་བཞི་ནི་གསང་བ་བསམ་གྱིས་མི་ཁྱབ་པ་དང་བྱང་ཆུབ་སེམས་པའི་སྡེ་སྣོད་ལས། འདི་སྐད་དུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྡོམ་བཞིར་འདུས་པར་བྱས་ཏེ་འདུས་བྱས་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མྱ་ངན་ལས་འདས་པ་ཐམས་ཅད་ཞི་བའོ་ཞེས་གསུངས་སོ། །གྲུབ་པའི་མཐའ་ནི་རང་རང་གི་ཤེས་བྱའི་འདོད་ཚུལ་ཏེ་ལྟ་བ་དང་། སྤྱོད་པ་དང་། སྒོམ་པ་དང་། འབྲས་བུ་ལ་སོགས་པ་མི་འདྲ་བ་སྣ་ཚོགས་པའོ། །རྒྱ་མཚོ་ནི་ཤིན་ཏུ་མང་བའི་ཚིག་སྟེ་ཇི་ལྟར་སློབ་དཔོན་སྨན་པའི་ཞབས་ཀྱིས་ལྟ་བ་ལྔ་བརྒྱ་བདུན་ཅུ་བཤད་པ་དང་། སློབ་དཔོན་སྣང་བྲལ་གྱིས་ལྟ་བ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་བཤད་པ་དང་། ཚངས་པའི་དྲ་བའི་མདོ་ལས་ལྟ་བ་དྲུག་ཅུ་རྩ་གཉིས་བཤད་པ་དང་། དད་པ་ཆེར་འབྱུང་གི་མདོ་ལས་དམ་པ་མ་ཡིན་པའི་ལྟ་བ་ཉི་ཤུ་རྩ་བརྒྱད་བཤད་པ་དང་། གཞན་ལས་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་དང་། ཕ་རོལ་སྨྲ་བ་བཅུ་དྲུག་དང་། འཇིག་ཚོགས་ལ་ལྟ་བ་རིའི་རྩེ་མོ་ཉི་ཤུ་བཤད་པ་བཞིན་ནོ། །གྲུབ་པའི་མཐའ་ལ་བཤད་པའི་ཤེས་བྱའི་རིག་ལྔ་སྟེ། དེས་ན་ཤེས་བྱ་མ་ལུས་པ་ནི་འདིའི་བརྗོད་བྱ་ཡིན་ལ། དེ་རྟོགས་པ་ནི་དགོས་པ་དང་། སངས་རྒྱས་ཉིད་དུ་གྲུབ་པ་ནི་དགོས་པའི་དགོས་པ་ཡིན་ཞིང་། དེ་གཉིས་གཞུང་འདི་ལས་བྱུང་བ་ནི་འབྲེལ་བ་ཡིན་ནོ། །འདིར་གྲུབ་མཐའ་རྣམས་ནི་བློ་དམན་པ་དང་མཆོག་གི་རིམ་པ་ལྟར་བཤད་པར་བྱ་སྟེ། དེ་ལ་མུ་སྟེགས་འདོད་ཚུལ་ནི། །སྣ་ཚོགས་གཞུང་ལས་གང་བྱུང་བ། །བཏགས་པ་སྤྲུལ་པ་རང་རྒྱུད་གསུམ། །ཡིན་ཞེས་རྒྱལ་སྲས་རྣམས་ཀྱིས་གསུངས། །ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ཅན་འཇུག་པའི་བར། །དེ་སྲིད་འཇིག་རྟེན་རྒྱང་འཕེན་ཡིན། །རྣམ་པར་རྟོག་པ་མི་འཇུག་ན། དེས་ནི་རང་གི་སེམས་མཐོང་ངོ་། །ཞེས་འབྱུང་བ་དང་། མདོ་གཞན་ལས་ཤཱ་རིའི་བུ་དགེ་སློང་འཇིག་རྟེན་རྒྱང་འཕེན་པའི་གཏམ་ལྷུར་ལེན་པ་སངས་རྒྱས་ཀྱི་གསུང་སྤངས་ནས་མུ་སྟེགས་ཅན་གྱི་གསང་ཚིག་སྨྲ་བ་དེ་དག་ནི་འཁོར་གྱི་ནང་དུ་ཆོས་ཀྱི་སྒྲས་འཁོར་དགའ་བར་བྱེད་དེ། དེ་དག་ནི་དགེ་སྦྱོང་རུལ་བ་ཞེས་བྱའོ་ཞེས་འབྱུང་བ་དང་། གནས་མ་བུ་དང་། ཕུང་པོ་ལ་སོགས་པ་བདེན་པར་སྨྲ་བ་རྣམས་དང་རིགས་ཆད་པའི་ལོག་སྲེད་ཅན་ཡིད་སྐྱོ་བ་རྣམས་ལ་མུ་སྟེགས་ཞེས་བཏགས་པ་རྣམས་སོ། །སྤྲུལ་པའི་དབང་དུ་བྱས་ནས་ནི་བདེན་སྨྲའི་མདོ་ལས། །རྒྱལ་པོ་འཁོར་ལོས་བསྒྱུར་ལ་འཚེ་མེད་དེ། །དེ་ལ་སྡོ་བའི་དམག་ཚོགས་ཡོད་མ་ཡིན། །ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ངས་བཟུང་ན། །དེ་ལ་མུ་སྟེགས་ཅན་གྱི་ཡུན་མེད་དོ། །ཡུལ་ནི་གང་ན་ཁབ་ལོང་གནས་གྱུར་པ། །དེ་ན་ལྕགས་ཀྱི་རྣམ་པ་གཞན་མེད་དོ། །ཞིང་མཆོག་གང་ན་དེ་བཞིན་གཤེགས་བཞུགས་པ། །དེར་ནི་མུ་སྟེགས་ཅན་རྣམས་འབྱུང་བ་མེད། །ཡིད་བཞིན་ནོར་བུ་མཆིང་བུ་འཕྲད་གྱུར་པ། །བདེན་པའི་ཚུལ་དུ་ནམ་ཡང་འབྱུང་བ་མེད། །དེ་བཞིན་སངས་རྒྱས་རིན་ཆེན་མུ་སྟེགས་ཅན། །ཞིང་གཅིག་ཏུ་ནི་ནམ་ཡང་འབྱུང་མི་འགྱུར། །མུ་སྟེགས་ཅན་སྒོ་འདི་ཀུན་བསམ་གཏན་དང་། །མངོན་ཤེས་དབང་སྒྱུར་མཁས་ཡིན་ཤེས་པར་གྱིས། །ཤེས་རབ་ཐབས་ཀྱི་སྤྱོད་པས་བློ་ལྡན་རྣམས། །རྣམ་པར་འཕྲུལ་པ་སྣ་ཚོགས་སྟོན་པར་བྱེད། །ཅེས་བྱ་བ་དང་། །རབ་དུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། དཔེར་ན་རི་དྭགས་ཕྲ་མོ་ཐམས་ཅད་རི་དྭགས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་གྱི་མདུན་ན་འདུག་པར་ནུས་པ་མེད་དོ། །འཇམ་དཔལ་དེ་བཞིན་དུ་གཞན་མུ་སྟེགས་ཅན་སྤྱོད་པ་དང་། ཀུན་དུ་རྒྱུ་དང་གཅེར་བུ་པ་དང་འཚེ་བ་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་མདུན་དུ་འདུག་པར་ནུས་པ་མེད་དོ། །འཇམ་དཔལ་དེ་བཞིན་འདུག་པའང་ཚིག་སྨྲ་བར་ནུས་པ་མེད་དེ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་ནི་མ་གཏོགས་སོ། །དེ་བཞིན་གཤེགས་པའི་ཐབས་མཁས་དེ་ནི་བསམ་གྱིས་མི་ཁྱབ་སྟེ་གཞན་མུ་སྟེགས་ཅན་དེ་དག་ནི་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ལ་གནས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་ངེས་པར་འབྱུང་བ། ཐབས་མཁས་པ་ཆེན་པོས་རྣམ་པར་རྩེན་པ། དཀོན་མཆོག་གསུམ་ཡིད་ལ་བྱེད་པ་དང་མ་བྲལ་བ་དེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་དག་གོ་ཞེས་བྱ་བ་དང་། དཀོན་མཆོག་ཏ་ལ་ལའི་མདོ་ལས་ཀྱང་། །དེ་དག་ཀུན་དུ་མཚོ་བའི་ཆོས་འཛིན་ཅིང་། །བླ་ན་ཡོད་དང་བླ་ན་མེད་རྣམས་དང་། །རལ་པ་རིང་དང་གཞོན་ནུའི་བརྟུལ་ཞུགས་ཅན། །དེ་དག་གི་ཡང་སློབ་དཔོན་འགྱུར་བ་ཡིན། །ཞེས་གསུངས་པ་ཡིན་ནོ། །རང་རྒྱུད་པའི་དབང་དུ་བྱས་ནས་ནི་གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་ནས། ང་ནི་ལོ་གྲངས་ཉི་ཤུ་དགུ་ལོན་ཚེ། །དགེ་བ་གང་ཡིན་འཚོ་ཕྱིར་རབ་ཏུ་བྱུང་། །རབ་བཟང་ང་ནི་རབ་ཏུ་བྱུང་ནས་ཀྱང་། །དེའི་ཕྱིན་ཆད་ལོ་ནི་ལྔ་བཅུ་གཅིག །ཚུལ་ཁྲིམས་ཏིང་འཛིན་རྐང་པ་རིག་པ་རྣམས། །ངས་ནི་རྩེ་གཅིག་སེམས་ཀྱིས་རབ་ཏུ་བསྒོམས། །རིགས་པའི་ཆོས་ཀྱི་ཕྱོགས་ཙམ་སྨྲ་བ་ཡང་། །འདི་ལས་ཕྱི་རོལ་དགེ་སྦྱོང་གཞན་ལ་མེད། །ཅེས་བྱ་བ་དང་། ཡུམ་ལས་ཀུན་དུ་རྒྱུ་བརྒྱ་ཀླན་ཀ་འཚོལ་བའི་བསམ་པ་འོངས་པ་དེ་དག་ལ་ནི་དཀར་པོའི་ཆོས་གཅིག་ཙམ་ཡང་ངས་མ་མཐོང་ཞེས་འབྱུང་བ་ཡིན་ནོ། །དེ་འདྲའི་མུ་སྟེགས་རང་རྒྱུད་ལ། །བསམ་གཏན་པ་དང་རྟོག་གེ་གཉིས། །མུ་སྟེགས་བསམ་གཏན་པ་རྣམས་ནི་བསམ་གཏན་བཞི་དང་གཟུགས་མེད་པའི་ཏིང་ངེ་འཛིན་གྱི་མཐུས་མངོན་པར་ཤེས་པ་དང་ལྡན་པ་ཡིན་ཏེ་ཡེ་ཤེས་རྒྱས་པའི་མདོ་དང་རྟོག་གེ་འབར་བ་ལ་སོགས་པ་ནས་ཕྱི་རོལ་པའི་བསམ་གཏན་ལ་བློ་དམན་པས་བསྐལ་པ་ཆེན་པོ་སུམ་ཅུ་རྗེས་སུ་དྲན་ལ། འབྲིང་གིས་ནི་དྲུག་ཅུ་དང་། བློ་རྣོན་པོས་དགུ་བཅུ་དྲན་ནོ་ཞེས་འབྱུང་བ་ཡིན་ནོ། །དེ་འདྲ་བ་རྣམས་ནི་འཁོར་བ་ཐོག་མ་མེད་པ་ནས་བྱུང་ལ། མུ་སྟེགས་རྟོག་གེ་བ་རྣམས་ནི་རིགས་པ་མེད་པར་རང་དགར་རྟོག་པ་སྟེ་འདིར་སྟོན་པའི་འདོད་ཚུལ་རྣམས་ནི་བསྐལ་པ་འདི་ཉིད་ལ་བྱུང་བ་ཡིན་ནོ། །འདི་འདྲ་བའི་འདོད་ཚུལ་རྣམས་ལའང་བྱང་ཆུབ་སེམས་དཔའ་རྣམས་མཁས་པར་བྱེད་དེ། དེས་བསླབ་པར་བྱ་བ་རིག་པའི་གནས་བཅོ་བརྒྱད་ཀྱི་ནང་ནའང་གྲངས་ཅན་དང་བྱེ་བྲག་པའི་བསྟན་བཅོས་ཡོད་པའི་ཕྱིར་དང་། ཡེ་ཤེས་རྒྱས་པའི་མདོ་ལས་བྱང་ཆུབ་སེམས་དཔས་བསྟན་བཅོས་ཐམས་ཅད་ལ་མཁས་པར་བྱའོ། །དེ་ལ་མཁས་ན་ཐམས་ཅད་མཁྱེན་པ་ཉིད་དུ་ཞུགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ནི་བསྟན་བཅོས་ཐམས་ཅད་ལ་མཁས་པ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར་རོ། །འདི་ཇི་ལྟར་བྱུང་བ་ནི་རྟོག་གེ་འབར་བ་ལས་དྲང་སྲོང་མཆོད་འོས་ཞེས་བྱ་བར་རང་གི་འཁོར་གྲངས་ཅན་ལ་སོགས་པ་རྣམས་ལ་བློས་བརྟགས་པའི་གྲུབ་མཐའ་སྣ་ཚོགས་པ་བྱིན་ནོ། །དེ་མ་ཐག་ཏུ་ཚངས་པས་སླེབས་པ་དང་དེས་ཚངས་པ་ཆེན་པོ་བདེ་བར་བྱོན། །ཤིན་ཏུ་འཕྱི་བར་འདིར་འོངས་སོ། །བསྟན་བཅོས་ཐམས་ཅད་བྱིན་ཟིན་པས། །ཁྱོད་ནི་རིག་བྱེད་འདི་ལོངས་ཤིག །ཅེས་སྨྲས་ཏེ་དེ་ལ་རིག་བྱེད་བྱིན་ནོ་ཞེས་འབྱུང་ངོ་། །གཞན་ལས་ནི་རང་རང་གི་སྟོན་པས་དུས་ཐམས་ཅད་དུ་བྱས་པར་འབྱུང་སྟེ་འོག་ནས་བཤད་པར་བྱའོ། །འདི་ལྟ་བ་ངན་པའི་མུ་སྟེགས་ལ་བརྟེན་པས་ན་མུ་སྟེགས་སོ། །ཡང་ན་མུ་སྟེགས་ནི་མཐོ་རིས་དང་ཐར་པའི་ལམ་སྟེ་དེ་སྟོན་པར་བྱེད་པའི་བསྟན་བཅོས་ལའང་མུ་སྟེགས་ཞེས་བྱ་ལ་དེ་བྱེད་པ་རྣམས་ནི་མུ་སྟེགས་བྱེད་དོ་ཞེས་སློབ་དཔོན་ཤེས་རབ་གོ་ཆས་བཤད་དེ་མུ་སྟེགས་རང་གི་སྒྲ་བཤད་ཡིན་ནོ། །གྲུབ་པའི་མཐའ་བཤད་པ་ལས་མུ་སྟེགས་བྱེད་སྤྱིར་བརྟག་པའི་རབ་ཏུ་བྱེད་པ་སྟེ་དང་པོའོ།།  །།

 

རྒྱང་འཕེན་པ་བརྟག་པ།

 

ད་ནི་མུ་སྟེགས་རྟོག་གེ་བའི་ལུགས་རྒྱས་པར་འཆད་དེ་དེའང་རྟག་ཆད་དུ་སྨྲ་བ་གཉིས་སུ་འདུས་པ་ལས་ཆད་པར་སྨྲ་བའི་ལུགས་བཤད་པ། ལྷའི་བླ་མའི་རྗེས་འབྲང་བའི། །ཆད་སྨྲ་འཇིག་རྟེན་རྒྱང་འཕེན་པ། །ས་སོགས་འབྱུང་བ་བཞི་ལ་ནི། །ལུས་སེམས་དབང་པོ་ཀུན་འཇོག་པ། །ཚད་མ་མངོན་སུམ་གཅིག་པུ་ཡིས། །མ་མཐོང་པ་ཡི་དོན་མེད་ཟེར། །འདི་ཡི་སྟོན་པ་ནི་འོད་སྲུངས་རྫོགས་བྱེད་ལ་སོགས་རྟོག་གེ་པ་དྲུག་དང་། བྲམ་ཟེ་ཚངས་པའི་ཚེ་ལ་སོགས་པ་རྗེས་སུ་སྒྲོགས་པ་དྲུག་དང་། ཀུན་ཏུ་རྒྱུ་རབ་བཟང་ལ་སོགས་པ་སྙོམས་པར་འཇུག་པ་དྲུག་ཡིན་ལ། །ཆད་པའི་ལྟ་བ་རྣམས་ནི་དྲང་སྲོང་ལྷའི་བླ་མ་ཕུར་བུ་དང་དྲང་སྲོང་འཇིག་རྟེན་མིག་དང་། དྲང་སྲོང་འཇུག་སྟོབས་ཅན་ལ་སོགས་པ་རྣམས་ཀྱིས་བྱས་སོ། །འདིས་ཚད་མ་ནི་མངོན་སུམ་གཅིག་པུར་འདོད་ལ། རྗེས་དཔག་ནི་ཚད་མ་མ་ཡིན་ཏེ་ཚད་མའི་མཚན་ཉིད་དངོས་པོ་འཛིན་པ་མེད་པའི་ཕྱིར་དང་། ལྷ་སྦྱིན་གྱི་བུ་ལས་སྔོ་བསངས་དཔོག་པ་ལ་སོགས་པ་རྗེས་དཔག་ཡིན་ཡང་བསླུ་བའི་ཕྱིར་རོ། །ལུང་ཡང་ཚད་མ་མ་ཡིན་ཏེ། དེ་ནི་ཐམས་ཅད་མཁྱེན་པས་བཤད་པ་ལ་བྱེད་ན། སྐྱེ་བ་སྔ་ཕྱི་མེད་པས་ཡུན་རིང་པོ་གོམས་པའི་ཐམས་ཅད་མཁྱེན་པ་མེད་པའི་ཕྱིར་རོ། །དེས་གཞལ་བའི་ཤེས་བྱ་ལ་འབྱུང་བ་བཞི་ནི་མི་གསལ་བའི་སེམས་ཅན་ཡིན་ལ། དེའི་ནུས་པ་སྨིན་པ་ལས་མངོན་པར་གསལ་བའི་སེམས་ཅན་ལུས་སེམས་རྫས་གཅིག་པ་སྐྱེས་པ་ནི་མངོན་སུམ་གྱིས་གྲུབ་པའི་བདག་ཡིན་ནོ། །ཚེ་སྔ་མ་མེད་པ་ཡང་གཞན་ལ་གྲགས་པ་གཞན་ཉིད་ལ་རྗེས་སུ་བརྗོད་པས་འགྲུབ་པར་བྱེད་དེ་འདི་སྐད་དུ་བུམ་པ་ཆོས་ཅན། འཇིག་རྟེན་ཕ་རོལ་ནས་མ་འོངས་པའི་སྐྱེས་བུ་དང་བུམ་པ་རང་ཉིད་གང་ཡང་རུང་བས་གཉིས་པ་དང་བཅས་པ་ཡིན་ཏེ། །ཨུཏྤལ་མ་ཡིན་པའི་ཕྱིར་བུམ་པ་དང་ལྡན་པའི་རྩིག་པ་བཞིན་ནོ་ཞེས་བརྗོད་དེ་བུམ་པ་རང་ཉིད་རང་གིས་ཟླར་འགལ་བའི་ཤུགས་ཀྱིས་དེ་འདྲ་བའི་སྐྱེས་བུ་གྲུབ་པར་འདོད་དོ། །དྲང་སྲོང་འཇིག་རྟེན་མིག་གིས་སྨྲས་པ། སྲན་ཟླུམ་ཚེར་མ་བཟེངས་རིང་རྣོ་བ་དང་། །རྨ་བྱའི་མཇུག་མ་མགྲིན་པའི་ཚིགས་བཀྲ་དང་། །ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་ཀུན། །ངོ་བོ་ཉིད་ལས་བྱུང་སྟེ་རྒྱུ་ཡོད་མིན། །ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུ་དེ་ཙམ་ཁོ་ནར་ཟད། །སྔོ་བསངས་མང་ཐོས་གང་སྨྲ་བ། །དེས་ན་སྤྱང་ཀིའི་རྗེས་དང་འདྲ་ཞེས་སོ། །འདི་ལས་འབྲས་མེད་པར་འདོད་པས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལས་རྒྱང་རིང་དུ་སོང་བས་རྒྱང་འཕེན་པ་དང་། ཚེ་འདི་ཁོ་ན་ཆོག་པར་འཛིན་པས་ཚུ་རོལ་མཛེས་པར་སྨྲ་བ་དང་ལྷའི་བླ་མ་ཕུར་བུས་བྱས་པའི་རྒྱུད་འཛིན་པས་ཕུར་བུ་པ་ཞེས་ཀྱང་བྱའོ། །འདི་ནི་ལྟ་བ་རྣམས་ཀྱི་མ་རུངས་པ་དང་། གྲུབ་མཐའ་སྨྲ་བ་རྣམས་ཀྱི་ཐ་ཆད་དང་། རྨོངས་པ་རྣམས་ཀྱི་ཚབས་ཆེ་ཤོས་ཡིན་ནོ། །འདིར་སྨྲས་པ། །རྗེས་དཔག་དོན་ལ་མི་སླུའི་ཕྱིར། །ཚད་མ་ཡིན་ཏེ་མངོན་སུམ་བཞིན། །འགའ་ཞིག་སླུ་བར་གང་སྣང་བ། །དེ་ནི་རྗེས་དཔག་ཉིད་མ་ཡིན། །ཚད་མ་ཚད་མིན་སླུ་མི་སླུའི། །མཚན་ཉིད་ལས་ཡིན་གཞན་ལས་མིན། །རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་རྒྱུ་མིན་གལ་ཏེ་ཡིན། །ལྕགས་གོང་ལས་ཀྱང་སེམས་འབྱུང་འགྱུར། །དེས་ན་སྐྱེས་མ་ཐག་གི་སེམས། །སེམས་གཞན་སྔོན་དུ་སོང་བའི་ཕྱིར། །སྐྱེ་བ་སྔ་མར་གྲུབ་པ་ཡིན། །ཡང་ན་སྐྱེས་མ་ཐག་པ་ལ། །གོམས་པའི་བྱ་བ་དམིགས་པའི་ཕྱིར། །གོམས་བྱེད་ཤེས་པ་སྔོན་སོང་ངེས། །གཞན་དུ་གོམས་པ་གཞན་དག་ལའང་། །སྔོན་དུ་གོམས་བློ་མ་སོང་འགྱུར། །རྒྱུ་མཚན་ཁྱད་པར་མེད་ཕྱིར་རོ། །རིགས་པ་དེས་ནི་ཕྱི་མའང་འགྲུབ། །སྔ་ཕྱི་ཕན་ཚུན་ལྟོས་ཕྱིར་རོ། །སེམས་ཀྱིས་སེམས་ནི་རྒྱུན་ཆགས་སུ། །སྐྱེད་པར་རབ་ཏུ་གྲུབ་བཞིན་དུ། །འཆི་ཀའི་སེམས་ཀྱིས་སེམས་ཕྱི་མ། །མི་སྐྱེད་རྒྱུ་མཚན་གང་ཡིན་སྨྲོས། །འཆི་སེམས་ཡིན་པའི་ཕྱིར་ན་དཔེར། །དགྲ་བཅོམ་འཆི་བའི་སེམས་བཞིན་ལོ། །འཆི་སེམས་གཞན་དུ་མི་སྦྱོར་བའི། །འབྲེལ་པ་དེ་ནི་མ་གྲུབ་ཉིད། །དེ་ཕྱིར་ཡུན་རིང་གོམས་པ་ཡིས། །ཐམས་ཅད་ཤེས་པ་སྲིད་པའི་ཕྱིར། །དེས་གསུངས་ཚིག་ནི་ཚད་མ་ཡིན། །འབྱུང་བ་བཞི་ལ་རྣམ་པར་ཤེས། །མ་དམིགས་ཕྱིར་ན་མེད་པར་ངེས། །ལུས་སེམས་རྣམ་པ་འགལ་བའི་ཕྱིར། །དེ་གཉིས་གཅིག་ཏུ་མི་རིགས་ཏེ། །རིགས་ན་འགྲོ་ཀུན་གཅིག་དུ་འགྱུར། ཨུཏྤལ་མིན་པའི་གཏན་ཚིགས་ནི། །སྔ་མ་མེད་དང་འབྲེལ་མ་གྲུབ། །སྣོད་བཅུད་དངོས་པོ་སྣ་ཚོགས་པ། །རྒྱུ་མེད་པ་ལས་འབྱུང་ན་ནི། །ནམ་མཁའ་ལས་ཀྱང་ཀུན་འབྱུང་འགྱུར། །ས་ལས་ཡིད་བཞིན་རིན་ཆེན་དང་། །རི་བོང་མགོ་ལས་རྭ་དང་ནི། །མོ་གཤམ་ལས་ཀྱང་བུ་འབྱུང་འགྱུར། །འགྲོ་རིས་གཞན་དང་མི་སྣང་བ། །མ་མཐོང་ཕྱིར་ན་མེད་ཟེར་བ། །ཀུན་གྱིས་ཀུན་ཏུ་མ་མཐོང་བ། །དེ་ནི་སུ་ལས་མ་གྲུབ་ཉིད། །རང་གིས་མ་མཐོང་མ་ངེས་སྟེ། །ཡོད་པ་ཕལ་ལ་ཞུགས་ཕྱིར་རོ། །རྒྱུ་དང་སྐྱེ་བ་གཞན་གྲུབ་པས། །ལས་འབྲས་སོ་སོར་ངེས་འགྲུབ་སྟེ། མི་མཐུན་རྒྱུ་ལས་སྐྱེ་བ་ནི། །རིགས་པ་གཞན་གྱིས་ཁེགས་ཕྱིར་རོ། །གྲུབ་པའི་མཐའ་རྣམ་པར་དབྱེ་བ་ལས་འཇིག་རྟེན་རྒྱང་འཕེན་པ་བརྟག་པའི་རབ་དུ་དབྱེ་བ་སྟེ་གཉིས་པའོ།།  །།

 

གྲངས་ཅན་པའི་ལྟ་བ་བརྟག་པ།

         ད་ནི་རྟག་པར་སྨྲ་བ་འཇིག་རྟེན་གྲངས་ཅན་པའི་ལུགས་བཤད་དེ། སེར་སྐྱས་ཚད་མ་གསུམ་གྱིས་ནི། །བདག་དང་གཙོ་བོ་ཀུན་འདུས་པའི། །ཉི་ཤུ་རྩ་ལྔ་ཤེས་བྱ་ཡི། །དེ་ཉིད་ཡིན་པ་ཡོངས་སུ་བརྟགས། བསྐལ་པ་དང་པོ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཚད་མེད་པ་ན་བྲམ་ཟེའི་དྲང་སྲོང་སེར་སྐྱ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་དྲང་སྲོང་གི་བསྟི་གནས་སུ་འདུག་སྟེ་དཀའ་ཐུབ་ཀྱི་ཁྱད་པར་གྱིས་མུ་སྟེགས་ཀྱི་ཐར་པ་ཐོབ་ནས་གཞན་ལ་ལམ་ལེགས་པར་བསྟན་པའི་ཕྱིར་གྲངས་ཅན་གྱི་ལྟ་བ་དག་བྱས་སོ། །འདི་ཤེས་བྱ་ཐམས་ཅད་བདག་དང་གཙོ་བོར་གྲངས་ཆད་པར་འདོད་པས་གྲངས་ཅན་དང་ཡོན་ཏན་གསུམ་པ་དང་འདིའི་སློབ་མ་རྣམས་མ་སེར་སྐྱའི་བུ་ཡིན་པས་སེར་སྐྱ་པ་ཞེས་ཀྱང་བྱའོ། །འདིའི་ལུགས་ཀྱི་ཚད་མ་ནི། མངོན་སུམ་དང་། རྗེས་དཔག་དང་། ལུང་གསུམ་མོ། །དེ་ལ་མངོན་སུམ་ནི་རྣ་བ་ལ་སོགས་པའི་འཇུག་པ་སྟེ་དེའི་དོན་ནི་རྣ་བ་དང་པགས་པ་དང་མིག་དང་ལྕེ་དང་སྣ་ལ་ཡིད་ཀྱིས་བྱིན་གྱིས་བརླབས་ནས་སྒྲ་ལ་སོགས་པ་ལ་ཞེན་ཞིང་ལྟ་བ་ཡིན་ནོ། །འདིའི་སྟོན་པ་དྲང་སྲོང་ཆུར་ལྷུང་ནི་དབང་པོ་ལྔའི་སེམས་ཀྱིས་ཡུལ་གྱི་བྱེ་བྲག་འཛིན་པ་སེམས་ཀྱི་འཇུག་པ་ལྔ་ལས་མཆོག་གི་འཇུག་པ་མངོན་སུམ་ཡིན་པར་འདོད་དོ། །རྗེས་དཔག་ནི་རྣམ་པ་གཉིས་སྟེ་བདག་གི་དོན་དང་། གཞན་གྱི་དོན་ནོ། །བདག་གི་དོན་ནི་འབྲེལ་བ་གཅིག་མངོན་སུམ་དུ་གྲུབ་པས་གཞན་འགྲུབ་པ་སྟེ་དེའང་རྣམ་པ་བདུན་ལས་ལྷ་སྦྱིན་དང་རྟ་ལྟ་བུ་ནོར་དང་བདག་པོར་འབྲེལ་པ་དང་། འཇིམ་པ་དང་བུམ་པ་ལྟར་རང་བཞིན་དང་འགྱུར་བ་དང་། རྫ་མཁན་དང་བུམ་པ་ལྟར་རྒྱུ་དང་རྒྱུ་ཅན་དང་། ས་བོན་དང་མྱུ་གུ་ལྟར་རྒྱུ་དང་འབྲས་བུ་དང་། སྡོང་པོ་དང་ཡལ་ག་ལྟར་ཡན་ལག་དང་ཡན་ལག་ཅན་དང་། ངང་པ་ཁྱོ་ཤུག་ལྟར་ལྷན་ཅིག་འགྲོགས་པ་དང་། བྱ་རོག་དང་འུག་པ་ལྟར་དགྲ་དང་དགྲ་ཟླའི་འབྲེལ་བའོ། །གཞན་དོན་རྗེས་དཔག་ནི་རྣམ་གཉིས་ཏེ་རྣམ་པར་ལྡན་པ་དང་བསལ་ཏེ་འོངས་པའོ། །དང་པོ་དམ་བཅའ་དང་། གཏན་ཚིགས་དང་། དཔེ་དང་། ཉེ་བར་སྦྱར་བ་དང་། ངེས་པར་བསྟན་པའོ། །གཉིས་པ་ནི་གཞན་གྱི་ཕྱོགས་བཀག་ནས་རང་གི་ཕྱོགས་བཟུང་པའོ། །ལུང་ནི་ཡིད་ཆེས་པའི་ཚིག་གོ །གཙོ་བོ་སེམས་སོ་ཉི་ཤུ་བཞི། །རང་བཞིན་རྒྱུ་དང་རྣམ་འགྱུར་འབྲས། །དབང་ཕྱུག་ནག་པོས། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཡིན། །དེ་ལས་ཚོགས་ནི་རྣམ་པ་བཅུ་དྲུག་གོ །བཅུ་དྲུག་པོ་ནི་དེ་དག་རྣམས་ལས་ཀྱང་། ལྔ་པོ་རྣམས་འབྱུང་དེ་ལས་ཆེན་པོ་ལྔ་ཞེས་བཤད་དོ། །དེ་ལ་རང་བཞིན་རྒྱུའི་གཙོ་བོ་ནི་སྙིང་སྟོབས་རྡུལ་དང་མུན་པའི་མིང་གི་རྣམ་གྲངས་ནི་བདེ་སྡུག་བཏང་སྙོམས་གསུམ་མམ་དུག་གསུམ་སྟེ་གསུམ་ཆ་མཉམ་པར་གནས་པ་ཡིན་ནོ། །ཆ་མི་མཉམ་པ་ལས་ནི་རྣམ་འགྱུར་འབྲས་བུའམ་གཙོ་བོ་ཆེན་པོ་འབྱུང་སྟེ་དེ་ནི་ཤིན་ཏུ་དྭངས་བས་གཟུགས་བརྙན་འཆར་དུ་རུང་བ་འབྱུང་སྟེ་བློ་དང་ནང་གི་བྱེད་པ་ཞེས་ཀྱང་བྱའོ། །དེ་ལས་ནི་བདག་བལྟ་ན་སྡུག་པའོ་ཞེས་བདག་དང་ཐ་དད་པའི་ཆོས་ལ་བདག་དུ་རློམ་པ་ང་རྒྱལ་སྐྱེའོ། །དེ་ལ་རྣམ་འགྱུར་དང་རྡུལ་དང་འབྱུང་བ་ལས་གྱུར་པའི་ང་རྒྱལ་གསུམ་གྱི་དང་པོ་སྙིང་སྟོབས་ཤས་ཆེ་བ་ལས་དབང་པོ་བཅུ་གཅིག་སྐྱེ་སྟེ། རྣ་བ་ལ་སོགས་པ་བློའི་དབང་པོ་ལྔ་དང་། ལག་པ་དང་། རྐང་པ་དང་། འཕོངས་དང་། མདོམས་དང་། ངག་སྟེ་ལས་ཀྱི་དབང་པོ་ལྔ་དང་། གཉིས་ཀའི་དབང་པོ་ཡིན་ནོ། །གཉིས་པ་མུན་པ་ཤས་ཆེ་བ་ལས་སྒྲ་ལ་སོགས་པ་དེ་ཙམ་ལྔ་སྐྱེས་སོ། །ང་རྒྱལ་གསུམ་པ་ནི་གཡོ་བ་ཤས་ཆེ་བ་སྟེ་སྔ་མ་གཉིས་ཀའི་བདག་ཉིད་དོ། །དེ་ཙམ་ལྔ་ལས་འབྱུང་པ་ལྔར་འགྱུར་སྟེ་སྒྲ་ལས་ནམ་མཁའ་དང་། རེག་དང་འདྲེས་པའི་སྒྲ་ལས་རླུང་དང་། གཟུགས་དང་འདྲེས་པའི་སྔ་མ་གཉིས་ལས་མེ་དང་། རོ་དང་འདྲེས་པའི་སྔ་མ་གསུམ་ལས་ཆུ་དང་། དྲི་དང་འདྲེས་པའི་སྔ་མ་བཞི་ལས་སའོ། ཏིལ་ལ་ཏིལ་མར་ཇི་བཞིན་དུ། །རང་བཞིན་རྣམ་འགྱུར་ཀུན་ལ་ཁྱབ། །ཁྱབ་ཀྱང་མི་གསལ་པ་ནི་རྒྱུ་དྲུག་བཅུ་པ་ལས། ཧ་ཅང་ཉེ་ཕྱིར་རིང་ཕྱིར་དང་། །ཆ་ཕྲའི་ཕྱིར་དང་སྒྲིབ་ཕྱིར་དང་། །ཟིལ་གནོན་ཕྱིར་དང་འདྲེས་ཕྱིར་དང་། །དབང་པོ་ཉམས་དང་ཡིད་མེད་ཕྱིར། །ཞེས་བྱ་བའི་རྒྱུ་བརྒྱད་བཤད་པ་ལས་ཆ་ཕྲ་བ་དང་འདྲེས་པ་དང་རྣམ་འགྱུར་གྱི་ཟིལ་གྱིས་མནན་པའི་ཕྱིར་རོ། །དེས་ན་རྣམ་འགྱུར་ཐམས་ཅད་ནི་གཙོ་བོའི་རང་བཞིན་དུ་གཅིག་པས་སྐྱེ་བ་ཐམས་ཅད་ནི་རང་ལས་རང་སྐྱེ་བ་དང་འཇིག་པ་ཐམས་ཅད་ནི་རང་བཞིན་ཉམས་པ་མེད་པ་གནས་སྐབས་ཉེ་བར་ཞི་བ་ཙམ་དུ་འདོད་དེ་ཞོ་གང་ཡིན་པ་དེ་འོ་མ། འོ་མ་གང་ཡིན་དེ་ཞོ་ཞེས། དྲག་པོ་ལེན་གྱིས་བཤད་པ་སྟེ། དེ་བཞིན་འབིགས་བྱེད་གནས་པའང་འཆད་ཅེས་བྱུང་ངོ་། །འདི་ལ་མངོན་པར་གསལ་བར་སྨྲ་བའི་གྲངས་ཅན་རྣམས་རྐྱེན་གྱིས་རྒྱུ་ལས་འབྲས་བུ་འབྱིན་པ་ནི་ནུས་པའི་ངོ་བོར་ཡོད་པ་མངོན་པར་གསལ་བར་བྱེད་པ་ཙམ་དུ་འདོད་དེ། གལ་ཏེ་རྒྱུའི་བདག་ཉིད་ལ། །ནུས་པའི་ངོ་བོར་འབྲས་མེད་ན། །དེ་ཉིད་བྱེད་པ་ནུས་མིན་ཏེ། །མེད་ཕྱིར་ནམ་མཁའི་མེ་ཏོག་བཞིན་ཞེས་སྨྲས་པ་ཡིན་ནོ། །གནས་སྐབས་གཞན་དུ་སྨྲ་བའི་གྲངས་ཅན་རྣམས་འོ་མ་ལས་ཞོ་ལྟར་གནས་སྐབས་གཞན་ཐོབ་པ་ཡིན་ཏེ་དངོས་པོ་རྣམས་ནི་གཙོ་བོའི་ཁུག་མ་ནས་མི་མཐོང་བར་གནས་པ་རྐྱེན་གྱིས་དེ་ནས་ཕྱུང་བས་མཐོང་བར་འདོད་དོ། །ཡང་གྲངས་ཅན་རྣལ་འབྱོར་སྤྱོད་པ་ལྷ་དང་བཅས་པ་དྲང་སྲོང་ཆུར་ལྷུང་ལ་སོགས་པ་རྣམས་ནི་རང་བཞིན་དང་དབང་ཕྱུག་གཉིས་ལས་སྐྱེ་བར་འདོད་ལ་འདི་ནི་ཚིག་གི་དོན་དྲུག་ཀྱང་འདོད་པས་སུམ་ཅུ་པ་ཞེས་ཀྱང་ཟེར་རོ། །ལྷ་མེད་པ་རྣམས་ནི་རང་བཞིན་གཅིག་པུ་ལས་སྐྱེ་བར་འདོད་ཅིང་དབང་ཕྱུག་མེད་ཅེས་བཀག་ནས་སྒྲ་དེ་ནི་ཤིན་དུ་མེད་པ་ཁོ་ན་ལ་འཇུག་གི་དབང་ཕྱུག་དགག་པ་གཞན་ལ་མི་འཇུག་གོ །ཞེས་ཟེར་རོ། །རང་བཞིན་ནི་དྲང་སྲོང་སེར་སྐྱའི་མངོན་སུམ་གྱིས་ཀྱང་གྲུབ་པ་མེད་དེ་ཇི་སྐད་དུ་དེས་སྐྱེ་བ་མཐོང་གི་གཙོ་བོ་ནི་མི་མཐོང་ངོ་ཞེས་བྱ་བ་དང་། དྲང་སྲོང་སེར་སྐྱས་ཡོན་ཏན་རྣམས་ཀྱི་རང་བཞིན་མཆོག །མཐོང་བའི་ལམ་དུ་འགྲོ་མ་ཡིན། །མཐོང་པའི་ལམ་དུ་གང་གྱུར་དེ། །སྒྱུ་མ་ལྟ་བུར་ཤིན་ཏུ་གསོག །ཅེས་སྨྲས་པ་ཡིན་ནོ། །དེས་ན་བློ་ལ་སོགས་པའི་འབྲས་བུ་རྣམས་ཡོན་ཏན་གསུམ་གྱིས་ཆོས་དང་ལྡན་པར་སྣང་བས་དེ་སྐྱེད་པའི་གཙོ་བོ་མི་སྣང་བའང་ཡོན་ཏན་གསུམ་གྱི་རང་བཞིན་དུ་དཔོག་ཏེ་འཇིག་རྟེན་ན་སྣམ་བུ་དཀར་ནག་ལས་སྐུད་པ་དཀར་ནག་དཔོག་པ་བཞིན་ནོ། །རྣམ་འགྱུར་ལ་རང་བཞིན་གྱི་ཆོས་ཡོད་པའི་གཏན་ཚིགས་ནི་རངས་དང་མགུ་དང་ཀུན་དགའ་དང་། །བདེ་ཞིང་ཞི་བའི་སེམས་ཉིད་དག །རེས་འགའ་ཡང་ནི་སྣང་གྱུར་པ། །དེ་དག་སྙིང་སྟོབས་ཡོན་ཏན་ནོ། །མི་དགའ་ཡོངས་སུ་གདུང་བ་དང་། །མྱ་ངན་འདོད་དང་མི་བཟོད་དག །གང་དུ་སྣང་བའི་གཏན་ཚིགས་ཀྱིས། །དེ་དག་རྡུལ་གྱི་གཏན་ཚིགས་འདོད། །རྨོངས་དང་དེ་བཞིན་གཏི་མུག་དང་། །བག་མེད་གཉིད་དང་གཡེལ་བ་དག །ལན་འགའ་ཡང་ནི་སྣང་གྱུར་པ། །དེ་དག་མུན་པའི་ཡོན་ཏན་འདོད། །ཅེས་འབྱུང་བ་ཡིན་ནོ། །ཡང་བློ་དང་བདེ་བ་ལ་སོགས་པ་ནི་སེམས་པ་མེད་པ་ཡིན་ཏེ་སྐྱེ་བ་ཅན་མི་རྟག་པ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་འདི་དག་སེམས་མེད་པར་སྒྲུབ་བོ། །ཉི་ཤུ་རྩ་ལྔའི་ཤེས་རིག་བདག །སྒྲ་ལ་སོགས་ལ་དཔྱོད་པ་ན། །གཙོ་བོས་ཡུལ་རྣམས་འབྱིན་པར་བྱེད། །གཟུགས་བརྙན་འདྲེས་པ་ལོངས་སྤྱོད་ཡིན། །བདག་ནི་ཤེས་རིག་རང་ཉིད་ཐར་པར་གནས་ཤིང་གཙོ་བོ་སྲིད་པར་འཁོར་བའི་རྒྱུ་བྱེད་པར་འདོད་དེ་ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། སེར་སྐྱས་བདག་གི་མཚན་ཉིད་ནི། །ཤེས་དང་ལྡན་པར་ཡོངས་སུ་བརྟགས། །ཁྱོད་ཀྱིས་དེ་ལྟར་ཡིན་ན་བདག །མི་རྟག་ཉིད་དང་ལྡན་ཞེས་བསྟན། །སེར་སྐྱ་ལ་སོགས་ཐར་པ་ཡི། །བདག་ནི་སྲིད་པའི་རྒྱུ་ཞེས་ཟེར་ཞེས་བཤད་དོ། །གང་གི་ཚེ་ཤེས་རིག་དེ་ཡུལ་ལ་ལོངས་སྤྱོད་པར་འདོད་པ་དེའི་ཚེ། རང་བཞིན་རྒྱུའི་གཙོ་བོས་སྒྲ་ལ་སོགས་པ་ཕྱུང་ནས་བློ་ལ་རྣམ་པ་འཆར་བར་བྱེད་དེ་ཇི་སྐད་དུ། སྐྱེས་བུའི་ཉེ་བར་སྤྱོད་པ་ནི། །སྒྲུབ་ཕྱིར་གཙོ་བོ་རབ་འཇུག་སྟེ། །ལྟད་མོ་བ་བདག་གྲུབ་བྱའི་ཕྱིར། །གར་གྱི་ལྟད་མོ་བྱེད་པ་བཞིན། །ཞེས་བྱ་བ་དང་། ཇི་ལྟར་འོ་མར་སེམས་པ་མེད་ན་ཡང་། །བེའུ་འཕེལ་བའི་རྒྱུ་མཚན་ཡིན་པ་ལྟར། །དེ་བཞིན་གཙོ་བོ་སྐྱེས་བུ་རྣམ་འཕེལ་བའི། །རྒྱུ་མཚན་ཉིད་དུ་འཇུག་པར་འགྱུར་བ་ཡིན། །ཞེས་འབྱུང་བ་ཡིན་ནོ། །ཤེས་རིག་གི་གཟུགས་བརྙན་ཡང་བློ་ལ་ཤར་ནས་གཟུགས་བརྙན་འདྲེས་པ་ནི་ལོངས་སྤྱོད་པའི་དོན་ཡིན་ཏེ་བློ་ལ་ཤར་བའི་དོན་ནི་སྐྱེས་བུས་ཤེས་པར་བྱེད་དོ་ཞེས་འབྱུང་ངོ་། །དེས་ན་བདེ་སོགས་ནི་གསུམ་སྟེ་བློ་ངོ་བོ་ཉིད་ཀྱི་བདེ་སྡུག་དང་། དེ་ལ་ཤར་བ་གཟུགས་བརྙན་གྱི་བདེ་སྡུག་དང་། ཕྱི་རོལ་སྒྲ་སོགས་གྱི་བདེ་སྡུག་གོ །དེ་ལ་བདག་ནི་རྟག་པ་དང་གཅིག་པུ་དང་སེམས་པ་ཅན་དང་བྱེད་པ་པོ་མ་ཡིན་ལ་ཟ་བ་པོ་ཡིན་པས་སོ། །གཙོ་བོ་ནི་རྟག་པ་དང་གཅིག་པུ་དང་བེམ་པོ་དང་ཟ་བ་པོ་མ་ཡིན་ལ་བྱེད་པ་པོ་ཡིན་པའོ། །དེ་སྐད་དུ། རང་བཞིན་འཇུག་པ་ལས་ནི་ཡོན་ཏན་རྣམས། །མུན་པས་བསྒྲིབས་ཕྱིར་ཕྱིན་ཅི་ལོག་སེམས་ཀྱིས། །བདག་གིས་བྱས་ཞེས་མི་མཁས་སེམས་པ་ཡིན། རྩ་འགུགས་བྱེད་པའི་ནུས་པའང་ཡོད་མ་ཡིན། །ཞེས་འབྱུང་ངོ་། །ཡང་འདི་སྐད་ཅེས། རྩ་བ་བྱེད་ཡིན་བྱ་བ་མིན། །ཆེན་པོ་སོགས་བདུན་བྱ་དང་བྱེད། །བཅུ་དྲུག་པོ་ནི་བྱ་བ་ཡིན། །སྐྱེས་བུ་བྱ་མིན་བྱེད་པའང་མིན། །ཞེས་འབྱུང་སྟེ་འདིའི་དོན་ནི་བཤད་ཟིན་ཏོ། །བདག་དེ་ཡོད་པའི་སྒྲུབ་བྱེད་ནི་མིག་ལ་སོགས་པ་ནི་གཞན་གྱི་དོན་ཡིན་ཏེ་འདུས་པ་ཡིན་པའི་ཕྱིར་མལ་ཆ་དང་སྟན་ལ་སོགས་པ་བཞིན་ནོ་ཞེས་འགོད་དེ་མིག་ལ་སོགས་པ་ཉི་ཤུ་རྩ་བཞི་ལས་གཞན་པ་ནི་བདག་ལས་མེད་པའི་ཕྱིར་རོ། །དེ་ལྟར་གང་ཟག་གཅིག་གིས་ཉི་ཤུ་རྩ་བཞི་ལས་གཞན་པ་ནི་བདག་ལས་མེད་པའི་ཕྱིར་རོ། །དེ་ལྟར་གང་ཟག་གཅིག་གི་ཉི་ཤུ་རྩ་ལྔ་པོ་དེ་དག་དབེན་པའི་གནས་འབྱོར་པས་མངོན་སུམ་དུ་གཙོ་བོ་བྱེད་པ་དང་བཅས་པ་དང་བདག་བྱེད་པ་མེད་པ་ཐ་དད་དུ་མཐོང་བ་དེའི་ཚེ་གྲོལ་བར་འགྱུར་ཏེ་ཇི་སྐད་དུ། དེ་ཉིད་ཉི་ཤུ་ལྔ་ཤེས་ན། །རལ་པའམ་བྱི་བོའམ་ཅོད་པན་གྱི། །ཆ་ལུགས་གང་གིས་གནས་ཀྱང་རུང་། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད་ཅེས་འབྱུང་བ་ཡིན་ནོ། །གཞན་ནས་གྲངས་ཅན་སེར་སྐྱ་པ་ཐ་དད་འཆད་པའི་ལུགས་ཀྱང་ཡོད། སློབ་དཔོན་འཕགས་པ་ལྷའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ནས། གྲངས་ཅན་སྨྲ་རྣམས་ཡོན་ཏན་མེད། །སེར་སྐྱ་རྣམས་ནི་སྟོང་པའི་ཚུལ། །ཞེས་འབྱུང་སྟེ་གྲངས་ཅན་ནི་སྔར་བཤད་པ་ཡིན་ལ་དྲང་སྲོང་སེར་སྐྱའི་སློབ་མ་རྣམས་ནི་དངོས་པོ་ཐམས་ཅད་སྟོང་པའི་ཚུལ་ལས་བྱུང་བར་འདོད་དེ། བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་སྟོང་པ་ཉིད་དངོས་པོར་སེམས་པ་དེ་དག་གིས་ནི་སྟོང་པ་ཉིད་རབ་ཏུ་མི་ཤེས་སོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་སློབ་དཔོན་སྨན་པའི་ཞབས་ན་རེ་བདག་གི་རྣམ་གྲངས་སུམ་ཅུ་ལས་དུས་ལས་བྱུང་པ་དང་འདོད་རྒྱལ་དང་གནམ་གྱིས་བསྐོས་པ་དང་གྱི་ན་དང་བཞི་ནི་གྲངས་ཅན་གྱི་འདོད་པ་ཡིན་ནོ། །རྒྱལ་པོ་དང་ཚད་མ་དང་དག་པ་དང་མ་དག་པ་བཞི་ནི་སེར་སྐྱ་པའི་འདོད་པ་ཡིན་ནོ་ཞེས་ཟེར་རོ། །འོད་ལྡན་ལས་ཀྱང་གང་དག་གྲངས་ཅན་དང་སེར་སྐྱ་ལ་སོགས་པའི་བསྟན་བཅོས་ལ་དེ་ཁོ་ན་ཉིད་ཡིན་པའི་བློས་འདོན་པ་དེ་དག་ལ་ནི་ཡུལ་འཁོར་གྱི་བསོད་སྙོམས་དུག་ཏུ་འགྱུར་རོ་ཞེས་བཤད་དོ། །ད་ནི་དེ་དགག་པར་བྱ་སྟེ་གཙོ་བོ་རང་བཞིན་གཅིག་པ་དང་། རྣམ་འགྱུར་དུ་མར་མི་འཐད་དེ། །གཅིག་དང་དུ་མ་འགལ་ཕྱིར་རོ། །འགལ་བ་དག་ཀྱང་གཅིག་ཡིན་ན། །བདག་དང་གཙོ་བོའང་གཅིག་ཏུ་འགྱུར། །གཙོ་བོ་སྐྱེ་བའི་རིམ་པ་དེ། །མངོན་སུམ་གྱིས་ནི་གསལ་བར་བཀག །རྒྱུ་དང་འབྲས་བུ་གཅིག་ཡིན་ན། །འབྲས་བུ་སྐྱེ་བ་དོན་མེད་འགྱུར། །རྐྱེན་གྱིས་སྔར་ཡོད་གསལ་བ་དང་། །གནས་སྐབས་གཞན་དུ་གྱུར་སྨྲ་བ། །གསལ་དང་གནས་སྐབས་གཞན་པ་དེ། །སྔར་མེད་གསར་དུ་བྱུང་བའི་ཕྱིར། །རྒྱུ་ལས་གཞན་དང་མི་རྟག་གྲུབ། །རྩྭའི་རྩེ་ལ་གླང་ཆེན་བརྒྱའི། །ལུས་སེམས་ཡོད་འགྱུར་རྒྱུ་ཡིན་ཕྱིར། །སྡོད་དང་འགྲོ་བ་གཅིག་པའི་ཕྱིར། །ཕྱིན་པས་ལམ་ནི་མི་ཆོད་འགྱུར། །རྒྱུ་ཆུང་འབྲས་བུ་ཆེ་བ་རྣམས། །ཕན་ཚུན་རྣམ་པ་གཅིག་དུ་འགྱུར། །ལྕགས་གོང་ཚ་གྲང་རྫས་གཅིག་ན། །གཅིག་ཉིད་ཚ་དང་གྲང་བར་འགྱུར། །སྟོང་པ་ཉིད་ལས་ཀུན་འབྱུང་ན། །རྒྱུ་མེད་ཡིན་ཏེ་སྔར་གསལ་ཟིན། །ཅི་སྟེ་སྟོང་པ་རྒྱུ་ཡིན་ན། །སྟོང་ཉིད་དངོས་པོར་ཐལ་བར་འགྱུར། །དུས་ཅན་ལས་ནི་དུས་ཐ་དད། །མ་གྲུབ་ཕྱིར་ན་རྒྱུར་མི་རུང་། །བློ་དང་བདེ་སོགས་སེམས་མེད་ན། །ཡུལ་རིག་མི་འགྱུར་རིག་ན་ནི། །སེམས་ཡོད་ཡིན་སྟེ་སྐྱེས་བུ་བཞིན། །སྒྲ་ལ་སོགས་པ་སིམ་གདུང་དུ། །མ་དམིགས་ཕྱིར་ན་བདེ་སྡུག་མིན། །ཤེས་རིག་རྟག་ན་རྟག་ཏུ་ནི། །ཡུལ་ལ་སྤྱོད་འགྱུར་དེ་མི་འདོད། །བདག་ལ་གཟུགས་བརྙན་ཡོད་ན་ནི། །གཟུགས་ཡིན་ཕྱིར་ན་གཙོ་བོར་འགྱུར། །རྟག་ཏུ་བདག་དང་གཙོ་བོ་དེ། །ལྐོག་ཏུ་གྱུར་ན་གཏན་ཚིགས་ཀྱིས། །རྗེས་སུ་དཔག་པར་མི་ནུས་སྟེ། །འབྲེལ་བ་གང་དུའང་མ་གྲུབ་ཕྱིར། །དྲང་སྲོང་བ་ར་དྷ་ཛཱི་བུས། །དེ་ཉིད་མཐོང་ཡང་མ་གྲོལ་ལོ། །དེ་བརྟུལ་ཞུགས་དྲག་པོ་སྤྱོད་ཅིང་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་ཤེས་པས་ནགས་ན་གནས་པ་ནགས་ཚལ་གྱི་ལྷ་རྣམས་ཀྱིས་མཐོང་སྟེ་བར་ཆད་བྱ་བའི་ཕྱིར་དཔྱིད་ལྡན་མ་ཞེས་བྱ་བའི་ལྷའི་བུ་མོ་དེར་བཏང་གླུ་གར་བྱས་པ་ན་དྲང་སྲོང་དེ་ལོ་མའི་སྤྱིལ་བུ་ནས་བྱུང་སྟེ་དེ་མཐོང་བ་དང་ཆགས་ནས་དུས་ཤིན་དུ་རིང་པོར་དེ་དང་འདོད་པའི་བདེ་བ་ལ་སྤྱོད་ཞེས་གྲག་སྟེ་ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། གྲངས་ཅན་བ་ར་དྷ་ཛ་ནི། །དེ་ཉིད་མཐོང་ཡང་དཔྱིད་ལྡན་ལ། །ཡོངས་སུ་ཆགས་ཀྱིས་གཙོ་ཁྱོད་ཀྱི། །སློབ་མའང་བུད་མེད་ཉིད་མ་ཆགས། །ཞེས་འབྱུང་པ་ཡིན་ནོ། །དེའི་ཕྱིར་དེ་དག་ཐམས་ཅད་ནི་རིགས་པ་མེད་པར་བློས་བཀོད་པ་ཙམ་ཡིན་པས་རྩ་བར་ཡང་ཡོངས་སུ་བཏགས་ཞེས་སྨོས་ཏེ་རྣམ་པ་གཞན་ལའང་དེ་བཞིན་དུ་སྦྱར་རོ། །གྲུབ་པའི་མཐའ་རྣམ་པར་འབྱེད་པ་ལས་འཇིག་རྟེན་གྲངས་ཅན་གྱི་ལྟ་བ་བརྟགས་པའི་རབ་ཏུ་བྱེད་པ་སྟེ་གསུམ་པའོ།།  །།

 

དབང་ཕྱུག་ལ་བརྟག་པ།

 

ད་ནི་དབང་ཕྱུག་པའམ་མིག་མི་བཟང་ངམ་ཡེ་སྲིད་པའི་ལུགས་བཤད་དེ། དབང་ཕྱུག་ལྷ་ཡི་འགྲོ་བ་པ། །ཡོན་ཏན་བརྒྱད་ལྡན་ཏི་སེར་གནས། །དེ་ནི་ཀུན་མཁྱེན་ཐམས་ཅད་བྱེད། །ཞེས་ནི་ཕྱུགས་བདག་པ་རྣམས་སྨྲ། །འདི་ནི་གངས་ཏི་སེ་ལ་གནས་སྟེ་ཁྱད་པར་དུ་འཕགས་པར་བསྟོད་པའི་རྒྱ་ཆེ་འགྲེལ་པ་ལས་རི་བོ་ཏི་སེ་ན་དབང་ཕྱུག་ཆེན་པོ་ཨུ་མ་དང་ཁྱུ་མཆོག་དང་བཅས་པ་མངོན་སུམ་དུ་གནས་སོ་ཞེས་བྱ་བ་དང་དེར་ལྷ་ཆེན་པོ་འབྱོར་པས་བརྒྱན་པའི་སྟན་ལ་འདུག་ཅིང་འཁོར་གྱི་ཚོགས་སྟོང་གིས་བསྐོར་བ་དང་དགྲ་བཅོམ་པ་ལྔ་བརྒྱ་མ་དྲོས་པའི་མཚོ་ནས་དེར་འོངས་པས་མཐོང་ངོ་ཞེས་སློབ་དཔོན་ཤེས་རབ་གོ་ཆས་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཁ་ཅིག་དེ་གནས་པའི་རི་བོ་གངས་ཅན་ནི་ཏི་སེ་ཡིན་ཞིང་མ་དྲོས་པ་མ་ཕམ་པ་ཡིན་ནོ་ཞེས་སྨྲ་བ་དེ་ནི་གཞུང་འདི་མ་མཐོང་བ་ཁོ་ན་ཡིན་ནོ། །གང་ཡང་ཁ་ཅིག་ན་རེ་ལྷ་འདི་ནི་རི་རབ་ཀྱི་སྟེང་གི་བྱང་ཤར་ན་ཐོད་པ་དགུ་བརྩེགས་ཞེས་བྱ་བའི་ཕོ་བྲང་ན་ཁྱབ་འཇུག་དང་གཞོན་ནུ་ཀར་ཏི་ཀ་དང་དགའ་བྱེད་དབང་ཕྱུག་ལ་སོགས་པ་ཕོའི་འཁོར་ཉི་ཤུ་རྩ་གཅིག་དང་། ཨུ་མ་དང་དྲུག་ལྡན་མ་ལ་སོགས་པ་མོ་ཉི་ཤུ་རྩ་གཅིག་དང་གཞན་ཡང་གནོད་སྦྱིན་དང་རིམས་ཀྱི་བདག་མོ་ལ་སོགས་པ་དུ་མས་བསྐོར་ནས་གནས་སོ་ཞེས་ཟེར་རོ། །དེ་ནི་ཕྲ་བ་ལ་སོགས་པའི་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་ཏེ་ལག་པ་དག་དང་རྐང་པ་དང་། །མིག་དང་གདོང་དང་ལུས་རྣམས་ཀྱིས། །མང་པོ་བསྐྱེད་ཅིང་འཇིག་བྱེད་པས། །དེས་ན་ཕྲ་བར་བརྗོད་པ་ཡིན། །ནམ་མཁའ་རླུང་དང་ས་དང་ནི། །ཆུ་དང་མེ་དག་གནས་བྱེད་ཅིང་། །སྡུད་པ་དང་ནི་རྒྱས་བྱེད་པས། །དེས་ན་ཡང་པར་བརྗོད་པ་ཡིན། །འཇིག་རྟེན་གསུམ་ན་མཆོད་གྱུར་ཅིང་། །གནས་པ་དག་དང་རྒྱུ་བ་དང་། །འབྱུང་པོ་ཀུན་གྱིས་བརྗོད་པས་ན། །དེས་ན་མཆོད་པར་འོས་པ་ཡིན། །འབྱུང་པོ་ཀུན་ལ་དབང་བྱེད་ཅིང་། །གནས་པ་དང་ནི་རྒྱུ་བ་དག །གང་དང་གང་འདོད་དེ་བྱེད་པས། །དེས་ན་བདག་པོར་གྱུར་ཞེས་བྱ། །བདག་ལ་རག་ལས་རང་དབང་ཅན། །འགའ་ལའང་འཇིགས་པ་ཡོད་མིན་ཏེ། །ཐམས་ཅད་དབང་དུ་གྱུར་བས་ན། །དེས་ན་དབང་དུ་གྱུར་ཞེས་བྱ། །མཐོ་རིས་ངན་སོང་ཀུན་ཁྱབ་པས། །དེས་ན་གར་ཡང་ཕྱིན་ཞེས་བྱ། །སྙིང་སྟོབས་རྡུལ་དང་མུན་པ་གསུམ། །དེ་དག་གང་ལ་གནས་གྱུར་པ། །མིག་འབྱེད་ཙམ་གྱིས་བྱེད་གྱུར་པས། །དེས་ན་འདོད་དགུར་ལྡན་ཞེས་བྱ། །ཐར་པའམ་ཡང་ན་ལྷའི་ལུས། །གང་དུ་བདག་ཉིད་འདོད་པ་དག །ཐམས་ཅད་འདོད་པས་ཐོབ་གྱུར་པས། །དེས་ན་དགའ་མགུར་གནས་ཞེས་བྱ། །ཞེས་འབྱུང་ངོ་། །འགྲོ་བ་དབང་ཕྱུག་གིས་བྱས་པའི་གཏན་ཚིགས་ནི། འཛིན་པ་ཅན་གང་ནོར་ལྡན་དང་། །གཞན་གྱི་འཚོ་བཅས་དགེ་བ་ཅན། །ཆོས་མིན་ཅན་འགལ་མཐོ་གནས་ལྡན། །དབང་ཕྱུག་སྤྱོད་པ་གསལ་བ་ཡིན། །ཡོན་ཏན་ནོར་ལྡན་ཚེ་ཐུང་དང་། །ངན་པར་སྤྱོད་རྣམས་ཚེ་རིང་དང་། །གཏོང་ལྡན་དབུལ་པོ་མཐོང་བས་ན། །དབང་ཕྱུག་གིས་བྱས་གསལ་བ་ཡིན། །སྣ་ཚོགས་ལས་ལས་མི་ཤེས་པས། །དེ་རྒྱུ་ཉིད་དུ་སྨྲ་བ་ཡིན། །ཞེས་རྟོག་གེ་འབར་བ་ལས་འབྱུང་ངོ་། །ཡང་འདི་སྐད་ཅེས། དབང་ཕྱུག་རྫ་མཁན་ལྟ་བུར་སྣ་ཚོགས་འདི་སྤྲུལ་བྱེད་པོར་མ་གྱུར་ན། ས་གཞི་འདི་མི་འགྲུབ་ཅིང་རི་རབ་འདི་མིན་རྒྱ་མཚོ་མ་ཡིན་སྟེ། ཉི་ཟླ་སྐར་ཕྲན་འདི་ལྟར་ཡོད་པ་འདི་དག་མིག་ཡུལ་དུ་མི་འགྱུར། ཡོད་པའི་ཕྱིར་ན་དབང་ཕྱུག་འགྲོ་བའི་བྱེད་པོ་ཡིན་ཞེས་ཁ་ཅིག་སྨྲ་ཞེས་བྱ་བ་དང་། །སྐྱེ་བ་པོ་འདི་ཤེས་པ་ཡོད་མ་ཡིན། །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་གཡང་ས་འམ། །མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །གང་ཞིག་ཕྲ་ཞིང་གཅིག་ཏུ་སྐྱེ་གནས་འདུག །དེ་ཡིས་འདི་ཀུན་སྐྱེ་ཞིང་འཇིག་པར་བྱེད། །དེ་ནི་དབང་བདག་མཆོག་སྦྱིན་ལྷ་མཆོད་བྱ། །ཡོན་ཏན་བྱེད་པ་ཤིན་ཏུ་ཞི་བ་འཐོབ། །ཅེས་བྱ་བ་དང་། ཡང་སྣོད་བཅུད་ཀྱི་འགྲོ་བ་ཐམས་ཅད་ནི་བྱེད་པ་པོ་ཁྱད་པར་ཅན་གྱི་བློ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། སྡོད་ཅིང་འཇུག་པའི་ཕྱིར་བུམ་པ་བཞིན་ཞེས་བྱ་བ་འམ་དབྱིབས་ཁྱད་པར་ཅན་དང་དོན་བྱེད་ནུས་པ་ཡོད་པའི་ཕྱིར་རོ། །དེ་དབང་ཕྱུག་དང་འབྲེལ་བ་མ་གྲུབ་ན་འཇིག་པར་མི་ནུས་པའི་རི་ལའང་དུ་བས་མེ་སྒྲུབ་མི་ནུས་སོ་ཞེས་ཟེར་རོ། །གཞན་ཡང་ཕྲ་ཞིང་བསམ་གྱིས་མི་ཁྱབ་རབ་ཏུ་སྲབ་བྱེད་ཐམས་ཅད་བྱེད། །རྣལ་འབྱོར་གོམས་པས་ཐོབ་པའི་བློ་ཅན་རྣལ་འབྱོར་པ་ཡི་བསམ་གཏན་ཡུལ། །ཉི་མ་ཟླ་བ་ས་ཆུ་མེ་རླུང་ཕྱོགས་དང་ནམ་མཁའི་ལུས་ཅན་ཏེ། །ཞི་བའི་བདེ་དགའ་དམ་པ་འདོད་པ་རྣམས་ཀྱིས་དབང་ཕྱུག་རྟག་དུ་བསྒོམ་ཞེས་འབྱུང་ངོ་། །འདི་ནི་ལུས་ཤིན་དུ་ཆེ་བ་ཡིན་ཏེ་སྔོན་རྒྱལ་པོ་རྒྱ་མཚོ་དུག་ཅན་ཞེས་བྱ་བའི་བུ་དྲུག་ཁྲི་ཁྱབ་འཇུག་སེར་སྐྱའི་གཟུགས་སུ་བསྒྱུར་བས་བསད་ནས་དམྱལ་བར་སྐྱེས་སོ། །དེ་རྣམས་ཀྱི་ཚ་བོ་བྷ་གི་ར་ཐ་ཞེས་བྱ་བའི་རྒྱལ་པོས་ཚངས་པ་མགུ་བར་བྱས་སྟེ་ལྷའི་ཀླུང་གངྒཱ་མི་ཡུལ་དུ་ཚངས་པའི་བཀས་འབབ་པར་བྱས་པ་དང་དབང་ཕྱུག་གིས་རལ་པའི་ཚོགས་ཀྱི་ནང་དུ་བཞག་སྟེ་ལྷའི་ལོ་སྟོང་དུ་བབས་ཀྱང་རལ་པའི་མཐར་མ་སླེབ་བོ། །དེར་བྷ་གི་ར་ཐས་དབང་ཕྱུག་མགུ་བར་བྱས་ནས་རལ་པ་བཙིར་བས་རི་ཏི་སེའི་སྟེང་དུ་ཐིགས་པ་གཅིག་བབས་པ་མཚོར་གྱུར་ཏེ་དེ་ལས་གངྒཱ་ལ་སོགས་པའི་ཆུ་ཀླུང་བདུན་བྱུང་ངོ་། །གངྒཱ་དྲང་སྲོང་ཛ་ཧཱུ་ཞེས་བྱ་བའི་བསྟི་གནས་སུ་བབས་པས་དེ་ཁྲོས་ནས་འཐུངས་སོ། །བྷ་གི་ར་ཐས་གསོལ་བ་བཏབ་པས་སླར་བསྐྱུགས་ནས་ས་འོག་དུ་སོང་སྟེ་དུག་ཅན་པའི་བུ་རྣམས་ཀྱི་སྡིག་པ་བཀྲུས་ནས་ཚེ་འཕོས་ཏེ་མཐོ་རིས་སུ་སྐྱེས་སོ་ཞེས་ཟེར་རོ། །ཡང་ཐང་ཤིང་གི་ནགས་ཞིག་ན་དྲང་སྲོང་དཀའ་ཐུབ་དྲག་པོ་སྤྱོད་པ་མང་པོ་བུད་མེད་དང་བཅས་པས་གནས་པ་ན་དབང་ཕྱུག་གིས་ཕྱིན་ཏེ་ལུས་རྒྱན་སྣ་ཚོགས་པས་བརྒྱན་པ་མཚན་མ་ལངས་ཤིང་འཛག་བཞིན་པ་དྲང་སྲོང་རྣམས་ཀྱི་ཆུང་མ་དང་བུ་མོ་རྣམས་ལ་བསྟན་ནོ། །དེ་དྲང་སྲོང་རྣམས་ཀྱིས་མཐོང་རིས་སྟེ་མཚན་མ་ལྷུང་བར་གྱུར་ཅིག་ཅེས་དམོད་པ་བྱས་པས་དེ་ས་ལ་ལྷུང་ངོ་། །ཡང་དེ་དག་གིས་བསམ་གཏན་གྱི་མཐུས་དེ་དབང་ཕྱུག་ཏུ་ཤེས་ཏེ་མཚན་མ་དེ་བླངས་ཏེ་མཆོད་པ་སྣ་ཚོགས་བྱས་སོ། །དེ་ནས་བཟུང་སྟེ་འཇིག་རྟེན་དུ་དེའི་མཚན་མ་ལ་མཆོད་པ་བྱུང་བ་ཡིན་ནོ་ཞེས་གྲག་གོ །དེ་ཉིད་ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། ལྷ་ཆེན་འདོད་པ་ཅན་གྱི་མཚན། །དྲང་སྲོང་རྣམས་ཀྱི་དམོད་པས་ལྷུང་། །ཁྱོད་ཀྱིས་ཕུང་ཁྲོལ་པ་དག་གི །རྩ་བ་འདོད་པ་ཉིད་ལྷུང་བགྱིས། །ཞེས་འབྱུང་ངོ་། །གལ་ཏེ་འདིའི་ལྟ་བ་སྤྱོད་པ་གང་ཞིག་ཡིན་ཞེ་ན། དབང་ཕྱུག་འཁྲིག་པ་གྲུབ་པ་ལས། །དབུ་མའི་ཡེ་ཤེས་སྐྱེ་བར་འདོད། །བུམ་པ་ཅན་གྱི་རླུང་གིས་ནི། །བསྐལ་པའི་བར་དུ་འཆི་མེད་སྒྲུབ། །ཅེས་དང་། དབང་ཕྱུག་གིས་སྒྲ་སྒྲོགས་པའི་རྒྱུད་ལས། ལྷ་མོ་རིན་ཆེན་གནས་འདི་ནི། །དབང་ཕྱུག་དྲག་དང་ནུས་ཅན་མཆོག །ཟུང་གྱུར་དེ་ཉིད་ཕན་ཚུན་ལས། །ལྟེ་བར་ཆུར་ནི་སོང་པ་སྟེ། །མཚོན་བྱ་མཚོན་བྱེད་ལས་ངེས་གྲོལ། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །དབང་ཕྱུག་ནུས་ཅན་མཉམ་སྦྱོར་ལས། །རྨད་དུ་བྱུང་བའི་བདེན་པ་སྐྱེ། །ནུས་ཅན་ཚུལ་གྱིས་བསྒོམ་པ་ཡིན། །ཡང་དག་དུ་ན་དངོས་པོ་མེད། །ནུས་ཅན་མ་ཡིན་སྟོང་ཉིད་ལྟ། །སྒྲོ་འདོགས་ཐམས་ཅད་རྣམ་འཇོམས་པའོ། །ཞེས་འབྱུང་ངོ་། །སྨྲེ་སོགས་ཞེས་བྱ་བའི་རྒྱུད་ལས་ཀྱང་། དབང་ཕྱུག་ནུས་ཅན་མཉམ་སྦྱོར་བས། །མཆོག་ཏུ་བདེ་བ་གཉིས་མེད་མཆོག །རིན་ཆེན་ནང་དུ་གནས་པ་ལ། །དབང་ཕྱུག་མེད་ཅིང་ནུས་ཅན་མེད། །ཅེས་བཤད་འཁྲིག་པ་གྲུབ་པ་ཐར་པར་འདོད་དོ། །ཞི་བའི་མཛེས་པ་སྦྱར་བ་ལས། །བུ་གཅིག་ཚངས་པ་མཆོག་ཏུ་བདེན། །རིག་པའི་དབང་ཕྱུག་མུ་མཐའ་ཡས། །འབའ་ཞིག་ཡོད་པ་ཉིད་སྨྲ་བ། །དེའང་ཞགས་པར་རབ་ཏུ་བརྗོད། །ཅེས་འབྱུང་སྟེ་དབུ་མ་སྟོན་པ་ཡིན་ནོ། །ཡང་བདག་ཉིད་ལྷར་བསྐྱེད་པའི་སྙིང་ཁར་པདྨ་བསམས་ནས་དེའི་དབུས་ནས་བྱུང་བའི་རླུང་ཁ་དང་སྣ་བུག་ནས་རྐང་མཐིལ་གྱི་བར་དུ་དགང་བ་བུམ་པ་ཅན་གྱི་མན་ངག་བསྒོམས་པས་དབུགས་དགག་པ་གྲུབ་པས་བསྐལ་པའི་བར་དུ་མི་འཆི་བ་འབྱུང་ཏེ་འདི་ལ་ནི་སངས་རྒྱས་ཐོས་པ་ཉུང་བ་རྣམས་ཀྱང་ཐར་པར་འཛིན་ནོ། །རླུང་འདི་ནི་མུ་སྟེགས་ཐམས་ཅད་སྒོམ་མོ། །ད་ནི་དེ་དགག་པར་བྱ་སྟེ། དབང་ཕྱུག་འགྲོ་བའི་བྱེད་ཡིན་ན། །རིམ་གྱིས་འབྱུང་བ་མེད་པར་འགྱུར། །དེའི་འདོད་པའི་རིམ་པ་ལས། །རིམ་གྱིས་སྐྱེ་བར་འདོད་ན་ནི། །འདོད་པའི་རིམ་པ་དང་ལྡན་པའི། །དབང་ཕྱུག་དེ་ནི་མི་རྟག་ཉིད། །སྡོད་འཇུག་དབྱིབས་ཀྱི་ཁྱད་པར་དང་། །དོན་བྱེད་ནུས་པའི་གཏན་ཚིགས་ནི། །དབང་ཕྱུག་ལ་ནི་འཁྲུལ་པ་སྟེ། །འབྲེལ་པ་གང་དུའང་མ་འགྲུབ་ཕྱིར། །དབང་ཕྱུག་འཁྲིག་པའི་སྦྱོར་པ་ཡིས། །ཐར་པ་ཐོབ་པ་མི་འཐད་དེ། །དབང་ཕྱུག་འཆིང་ལས་མ་གྲོལ་ཕྱིར། །ཨུ་མ་ཐིག་ལེ་མཆོག་སོགས་ལ། །ཆགས་ཤིང་ཚངས་པའི་མགོ་བོ་བཅད། །ལྷ་མིན་གྲོང་ཁྱེར་སུམ་བརྩེགས་དང་། །འདོད་ལྷ་ཁྲོ་བའི་མེ་ཡིས་བསྲེགས། །བགྲང་དང་རྗེས་འགྲོ་འཇོག་པ་དང་། །རྟོག་པ་དང་ནི་སྒྱུར་བ་དང་། །ཡོངས་དག་རྣམ་པ་དྲུག་བྲལ་བའི། །རླུང་གིས་ཐར་པ་མི་ཐོབ་བོ། །དབང་ཕྱུག་གིས་ལྷའི་ལོ་སྟོང་དུ་ཨུ་མ་ལ་འདོད་པ་བསྟེན་ཀྱང་མ་ངོམས་ཏེ་རང་གི་ལུས་ཕྱེད་དུ་ཨུ་མའི་ལུས་ཕྱེད་ཞུགས་པར་བྱས་ནས་ལུས་ཕྱེད་བུད་མེད་ཀྱི་དབང་ཕྱུག་ཅེས་བྱ་བར་བྱིན་གྱིས་བརླབས་སྟེ། ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། །ལྷ་ཆེན་ཕྱེད་ནི་ཆུང་མ་བས། །བསྒྱུར་བ་ཡིས་ཀྱང་ཐུབ་མ་ལགས། །ཞེས་བྱ་བ་དང་། ལྷ་ཆེན་ཐིག་ལེ་མཆོག་མ་ལ། །ཆགས་པ་སྐྱེས་པས་གདོང་བཞི་བྱུང་། །ཞེས་བཤད་དོ། །ཡང་སྐྱེ་དགུའི་བདག་པོ་གསལ་བ་མཆོག་སྦྱིན་ཅིག་བྱེད་པའི་ཚེ་ལྷ་ཐམས་ཅད་འཚོགས་པ་ན་བདེ་བྱེད་འདི་ཐོད་ཕྲེང་དང་ཐོད་པ་ཐོགས་པ་ལུས་ཐལ་བས་བྱུགས་ཏེ་སྟོན་པའི་སྤྱོད་པ་བྱེད་ཅིང་བྱུང་ངོ་། །དེར་ལྷ་རྒྱལ་བ་དང་བཟང་པོ་ཞེས་བྱ་བས་གད་མོ་དང་མིག་བཙུམས་བྱས་པས་བདེ་བྱེད་ཀྱིས་རྒྱལ་བའི་སོ་བཏོན་ལ་བཟང་པོའི་མིག་ཕྱུང་ངོ་། །ལྷ་རྣམས་ཀྱིས་རང་བཞིན་ངན་པ་འདི་སུ་ཡིན་བྱས་པ་ན་ཚངས་པས་ངས་བཤད་དོ་བྱས་པས་བདེ་བྱེད་ཀྱིས་དེའི་སྐེ་སེན་མོས་བཅད་དོ་ཞེས་གྲག་གོ །དེས་ན་དུར་ཁྲོད་དུ་ནི་གང་གནས་ཤིང་། །འབྱུང་པོའི་ཚོགས་དང་ལྷན་ཅིག་དགའ། །འདི་འདྲ་བ་ཡང་ལྷ་ཡིན་ན། །ཤ་ཟ་ཅི་འདྲ་བ་ཞིག་ཡོད། །ཅེས་འབྱུང་ངོ་། །གྲུབ་པའི་མཐའ་བཤད་པ་ལས་དབང་ཕྱུག་ལ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཞི་པའོ།།  །།

 

བྱེ་བྲག་པ་བརྟག་པ།

 

བྱེ་བྲག་པའི་ལུགས་བཤད་པ། བྱེ་བྲག་པ་ཡི་སྟོན་པ་མཆོག གཟེགས་ཟན་ཚད་མ་གསུམ་གྱིས་ནི། །ཚིག་གི་དོན་དུ་ཤེས་བྱ་ཡི། །དེ་ཉིད་ཡིན་པར་ཡོངས་སུ་བཏགས། །གཟེགས་མ་ཟ་ཞིང་དཀའ་ཐུབ་སྤྱད་པས་བརྟུལ་ཞུགས་ཀྱིས་དངོས་གྲུབ་ཐོབ་པའི་དྲང་སྲོང་གཟེགས་ཟན་གྱིས་ནི་བྱེ་བྲག་པའི་གཞུང་བརྩམས་པ་ཡིན་ནོ། །ལུགས་འདི་ལ་ཚད་མ་གསུམ་ལས་མངོན་སུམ་ནི་བདག་དང་དབང་པོ་དང་ཡིད་དང་དོན་ཕྲད་པ་ལས་གྲུབ་པའམ་དབང་པོ་དང་དོན་འབྲེལ་བ་ཡིན་གྱི་ཤེས་པ་མ་ཡིན་ནོ། །ཞེས་ཟེར་རོ། །རྗེས་སུ་དཔག་པའི་རྟགས་མཐོང་བ་ལས་ཤེས་པ་སྟེ་དེའང་འདི་ལྟར་བྲམ་ཟེ་མཆོད་སྦྱིན་ཆོ་ག་མཐར་ཕྱིན་པ་ནི་རྒྱང་རིང་པོ་ཤེས་པའི་གཏན་ཚིགས་སོ། །ཟླ་བ་ཤར་བ་ནི་རྒྱ་མཚོ་སྐྱེ་བ་དང་ཀུ་མུ་ད་ཁ་འབྱེད་པའི་རྟགས་སོ། །སྟོན་ཀའི་ཆུ་དྭངས་བ་ནི་སྐར་མ་རི་བྱི་མོ་ཤར་བའི་རྟགས་སོ། །རྟགས་ལྟར་སྣང་ནི་གསུམ་སྟེ། །མ་གྲུབ་པ་དང་། རབ་ཏུ་མ་གྲུབ་པ་དང་། ཐེ་ཚོམ་ཟ་བའོ། །དང་པོ་ནི་རྟགས་དང་ཆོས་འབྲེལ་པ་མ་གྲུབ་པའོ། །གཉིས་པ་ནི་རྭ་ཅན་གྱིས་རྭ་སྒྲུབ་པ་ལྟ་བུ་འབྲེལ་བ་མེད་པའོ། །གསུམ་པ་ནི་རྭ་ཅན་ཡིན་པའི་ཕྱིར་བ་ལང་ཡིན་ཞེས་བྱ་བ་ལྟ་བུའོ། །ལུང་ནི་ཡིད་ཆེས་པའི་ཚིག་གོ །ཤེས་བྱའི་དོན་དྲུག་ནི། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་རྣམ་པ་དྲུག །ཅེས་བྱ་བ་ཡིན་ནོ། །དེ་ལ་རྫས་ནི་དགུ་སྟེ། བདག་དང་དུས་དང་ཕྱོགས་དང་ནི། །ནམ་མཁའ་ཡིད་ཅེས་བྱ་བ་ལྔ། །ཞེས་བྱ་བ་དང་འབྱུང་བ་བཞིའོ། །དེ་ལ་བདག་ནི་ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། །གཟེགས་ཟན་གྱིས་ནི་ཤེས་ལས་བདག །གཞན་དང་ཁྱད་པར་ཡོངས་སུ་བརྗོད། །ཁྱེད་ཀྱིས་དེ་ནི་ཤེས་མེད་ན། །ཤིང་དང་འདྲ་བར་ཐལ་འགྱུར་གསུངས། །ཞེས་བྱ་བ་དང་། གཞན་ལས་གཞན་གྱིས་བདག་གི་མཚན་ཉིད་ནི། །འདོད་དང་སྡང་སོགས་ཡོན་ཏན་ཅན། །རྟེན་དང་ཀུན་འཇུག་ཟ་བ་པོ། །སེམས་མིན་སེམས་དང་ལྡན་པར་འདོད། །ཅེས་འབྱུང་ངོ་། །དེ་སྒྲུབ་པ་ནི་བདག་ནི་ཐམས་ཅད་ལ་ཁྱབ་པ་ཡིན་ཏེ་བདག་གི་ཡོན་ཏན་བདེ་སྡུག་ཐམས་ཅད་ན་ཡོད་པའི་ཕྱིར་ཞེས་འགོད་དེ་དེས་མ་ཁྱབ་ན་འགྲོ་འོང་མེད་པའི་རྟག་པ་ཡིན་པས་ནམ་མཁའ་དང་ཆུ་རླུང་ལ་སོགས་པར་བྱ་ལ་སོགས་རེག་བྱ་ལ་སོགས་པའི་བདེ་སྡུག་འབྱུང་བ་མི་འཐད་དོ། །རྟོག་གེ་འབར་བ་ལས། བློ་སོགས་བདག་གི་ཡོན་ཏན་བཅད། །དྲུངས་ནས་ཕྱུང་པའི་རྣལ་འབྱོར་པ། །ཡིད་ལ་བདག་ཅེས་གནས་པ་ནི། །བྱེ་བྲག་པ་ཡིས་ཐར་པར་ཤེས། །ཞེས་འབྱུང་སྟེ། བདག་དེ་ལ་མི་རྟོག་པར་གྱུར་པའི་ཚེ་ཐར་པ་ཐོབ་པའོ། །ཁ་ཅིག་ནི་འདི་དུས་རྒྱུར་འདོད་པ་ཡིན་ནོ་ཞེས་ཟེར་སྟེ་འདི་ནི་ཐམས་ཅད་དབང་ཕྱུག་གི་བྱས་པར་འདོད་དོ། །དེས་ན་བདག་ལ་སོགས་པ་བཞི་ནི་ཐམས་ཅད་དུ་ཁྱབ་པ་དང་རྟག་པ་དང་བྱ་བ་མེད་པའི་རྫས་ཡིན་ལ། ཡིད་ནི་རྟག་ཅིང་བྱ་བ་ཡོད་པ་ཡོངས་སུ་ཆད་པའི་རྫས་ཡིན་ནོ། །འབྱུང་བ་བཞི་ལའང་རྡུལ་ཕྲ་མོ་ནི་རྫས་ཐམས་ཅད་དུ་སོང་བ་མ་ཡིན་པའི་ཚད་ཅེས་བྱ་སྟེ་འཇིག་རྟེན་འཆགས་པའི་ཚེ་སྡུག་བསྔལ་རྣམས་འདུ་བ་ཙམ་ཡིན་ལ། འཇིག་པའི་ཚེ་ནི་བྱེ་བ་ཙམ་ཡིན་གྱི་ངོ་བོ་ནི་རྟག་པ་ཡིན་ནོ། །དེས་རགས་པ་རྩོམ་པ་ནི་འཕྲད་དེ་ཚོགས་དགོས་པ་ཙམ་མོ་ཞེས་འབྱུང་ངོ་། །རགས་པ་རྣམས་ནི་མི་རྟག་པ་ཡན་ལག་ཅན་གཅིག་ཏུ་འདོད་དོ། །ཡོན་ཏན་ནི་ཉི་ཤུ་རྩ་ལྔ་སྟེ་བདག་གི་ཡོན་ཏན་ནི་མིག་ལ་སོགས་པའི་བློ་ལྔ་དང་། བདེ་སྡུག་གཉིས་དང་ཆགས་སྡང་གཉིས་དང་ཆོས་དང་ཆོས་མིན་གཉིས་དང་འདུས་བྱས་པ་དང་འབར་བའི་ཤུགས་སོ། །བདེ་སྡུག་ནི་ནང་གི་དོན་བེམས་པོར་འདོད་དོ། །མེ་གྱེན་དུ་འབར་བ་དང་རླུང་འཕྲེད་ལ་འགྲོ་བ་དང་། ཆུ་ཐུར་དུ་རྒྱུག་པ་ལ་སོགས་པ་ནི་ཆོས་དང་ཆོས་མ་ཡིན་པས་བྱས་པར་འདོད་དོ། །དང་པོ་ཤེས་པ་ལས་སྐྱེས་ཤིང་ཕྱིས་ཤེས་པའི་རྒྱུ་བྱེད་པའི་བེམ་པོ་ནི་འདུས་བྱས་པ་སྟེ་རྣམ་ཤེས་ཡུལ་ལ་སྲི་བར་བྱེད་པ་ཡིན་ནོ། །དོན་སྒྲུབ་པ་ལ་མཁས་པའི་སེམས་དེ་ལ་གཞོལ་བ་ནི་འབད་པའི་ཤུགས་སོ། །ཕྱོགས་དང་དུས་ཀྱི་ཡོན་ཏན་ནི་གྲངས་དང་བོང་ཚོད་དང་སོ་སོ་བ་དང་ཕྲད་པ་དང་བྱེ་བ་དང་གཞན་དང་གཞན་མ་ཡིན་པ་བདུན་ནོ། །ཁ་ཅིག་ནི་འདུས་བྱས་པ་དང་འབད་པའི་ཤུགས་ཡིད་ཀྱི་ཡོན་ཏན་ཡིན་པར་འདོད་དོ། །དྲི་སའི་ཡོན་ཏན་དང་། རོ་ཆུའི་ཡོན་ཏན་དང་། རེག་བྱ་རླུང་གི་ཡོན་ཏན་དང་། ཁ་དོག་མེའི་ཡོན་ཏན་དང་། སྒྲ་ནམ་མཁའི་ཡོན་ཏན་ནོ། །ལས་ནི་འདེགས་པ་དང་འཇོག་པ་དང་བརྐྱང་པ་དང་། བསྐུམ་པ་དང་འགྲོ་བ་ལྔའོ། །སྤྱི་ནི་ཁྱབ་པ་དང་ཉི་ཚེ་བ་གཉིས་ལས་དང་པོ་ནི་ཡོད་པ་ཉིད་ལ་སོགས་པ་ཡིན་ལ། གཉིས་པ་ནི་བ་ལང་ཉིད་ལ་སོགས་པ་ཡོད་པའི་བྱེ་བྲག་ལ་ཁྱབ་པ་སྟེ་གཉིས་ཀའང་རྟག་པ་དང་གཅིག་པུ་དང་ཁྱབ་པ་དང་སྣང་དུ་རུང་བ་དང་གསལ་བ་ལས་ཐ་དད་པ་དང་། དངོས་པོ་ཡིན་ལ་གཟུགས་ཅན་མ་ཡིན་པ་དང་། བྱེ་བྲག་རྣམས་ལ་སྒྲ་བློ་ཐུན་མོང་པ་གཅིག་འཇུག་པའི་རྒྱུ་མཚན་ཡིན་སྟེ་རྣམ་འགྲེལ་ལས་ཁ་དོག་དབྱིབས་ཡིན་རྣམ་པ་ཡིས། སྟོང་པ་བ་ལང་ཉིད་དུ་བརྗོད་ཅེས་བཤད་པ་བཞིན་ནོ། །དེ་ལ་པེ་ལུ་ཀ་ནི་དེ་གསལ་བ་མེད་པ་ནའང་ཡོད་པར་འདོད་དོ། །པེ་ཐ་ར་ནི་གསལ་བ་མེད་པ་ན་མེད་པར་འདོད་དོ། །བྱེ་བྲག་ནི་དེས་སྤྱི་གསལ་བར་བྱེད་པས་གསལ་བ་ཞེས་ཟེར་ཏེ་གསེར་བུམ་ལ་སོགས་པའོ། །འདུ་བ་ནི་རྫས་ལ་སོགས་པ་འབྲེལ་བར་བྱེད་པ་སྟེ་མིག་དང་བུམ་པ་ནི་སྦྱོར་བའི་འབྲེལ་བ་དང་། ཡོན་ཏན་རྣམས་དང་སྦྱོར་བ་ལ་འདུ་བའི་འབྲེལ་བ་དང་། ཡོན་ཏན་རྣམས་ཀྱིས་སྤྱི་དང་སྦྱོར་བ་ལ་འདུས་པ་ལ་འདུ་བའི་འབྲེལ་པ་དང་། རྣ་བ་དང་སྒྲ་འདུ་བའི་འབྲེལ་བ་དང་། སྒྲའི་སྤྱི་དང་འདུས་པ་ལ་འདུ་བའི་འབྲེལ་པ་དང་། ས་ཕྱོགས་དག་པ་དང་མིག་སྦྱོར་བ་ལ་ཁྱད་པར་དང་ཁྱད་པར་ཅན་གྱི་འབྲེལ་བ་ཡིན་ནོ། །ཕྱི་དང་ནང་གྱི་འགྲོ་བ་ཀུན། །ཡེ་ནས་དབང་ཕྱུག་བྱས་པར་འདོད། །འཇིག་རྟེན་འདི་སྟོངས་པའི་ཚེ་འབྱུང་བ་བཞིའི་རྡུལ་རྟག་ཅིང་ཆ་མེད་པ་རྣམས་སོ་སོ་ནས་འཁོད་པ་ལས། དབང་ཕྱུག་ཆེན་པོ་འགྲོ་བ་རྣམས་འབྱིན་པར་འདོད་པ་དང་སེམས་ཅན་རྣམས་ཀྱིས་ལས་ཀྱིས་མཐུས་དང་པོ་རླུང་གིས་རྡུལ་ཕྲ་རབ་གཉིས་འབྱར་སྟེ་དེ་བཞིན་དུ་སེ་གོལ་གཏོགས་པ་ཙམ་གྱིས་ཚད་མེད་པ་འབྱར་ཏེ་རླུང་གི་དཀྱིལ་འཁོར་དང་། རིམ་པ་དེས་ས་ཆུ་མེ་གསུམ་གྱི་དཀྱིལ་འཁོར་ཡང་གྲུབ་ཅིང་མེའི་དབུས་སུ་ཚངས་པའི་སྒོ་ང་ཆེན་པོ་གསལ་ཞིང་འོད་འབར་བ་གནས་པའི་ནང་ནས་འཇིག་རྟེན་གྱི་མེས་པོ་ཚངས་པ་ཆེན་པོ་པདྨའི་འདབ་མ་ལས་བྱུང་བ་པདྨ་ལ་འདུག་པ་གདོང་བཞི་པ་གཅིག་བྱུང་སྟེ་དེས་སྣོད་བཅུད་ཐམས་ཅད་སྤྲུལ་པ་ཡིན་ནོ་ཞེས་འདོད་དོ། །དེའི་ཕྱིར་འདི་ལའང་མུ་སྟེགས་ཚངས་པ་བ་དང་། འུག་པ་བ་ཞེས་ཀྱང་ཟེར་རོ། །ཡང་འདི་བྲམ་ཟེ་ལ་བྱིན་པ་ཁྱད་པར་དུ་འཕགས་པར་འདོད་དེ་དྲང་སྲོང་གཟེགས་ཟན་གྱིས། བྲམ་ཟེ་ཡིན་ལ་མཉམ་པོ་སྟེ། །བྲམ་ཟེ་དམན་པ་ལས་ཉིས་འགྱུར། །འདོན་པ་ལས་ནི་བརྒྱད་སྟོང་སྟེ། །རིག་བྱེད་ཕ་རོལ་ཕྱིན་མཐའ་ཡས། །ཞེས་བཤད་དོ། །ད་ནི་དེ་དགག་པར་བྱ་སྟེ། །མངོན་སུམ་དང་ནི་གང་ཟག་བདག །ཡུལ་མི་རིགས་གྱུར་ཤེས་མེད་ཕྱིར། །ཡུལ་མི་རིགས་ཀྱང་དེ་གཉིས་ཡིན། །འབྱུང་བཞིའང་དེ་གཉིས་ཉིད་དུ་འགྱུར། །ཇི་སྲིད་བདག་ལ་མངོན་ཞེན་པ། །དེ་སྲིད་འཁོར་བའི་རྒྱ་མཚོར་འཁྱམ། །གང་ཞིག་བདག་ལ་གསལ་སྣང་སྐྱེས། །དེ་ནི་འཁོར་བའི་མཐར་ཐུག་ཡིན། །བདག་དང་དུས་དང་ཕྱོགས་དང་མཁའ། །རྫས་སུ་མ་དམིགས་ཕྱིར་ན་མེད། །བདེ་སྡུག་བེམ་པོ་ཡིན་ན་ནི། །གོམས་པས་འགྱུར་བ་རིགས་མ་ཡིན། །དུས་ཕྱོགས་གཟུགས་སོགས་ལས་གཞན་ན། །གཟུགས་སོགས་ཡུལ་དུས་མེད་པར་འགྱུར། །གཞན་མ་ཡིན་ན་མི་རྟག་སྟེ། །གཟུགས་སོགས་མི་རྟག་ཉིད་ཕྱིར་རོ། །ཡིད་ནི་གར་མཁན་ལུས་བཞིན་དུ། །སྣ་ཚོགས་སུ་ནི་འགྱུར་བའི་ཕྱིར། །རྟག་པ་ཉིད་དུ་འཐད་མ་ཡིན། །རྡུལ་ཕྲན་རྟག་ན་མེ་ཤི་བའི། །ཁྱིམ་ནའང་ཚ་བ་ཡོད་པར་འགྱུར། །ཚ་བ་རྡུལ་ཕྲན་ལ་མེད་ན། །མེ་ཡི་རྡུལ་ཕྲན་མེ་མིན་འགྱུར། །ཆུ་ལ་སོགས་ལའང་རིགས་པ་དེ། །རྣམ་པ་ཀུན་དུ་མཚུངས་པ་ཡིན། །རྡུལ་ཕྲན་སོ་སོར་རྟག་པ་ལ། །འདུ་དང་བྱེ་བ་རུང་མ་ཡིན། །རགས་པ་ཆ་མེད་གཅིག་ཡིན་ན། །སྣང་དང་མི་སྣང་སོགས་མེད་འགྱུར། །ཚིག་གི་དོན་དྲུག་གཅིག་ཡིན་ན། །དུ་མར་བཏགས་ནས་ཅི་ཞིག་བྱ། །ཐ་དད་ཡིན་ན་ས་ལ་སོགས། །མིག་གི་ཡུལ་དུ་མི་འགྱུར་ཏེ། །གཟུགས་ལས་ཐ་དད་ཡིན་ཕྱིར་རོ། །འགྲོ་ལ་སོགས་པ་ལས་ཉིད་ཕྱིར། །ཡན་ལག་ཅན་ནི་སྡོད་པར་འགྱུར། །ཕྲད་བྱེ་སོགས་ལའང་ཚུལ་འདི་མཚུངས། །སྤྱི་གཅིག་མ་དམིགས་ཕྱིར་ན་མེད། །སྒྲ་བློ་ཐུན་མོང་འདྲ་ལས་ཡིན། །བྱེ་བྲག་རྫས་ལས་ཐ་དད་ན། །རྫས་རྣམས་ཐ་དད་མེད་པར་འགྱུར། །དེ་དག་རྫས་ལ་སྦྲེལ་བ་ལ། །འདུ་བ་དགོས་ན་འདུ་བ་དེ། །སྦྲེལ་བའང་འདུ་བ་གཞན་དགོས་འགྱུར། །ཞེས་བྱ་བ་ནི་བྱེ་བྲག་པ་དགག་པ་ཡིན་ནོ། །གྲུབ་པའི་མཐའ་བཤད་པ་ལས་བྱེ་བྲག་པ་བརྟག་པའི་རབ་དུ་བྱེད་པ་སྟེ་ལྔ་པའོ།།  །།

 

རིགས་པ་ཅན་བརྟག་པ།

 

ད་ནི་རིགས་པ་ཅན་གྱི་ལུགས་བཤད་དེ། །རྐང་མིག་དབང་ཕྱུག་གྲུབ་པ་ཡིས། །ཚད་མ་གཞལ་བྱ་ལ་སོགས་པ། །རྟོག་གེའི་ཚིག་དོན་བཅུ་དྲུག་བརྟགས། །རྣམ་འགྲེལ་བྱེད་པ་གསལ་བྱེད་ཡིན། །རྐང་མིག་ཅེས་བྱ་བའི་དྲང་སྲོང་ཞིག་དབང་ཕྱུག་གིས་ཨུ་མ་བསྲུང་བའི་ཕྱིར་བཞག་པ་ན། དྲང་སྲོང་དེ་ཤིན་ཏུ་གཟུགས་བཟང་བས་ཨུ་མ་ཆགས་པར་གྱུར་ཏེ་མདུན་དྲང་པོར་འདུག་ནས་ཆགས་པའི་མཚན་མ་བསྟན་པ་དང་། དྲང་སྲོང་དེས་མིག་གཞན་དུ་བསྒྱུར་རོ། །དེ་ཡང་དེར་གནས་པར་དེས་ཀྱང་མིག་གཞན་དུ་བསྒྱུར་ཏེ། མཐར་མིག་རྐང་པ་གཉིས་ལ་བཞག་པའི་བར་དུ་བྱས་སོ། །ལྷ་ཆེན་པོས་གཏམ་དེ་ཐོས་པ་དང་མགུ་སྟེ་ཁྱོད་རིགས་པ་ཅན་གྱི་གཞུང་རྩོམ་པའི་སྟོན་པར་གྱུར་ཅིག་ཅེས་མཆོག་བྱིན་ནོ། །དེས་རྟོག་གེའི་བསྟན་བཅོས་ཀྱི་མདོ་བྱས་པ་ནི་ཚད་མ་དང་གཞལ་བྱ་དང་ཐེ་ཚོམ་དང་དགོས་པ་དང་དཔེ་དང་གྲུབ་མཐའ་དང་ཡན་ལག་དང་རྟོག་གེ་དང་གཏན་ལ་དབབ་པ་དང་རྩོད་པ་དང་བརྗོད་པ་དང་སུན་ཅི་ཕྱིན་དུ་རྒོལ་བ་དང་། རྟགས་ལྟར་སྣང་དང་། ཚིག་དོར་དང་ལྟག་ཆོད་དང་། ཚར་བཅད་ཀྱི་གནས་ཏེ་འདི་དག་ཤེས་ན་གྲོལ་བར་འདོད་དོ། །ཚད་མ་ནི་བཞི་སྟེ་མངོན་སུམ་དང་རྗེས་དཔག་དང་སྒྲ་ལས་བྱུང་བ་དང་ཉེ་བར་འཇལ་བའོ། །དེ་ལ་མངོན་སུམ་ནི་དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པའི་ཤེས་པ་བསྟན་དུ་མེད་པ་མི་འཁྲུལ་བ་རྟོག་པའི་རང་བཞིན་ནོ། །རྗེས་སུ་དཔག་པ་ལ་བདག་གི་དོན་དང་གཞན་གྱི་དོན་གཉིས་ལས་དང་པོ་ལ་རྣམ་པ་གསུམ་སྟེ་སྔ་མ་ཅན་དང་ཕྱི་མ་ཅན་དང་སྤྱིར་མཐོང་བའོ། །སྔ་མ་ཅན་ནི་སྤྲིན་འདུས་པ་མཐོང་བ་ལས་ཆར་འབབ་པར་རྗེས་སུ་དཔག་པ་ལྟ་བུའོ། །ལྷག་མ་ཅན་ནི། མདར་ཆུ་བྲུག་པ་ལས་མགོར་ཆར་རྗེས་སུ་དཔག་པ་ལྟ་བུའོ། །སྤྱིར་མཐོང་བའི་དུ་བ་ལས་མེ་ཡོད་པར་རྗེས་སུ་དཔག་པ་ལྟ་བུའོ། །གཞན་དོན་རྗེས་དཔག་ནི་དམ་བཅས་པ་ལ་སོགས་པའི་ཡན་ལག་ལྔ་སྟེ། རྔ་སྒྲ་མི་རྟག་ཏེ་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་བུམ་པ་བཞིན་ནོ། །བུམ་པ་སྐྱེ་བ་དེ་བཞིན་དུ་རྔ་སྒྲའང་སྐྱེ་བ་ཅན་ཡིན་ལ་དེས་ན་སྒྲ་མི་རྟག་གོ་ཞེས་བྱ་བ་ལྟ་བུའོ། །དཔེ་རྣམས་ནི་ལོགས་གཅིག་ཏུ་སྒྲུབ་བྱེད་དུ་འདོད་དོ། །སྒྲ་ལས་བྱུང་བ་ནི་ཡིད་ཆེས་པའི་ཚིག་སྟེ་དབང་ཕྱུག་ཐམས་ཅད་མཁྱེན་པའི་ཚིག་གོ །འདི་འཇིག་རྟེན་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པས་ཐམས་ཅད་མཁྱེན་པར་ཡང་འགྲུབ་སྟེ་སུ་གང་ཅི་བྱེད་པའི་མཁན་པོར་གྱུར་པ་དེ་ཐམས་ཅད་ནི་རྒྱུ་དེ་ཆ་བྱད་དང་དགོས་པ་ལ་སོགས་པ་ཤེས་པ་ཡིན་ཏེ་བུམ་པ་ལ་སོགས་པ་ལ་རྫ་མཁན་བཞིན་ནོ། །ཉེ་བར་འཇལ་བ་ནི་བ་མེན་ཅི་འདྲ་ཞེས་དྲིས་པས་བ་ལང་འདྲའོ་ཞེས་གོ་བ་བཞིན་ནོ། །གཞལ་བྱ་ནི་བདག་དང་ལུས་དང་དབང་པོ་དང་། དོན་དང་། བློ་དང་། ཡིད་དང་། འཇུག་པ་དང་། སྐྱོན་དང་། སྲིད་པ། ཕྱི་མ་དང་། འབྲས་བུ་དང་། སྡུག་བསྔལ་དང་། བྱང་གྲོལ་ཏེ། འདི་གཞལ་བྱ་དང་བརྗོད་བྱ་ལ་དངོས་པོ་ཁོ་ནས་ཁྱབ་པས་དངོས་མེད་ཤེས་བྱ་ལ་མེད་པར་འདོད་ལ། བོད་ཁ་ཅིག་ཀྱང་དེ་འདོད་དེ་འདི་དགག་པ་ནི་ཚད་མ་རྣམ་པར་ངེས་པར་བལྟའོ། །གཏན་ཚིགས་ལྟར་སྣང་ནི་ལྔ་སྟེ་འཁྲུལ་པ་དང་བཅས་པ་དང་། འགལ་བ་དང་། སྐབས་དང་མཚུངས་པ་དང་། བསྒྲུབ་བྱ་དང་མཚུངས་པ་དང་། དུས་ལས་འདས་པའོ། །དང་པོ་ནི་མ་ངེས་པ་སྟེ་སྒྲ་རྟག་སྟེ་ལུས་ཅན་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །གཉིས་པ་ནི་རང་གི་གྲུབ་མཐའ་ཁས་བླངས་ནས་དེ་དང་འགལ་བ་སྟེ་དཔེར་ན་བྱེ་བྲག་པ་ན་རེ་རྡུལ་ཕྲ་རབ་ནི་རྩོམ་བྱེད་མ་ཡིན་ཏེ་ལུས་ཅན་མ་ཡིན་པའི་ཕྱིར་ཞེས་ཟེར་བ་ལྟ་བུའོ། །གསུམ་པ་ནི་བདག་ནི་རྟག་པ་ཡིན་ཏེ་ལུས་ལས་གཞན་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །བཞི་པ་ནི་སྒྲ་རྟག་སྟེ་ལུས་ཅན་མ་ཡིན་པའི་ཕྱིར་བློ་བཞིན་ཞེས་བྱ་བའམ་ཡང་ན་སྒྲ་ནི་རྫས་ཡིན་ཏེ་ལུས་ལས་འོང་བ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །ལྔ་པ་ནི་སྒྲ་མི་རྟག་སྟེ་བུམ་པ་བཞིན་ནོ་ཞེས་སྨྲས་ནས། རྟགས་དྲིས་པ་དང་བྱས་པའི་ཕྱིར་ཞེས་དུས་འདས་ནས་བསྟན་པ་བཞིན་ནོ། །ལྟག་ཆོད་ནི་སུན་འབྱིན་པ་ལྟར་སྣང་སྟེ་རྐང་མིག་གིས་ཉི་ཤུ་རྩ་བཞི་བྱས་པ་ནི། ཕྲད་མ་ཕྲད་དང་གཏན་ཚིགས་རྟག་པ་དང་། །མ་སྨྲས་མ་སྐྱེས་འབྲས་བུ་ཆོས་མཐུན་དང་། །ཆོས་མི་མཐུན་དང་རྣམ་རྟོག་ཁྱད་པར་མེད། །དམིགས་པ་ཐེ་ཚོམ་དོན་གོ་ཐལ་འགྱུར་མཚུངས། །འཕེལ་སྒྲིབ་བརྗོད་མ་བརྗོད་དང་རིགས་པ་དང་། །སོ་སོའི་དཔེ་དང་བསྒྲུབ་བྱ་མི་རྟག་དང་། །རབ་བྱེད་དུས་ལས་འདས་པས་མཚུངས་པ་ཡིན། །ཞེས་བྱ་བ་ཡིན་ནོ། །ཚར་བཅད་ཀྱི་གནས་ནི་རྐང་མིག་ཉི་ཤུ་རྩ་གསུམ་བྱ་སྟེ། དམ་བཅའ་ལ་གནོད་དམ་བཅའ་གཞན། དམ་བཅའ་དང་འགལ་དམ་བཅའ་བསལ། གཏན་ཚིགས་གཞན་དང་དོན་གཞན་དང་། །དོན་མེད་དོན་མི་ཤེས་དོན་བྲལ། །དུས་ལ་མ་བབ་མ་ཚང་ལྷག །ཡང་བརྗོད་ཡང་བཟླས་རྒོལ་བའི་ཡིན། །རྗེས་སུ་སྨྲ་མེད་རྣམ་མི་ཤེས། །སྤོབས་པ་མེད་དང་རྣམ་པར་གཡེང་། །འདོད་པ་ཁས་ལེན་བརྒལ་རྟགས་དོར། །རྗེས་སུ་མི་སྦྱོར་བ་ལ་སྦྱོར། །ཕྱིར་རྒོལ་ཡིན་ཏེ་གྲུབ་མཐའ་བྲལ། །གཏན་ཚིགས་ལྟར་སྣང་རྒོལ་བར་འདོད། །ཅེས་བྱ་སྟེ་རྩོད་པའི་རིགས་པ་ལས་ཤེས་པར་བྱའོ། །རྐང་མིག་གི་མདོའི་རྣམ་འགྲེལ་བྱེད་པ་ནི་མུ་སྟེགས་ཀྱི་སྟོན་པ་གསལ་བྱེད་ཅེས་བྱ་བ་སློབ་དཔོན་ཆོས་ཀྱི་གྲགས་པ་དང་དུས་མཉམ་དུ་བྱུང་བ་ཡིན་ཏེ་དེ་ནི་མེད་པ་ལ་ཆོས་འགའ་ཡང་མེད་པས་མཐུན་པ་དང་མི་མཐུན་པའི་གང་ཡང་མི་རུང་ངོ་ཞེས་ཟེར་རོ། །འབྲེལ་བ་ནི་ལྔ་སྟེ་མེ་དུ་ནི་སྦྱོར་པའི་འབྲེལ་བའོ། །མེ་དང་གཟུགས་ནི་ལྡན་པའི་འབྲེལ་བའོ། །མེ་དང་གཟུགས་དང་ལྡན་པ་ནི་འཕྲོད་པ་འདུ་བའི་འབྲེལ་བའོ། །མེ་དང་དུ་བ་ལ་ཡོད་པའི་གཟུགས་ནི་འདུ་བའི་ལྡན་པའི་འབྲེལ་བའོ། །མེ་དང་དུ་བ་ལ་ཡོད་པའི་གཟུགས་ལ་སོགས་པ་དང་ལྡན་པ་ནི་ལྡན་པའི་འཕྲོད་པ་འདུ་བའི་འབྲེལ་བའོ། །བདག་ནི་ལུས་ལ་ཡོད་པར་འདོད་དེ་གསོན་པོའི་ལུས་ནི་བདག་དང་བཅས་པ་ཡིན་ཏེ་སྲོག་ལ་སོགས་པ་དང་ལྡན་པའི་ཕྱིར་ཞེས་འགོད་དེ་བདག་ལ་སོགས་པའི་རང་མཚན་ཡང་རྗེས་དཔག་གིས་འཛིན་པས་རྗེས་དཔག་རང་མཚན་གྱི་ཡུལ་ཅན་དུ་འདོད་ལ། བོད་ཁ་ཅིག་ཀྱང་འདི་འདོད་དོ། །སྦྲུལ་གྱིས་བཟུང་བའི་སོར་མོ་བཞིན་བདག་དེ་སྡུག་བསྔལ་གྱི་རྟེན་དུ་བསྒོམས་པས་འདོད་ཆགས་དང་བྲལ་ནས་ཐར་པ་འཐོབ་སྟེ། སྡུག་བསྔལ་གྱིས་གདུང་མེད་པར་ཡང་། །སྐྱེ་བོ་སྐྱོ་བ་སྐྱེ་མ་ཡིན། །འཁོར་བ་ལས་ཡིད་མ་བྱུང་བར། །སེམས་ནི་ཐར་པ་དོན་གཉེར་མིན། །ཞེས་སྨྲ་བ་ཡིན་ནོ། །གྲུབ་མཐའ་གཞན་རྣམས་ནི་ཕལ་ཆེར་བྱེ་བྲག་པ་དང་མཐུན་སྟེ་འདི་ལ་མུ་སྟེགས་སྤྱོད་པ་བ་ཞེས་ཀྱང་ཟེར་རོ། །ད་ནི་དེ་དགག་པར་བྱ་སྟེ། །མངོན་སུམ་རྟོག་པ་ཡིན་ན་ནི། །ཡུལ་ལ་གསལ་བ་མེད་པར་འགྱུར། །དཔེ་ཚིག་དོན་དང་འབྲེལ་མེད་ཕྱིར། །ཉེར་འཇལ་སྒྲ་བྱུང་ཚད་མ་ཡིན། །དེ་ཕྱིར་དཔེ་ནི་ལོགས་གཅིག་ཏུ། །སྒྲུབ་བྱེད་ཉིད་དུ་རིགས་མ་ཡིན། །བུམ་པའི་དངོས་མེད་ཤེས་བྱར་མེད། །ཤེས་བྱ་ཀུན་ནི་བུམ་པར་འགྱུར། །སྲོག་སོགས་བདག་དང་འབྲེལ་མ་གྲུབ། །རྟོག་པས་རང་མཚན་འཛིན་ན་ནི། །དབང་པོའི་ཤེས་པ་དོན་མེད་འགྱུར། །སྡུག་བསྔལ་བསྒོམས་པས་གྲོལ་ན་ནི། །ངན་སོང་གསུམ་གྱི་འགྲོ་བ་རྣམས། །ཐོག་མ་ཉིད་དུ་གྲོལ་བར་འགྱུར། །གྲུབ་པའི་མཐའ་རྣམ་པར་དབྱེ་བ་ལས་རིགས་པ་ཅན་བརྟག་པའི་རབ་ཏུ་འབྱེད་པ་སྟེ་དྲུག་པའོ།།  །།

 

ཁྱབ་འཇུག་བརྟག་པ།

 

ད་ནི་ཁྱབ་འཇུག་པའི་ལུགས་བཤད་དེ། ཁྱབ་འཇུག་ལྷའི་འགྲོ་བ་པ། །འཇུག་པ་བཅུ་ཡིས་ས་གསུམ་གནོན། །རྒྱ་མཚོའི་གྲོང་ཁྱེར་སྒོ་ལྡན་ན། །བཙུན་མོའི་འཁོར་དང་བཅས་ཞེས་གྲགས། །ལྷ་ཡི་དྲང་སྲོང་ནོར་ལྷ་དང་། །ལྷ་མོ་གཏུམ་མོ་ཞེས་བྱ་བ་ལ་བུ་ན་ར་ཡ་ན་ཞེས་བྱ་བ་བྱུང་སྟེ་འདི་རྣམ་པར་གནོན་པ་སྣ་ཚོགས་པས་ས་འོག་དང་ས་སྟེང་དང་ལྷ་ཡུལ་ཁྱབ་པའི་ཕྱིར་ཁྱབ་འཇུག་དང་སྲེད་མེད་ཀྱི་བུ་དང་འགྲོ་བ་འཇོམས་པ་ཞེས་ཀྱང་ཟེར་རོ། །འཇུག་པ་བཅུ་ནི། ཉ་དང་རུས་སྦལ་ཕག་དང་ནི། །ར་མ་གཉིས་དང་ནག་པ་དང་། །མིའི་སེང་གེ་མི་ཐུང་དང་། །སངས་རྒྱས་ཀར་ཀི་རྩེ་དང་བཅུ། །ཞེས་བྱ་བ་ཡིན་ཏེ་རིག་བྱེད་བཞི་རྒྱ་མཚོར་བྱིངས་པ་ལྷ་རྣམས་ཀྱིས་ཁྱབ་འཇུག་ལ་གསོལ་བ་བཏབ་པས་དེ་ཉར་སྤྲུལ་ཏེ་བཏོན་ནས་ལྷ་རྣམས་ལ་བྱིན་ནོ། །རུས་སྦལ་དུ་སྤྲུལ་ཏེ་སའི་འོག་ནས་བསྟེན་པ་དང་། ཕག་རྒོད་ཀྱི་གཟུགས་ཀྱིས་ཚངས་པའི་འཇིག་རྟེན་ནས་མནན་པ་དང་། དྲང་སྲོང་ཛ་མར་ཨག་ནེའི་བུ་ར་མར་སྤྲུལ་ནས་རྒྱལ་པོ་སྲིད་སྒྲུབ་ལ་སོགས་པ་བསད་པ་དང་། རྒྱལ་པོ་ཤིང་རྟ་བཅུ་པའི་བུ་ར་མ་ནར་སྤྲུལ་ནས་སྲིན་པོའི་ཚོགས་བསད་པ་དང་། ནག་པར་སྤྲུལ་པ་དང་། མི་སེང་གེའི་གདོང་ཅན་དུ་སྤྲུལ་ནས་ལྷ་མ་ཡིན་གྱི་དབང་པོ་འགྲོ་སྐྱོང་གསེར་གྱི་ལྡན་ཅན་སྡེར་མོས་བསད་པ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་སྟོབས་ལྡན་མི་ཐུང་གི་གཟུགས་ཀྱིས་ས་འོག་ཏུ་མནན་པ་དང་། རྩོད་པའི་དུས་སུ་སངས་རྒྱས་སུ་སྤྲུལ་ནས་སེམས་ཅན་བསྐྱབས་པ་དང་། ཡང་ཁྱབ་འཇུག་བྲམ་ཟེ་གྲགས་པ་ཞེས་བྱ་བའི་བུ་ཀར་ཀི་རྩེ་ཞེས་བྱ་བར་འབྱུང་བར་འགྱུར་ལ་དེ་ནས་ནི་དུས་ལྡོག་པར་འགྱུར་རོ། །ཞེས་འབྱུང་ངོ་། །ཇི་སྐད་དུ་ཁྱབ་འཇུག་སློང་པ་སྟོབས་ལྡན་སྦྱིན་པ་པོ། །རྟའི་མཆོག་སྦྱིན་དུས་སུ་ས་ཆེན་བྱིན། །འབྲས་བུ་བཅིངས་པ་ཉིད་ནི་ཐོབ་པར་འགྱུར། །འཆོལ་བར་བྱེད་པའི་ལས་ལ་སུ་ཞིག་སྨོན། །ཞེས་འབྱུང་བ་བཞིན་ནོ། །དེ་བཞིན་དུ་ལྷ་མ་ཡིན་དྲོད་ཀྱི་བདག་པོ་འཛམ་བུའི་བུ་ཞེས་བྱ་བའི་རིན་པོ་ཆེ་ཕྲོགས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱི་རིན་པོ་ཆེ་པཱ་རི་ཛཱ་ཏ་ལ་སོགས་པ་ཕྲོགས་པ་དང་། སྟོབས་ལྡན་གྱི་ཞང་པོ་སྒྲ་སྒྲོགས་དཔུང་ཚོགས་དང་བཅས་པ་དེ་གདོན་པའི་ཕྱིར་འོངས་པ་ན་ཁྱབ་འཇུག་འཇོག་པོའི་གདེངས་ཀའི་སྟེང་ན་ཉལ་བས་དབུགས་ཀྱིས་དཔག་ཚད་བརྒྱར་འཕངས་པ་དང་། རྒྱལ་པོ་དུག་ཅན་པའི་སྲས་པོ་སྟོང་ཕྲག་དྲུག་ཅུ་བསད་པ་ལ་སོགས་པའང་གཏམ་རྒྱུད་ཀྱིས་བརྗོད་པར་བྱའོ། །བསྐལ་པ་འཇིག་པའི་ཚེའང་དྲང་སྲོང་རྣམས་ནི་འདིའི་ལྟོ་བ་ན་གནས་པར་འདོད་དོ། །ཡང་ཁྱབ་འཇུག་གིས་སྨྲས་པ། ཉི་མའི་ནང་ན་བདག་ཁྱབ་འཇུག །སྐར་ནང་འོད་ལྡན་ཟླ་བ་ཡིན། །རླུང་ནང་ང་ནི་འོད་ཟེར་ཅན། །སྣང་བ་ཅན་ནང་ཉི་མ་ཡིན། །རིག་བྱེད་ནང་ན་གཏན་ཚིགས་དང་། །ལྷ་ནང་ང་ནི་བརྒྱ་བྱིན་ཡིན། །དབང་པོའི་ནང་ན་ཡིད་ཡིན་ལ། །འབྱུང་བའི་ནང་ན་ས་ཡིན་ཞིང་། །ང་ནི་བདེ་བྱེད་དྲག་པོའང་ཡིན། །སྲིན་པོ་གནོད་སྦྱིན་ནང་ནོར་བདག །ནོར་ལྷའི་ནང་ན་མེ་ལྷ་ང་། །རི་བོའི་ནང་ན་རི་རབ་དང་། །ང་ནི་ཡི་གེའི་ནང་ན་ཨ། །ཞེས་སོ། །དེས་ནི་རྒྱ་མཚོ་ཆེན་པོའི་ནང་ན་གྲོང་ཁྱེར་སྒོ་ལྡན་ཞེས་བྱ་བ་ན་དཔལ་མོ་ལ་སོགས་པ་ཆུང་མའི་ཚོགས་ཁྲི་དྲུག་སྟོང་དང་སྔོན་ལྷན་ཅིག་ཏུ་གནས་སོ་ཞེས་གྲག་གོ །ཉེ་དབང་པདྨའི་ལྟེ་བ་ཅན། །མུ་སྟེགས་ཕལ་ཆེར་ལྷར་འཛིན་མོད། །ཁྱབ་འཇུག་པ་ཞེས་གང་གྲགས་པ། །ལྟ་བ་གཞན་དང་ལུང་མི་མཐུན། །ཉེ་བའི་དབང་པོ་དང་པད་མའི་ལྟེ་བ་ཅན་ནི་ཁྱབ་འཇུག་གི་མིང་གཞན་ཡིན་ནོ། །འདི་ནི་མུ་སྟེགས་ཅན་ཕལ་ཆེར་ལྷར་འཛིན་མོད་ཀྱི་གང་ཁྱབ་འཇུག་ཞེས་འབྱུང་བ་དེའི་ལྟ་བ་ནི་དབུ་མ་ཡིན་ཏེ་ཁྱབ་འཇུག་པའི་མཚན་མོ་ལྔ་པའི་བསྟན་བཅོས་ལས། །མིང་ཙམ་ལས་ནི་རབ་འདས་ཤིང་། །དངོས་དང་དངོས་མེད་རྣམ་པར་སྤངས། །འབྱུང་དང་བསྡུ་ལས་ངེས་གྲོལ་བ། །དེ་ནི་ནོར་ལྷའི་བུ་ཞེས་བྱ། །དངོས་ལ་དངོས་ཉིད་ཡོད་མ་ཡིན། །དངོས་མེད་ལའང་དངོས་ཉིད་མེད། །དངོས་དང་དངོས་མེད་རྣམ་གྲོལ་བ། །གང་དེ་ཤེས་དེ་རིག་བྱེད་རིག །ཅེས་འབྱུང་ངོ་། །འདིས་ནི་འདི་སྟོན་པར་བྱེད་དེ་སེམས་ཉིད་རྟག་པ་སྐྱེ་འཇིག་དང་བྲལ་བ་དངོས་པོ་དང་དངོས་མེད་གཉིས་ཀ་མ་ཡིན་པ་བདག་དམ་པ་ནོར་ལྷའི་བུ་ཞེས་བྱ་བ་འདོད་དོ། །ཡང་ཁྱབ་འཇུག་གིས། ལུས་ནི་སྙིང་པ་སྤངས་ནས་སུ། །ལུས་གཞན་གསར་པ་ལེན་བྱེད་པའི། །བདག་ནི་མཚོན་གྱིས་མི་ཆོད་ཅིང་། །འདི་ནི་མེ་ཡིས་མི་འཚིགས་ལ། །ཆུ་ཡིས་འགྲུལ་བར་མི་འགྱུར་རོ། །ཞེས་སྨྲས་སོ། །དེ་ལས་གཞན་པ་ནི་ཆད་ལྟ་ཡང་སྟོན་པར་བྱེད་དེ། །ཁྱབ་འཇུག་གིས་འཐབ་ཀ་བརླག་པར་བྱེད་པའི་ཚེ་སྲིད་སྒྲུབ་ལ་སྨྲས་པ། །གང་གིས་མི་ནི་བསད་པ་དང་། །གང་ཞིག་གསོད་པར་བྱེད་པ་དག །དེ་དག་གཉིས་ཀ་མི་དམིགས་ཏེ། །གསད་དང་གསོད་པ་པོ་ཡོད་མིན། །རིགས་དང་དུལ་བ་ཕུན་སུམ་ཚོགས། །བྲམ་ཟེ་བ་ལང་གླང་པོ་དང་། །ཁྱི་དང་སྨེ་ཤ་ཅན་དག་དང་། མཁས་པ་རྣམས་ནི་མཉམ་པར་བལྟ། །ཞེས་བྱ་བ་ལ་སོགས་པར་ལྟ་བའི་ཚིགས་སུ་བཅད་པ་མང་པོ་བྱས་པའི་ཕྱིར་དང་། དབུ་མ་རྒྱན་ལས་ཁྱབ་འཇུག་གི་ལྟ་བ་དབུ་མ་དང་ཆ་མཐུན་པར་བཤད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གང་དག་ཁྱབ་འཇུག་པ་ནི་གསང་བ་དང་དཔྱོད་པ་པ་ཡིན་ནོ་ཞེས་ཟེར་བ་དེ་ནི་འདིས་བསལ་ཏོ། །སྤྱོད་པ་ནི་ཁྱབ་འཇུག་གི་དབང་བསྐུར་དང་དེ་ལ་མཆོད་པ་དང་ཨོཾ་ཞེས་བརྗོད་ཅིང་སྲེད་མེད་ཀྱི་བུ་དྲན་པར་བྱས་ན་ཐར་པ་ཐོབ་པར་འདོད་དེ་གང་གིས་ཁྱབ་འཇུག་ཡོན་ཏན་རྣམས། རྟག་ཏུ་བསྒོམ་ན་བདེ་ཐོབ་འགྱུར། །ཞེས་འབྱུང་ངོ་། །འདིར་སྨྲས་པ་སེམས་ཉིད་རྟག་པ་གཅིག་ཡིན་ན། །ངེས་དང་མ་ངེས་འཁྲུལ་མ་འཁྲུལ། །གསལ་དང་མི་གསལ་དག་མ་དག །ལ་སོགས་དབྱེ་བ་མེད་པར་འགྱུར། །ཁྱབ་འཇུག་འགྲོ་བ་ཀུན་འཇོམས་པ། ཆགས་དང་ཞེ་སྡང་གཏི་མུག་ཅན། །མཆོད་དང་དབང་སྐུར་བསྒོམ་པ་ཡིས། །ཐར་པ་ཐོབ་པ་མི་འཐད་དེ། །ཁྱབ་འཇུག་འཁོར་དང་བཅས་པ་རྣམས། །གནས་ངན་སྨོད་པས་བཅོམ་ཕྱིར་རོ། །ཁྱབ་འཇུག་གི་འཁོར་མ་འགགས་པ་ཞེས་བྱ་བས་དྲང་སྲོང་གནས་ངན་ལ་ཅོ་དྲིས་པས་དེ་ཁྲོས་ཀྱི་ཁོང་པ་ནས་ཁྱབ་འཇུག་གི་རིགས་ཐམས་ཅད་བརླག་པར་བྱེད་པའི་གཏུན་བུ་གཅིག་འབྱུང་བར་གྱུར་ཅིག ཅེས་སྨྲས་པས་དེ་འདྲ་བས་བྱུང་སྟེ་འཁོར་རྣམས་དེས་བཅོམ་ནས་ལྷག་མ་མདེའུ་ཙམ་ཞིག་ལུས་པ་རྔོན་པ་རྒན་པོ་གཅིག་གིས་རྙེད་དེ་ཁྱབ་འཇུག་ནགས་གསེབ་ན་ཆུང་མའི་ཚོགས་རི་བྲག་པས་ཕྲོགས་པ་ལ་སོགས་པའི་མྱ་ངན་གྱིས་མཐེ་བོང་བསྐྱོད་ཅིང་གནས་པ་ན། རྔོན་པ་རྒན་པོ་དེས་རི་དྭགས་ཀྱི་རྣ་བ་འགུལ་བར་ཤེས་ཏེ་མདའ་དེ་བསྣུན་པས་ཁྱབ་འཇུག་ཤིའོ་ཞེས་གྲག་སྟེ། ཁྱད་པར་དུ་འཕགས་པའི་བསྟོད་པ་ལས་རྒན་པོས་ཁྱབ་འཇུག་མདའ་ཡིས་བསྣུན་ཞེས་བྱ་བ་དང་། ཁྱབ་འཇུག་གིས་ནི་གཉེན་འདུན་རྣམས། །ལེ་ལན་གྱིས་ནི་གཏུགས་པར་གྱུར། །ཁྱོད་ཀྱིས་གཉེན་འདུན་ཐམས་ཅད་ནི། །འཁོར་བ་ལས་ནི་རྣམ་པར་བཀྲོལ། །ཞེས་འབྱུང་བ་ཡིན་ནོ། །རྟོག་གེ་འབར་བ་ལས་ཀྱང་སྲེད་མེད་ཀྱི་བུ་ནི་གཏི་མུག་ཅན་ཡིན་ཏེ་ཟླ་བ་བཞིར་གཉིད་ལོག་པའི་ཕྱིར། སྦྲུལ་དང་སྦལ་པ་བཞིན་ཞེས་བཤད་དོ། །གྲུབ་པའི་མཐའ་རྣམ་པར་འབྱེད་པ་ལས་ཁྱབ་འཇུག་བརྟག་པའི་རབ་ཏུ་བྱེད་པ་སྟེ་བདུན་པའོ།།  །།

 

ཚངས་པ་བ་བརྟག་པ།

 

ད་ནི་ཚངས་པའི་ལུགས་བཤད་དེ། །ཁྱབ་འཇུག་ལྟེ་བའི་པད་མ་ལས། །བྱུང་བའི་ཚངས་པ་ཆེན་པོ་ཡིས། །འགྲོ་བ་འདི་ཀུན་བྱས་སོ་ཞེས། །ཚངས་པའི་རིག་བྱེད་སྨྲ་རྣམས་ཟེར། །ཁྱབ་འཇུག་གི་ལྟེ་བའི་པདྨ་ལས་འཇིག་རྟེན་ཐམས་ཅད་ཀྱི་མེས་པོ་སྐྱེས་དགུའི་བདག་པོ་ཚངས་པ་གསེར་གྱི་སྐྱེ་གནས་ཅན་ནམ་གསེར་གྱི་སྙིང་པོ་ཅན་ཞེས་བྱ་བ་བྱུང་སྟེ། །ཇི་སྐད་དུ་དང་པོ་ཆུ་ནི་སྤྲུལ་བར་འགྱུར། །དེར་ནི་ས་བོན་བཅུག་གྱུར་པས། །དེ་ནི་གསེར་གྱི་སྒོ་ངར་གྱུར། །དེ་ལས་ཚངས་པ་སྐྱེས་པ་ཡིན། །ཞེས་སྨྲས་པ་ཡིན་ནོ། །དེ་འདྲ་བའི་ཚངས་པ་རྣམས་འདོར་ཞེས་བྱས་པས་ནི་འཇིག་རྟེན་གྱི་མ་བརྒྱད་བསྐྱེད་དེ། །དེ་ལ་ཉི་མའི་མས་ནི་ལྷ་བསྐྱེད་ལ། །སྦྱིན་བྱེད་མས་ནི་ལྷ་མིན་དང་། མིའི་མས་ནི་མི་དང་། ཀླུའི་མས་ཀླུ་དང་།  ནམ་མཁའ་ལྡིང་གི་མས་ནམ་མཁའ་ལྡིང་དང་། དེ་བཞིན་དུ་མིའམ་ཅི་ལ་སོགས་པའི་མས་ཀྱང་དེ་ཉིད་བསྐྱེད་དོ། །ཡང་ཁ་ཅིག་ནི་ཚངས་པའི་སྙིང་དང་ཁ་ལས་ནི་བྲམ་ཟེ་དང་། དཔུང་པ་ལས་རྒྱལ་རིགས་དང་། བརླ་ལས་རྗེ་རིགས་དང་། རྐང་མཐིལ་ལས་དམངས་རིགས་སྐྱེས་པར་འཆད་དེ་ཚངས་པའི་དཔུང་ལ་བསྟོད་པ་ལས། བྲམ་ཟེ་ཚངས་པའི་བུ་ཡིན་ཏེ། །སྙིང་དང་ཁ་ལས་སྐྱེས་ཞེས་པ། །འཇིག་རྟེན་པ་ཡི་གྲགས་པ་དེ། །ཁྱོད་ལ་འབྲས་བུ་བཅས་པར་འགྱུར། །ཞེས་འབྱུང་བ་བཞིན་ནོ། །ཡང་ལུགས་གཞན་ནི་ཚངས་པའི་ཁ་ལས་སྐྱེ་དགུའི་བདག་པོ་གསལ་བ་ཞེས་བྱ་བ་སྐྱེས་སོ། །དེས་མཆོད་སྦྱིན་ཞིག་ལ་རང་གི་བུ་མོ་རྣམས་ཚངས་པ་སྤྱན་འདྲེན་དུ་བཏང་བས་ཚངས་པ་ཆགས་ཏེ་ཁུ་བ་བྱུང་བ་བསྲེག་གཟར་གྱིས་བླངས་ཏེ་མེར་བླུགས་པས་དྲང་སྲོང་ངན་སྤོང་དང་ཨྃ་གི་ར་ས་སྐྱེས་སོ། །ལྷག་མ་དུར་བའི་ནང་དུ་ལུས་པ་ལས་དྲང་སྲོང་ཨ་ཏྲི་བྱུང་ངོ་། །དེས་རིག་བྱེད་རྣམས་བྱས་པ་ནི། །སྙན་དངགས་རི་ལ་སྙན་རིག་བྱས། །སྲིད་སྲུང་རི་ལ་སྲིད་རིག་བྱས། །སྐལ་ལྡན་གྱི་ནི་ཕུག་རོན་ཅན། །ངེས་བརྗོད་ཨྃ་གི་ར་སས་བྱས། །ཞེས་རྟོག་གེ་འབར་བ་ལས་འབྱུང་ངོ་། །འདིས་ནི་སེམས་ཙམ་གྱི་ལྟ་བ་བཤད་དེ་བདུད་རྩི་ཐིགས་པ་གསང་བ་བསྟན་པ་ལས་རྣམ་རིག་ཙམ་ནི་རྟག་ཏུ་རྣམ་པར་དག འདི་ལྟར་སངས་རྒྱས་རྟག་དུ་གྲོལ་བ་ཡིན། །བླང་དང་དོར་བ་མེད་ཅེས་རབ་བརྟགས་ལ། །ཚངས་པ་མྱ་ངན་མེད་པར་རྟག་གནས་བྱོས། །ཞེས་བཤད་དོ། །ཁ་ཅིག་གིས་ནི་ཚངས་པ་འདི་མེད་པའི་གྲུབ་པའི་བྱས་ཏེ། དེ་དག་ལ་ནི་མུ་སྟེགས་པའི་ལྷ་དང་སྟོན་པ་ཆེན་པོ་གསུམ་ཡོད་པའི་གཅིག་ཆད་པ་ཡིན་ནོ། །ད་ནི་ཚངས་པའི་རིག་བྱེད་བཤད་དེ། ཚངས་པས་དྲན་པའི་རིག་བྱེད་བཞི། །ཤེས་བྱ་ཀུན་ལ་ཚད་མ་སྟེ། །དེ་བཤད་མཆོད་སྦྱིན་སྦྱིན་བསྲེག་སོགས། །མཐོ་རིས་ཐར་པའི་ཐབས་ཡིན་ལོ། །རིག་བྱེད་ཆེན་པོ་བཞི་ནི་མུ་སྟེགས་བྱེད་ཕལ་ཆེ་བ་ཆོས་སུ་སྨྲ་མོད་ཀྱི་ཚངས་པ་ནས་བརྡ་སྤྲོད་པ་བའི་བར་རྣམ་པ་ལྔ་ལ་ནི་རིག་བྱེད་པ་ཞེས་གྲགས་སོ། །རིག་བྱེད་རྣམས་ནི་སྒྲ་དང་དོན་སོ་སོར་ངེས་པར་སྦྱོར་བ་དང་བཅས་པ། བརྗོད་བྱའི་དོན་ལ་ཚད་མ་སྐྱེད་པས་ཤེས་གསལ་དང་བཅས་པ། ཨ་ལི་དང་ཀ་ལིས་བརྒྱན་པས་ཡི་གེ་རྣམ་པར་དབྱེ་བ་དང་བཅས་པ་ཡིན་ནོ། །དེ་ནི་ཐོག་མ་སུས་ཀྱང་མ་བྱས་ཤིང་རྟག་པ་དྲང་སྲོང་ཆེན་པོ་རྣམས་ཀྱི་ཐུགས་ལ་གསལ་བ་ཡིན་ཏེ་ཡན་ལག་བརྒྱད་པ་ལས། ཚངས་པས་ཚེའི་རིག་བྱེད་དྲན། །སྐྱེ་དགུའི་བདག་ལ་བཤད་པ་ཡིན། །ཞེས་འབྱུང་བའི་འགྲེལ་པར་ཚངས་པས་ཚེའི་རིག་བྱེད་དྲན་པ་ཡིན་གྱི་བྱེད་པ་ནི་མ་ཡིན་ཏེ་ཚེའི་རིག་བྱེད་རྟག་པའི་ཕྱིར་རོ་ཞེས་བཤད་དོ། །དེ་ནི་དོན་ཐམས་ཅད་ལ་ཚད་མ་ཡིན་ཏེ། རིག་བྱེད་ལས་ནི་གང་མི་འབྱུང་། །རིག་བྱེད་ལས་ནི་གང་མི་སྨྲ། །ཐམས་ཅད་མེད་པར་ཤེས་པར་བྱ། །རིག་བྱེད་འདྲ་བའི་ཐོས་པ་མེད། །ཅེས་བྱ་བ་དང་། རྣམ་འགྲེལ་ལས་ནི། ཚིག་རྣམས་ལོག་པར་སྨྲ་བའི་རྒྱུ། །ཉེས་རྣམས་སྐྱེས་བུ་ལ་བརྟེན་ཕྱིར། །སྐྱེས་བུས་མ་བྱས་བདེན་དོན་ཅན། །ཞེས་ནི་ཁ་ཅིག་རབ་བརྗོད་བྱེད། །ཅེས་བཤད་དོ། །འདི་བྱས་པ་མི་དྲན་པའི་གཏན་ཚིགས་ཀྱིས་མ་བྱས་པར་བསྒྲུབ་སྟེ། རྣམ་འགྲེལ་ལས། བྱེད་པ་པོ་རྣམས་མི་དྲན་ཕྱིར། །སྐྱེས་བུས་མ་བྱས་ཀྱང་འདོད་ལོ། །འདི་ལའང་རྗེས་སུ་འདོད་པ་ཡོད། །དེས་ན་ངན་པའི་མུན་པས་ཁྱབ། །ཞེས་འབྱུང་ངོ་། །རིག་བྱེད་ལས། དབང་པོས་ཤིན་ཏུ་མི་རིག་པ། །ཡེ་ཤེས་ཉི་མ་ས་ཡི་གཞུང་། །ནུས་ཅན་དང་འདུས་རབ་བསྐྱེད་ལ། །ནུས་ཅན་དང་བཅས་ཐ་མ་ཡི། །བདེ་བ་གང་དེ་ཚངས་དེ་ཉིད། བདེ་བ་དེ་ནི་ཤར་བར་བཤད། །གང་གིས་ཆགས་བཅས་སེམས་ཀྱིས་ཀྱང་། མྱ་ངན་འདས་པ་ཐོབ་བྱེད་པའི། །དགའ་བའི་ལྟ་བ་གཅིག་པུ་ལས། །ལྟ་བ་གཞན་གྱིས་ཅི་ཞིག་བྱ། །ཆོས་དང་ཆོས་མ་ཡིན་པ་ཡང་། །བདེན་དང་བརྫུན་པ་གཉིས་སྤངས་ན། །སྤང་བྱ་གང་ཡིན་སྤངས་པའོ། །ཞེས་འཁྲིག་པའི་བདེ་བ་ཐར་པར་བཤད་དོ། །མི་དང་རྟ་དང་བ་ལང་ལ་སོགས་པ་གསོད་པའི་མཆོད་སྦྱིན་དང་སྦྱིན་སྲེག་ལ་སོགས་པས་གྲོལ་བར་སྨྲ་སྟེ། བྲམ་ཟེ་ལ་ནི་བྲམ་ཟེ་གསད། །རྒྱལ་རིགས་ལ་ནི་རྒྱལ་རིགས་གསད། །དམངས་རིགས་དག་ལ་རྗེ་རིགས་ཏེ། །དཀའ་ཐུབ་དག་ལ་དམངས་རིགས་སོ། །བྱ་བ་དང་། བྱོལ་སོང་དྲུག་གམ་བདུན་སྦྱར་བྱ། །རྟ་ཡིས་གཙང་མའི་ཚིག་ཡིན་ནོ། །ཞེས་བྱ་བ་དང་། །ལོ་གསུམ་ལོན་པའི་མར་དག་ནི། །མཆོད་སྦྱིན་བྱ་བར་འོས་པ་ཡིན། །དེ་ནི་རྙེད་པར་མ་གྱུར་ན། །བ་དཀར་མར་གྱི་དོན་དུ་བཞོ། །ཞེས་འབྱུང་ངོ་། །དེ་ནི་དུས་ཕྱིས་དྲང་སྲོང་རྣམས་ཀྱིས་རི་བོ་ངེས་པ་ལ་སོགས་པར་བསྡུས་པ་ཡིན་ནོ། །ད་ནི་དེ་དག་དགག་པར་བྱ་སྟེ། །ཚངས་དང་སྐྱེ་དགུའི་བདག་པོ་ཡིས། །ཤེས་བྱ་དེ་ཉིད་མི་མཐོང་སྟེ། །དེ་གཉིས་ཐིག་ལེ་མཆོག་མ་དང་། །བརྟུལ་ཞུགས་བཟང་ལ་ཆགས་ཕྱིར་རོ། །དེ་ཕྱིར་དེས་བསྟན་རིག་བྱེད་བཞིའི། །ཁྲུས་དང་མཆོད་སྦྱིན་དཀའ་ཐུབ་སོགས། །མཐོ་རིས་ཐར་པའི་ལམ་མིན་ཏེ། །མཐོ་རིས་ཐར་པའི་མི་མཐུན་ཕྱོགས། །སྡིག་དང་ཉོན་མོངས་མི་འཛད་ཕྱིར། །གལ་ཏེ་མེར་མཆོང་ཆུར་འཇུག་སོགས། །མཐོ་རིས་ཐར་པའི་རྒྱུ་ཡིན་ན། །ཆུ་སྲིན་ཕྱེ་མ་ལེབ་ལ་སོགས། །མཐོ་རིས་ཐར་པའི་བདེ་ཐོབ་འགྱུར། །རིག་བྱེད་སྐྱེ་དགུའི་བདག་པོས་བྱས། །དེ་བཞིན་དྲང་སྲོང་གིས་བྱས་ཞེས། །དེ་སྐད་འབྱུང་ཕྱིར་མི་དྲན་མིན། །རིག་བྱེད་རྟག་པའི་སྒྲ་དེ་ནི། །རྟག་ཏུ་ཐོས་དང་མི་ཐོས་འགྱུར། །རེས་འགའ་ཐོས་ཕྱིར་དེ་མི་རྟག །སྒྲ་དེ་དོན་དང་མ་འབྲེལ་ཕྱིར། །དོན་ལ་མི་སླུའི་ཚད་མ་མིན། །མ་འབྲེལ་དོན་ལ་ངེས་མི་རུང་། །རྟོག་གེ་འབར་བ་ལས། སྐྱེས་བུ་མི་བཟང་བས་བྱས་པར། །རིག་བྱེད་འདི་ནི་གཞལ་བྱ་ཏེ། །འབྱུང་པོ་འཚོད་དང་ཆང་འཐུང་བརྫུན། །སྨྲ་ཕྱིར་མཁས་པའི་བསྟན་བཅོས་བཞིན། །རྒྱལ་བའི་བསྟན་པ་བཤད་པ་ལ། །སྦྱོར་བ་དམིགས་སུ་མེད་པ་ནི། །རིག་བྱེད་ཉེར་ཞི་མ་ཡིན་པས། །དེ་ཕྱིར་མཁྱེན་ཡང་མ་བསྟན་ཏོ། །ཞེས་བཤད་དོ། །ལྷ་རྣམས་ཀྱིས་རང་རང་གི་ལུས་ལས་ཏིལ་འབྲུ་ཙམ་རེ་བཅད་ནས་ཐིག་ལེ་མཆོག་མ་ཞེས་བྱ་བའི་ལྷའི་བུ་མོ་ཞིག་བསྐྱེད་དེ། དེ་ཚངས་པ་ལ་བསྐོར་བ་བྱེད་དུ་བཅུག་པ་དང་ཚངས་པ་དེ་ལ་ཆགས་ནས་ཕྱོགས་གཅིག་ཏུ་ལྟ་བས་ངོ་ཚ་བས་གདོང་པ་བཞི་སྤྲུལ་ཏེ། དེ་བཞིན་དུ་དབང་ཕྱུག་ཀྱང་ཡིན་ནོ། །ཡང་སྐྱེ་དགུའི་བདག་པོའི་བུ་མོ་བརྟུལ་ཞུགས་བཟང་མོ་ཞེས་བྱ་བ་ལ་ཚངས་པ་དང་དབང་ཕྱུག་དང་ཆོས་ཞེས་བྱ་བའི་ལྷ་དང་སྐྱེ་དགུའི་བདག་པོ་རང་ཉིད་ཀྱང་ལོག་པར་ཞུགས་ཏེ་བུ་བཞི་བྱུང་པ་ན་སོ་སོས་ང་ཡི་བུ་ཡིན་ནོ་ཞེས་སྒྲ་སྒྲོགས་པ་བརྒྱ་བྱིན་ལ་སོགས་པས་ཐོས་ཏེ་ཚངས་པའི་འཇིག་རྟེན་དུ་ཕྱོགས་སུ་ནི་ཕལ་ཆེར་འཇིག་རྟེན་ན། ཕ་དང་འདྲ་བར་གྱུར་པས་ན། །གཟུགས་ཀྱིས་གང་ཞིག་གང་དང་འདྲ། །དེ་ནི་དེའི་ཡིན་ཞེས་བྱ། །ཞེས་སྨྲས་ཏེ་སོ་སོར་ལེན་དུ་བཅུག་ནས་རྩོད་པ་ཞི་བར་བྱས་སོ་ཞེས་གྲག་གོ །གྲུབ་པའི་མཐའ་བཤད་པ་ལས་ཚངས་པ་བ་རྟག་པའི་རབ་ཏུ་དབྱེ་པ་སྟེ་བརྒྱད་པའོ།།  །།

 

གསང་བ་པ་བརྟག་པ།

 

གསང་བ་པའི་ལུགས་བཤད་པ། རྣམ་རིག་གཉིས་མེད་ཀུན་སྨྲ་བ། །རིག་བྱེད་མཐར་ཕྱིན་གསང་བ་པ། །སེམས་ཉིད་རྟག་པ་མཁའ་འདྲ་བའི། །བདག་ཏུ་ཐམས་ཅད་འདུས་པར་འདོད། །ཆོས་ཐམས་ཅད་རྣམ་པར་རིག་པ་སེམས་ཙམ་དང་སེམས་ཀྱང་གཟུང་བ་དང་འཛིན་པ་གཉིས་མེད་པར་སྨྲ་བ་ནི་གསང་བ་པ་ཡིན་སྟེ། །རིག་བྱེད་མཐའ་ལ་ངེས་རྣམས་ཀྱིས། །རྨི་ལམ་སྒྱུ་མ་ཅི་འདྲ་དང་། །དྲི་ཟའི་གྲོང་ཁྱེར་ཅི་འདྲ་མཐོང་། །དེ་འདྲར་འཇིག་རྟེན་དེ་དག་མཐོང་། །འགག་པ་མེད་ཅིང་སྐྱེ་བ་མེད། །བཅིངས་པ་མེད་ཅིང་སྒྲུབ་པོ་མེད། །ཐར་འདོད་མེད་ཅིང་ཐར་པ་མེད། །འདི་ནི་དོན་དམ་པ་ཉིད་དོ། །ཆགས་དང་འཛིན་དང་ཁྲོ་བྲལ་བ། །རིག་བྱེད་མཐར་ཕྱིན་གྲུབ་རྣམས་ཀྱིས། །སྤྲོས་པ་ཉེར་ཞི་གཉིས་མེད་པའི། །རྣམ་པར་མི་རྟོག་འདི་མཐོང་ངོ་། །ཞེས་འབྱུང་ངོ་། །འདི་ནི་བདག་རྣམ་ཤེས་དམ་པ་དང་ཤེས་པ་པོ་དང་ཀུན་གཞི་ཞེས་ཀྱང་བྱ་བ་ནམ་མཁའི་ཆེན་པོ་དང་འདྲ་བ་གཅིག་ཏུ་ཐམས་ཅད་འདུས་པར་འདོད་དོ། །དེ་ནི་གནས་དང་ལུས་མེད་ཀྱང་གནས་དང་ལུས་ཅན་དུ་སྣང་སྟེ་འདི་ལྟར་སའི་དཀྱིལ་འཁོར་ཀྱི་འོག་ན་མུན་པའི་དཀྱིལ་འཁོར་དང་དེའི་འོག་ན་གནས་ལ། གཞན་ཐམས་ཅད་ནི་དེས་སྒྱུ་མ་བྱས་པ་ཡིན་ཏེ་འདི་སྐད་དུ་དེ་ནི་ལྷ་དེའི་སྒྱུ་མ་ཡིན་ཞེས་འབྱུང་ངོ་། །དེ་ལ་སྟེང་གི་ཕྱོགས་དེའི་མགོ་དང་། །འོག་གི་ཕྱོགས་རྐང་པ་དང་། ནམ་མཁའ་ལྟོ་བ་དང་། །ཕྱོགས་ལག་པ་དང་གཟའ་དང་རྒྱུ་སྐར་སྐྲ་དང་། །རི་བོ་བྲང་དང་། །རིའི་ཕྲེང་བ་རུས་པ་དང་། །ཆུ་ཀླུང་རྩའི་དྲ་བ་དང་། །ནགས་ཚལ་སྤུ་དང་སེན་མོ་དང་། །རྒྱབ་མཐོ་རིས་ཀྱི་འཇིག་རྟེན་དང་། །དཔྲལ་བ་ཚངས་པ་དང་། དགེ་སྡིག་གཉིས་སྨིན་མ་གཉིས་དང་ཁྲོ་གཉེར་འཆི་བདག་གཤིན་རྗེ་དང་མིག་ཉི་ཟླ་དང་དབུགས་འབྱུང་རྔུབ་རླུང་དང་། རི་བྲན་སོ་དང་། ལྕེ་དབྱངས་ཅན་མ་དང་། མིག་ཕྱེ་བཙུམས་དུས་དང་། གཡས་གཡོན་སྐྱེས་པ་བུད་མེད་དང་སོར་མོ་རྣམས་རིའི་བར་ལ་སོགས་པ་ཡིན་སྟེ། ས་དང་ཆུ་དང་མེ་ལ་སོགས། །ཤེས་པ་རྟག་པའི་རྣམ་འགྱུར་གྱི། །བདག་ཡིན་དེའི་བདག་ཉིད་ཅེས། །གཞན་གྱིས་ཡང་དག་བརྗོད་པ་ཡིན། །ཞེས་བྱ་བ་དང་། གཡོ་བ་དེ་ཡིན་མི་གཡོ་དེ། །རིང་པ་དེ་ཡིན་ཉེ་བ་དེ། །ནང་དེ་ཕྱི་ནས་་ཕྱི་རོལ་དེ་ཞེས་སྨྲས་པ་ཡིན་ནོ། །ཡང་དེ་ཐམས་ཅད་ཀྱི་སྐྱེད་བྱེད་ཀྱང་ཡིན་ཏེ། སྲིད་པ་ཐམས་ཅད་དེ་ལས་སྐྱེས། །དར་གྱི་སྲིན་བུའི་སྐུད་པ་བཞིན། །སྣམ་མ་རྣམས་ལ་ཐ་ག་བཞིན། །ཆུ་ལ་ཆུ་ཤེལ་ཇི་བཞིན་དུ། །ལྕུག་མ་རྣམས་ལ་སླག་ཤ་བཞིན། །དེ་ནི་སྐྱེ་ལྡན་ཀུན་གྱི་རྒྱུ། །ཞེས་འབྱུང་བ་ཡིན་ནོ། །དེ་མ་རྟོགས་ན་སྣ་ཚོགས་པའི་སྣང་བ་འདི་ཤར་ནས་སྐྱེ་འཆི་ལས་མི་གྲོལ་ཏེ། འཆི་བབས་རྣམས་ལ་བདུད་རྩི་མེད། །མེ་ལ་གྲང་པ་ཇི་བཞིན་ནོ། །དེ་བས་བདུད་རྩིའི་སྐྱེས་བུ་ནི། །མ་རྟོགས་བདུད་རྩི་ཡོད་མི་རིག །ཅེས་འབྱུང་ངོ་། །དེ་ལ་གོམས་པས་སྐྱེས་བུ་དེ་ཁ་དོག་སྣ་ཚོགས་ཅན་ཡིན་ཀྱང་གང་གི་ཚེ་གསེར་དུ་སྣང་བ་དེའི་ཚེ་མ་རིག་པ་རྣམས་ཟད་ནས་གྲོལ་བར་འགྱུར་ཏེ་བྱེད་པོ་དབང་ཕྱུག་གསེར་མདོག་ཏུ། །གང་གིས་ལྟ་ཞིང་མཐོང་བ་དེ། །སྡིག་དང་བསོད་ནམས་ལས་འདས་ནས། །རབ་ཏུ་ཞི་བ་འཐོབ་པར་འགྱུར། །ཞེས་བྱ་བ་དང་། །སྐྱེས་བུ་དྲང་སྲོང་ཆེན་པོ་ཉི་མའི་མདོག །མུན་ལས་གཞན་དུ་གྱུར་པ་དེ་རིག་ན། །འཆི་བ་མེད་པར་འགྱུར་ཏེ་བདག་གིས་རྟོགས། སྐྱེ་བ་མེད་གནས་འགྲོ་ལ་ལམ་གཞན་མེད་ཅེས་འབྱུང་ངོ་། །དེས་ན་སྒྱུ་མའི་རང་བཞིན་གྱི་འཇིག་རྟེན་འདི་གཉིས་མེད་པ་ལ་གོམས་པར་བྱས་པས་མ་གྲོལ་བའི་ཚེ་བདག་ཐ་དད་དུ་གནས་པ་རྣམས་ནི་གྲོལ་བའི་བདག་ཆེན་པོ་དེར་ཐིམ་པར་འགྱུར་སྟེ། །བདག་ནི་བདེན་པར་རྟོགས་གྱུར་པས། །གང་ཚེ་ཀུན་ཏུ་མི་རྟོག་པ། །དེ་ཚེ་ཡིད་ནི་མེད་འགྱུར་སྟེ། །གཟུང་བ་མེད་པས་དེ་འཛིན་མེད། །བུམ་པ་ལ་སོགས་ཞིག་པ་ན། །བུམ་པའི་ནམ་མཁའ་ལ་སོགས་པ། །ཇི་ལྟར་ནམ་མཁར་འདུ་འགྱུར་བ། །དེ་བཞིན་སྲོག་ཀྱང་བདག་ཏུ་འདུ། །མཁས་པ་དེའི་ཆར་ཐིམ་པ། །ཡང་སྲིད་ལེན་པར་མི་འགྱུར་རོ། །ཞེས་བཤད་དོ། །འདིར་སྨྲས་པ། །འགྲོ་བ་སྣ་ཚོགས་སྣང་བ་འདི། །ཉི་མའི་མདོག་ཏུ་གཅིག་ན་ནི། །གཟུགས་དང་གཟུགས་མེད་བཅིངས་མ་བཅིངས། །རྟོགས་དང་མ་རྟོགས་ལ་སོགས་པའི། །སྣ་ཚོགས་དབྱེ་བ་མེད་པར་འགྱུར། །རྟག་ན་གྲོལ་བ་མི་སྲིད་དེ། །གཅིག་ལ་བྱེད་དང་བྱ་བའི་འབྲས། །རྣམ་པ་གཉིས་ནི་རུང་མ་ཡིན། །སྣ་ཚོགས་སྣང་བ་བདེན་ན་ནི། །གཅིག་ཉམས་བརྫུན་ན་དངོས་མེད་ཕྱིར། །གཅིག་པ་བརྟགས་ན་འཐད་མ་ཡིན། །གྲུབ་པའི་མཐའ་བཤད་པ་ལས་གསང་བ་པ་བརྟག་པའི་རབ་དུ་བྱེད་པ་སྟེ་དགུ་པའོ།།  །།

 

དཔྱོད་པ་བ་བརྟག་པ།

 

དཔྱོད་པའི་ལུགས་བཤད་པ། རྒྱལ་དཔོགས་པ་ནི་ཚད་མ་ལ། སོགས་པའི་མཚན་ཉིད་བཅུ་གཉིས་འཆད། །འདི་ལ་དྲང་སྲོང་རྒྱལ་བས་དཔོགས་འབྱིན་པས་རྒྱལ་དཔོགས་པ་ཞེས་ཀྱང་ཟེར་རོ། །མཚན་ཉིད་བཅུ་གཉིས་ནི་ཚད་མ་དང་། སྤྱི་དང་བྱེ་བྲག་དང་། དགོས་པ་དང་། གོ་རིམ་ངེས་པ་དང་། གནས་བཞི་དང་། སྤྱི་ངེས་པར་བསྟན་པ་དང་། བྱེ་བྲག་ངེས་པར་བསྟན་པ་དང་། གླེང་པ་དང་། རྩོད་པ་དང་། རང་རྒྱུད་དང་། ཐལ་འགྱུར་སྟེ་མཚན་ཉིད་ཅེས་པ་ཀུན་ལ་སྦྱར་རོ། །ཚད་མ་ནི་དྲུག་སྟེ་མངོན་སུམ་དང་། །རྗེས་སུ་དཔག་པ་དང་། ༼འདི་ནས་ཤོག་ལྷེ་གཅིག་ཆད༽ཁྱིམ་ན་མེད་ན་ཕྱི་རོལ་ན་ཡོད་པར་དོན་གྱིས་གོ་བ་བཞིན་ནོ། །དངོས་པོ་མེད་པ་ནི་གསུམ་སྟེ་བདག་ཡོངས་སུ་མ་གྱུར་པ་ནི་དགག་བྱ་ཤེས་པའི་ཡུལ་དུ་མ་གྱུར་པའོ། །ཡུལ་གཞན་ཤེས་པ་ནི་བུམ་པ་མེད་པའི་ས་ཕྱོགས་ཤེས་པའོ། །ཚད་མ་ལོག་པ་ནི་མངོན་སུམ་ལ་སོགས་པའི་ཚད་མ་མ་བྱུང་བའོ། །དེའི་ཡུལ་ནི་བཞི་སྟེ་འོ་མ་ལ་ཞོ་མེད་པ་ལྟ་བུ་སྔ་ན་མེད་པ་དང་། ཞོ་ལ་འོ་མ་མེད་པ་ལྟ་བུ་ཞིག་ནས་མེད་པ་དང་། བ་ལང་ལ་རྟ་ལ་སོགས་པ་མེད་པ་ལྟ་བུ་གཅིག་ལ་གཅིག་མེད་པ་དང་། རི་བོང་ལ་རྭ་ལྟ་བུ་ནི་ཤིན་ཏུ་མེད་པའོ། །སྤྱི་བྱེ་བྲག་ནི་བྱེ་བྲག་པ་དང་འདྲའོ། །གཞལ་བྱ་ནོར་བུ་གཟི་དང་འདྲ། །ཤེས་ཀུན་རྣམ་མེད་དངོས་པོ་འཛིན། །བདག་ནི་ཤེས་རིག་རྟག་པ་སྟེ། །ཁ་ཅིག་སྦྲུལ་དང་འདྲ་བར་འདོད། །གཞལ་བྱ་རྣམས་ནི་ནོར་བུ་གཟི་བཞིན་དུ་གཅིག་དང་དུ་མ་གཉིས་ཀ་ཡིན་ལ་འདི་བློ་རྣམ་པ་མེད་པས་ཡོད་པ་འཛིན་ལ་ད་ལྟ་འཁྲུལ་པར་གྲགས་པ་དག་ཀྱང་ཡུལ་དུས་གཞན་ན་ཡོད་པའི་དངོས་པོ་ལ་འཛིན་པར་འདོད་དེ་ཀུ་མ་རི་ར་ལས། སྐྱེ་བ་དེ་དང་གཞན་ལ་ཡང་། །དུས་དེ་དང་ནི་དུས་གཞན་ན། །ཐམས་ཅད་དུ་ནི་ཕྱི་རོལ་དམིགས། །ཡུལ་དང་དུས་གཞན་བདག་ཉིད་དོ། །རྨི་ལམ་ཤེས་པའི་སྤྱོད་ཡུལ་ནི། །ཡུལ་དེ་དང་ནི་ཡུལ་གཞན་ནོ། །མགལ་མེ་འཁོར་ལོའི་འགལ་བ་ནི། །མྱུར་དུ་བསྐོར་བར་བྱས་པ་ཡིན། །དྲི་ཟའི་གྲོང་ཁྱེར་སྤྲིན་རྣམས་དང་། །སྔོན་ཤེས་ཁྱིམ་ལ་སོགས་པ་ཡིན། །སྨིག་རྒྱུ་ཆུའི་རྣམ་ཤེས་ལ། འགོག་གདུང་འོད་ཟེར་གདུངས་དེ་བཞིན་ཞེས་སྨྲས་པ་ཡིན་ནོ། །བདག་ནི་རང་རང་གི་ཕུང་པོའི་རྒྱུ་བྱེད་པའི་ཤེས་རིག་རྟག་པ་ཤེད་ལས་སྐྱེས་དང་ཤིས་བུ་ཞེས་ཀྱང་ཟེར་སྟེ། ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། བྲམ་ཟེས་འགྲོ་བ་རྣམས་ཀྱི་རྒྱུ། །སྐྱེས་བུ་རྟག་པ་ཡིན་ཞེས་བཏགས། །ཁྱོད་ཀྱིས་རྟག་པ་ཅེས་བྱ་བའི། །རྒྱུ་ནི་ཅིའང་མེད་ཅེས་གསུངས། །ཞེས་བཤད་པ་ཡིན་ནོ། །སྣ་མ་ཕུག་པ་ནི་བདག་རྟག་ན་ཟ་བ་པོ་མ་ཡིན་པ་དང་ཡིན་པར་འགྱུར་བ་མི་འཐད་པ་དང་། མི་རྟག་ན་ལས་བྱས་པ་ཆུད་ཟོས་ཤིང་མ་བྱས་པ་དང་ཕྲད་པར་ཐལ་བ་ལ་སོགས་པས་འཇིགས་ནས་སྦྲུལ་འཁྱིལ་བ་དང་འགྲོ་བའི་གནས་སྐབས་ཐ་དད་ཀྱང་རང་བཞིན་གཅིག་ཡིན་པ་བཞིན་རྟག་ལ་གནས་སྐབས་མི་རྟག་པ་འདོད་དེ་དེ་ཉིད་ཀྱིས། དེ་ཕྱིར་གཉིས་ཀ་དོར་ནས་ནི། །ལྡོག་དང་རྗེས་འཇུག་བདག་ཉིད་ཅན། །སྐྱེས་བུ་ཞིག་ནི་ཁས་བླངས་བྱ། །འཁྱིལ་བ་ལ་སོགས་སྦྲུལ་བཞིན་ནོ། །ཞེས་སྨྲས་པ་ཡིན་ནོ། །འདི་བློ་ཐམས་ཅད་ནི་ལྐོག་གྱུར་དུ་འདོད་ལ། གོམས་ལས་ཁྱད་པར་འགྱུར་ན་ཡང་། །འཕྱོང་དང་ཆུའི་རོ་བཞིན་དུ། །རང་བཞིན་ལས་འདས་པ་ཡིན་ཞེ་ན། ཞེས་གོམས་པས་མཐར་ཐུག་ཏུ་མི་འགྱུར་བའི་ཕྱིར་དང་། འདོད་ཆགས་ལ་སོགས་པའི་དྲི་མ་ནི་སེམས་ཀྱི་རང་བཞིན་རྟག་པ་ཡིན་པས་དེ་ཟད་པའི་རྣལ་འབྱོར་པའི་ཤེས་པ་དང་ཐམས་ཅད་མཁྱེན་པ་མ་དམིགས་པས་མེད་པར་འདོད་དེ། རྣམ་འགྲེལ་རྟག་ཉིད་ཕྱིར་རམ་ཐབས་མེད་ཕྱིར། །ཡང་ན་ཐབས་ནི་མི་ཤེས་ཕྱིར། །རྐྱེན་རྣམས་མི་ཟད་པ་ཉིད་ཅེས། །བྱ་བར་ཡོངས་སུ་རྟོག་གྲང་ན་ཞེས་འབྱུང་ངོ་། །འདིར་སྨྲས་པ། དཔལ་ལྡན་ཆོས་ཀྱི་གྲགས་པ་ཡིས། །བཤད་པའི་མངོན་སུམ་རྗེས་སུ་དཔག་ལས། །གཞན་ལ་ཚད་མའི་མཚན་ཉིད་མེད། །དེས་ན་ཁྱེད་ཀྱིས་བཏགས་པ་དྲུག །ཚད་ཡིན་གཉིས་ལས་གཞན་མ་ཡིན། །གཞན་ཡིན་ན་ནི་ཚད་མ་མིན། །གཟི་ནི་གཅིག་མིན་དུ་མའི་ཕྱིར། །གཞལ་བྱ་རྣམས་ཀྱི་དེ་དང་འདྲ། །ཤེས་ཀུན་དངོས་པོའི་ཡུལ་ཅན་ན། །ཚད་དང་ཚད་མིན་རྣམ་གཞག་སོགས། །བདག་དེ་རྟག་ན་རྒྱུ་མ་ཡིན། །རང་བཞིན་གནས་སྐབས་གཅིག་ཡིན་ན། །གཉིས་ཀ་རྟག་དང་མི་རྟག་འགྱུར། །སྔ་ཕྱིའི་བརྐྱངས་བསྐུམས་ཐ་དད་ཕྱིར། །སྦྲུལ་ནི་གཅིག་གི་དཔེ་མ་ཡིན། །འདུས་ནི་ཁྱད་པར་ཐོབ་ནས་ཀྱང་། །གོམས་པ་འཕེལ་དང་ལྡན་པའང་སྲིད། །ཡལ་ག་ནས་ནི་ཡལ་ག་རུ། །འགྲོ་བར་མི་ནུས་མཁའ་ལྡིང་ཕྲུག །ཤིན་དུ་གོམས་པར་གྱུར་ན་ནི། །རྒྱ་མཚོ་ཡི་ཡང་ཕ་རོལ་འགྲོ། །དེ་བཞིན་སེམས་ཀྱང་ཡུན་རིང་དུ། །གོམས་ན་ཤེས་བྱའི་ཕ་རོལ་འགྲོ །ཀུན་མཁྱེན་མ་དམིགས་མེད་ཟེར་བ། །ཚངས་པ་སོགས་ལའང་ཐལ་བར་འགྱུར། །དྲི་མ་རྟག་དང་ཐབས་མེད་སོགས། །མི་འཐད་མི་རྟག་ཐབས་ཡོད་ཕྱིར། །གྲུབ་པའི་མཐའ་བཤད་པ་ལས་དཔྱོད་པ་བ་བརྟག་པའི་རབ་དུ་བྱེད་པ་སྟེ་བཅུ་པའོ།།  །།

 

ཙ་ར་ཀ་པའི་ལུགས་བརྟག་པ།

 

ཙ་ར་ཀ་པའི་ལུགས་བཤད་པ། །ཚེའི་རིག་བྱེད་རབ་མཁས་པ། །ཙ་ར་ཀ་པ་ཚད་མ་བརྒྱད། །འདོད་དོ་ཞེས་ནི་ཤེས་པར་བྱའོ། །འདི་ནི་ཚད་མ་མངོན་སུམ་དང་། རྗེས་དཔག་དང་། ཡིད་ཆེས་པའི་ལུང་དང་། རིགས་པ་དང་། མི་རིགས་པ་དང་། སྲིད་པ་དང་། གྲག་པ་དང་། མཉམ་དུ་སེམས་པ་དང་བརྒྱད་འདོད་དོ། །དེ་ལ་མངོན་སུམ་ནི་བདག་དང་དབང་པོ་དང་ཡིད་དང་དོན་རྣམས་ཕྲད་པ་ལས་བྱུང་པ་རྟོག་པ་མེད་པ། གསལ་བའི་བློའོ། །མངོན་སུམ་གྱིས་དྲངས་པའི་རྗེས་དཔག་ནི་གསུམ་སྟེ་དུ་བ་ལས་མི་སྣང་པའི་མེ་ད་ལྟར་དཔོག་པ་དང་། བུ་ཆགས་པ་ལས་རྒྱོན་པོ་བྱས་པ་འདས་པ་དཔོག་པ་དང་། ས་བོན་ལས་འབྲས་བུ་འབྱུང་བ་མ་འོངས་པ་དཔོག་པའོ། །ཡིད་ཆེས་པ་ལ་ནི་དཀའ་ཐུབ་དང་ཤེས་པའི་སྟོབས་ཀྱིས་རྡུལ་དང་མུན་པ་ལས་གྲོལ་བའི་ཤེས་པ་དྲི་མ་མེད་པ་དུས་གསུམ་ལ་ཐོགས་པ་མེད་པར་འཇུག་པ་རྣམས་ཡིན་ཏེ་བརྫུན་མི་ཟེར་བའི་ཕྱིར་རོ། །དེའི་ལུང་ནི་རིག་བྱེད་དང་དེའི་དོན་ལས་མ་ལོག་པར་སྤྱོད་པའི་གང་ཟག་དེ་ལྟ་བུས་བསྟན་པ་ཡ་རབས་ཀྱི་དགོངས་པ་འཇིག་རྟེན་ལ་ཕན་པར་འགྱུར་བ་སྦྱིན་པ་དང་། དཀའ་ཐུབ་དང་། བདེན་བ་དང་། མི་འཚེ་བ་དང་། ཚངས་པར་སྤྱོད་པ་སྟོན་པའི་གཙུག་ལག་གི་ཚིག་མངོན་བར་མཐོ་བ་དང་ངེས་པར་ལེགས་པ་སྟོན་པ་རྣམས་སོ། །རིགས་པ་ནི་རྗེས་སུ་འགྲོ་ལྡོག་ལས་རྒྱུ་འབྲས་སུ་སྒྲུབ་པའོ། །མི་དམིགས་པ་ནི་དམིགས་པ་གང་གིས་དོན་ཤེས་པ་དེ་མེད་པས་དོན་མེད་པར་གྲུབ་པའི་ཚད་མའོ། །སྲིད་པ་ནི་སྟོང་ཡོད་པར་ཤེས་ན་བརྒྱ་ལ་སོགས་པ་ཡོད་པར་གོ་བ་ལྟ་བུའོ། །ཞེས་གྲག་པ་ལ་ནི་སུས་མཐོང་ཆ་མེད་པར་འདི་ན་གནོད་སྦྱིན་གནས་སོ་ཞེས་གྲགས་པ་ལས་ཤེས་པ་ལྟ་བུའོ། །ཡིད་ཀྱིས་ཚོར་བ་ནི་འདི་ལྟ་བུ་འབྱུང་ངོ་སྙམ་ཙམ་ན་དེ་བྱུང་བ་ལྟ་བུའོ། །བདག་ལ་ནི་མཐོང་བ་པོ་དང་གཟུང་བ་དང་འཛིན་པ་དང་ཤེས་བྱ་ཞེས་ཀྱང་ཟེར་རོ། །འདི་རྣལ་འབྱོར་པའི་ཤེས་པ་ནི་མི་འགོག་ལ་གཞན་རྣམས་ནི་ཕལ་ཆེར་སྤྱོད་པ་བ་དང་མཐུན་ནོ། །འདིར་སྨྲས་པ་རིགས་པ་དང་ནི་མི་དམིགས་པ། །ཚུལ་གསུམ་གྲགས་ལས་དོན་ཤེས་པས། །རྗེས་དཔག་ཉིད་ཡིན་གཞན་མ་ཡིན། །སྲིད་དང་ཞེས་གྲག་མཉམ་སེམས་དཔའ། །ཚད་མ་ཉིད་དུ་མི་འཐད་དེ། །རྟག་ཏུ་མི་སླུ་མེད་ཕྱིར་རོ། །གྲུབ་པའི་མཐའ་བཤད་པ་ལས་ཙ་ར་ཀ་པའི་ལུགས་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཅུ་གཅིག་པའོ།།

 

བརྡ་སྤྲོད་པ་བ་བརྟག་པ།

 

བྱཱ་ཀ་ར་ན་པའི་ལུགས་བཤད་པ། བརྡ་སྤྲོད་སྙན་ངག་རིག་བྱེད་པ། །ཚད་མ་རིག་བྱེད་གཅིག་པུ་སྟེ། །བཱ་ཏྲི་ཧ་རི་གསུམ་དུ་སྨྲ། །དོན་ཀུན་སྒྲའི་ཚངས་པར་འདོད། །བརྡ་སྤྲོད་པ་རྣམས་ན་རེ་མངོན་སུམ་དང་རྗེས་དཔག་དང་ལུང་ལ་ཡང་མི་འཁྲུལ་བར་ངེས་པ་མེད། དེས་ནམ་ནི་ས་ལ་འབྱར་བར་སྣང་། སྲིན་བུ་མེ་ཁྱེར་ནི་མེར་སྣང་ཡང་དེ་ལྟ་མ་ཡིན་པས་མཐོང་པ་ཚད་མ་ཡིན་ཏེ་བདེན་བརྫུན་རིགས་པས་བརྟག་དགོས་པའི་ཕྱིར་རོ། །དངོས་པོ་རྣམས་ཡུལ་དང་དུས་དང་ན་ཚོད་ཀྱིས་ནུས་པ་ཐ་དད་དུ་འགྱུར་བ་ལ་རྗེས་སུ་དཔག་ཏུ་མི་རུང་སྟེ། རྗེས་སུ་དཔོག་པ་ལ་ཤིན་ཏུ་མཁས་པ་གཅིག་གིས་ནན་ཏན་དུ་དཔག་པ་ལའང་ཤིན་ཏུ་བརྩོན་པ་གྱིས་གཞན་དུ་དྲང་ཞིང་གཅུར་རུང་བའི་ཕྱིར་རོ། །དེས་ན་རྗེས་སུ་དཔག་པ་ལ་གཙོ་བོར་བྱེད་པ་ནི་ལོང་བ་ཉམས་ང་བར་རྒྱུག་པ་བཞིན་གཡང་དུ་ལྷུང་བར་འགྱུར་རོ། །ཀུན་གྱིས་ཀྱང་བལྟར་མི་སྣང་བའི་དོན་ནི་ལུང་ལས་ཤེས་པ་ཡིན་ལའང་ལོག་པ་མང་པོ་སྣང་ངོ་། །ཡོང་ནི་རིགས་པ་ཐམས་ཅད་ཀྱི་གཞི་ནི་སྒྲའི་བསྟན་བཅོས་ཡིན་པས་འདི་དང་བསྟུན་དགོས་སོ་ཞེས་ཟེར་རོ། །འདིའི་སྟོན་པ་བཱ་ཏྲི་ཧ་རི་ན་རེ་ཇི་ལྟར་མངོན་སུམ་དང་རྗེས་སུ་དཔག་པ་དོན་ལ་མི་སླུ་བས་ཚད་མ་ཡིན་པ་དེ་བཞིན་དུ་རིག་བྱེད་ཀྱང་དོན་ལ་མི་སླུ་བས་ཚད་མ་ཡིན་ནོ་ཞེས་ཟེར་རོ། །འདི་དོན་ཐམས་ཅད་སྒྲའི་ཚངས་པའི་རྣམ་འགྱུར་དུ་འདོད་དེ། དེ་ནི་སྒྲ་དང་དོན་ཐམས་ཅད་ཀྱི་རང་བཞིན་ཡི་གེ་ཨོཾ་གྱི་བདག་ཉིད་སྐྱེ་འཇིག་གནས་གསུམ་དང་ཕྱོགས་ཀྱི་ཆ་མེད་པ་ཡིན་ཏེ་བཱ་ཏྲི་ཧ་རིས་ཐོག་མཐའ་མེད་པའི་ཚངས་པ་ནི། །སྒྲའི་དེ་ཉིད་གང་འཇིག་མེད། །དེ་གྱུར་པ་ལས་དོན་རྣམས་བྱེད། །འགྲོ་བ་ཇི་ལྟ་བཞིན་དུ་སྤྱོད་ཅེས་བཤད་དོ། །དེའི་སྒྲུབ་བྱེད་ནི་གང་ཞིག་གང་གིས་རྣམ་པ་དང་ལྡན་པ་དེ་ནི་དེའི་རང་བཞིན་ཡིན་ཏེ་བུམ་པ་ལ་སོགས་པ་འཇིམ་པའི་རྣམ་པ་དང་ལྡན་པ་བཞིན་ནོ། །དངོས་པོ་ཐམས་ཅད་ཀྱང་སྒྲའི་རྣམ་པ་དང་ལྡན་པ་ཡིན་པས་ཞེས་བྱ་བ་སྟེ་བཱ་ཏྲི་ཧ་རིས། སྒྲའི་རྗེས་འགྲོ་མ་གཏོགས་པའི། །ཤེས་པ་འཇིག་རྟེན་ན་ཡོད་མིན། །ཤེས་པ་རྗེས་སུ་སྒྲུབ་པ་ཉིད། །ཐམས་ཅད་སྒྲ་རུ་ཤེས་པར་བྱ། །ཞེས་བཤད་དོ། །རྣམ་འགྱུར་རེས་འགའ་བ་ཡིན་ཀྱང་རང་བཞིན་རྟག་པ་ཡིན་ཏེ་ཀུ་མ་ར་རི་ལས་མི་རྟག་སྒྲའི་བརྗོད་བྱ་ཉིད། །བདག་ནི་ཟློག་པར་བྱེད་མ་ཡིན། །རྣམ་པར་འགྱུར་བ་བརྗོད་པའི་ཕྱིར། །དེ་ཙམ་གྱིས་འདི་ཆད་མི་འགྱུར། །ཞེས་བཤད་དོ། །དེར་རང་བཞིན་མི་འགྱུར་ཀྱང་མ་རིག་པ་ལ་གཟུགས་ལ་སོགས་པ་སྣ་ཚོགས་སུ་སྣང་བ་ཡིན་ཏེ། ཇི་ལྟར་ནམ་མཁའ་དག་པ་ལ། །རབ་རིབ་ཀྱིས་བསླད་སྐྱེ་བོ་ཡིས། །རབ་རིབ་སྣ་ཚོགས་དག་དང་ནི། །ལྡན་པ་བཞིན་དུ་མངོན་པར་བཟློག །དེ་ལྟར་བདུད་རྩི་འགྱུར་མེད་པའི། །ཚངས་པ་འདི་ནི་མ་རིག་པས། །རྙོག་པ་བཞིན་དུ་འགྱུར་པ་སྟེ། །ཐ་དད་ངོ་བོར་སྣང་བར་འགྱུར། །ཞེས་འབྱུང་ངོ་། །འདིར་སྨྲས་པ། །མངོན་སུམ་དང་ནི་རྗེས་སུ་དཔག །བསླུ་བར་སྣང་བ་དེ་གཉིས་མིན། གཉིས་པོ་གང་ཞིག་ཚད་མ་ཡིན། །དེ་ལ་སླུ་བ་ནམ་ཡང་མེད། །གནམ་ནི་ས་ལ་འབྱར་བ་དང་། །སྲིན་བུ་མེ་ཁྱེར་མེད་འཛིན་སོགས། །ཡིད་ཀྱི་ཤེས་པ་འཁྲུལ་བ་ཡིན། །སྒྲའི་ཚངས་པ་རང་བཞིན་གཅིག །རྣམ་འགྱུར་དུ་མར་སྣང་བ་ནི། །གསང་བ་པའི་བདག་འདྲ་བས། །དགག་པ་བཤད་ཟིན་རྣམ་འགྱུར་རྣམས། །འགགས་ཚེ་ཚངས་པའང་འགག་ན་ནི། །རྟག་པ་ཉིད་ཉམས་མི་འགག་ན། །དེ་གཉིས་གཅིག་པ་ཉམས་པར་འགྱུར། །དངོས་ཀུན་སྒྲ་རུ་སྣང་བ་ཡིས། །གཏན་ཚིགས་དེ་ནི་མ་གྲུབ་ཉིད། །གྲུབ་ཀྱང་རྗེས་དཔག་མི་རུང་སྟེ། །འབྲེལ་བ་གང་དུའང་མ་གྲུབ་ཕྱིར། །ཞེས་བྱ་བ་ནི་སྒྲའི་ཚངས་འགག་པ་ཡིན་ནོ། །གྲུབ་པའི་མཐའ་བཤད་པ་ལས་བརྡ་སྤྲོད་པ་བ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཅུ་གཉིས་པའོ།།  །།

 

གཅེར་བུ་པ་བརྟག་པ།

 

ད་ནི་གཅེར་བུ་པའི་ལུགས་བཤད་དེ། །སྐར་མའི་བསྟན་བཅོས་རབ་མཁས་པ། །དགེ་སྦྱོང་གཅེར་བུ་ཚད་མ་གསུམ། །བདག་ནི་ལུས་ཚད་ཤེས་པ་སྟེ། །ཤེས་བྱ་ཚིག་གི་དོན་འགྱུར་བརྟགས། །འདི་ལ་ནམ་མཁའ་དང་ཕྱོགས་ཀྱི་གོས་ཅན་དང་ཐལ་བ་པ་དང་ཀུན་ཏུ་འཚོ་བ་པ་དང་འཛེམ་མེད་པ་དང་། ཟད་བྱེད་པ་དང་། དྲང་སྲོང་རྒྱལ་བ་དམ་པ་ལྷར་འཛིན་པས་རྒྱལ་བ་པ་ཞེས་ཀྱང་ཟེར་ཏེ་སྟོན་པ་ནི་ཁྱུ་མཆོག་དང་། སྟོང་རིས་དང་། རི་ཁྲོད་པ་དང་། འཕེལ་བ་དང་། སྣོད་ཀྱི་རྗེ་དང་། ཁྱད་པར་རྗེ་དང་། བདེ་བྱེད་རྗེ་དང་། རི་ཁྲོད་རྗེ་དང་། བློ་བཟང་དང་། སེང་གེ་རྗེ་ལ་སོགས་པ་ཟད་བྱེད་པའི་སྟོན་པ་ཉི་ཤུ་རྩ་ལྔ་ཡིན་ནོ། །སྣོད་ཀྱི་རྗེ་ནི་ཚད་མ་གསུམ་དུ་འདོད་དེ། མངོན་སུམ་ལའང་རྟོག་པ་དང་མི་རྟོག་པ་གཉིས་ལས་མི་རྟོག་པ་ནི་ལྟ་བ་ཙམ་སྟེ་ཡོད་པ་ཉིད་ལ་སོགས་པའི་སྤྱི་ལ་འཇུག་གོ །རྟོག་པ་ནི་བ་ལང་ལ་སོགས་པའི་བྱེ་བྲག་ལ་འཇུག་གོ །རྗེས་སུ་དཔག་པ་ནི་རྣམ་པ་གཞན་དུ་མི་འཐད་པ་ཞེས་བྱ་བའི་ཚུལ་གཅིག་ལས་ལྐོག་གྱུར་ཤེས་པ་སྟེ། དེ་ནི་བསྒྲུབ་བྱ་མེད་ན་མི་འབྱུང་བ་ཡིན་ནོ། །དཔེར་ན་དངོས་པོ་དང་དངོས་མེད་ཀྱི་ཡོད་པའི་བདག་ཉིད་ཡིན་ཏེ་ཇི་ལྟར་ཡང་དམིགས་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ལ་ཤེས་བྱ་ཐམས་ཅད་ཆོས་ཅན་དུ་བྱས་པས་མཐུན་མི་མཐུན་གྱི་དཔེ་མེད་པས་རྗེས་སུ་འགྲོ་ལྡོག་མེད་ལ་ཕྱོགས་ཆོས་ཀྱང་གཞན་དུ་མི་འཐད་པར་འདུས་ཚུལ་གསུམ་མེད་མོད་ཀྱི་འདི་གཏན་ཚིགས་ཡང་དག་ཡིན་ནོ། །ཚུལ་གསུམ་ནི་གོ་བྱེད་མ་ཡིན་ཏེ་ལྷ་སྦྱིན་གྱི་བུ་ལས་སྔོ་བསངས་དཔོག་པ་ལ་ཚུལ་གསུམ་ཡོད་ཀྱང་འཁྲུལ་པའི་ཕྱིར་རོ། །ལུང་ནི་ཡིད་ཆེས་པའི་ཚིག་གོ །གཞལ་བྱ་སྣ་ཚོགས་སུ་སྣང་པ་ནི་གཟི་བཞིན་གཅིག་དུ་འདོད་དེ། ཇི་སྐད་དུ། དུ་མའི་ངོ་བོའི་དངོས་པོ་ལ། །བརྗོད་པར་འདོད་པའི་ངོ་བོར་འདོད། །ཅིག་ཆར་རིམ་གྱི་ཚུལ་གཉིས་ལས། །ཚིག་གི་བྱ་བ་གཞན་མེད་དོ། །དཔེར་ན་ཁྲ་བོའི་ཁ་དོག་ལ། །ཇི་ལྟར་འདོད་བཞིན་ཁ་དོག་འཛིན། །དེ་བཞིན་དངོས་ལའང་སྣ་ཚོགས་ཕྱིར། །ཐ་དད་ཐ་དད་མིན་ངེས་འཛིན། །ཞེས་སྨྲས་པ་ཡིན་ནོ། །བདག་ནི་ཁྱད་པར་དུ་འཕགས་པའི་བསྟོད་པ་ལས་གཅེར་བུ་ལུས་ཀྱི་ཚད་བཞིན་དུ། །སྲོག་ནི་ཞུམ་དང་རྒྱས་པར་སྨྲ། །ཁྱོད་ཀྱིས་དེ་ནི་ཕྱོགས་གཅིག་ཕྱིར། །རྣམ་པར་འཇིག་པར་འགྱུར་ཞེས་གསུངས་ཞེས་འབྱུང་བ་ཡིན་ཏེ་ཤེས་པའི་རང་བཞིན་ནི་ཐམས་ཅད་དུ་རྗེས་སུ་འགྲོ་ལ། བདེ་སྡུག་ལ་སོགས་པ་གནས་སྐབས་ཐ་དད་ཙམ་དུ་འདོད་དོ། །སྲོག་དང་ནང་ན་གནས་པ་དང་ཁྱབ་བདག་དང་འཚོ་བ་དང་བདག་དང་སྐྱེ་བ་དང་། གསོ་བ་དང་། གང་ཟག་དང་། སྐྱེས་བུ་ཞེས་པ་ནི་རྣམ་གྲངས་སོ། །སྲོག་དང་གང་ཟག་སྡོམ་པ་དང་། །ངེས་པར་རྒ་དང་འཆིང་དང་ལས། །སྡིག་དང་བསོད་ནམས་ཐར་པ་སྟེ། །འདི་རྣམས་ཚིག་གི་དོན་དགུར་འདོད། །སྲོག་ནི་སྲོག་ཅན་སྡེ་ཚན་དགུ །ས་ཆུ་ཤིང་དང་མེ་དང་རླུང་། །སྲིན་བུ་གྲོག་མ་བུང་བ་མི། །དབང་པོ་ཅིག་ནས་ལྔ་དང་ལྡན། །དེ་ལ་འབྱུང་བ་བཞི་ནི་རེག་པའི་དབང་པོ་གཅིག་པུ་དང་ལྡན་ནོ། །སྲིན་བུ་དང་དུང་དང་ཉ་ཕྱིས་དང་སྲིན་བུ་པད་པ་ལ་སོགས་པ་ནི་རེག་པ་དང་རོའི་དབང་པོ་གཉིས་པ་ཅན་ནོ། །གྲོག་མ་དང་སྲིན་གྱི་མི་མེད་ལ་སོགས་པ་ནི་རེག་པ་དང་རོ་དང་སྣའི་དབང་པོ་གསུམ་པ་ཅན་ནོ། །བུང་བ་དང་སྦྲང་བུ་དང་སྦྲང་བུ་མཆུ་རིང་ལ་སོགས་པ་ནི་རེག་པ་དང་རོ་དང་སྣ་དང་མིག་གི་དབང་པོ་བཞི་པ་ཅན་ནོ། །མི་དང་རྐང་བཞི་པ་དང་བྱ་ལ་སོགས་པ་ནི་རེག་པ་དང་རོ་དང་སྣ་དང་མིག་དང་རྣ་བའི་དབང་པོ་སྟེ་ལྔ་པ་ཅན་ནོ། །ཟག་པ་ནི་དགེ་སྡིག་གི་ལས་རྣམས་ཟག་བཅས་སུ་བྱེད་པའོ། །སྡོམ་པ་ནི་ཟག་པ་འགོག་པ་སྟེ་ལས་གསར་པ་མི་སོག་པའོ། །ངེས་པར་དགའ་བའི་སྡོམ་པ་དེ་ཉིད་ཟས་མི་ཟ་བ་དང་སྐོམ་མི་འཐུང་པ་དང་བསམ་གཏན་དང་སྦྱོར་བ་ལ་སོགས་པའི་དཀའ་ཐུབ་དང་བཅས་པ་ལས་ངེས་པར་རྒས་པར་བྱེད་པ་སྟེ་འཛད་པའི་རྒྱུ་བྱེད་པའོ། །འཆིང་པ་ནི་ཉེས་པར་སྨྲས་པ་སུམ་བརྒྱ་དྲུག་བཅུ་རྩ་གསུམ་གྱིས་བརྟགས་པའི་ལོག་ལྟ་སྟེ་དེའང་འདི་ལྟར་དབྱིག་གུ་གསུམ་པ་དང་། འཚོ་བ་པ་དང་། ལོ་མ་ཅན་དང་། གཙང་སྦྲ་ཅན་དང་། བཅིངས་ནས་འདུག་པ་དང་། རི་ལ་གནས་པ་དང་། རྒྱལ་པོའི་བསོད་སྙོམས་ཅན་དང་། གླང་པོའི་རྒྱལ་མཚན་དང་། གོས་མེད་པ་དང་། ས་ཁུང་ན་གནས་པ་བ་དང་། ཕྱུགས་བདག་པ་དང་། ཤིན་ཏུ་ཁྲུས་བྱས་པ་དང་། ནགས་ན་གནས་པ་དང་། ལྷ་མཆོད་པ་དང་། གཅེར་བུ་པ་དང་། ཀ་རྒྱའི་བུ་དང་། བ་ལང་དང་། རྟ་དང་། རི་དྭགས་དང་། ཁྱི་དང་མི་དང་། གཞོན་ནུའི་བརྟུལ་ཞུགས་ཅན་དང་། འབྱུང་བ་ལྔ་ལ་སེམས་ཡོད་པར་སྨྲ་བ་ལ་སོགས་པའོ། །ལས་ནི་བཞི་སྟེ་ཕྱིས་མྱོང་འགྱུར་དང་། །མིང་དང་། རུས་དང་། ཚེའོ། །སྡིག་པ་ནི་ཆོས་མ་ཡིན་པའོ། །བསོད་ནམས་ནི་ཆོས་སོ། །ཐར་པ་ནི་ལས་ཐམས་ཅད་ཟད་པས་འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན་འདུག་པའི་གནས་འཇིག་རྟེན་འདུས་པ་ཅེས་བྱ་བ་སྲོག་ཡོད་པས་དངོས་པོའང་ཡིན་ལ་འཁོར་བ་ལས་ཐར་པས་དངོས་མེད་དུའང་བགྲང་པ་དེར་འགྲོ་བས་ཏེ། ཁ་བ་རྒྱ་སྤོས་མེ་ཏོག་མདོག །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་བཀན་བཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་འབྱུང་ངོ་། །ཚེ་སྔ་མའི་ལས་རྣམས་དཀའ་ཐུབ་ཀྱིས་ཟད་པར་བྱས་ནས་ལས་གསར་པ་མ་བསགས་པས་སྐྱེ་བ་ཟད་ནས་གྲོལ་བར་འདོད་པ་ནི་གྲུབ་པའི་མཐའ་སྟེ་ཁྱད་པར་དུ་འཕགས་པའི་བསྟོད་པ་ལས་ལུས་ཀྱི་དཀའ་ཐུབ་བགྱིས་པ་ཡིས། །མདུད་པ་འཇིག་པར་གཅེར་བུས་འཚལ། །ཁྱོད་ནི་ཐུགས་ཀྱི་དཀའ་ཐུབ་ཀྱིས། །མདུད་པ་འཇིག་པར་བཞེད་པ་ལགས། །ཞེས་བཤད་དོ། །འཆི་དང་ཉལ་དང་བརྟགས་བཞིན་གྱིས། །ཤིང་རྣམས་སེམས་དང་བཅས་གྲུབ་པས། །ཀུན་དགའ་ར་བ་སྐྱེད་ཚལ་སོགས། །བྱེད་པ་སྡིག་པ་ཉིད་ཡིན་ཟེར། །ཤིང་རྣམས་ནི་སེམས་པ་ཅན་ཡིན་ཏེ་ཤུན་པ་ཐམས་ཅད་བཤུས་ན་འཆི་བའི་ཕྱིར་ཞེས་བྱ་བ་དང་ནུབ་མོ་ཉལ་བའི་ཕྱིར་ཞེས་འགོད་དོ། །གཞན་ཡང་འཁྲི་ཤིང་ལ་མིག་གི་དབང་པོ་ཡོད་དེ་གོ་སྐབས་དང་བཅས་པ་ནས་སྐྱེ་ཞིང་འགྲོ་བའི་ཕྱིར་རོ། །ཆུ་ཤིང་ལ་རྣ་བའི་དབང་པོ་ཡོད་དེ་འབྲུག་གི་སྒྲ་ཐོས་པ་ན་འབྲས་བུ་འབྱིན་པའི་ཕྱིར་རོ། །ཆང་དུ་ལུང་ག་ལ་སྣའི་དབང་པོ་ཡོད་དེ། དེའི་རྩར་ཁྱི་རོའི་བཞག་པ་ན་འབྲས་བུ་འབྱིན་པའི་ཕྱིར་རོ། །ཀྱུ་རུ་ར་ལ་ལྕེའི་དབང་པོ་ཡོད་པ་ལ་བཱ་ཀུ་ལའི་ཤིང་ལ་བུ་རམ་གྱི་ཆང་ཁས་གཏོར་ཞིང་བུད་མེད་ཀྱིས་བརྒད་ན་མེ་ཏོག་གད་མོ་བྱེད་ཅིང་འབྱུང་ངོ་། །ཤིང་མྱ་ངན་མེད་མེ་ཏོག་དང་འབྲས་བུ་མི་འབྱུང་བ་ལ་བུད་མེད་ལང་ཚོ་ལ་བབ་པས་རྐང་པ་རྒྱ་སྐྱེགས་ཀྱི་ཁུ་བས་བསྐུས་ཤིང་རྐང་གདུབ་དང་ལྡན་པས་བསྣུན་ན་མེ་ཏོག་དང་འབྲས་བུ་བདེ་བ་དང་ངོ་ཚ་དང་ལྡན་པ་བཞིན་དུ་འབྱུང་བའི་ཕྱིར་དེ་དག་ལ་ཡིད་ཀྱི་དབང་པོ་ཡོད་དོ། །ཤིང་རྣམས་ནི་མཐུན་པ་ལས་སྐྱེ་ཞིང་དཔྱིད་ཀ་ལ་སོགས་པའི་དུས་སུ་སྐྱེ་བས་ཀྱང་སེམས་པ་ཅན་དུ་གྲུབ་བོ། །དེས་ན་སྙིང་རྗེ་མེད་པ་རྣམས་ཀུན་དགའ་ར་བ་དང་། ཁྲུས་ཀྱི་རྫིང་ལ་སོགས་པ་བྱེད་པ་ནི། སྡིག་པ་སྤྱོད་པ་ཡིན་ཏེ་ཇི་སྐད་དུ་ཀུན་དགའ་ར་བར་གནས་པ་དང་། །སྲོག་གཅོད་པ་ལས་རྟོགས་པར་བྱ། །གལ་ཏེ་དེར་ནི་སྲོག་ཆགས་འཆི། །སྡིག་པ་བྱེད་པ་དེ་ལ་འགོ །སེམས་དང་ལྡན་པ་དེ་འཆི་བས། །སྡིག་པ་ཆེན་པོ་ཉིད་དུ་འགྱུར། །དེ་བས་བསོད་ནམས་རྩོམ་པ་དག །དེའི་དེ་ལྟར་མི་བྱའོ་ཞེས་སྨྲས་པ་ཡིན་ནོ། །ཡང་རང་ལ་རྗེས་སུ་མི་མཐུན་པ། །དེ་ནི་གཞན་ལ་མི་བྱ་སྟེ། །འདིར་ནི་ཆོས་རྣམས་བསྡུས་པ་ཡིན། །གཞན་ནི་འདོད་པས་འཇུག་པར་བྱ། །ཞེས་སྨྲས་སོ། །ཁྱད་པར་དུ་འཕགས་པའི་བསྟོད་པ་ལས་ཀྱང་། གཅེར་བུ་ཀུན་དགའ་ར་བ་སོགས། །རྩིག་པ་སྡིག་པའི་རྒྱུ་ཞེས་ཟེར། །ཐམས་ཅད་མཁྱེན་པ་ཁྱོད་ཀྱིས་ནི། །དེ་ཉིད་བསོད་ནམས་རྒྱུ་ཞེས་གསུངས། །ཞེས་བཤད་དོ། །ཡང་སེར་སྐྱ་དང་གཟེགས་ཟན་ལ་སོགས་པ་ནི་ཐམས་ཅད་མཁྱེན་པ་དང་ཆགས་བྲལ་མ་ཡིན་ཏེ་ཡོངས་འཛིན་ཀུན་འཛིན་གཉིས་དང་ལྡན་ཞིང་སྐར་མའི་བསྟན་བཅོས་མ་བརྩམས་པའི་ཕྱིར་རོ། །གང་ཞིག་ཐམས་ཅད་མཁྱེན་པ་དང་ཆགས་བྲལ་ཡིན་པ་དེ་ནི་ཡོངས་འཛིན་ཀུན་འཛིན་གཉིས་དང་མི་ལྡན་ཞིང་སྐར་མའི་བསྟན་བཅོས་བརྩམས་པ་ཁྱབ་སྟེ་ཁྱུ་མཆོག་དང་སྟོང་རིས་ལ་སོགས་པ་བཞིན་ནོ། །ཞེས་སྨྲའོ། །འབུ་ལུ་ཀ་མ་ཤ་ལ་སོགས་པའི་སྐར་མའི་བསྟན་བཅོས་རྣམས་གཅེར་བུའི་དགེ་སློང་རྣམས་ལས་གཞན་ལ་མི་སྟེར་ལ། ལྷ་ཆེན་པོ་རྒྱལ་བའི་གཟུགས་བརྙན་ལ་མཆོད་པས་ཐར་པ་འཐོབ་པར་སྨྲ་སྟེ། ཟད་བྱེད་རྒྱལ་བའི་གཟུགས་བརྙན་རྣམས། །དད་པས་འབད་དེ་གཞོལ་བའོ། །ཞེས་བཤད་པ་ཡིན་ནོ། །གསེར་གྱི་རྒྱན་ཆ་ལ་སོགས་པ་ནི་རང་གཞན་གཉིས་ཀ་ལས་སྐྱེ་བར་འདོད་དོ། །ད་ནི་དེ་དགག་པ་བཤད་དེ། །སྣ་ཚོགས་གཅིག་པ་སྔར་གསལ་ཟིན། །ས་སོགས་གོམས་པའི་མངོན་སུམ་གྱིས། །སྲོག་ནི་མ་དམིགས་ཕྱིར་ན་མེད། །ལུས་སེམས་གདུང་བའི་དཀའ་ཐུབ་ཀྱིས། །སེམས་ཀྱི་ཟག་པ་མི་འཛད་དེ། །ཟག་པ་རྣམས་ལ་མི་འགལ་ཕྱིར། །དཔེར་ན་གཤེད་མའི་བརྩོན་བཞིན་ནོ། །ཅི་ཏེ་ལས་རྣམས་དཀའ་ཐུབ་ཀྱིས། །ཟད་ཀྱང་ཉོན་མོངས་མ་ཟད་ན། །འཁོར་བའི་འཆིང་ལས་མི་གྲོལ་ཏེ། །སླར་ཡང་ཉོན་མོངས་ལ་སོགས་ཕྱིར། །ཐར་པ་གདུགས་ཀྱི་དབྱིབས་འདྲ་བར། །གྲོལ་བ་སུའང་སོང་བ་མེད། །སྲོག་དང་དབང་པོ་རྣམ་པར་ཤེས། །འགག་པ་འཆི་བའི་མཚན་ཉིད་ཡིན། །དེ་ནི་ཤིང་ལ་མ་གྲུབ་ཉིད། །ནུབ་མོ་ལོ་མ་འཁུམས་པ་ཡང་། །ཉལ་བའི་དོན་དུ་ངེད་མི་འདོད། །རྣམ་ཤེས་དབང་པོ་ལ་འདུས་པའི། །ཉལ་བ་དེ་ལ་མ་གྲུབ་སྟེ། །ཤིང་ལ་དབང་པོ་མ་གྲུབ་ཕྱིར། །འདི་ལྟར་མིག་མེད་ཀྱང་ཁབ་ལེན་གྱིས་ལྕགས་རྙེད་ལ། རིན་པོ་ཆེ་གསེར་གྱི་མྱུ་གུ་ཞེས་བྱ་བ་ལ་རྣ་བའི་དབང་པོ་མེད་ཀྱང་ཆུ་འཛིན་གྱི་སྒྲ་སྒྲོགས་པའི་དུས་སུ་སྐྱེ་ཞིང་འཕེལ་ལོ། །རྣ་དང་ལྕེ་མེད་ཀྱང་ཁྲག་དྲིའི་རྗེས་སུ་འབྲང་ཞིང་རྒྱུག་གོ །རྟེན་འབྲེལ་ཅུང་ཟད་ཀྱིས་མེ་ཏོག་དང་འབྲས་བུ་འབྱིན་པ་ལ་སོགས་པ་ནི་འཁྱུད་སྤྱད་ཀྱི་ལས་ཡིན་ཏེ་སེམས་མེད་པའི་འཁྱུད་སྤྱད་གཞན་བཞིན་ནོ། །འདིར་སྤྱད་ཀྱང་མི་བཟོད་པ་མེད་པའི་ཕྱིར་དང་། འདྲ་བ་ལས་སྐྱེ་ཞིང་འཕེལ་བ་མཛེ་དང་། ལྷོག་པ་ལ་སོགས་པས་མ་ངེས་པའི་ཕྱིར་དང་དུས་སུ་སྐྱེ་བ་རླུང་འཁྲིས་བད་ཀན་ལ་སོགས་པས་མ་ངེས་པའི་ཕྱིར་སེམས་མེད་དོ། །གཞན་དུ་ན་ཁྱེད་ཀྱང་སེམས་རྣམས་ཀྱི་ཤ་ལ་ཟ་བ་དང་ཁྲག་ལ་འཐུང་བ་ལ་སོགས་པར་འགྱུར་ཏེ་ཤིང་ཐོག་རྣམས་ཟ་ཞིང་དེའི་ཁུ་བ་འགའ་ཞིག་འཐུང་བའི་ཕྱིར་རྟོག་གེ་འབར་བ་ལས་ཀྱང་ལྷོག་པ་བྱུ་རུ་བཻཌཱུརྻ། རིན་ཆེན་གསེར་གྱི་མྱུག་སོགས་ཀྱིས། །ཤིང་རྣམས་སེམས་དང་བཅས་པ་ནི། །འདི་ལྟར་མ་ངེས་པ་ཉིད་ཡིན། །སེམས་ཅན་རྣམས་ཀྱི་ལས་དབང་གིས། །རྩ་བས་འཐུང་བ་དུས་སུ་སྐྱེ། །དམྱལ་བ་དང་ནི་མཐོ་རིས་ཀྱི། །མཚོན་དང་དཔག་བསམ་ཤིང་བཞིན་ནོ། །གཅེར་བུར་རྒྱུ་བས་ཐུབ་པ་ལ། །ཀུན་མ་བསྟན་པས་ཀུན་མཁྱེན་མིན། །ཞེས་སྨྲས། ཁྱུ་མཆོག་སོགས་མ་ངེས། ཞེས་བཤད་དོ། །གྲུབ་པའི་མཐའ་བཤད་པ་ལས་གཅེར་བུ་པ་བརྟགས་པའི་རབ་ཏུ་དབྱེ་བ་སྟེ་བཅུ་གསུམ་པའོ།།  །།

 

སྟོན་པ་དྲུག་སོགས་བརྟག་པ།

 

ད་ནི་སྟོན་པ་དྲུག་གི་འདོད་པ་བཤད་དེ་ཕལ་ཆེར་ཆད་པ་སྨྲ་བ་སྟེ། །ལ་ལ་རྟག་ཆད་འདྲེས་པར་སྨྲ། །དེ་ལ་སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་དང་འགྲོ་སྐྱོང་གི་བུ་རྫོགས་བྱེད་གསུམ་ནི་ཆད་སྨྲ་ཡིན་པས་རིམ་པ་བཞིན་བྱེད་པ་མེད་པ་དང་། རྒྱུ་མེད་པ་དང་ཚེ་སྔ་ཕྱི་དང་ཐར་པ་དང་ལས་དགེ་སྡིག་དང་ཕ་མ་ལ་སོགས་པ་མེད་པར་འདོད་དེ་རྫོགས་བྱེད་ཀྱིས་དབང་པོ་རྣམས་ནི་གཡོ་བ་དང་བུད་མེད་རྣམས་ནི་དགའ་འདོད་པས། ཟླ་མཚན་དུས་སུ་བདག་སྐྱེས་ཏེ། །དེ་ལ་ཁྱོད་ཀྱིས་ཅི་ཞིག་བྱ། །ཞེས་སྨྲས་པ་ཡིན་ཏེ། བརྫུས་སྐྱེས་དང་དྲོད་བཤེར་ལས་སྐྱེས་པ་ལ་ཕ་མ་མེད་པའི་ཕྱིར་རོ། །ཀ་རྒྱའི་བུ་ནོག་ཅན་གྱི་ལྟ་བ་ནི་རྟག་ཆད་འདྲེས་པ་ཡིན་ཏེ་བདག་དང་འཇིག་རྟེན་རྟག་མི་རྟག་གཉིས་ཀ་ཡིན་པ་དང་ཡོད་མིན་མེད་མིན་ལ་སོགས་པ་སྨྲ་བའི་ཕྱིར་རོ། །གཅེར་བུ་པ་གཉེན་གྱི་བུའི་ལྟ་བ་ནི་ལས་རྒྱུར་སྨྲ་བ་སྟེ་ལས་ཟད་ན་གྲོལ་བར་འདོད་དོ། །མི་ཕམ་སྐྲའི་ལྭ་བ་ཅན། །དུས་ཟད་ནས་ནི་གྲོལ་བར་འདོད། །འཁོར་བ་ལས་དུས་ཇི་ཙམ་ན་ཐར་བར་འགྱུར། །ཞེ་ན། ཐུབ་མེད་སྐྲའི་ལྭ་བ་ཅན་ན་རེ་དུད་འགྲོའི་བྱེ་བྲག་ལ་སོགས་པ་སྐྱེ་གནས་ཀྱི་གཙོ་བོ་ཁྲི་ཆིག་སྟོང་དུ་སྐྱེ་དགོས་སོ། །རྟོག་པའི་ལྟ་བ་ཆེན་པོ་དྲུག་ཁྲི་དང་དྲུག་བརྒྱ་རྒྱུད་ལ་བསྐྱེད་དགོས་སོ། །བྲམ་ཟེ་དང་བ་ལང་གསོད་པ་དང་གསེར་རྐུ་བ་དང་ཆང་འཐུང་བ་དང་བླ་མའི་ཆུང་མ་ལ་སྤྱོད་པའི་ལས་ལྔ་དང་སྒོ་གསུམ་ལས་གསུམ་དང་། རང་དང་གཞན་བྱེད་དུ་འཇུག་པའི་ལས་གཉིས་དང་བྱས་པའི་ལས་རིལ་པོ་དང་། བསམ་པའི་ལས་ལ་ལས་ཕྱེད་དུ་བྱས་པ་དང་། དེ་གཉིས་ཚོགས་པའི་ལས་ཟུང་དང་། ཡང་ན་ལྔ་པོ་ལས་གཞན་པ་ལས་ཕྱེད་དང་། ཟས་མི་ཟ་བ་དང་མེར་འཇུག་པ་དང་རི་ལས་འཕྱོང་པ་དང་ཆུར་འཇུག་པ་དང་རལ་པ་ཐོགས་པ་དང་ཐལ་བ་འབྱུག་པ་དང་། གཡང་གཞི་ཐོགས་པ་དང་། དབྱུག་པ་ལ་སོགས་པ་ཐར་པའི་ལམ་དྲུག་བཅུ་རྩ་གཉིས་དང་། རྟོག་པ་སྟེ་ལྟ་ངན་ནམ་བར་བསྐལ་དྲུག་བཅུ་རྩ་གཉིས་དང་ཚ་དམྱལ་བརྒྱད་ལ་འཁོར་ལྷག་པ་བཅུ་དྲུག་གི་སེམས་ཅན་དམྱལ་བ་བརྒྱ་ཉི་ཤུ་རྩ་བརྒྱད་དང་། མིག་དང་རྣ་བ་དང་སྣ་གསུམ་གཉིས་གཉིས་དང་། ལྕེ་དང་ལུས་དང་སྲོག་དང་ཡིད་དང་བདེ་སྡུག་གཉིས་དང་། ཡིད་བདེ་ཡིད་མི་བདེ་གཉིས་དང་། བཏང་སྙོམས་དང་དད་པ་ལ་སོགས་པ་ལྔ་འགྲོ་བ་དྲུག་དང་སྦྱར་བས་དབང་པོ་བརྒྱ་ཉི་ཤུ་དང་། རྡུལ་ཏེ་ཕྲ་རྒྱས་ཀྱི་ཁམས་དྲུག་བཅུ་རྩ་གཉིས་དང་། ཀླུ་དང་ཁྱུང་གཉིས་སྐྱེ་གནས་ཀྱི་རིགས་བཞི་ཡོད་པ་དང་། མུ་སྟེགས་ཀུན་ཏུ་ཚོ་མེ་དང་རྩིས་ལ་སོགས་པ་དང་། གཅེར་བུ་པའི་རབ་བྱུང་སྟེ་ལྔ་ལ་བཞི་ཁྲི་དགུ་སྟོང་དང་། འདུ་ཤེས་ཅན་དང་འདུ་ཤེས་མེད་པའི་སྙོམས་འཇུག་དང་། གཅེར་བུ་པའི་གནས་དང་ལྷ་མ་ཡིན་དང་ཤ་ཟ་དང་། ལྷ་དང་མིར་ལན་བདུན་དང་། མ་དྲོས་པ་ལ་སོགས་པའི་མཚོ་བདུན་དང་། དེ་ལས་གཞན་པའི་མཚོ་བརྒྱར་ཁྲུས་བྱ་དགོས་སོ། །རྨི་ལམ་ཡུན་རིང་པོ་བདུན་དང་། །ཐུང་ངུ་བདུན་བརྒྱ་རྨི་དགོས་སོ། །ཡོན་ཏན་འཕེལ་འགྲིབ་ཀྱི་འབྲི་བ་ཆེན་པོ་བདུན་དང་། དེ་བདུན་བརྒྱ་དང་། འཕེལ་པ་ཆེན་པོ་བདུན་དང་། དེ་བདུན་བརྒྱ་དང་འཕེལ་བ་སྟེ་ཚངས་པ་དང་། སད་པ་སྟེ་འདོད་ལྷ་དང་གཡང་ས་ངམ་གྲོག་རྣམས་ལའང་བདུན་དང་བདུན་བརྒྱ་དང་། ནག་པོའི་རིགས་བཙུན་པ་ཤན་པ་དང་། སྔོན་པོའི་ཀུན་ཏུ་འཚོ་བ་ཡིས་ཉན་ཐོས་ཁྱིམ་པ་དང་། སེར་པོའི་ཀུན་ཏུ་འཚོ་བའི་རབ་བྱུང་དང་། དམར་པོའི་ཤཱཀྱ་བའི་རབ་བྱུང་དང་། དཀར་པོའི་གཅེར་བུ་བའི་རབ་བྱུང་དང་། མཆོག་ཏུ་དཀར་བའི་རིགས་བཙུན་པ་ནན་ད་དང་། བད་པ་དང་། ཀྲི་ཀི་དང་། སམ་ཀྲི་ཀི་དང་། གནག་ལྷས་ཀྱི་བུ་ཀུན་ཏུ་རྒྱུ་སྟེ་རིགས་བཙུན་པ་དྲུག་དང་། མངོན་པར་འཚོ་བ་བཅུ་སྟེ་འདོད་ཆགས་དང་བྲལ་བའི་ལམ་བཅུའམ། །ཡང་ན་མི་དང་ལྷའི་རྒྱལ་པོ་བཞི་བཞི་སྟེ་བརྒྱད་དང་། བརྒྱ་བྱིན་དང་བདུན་ནོ། །སྐྱེས་བུ་ཆེན་པོའི་ས་བརྒྱད་ནི་ཚངས་པའི་གནས་གཞན་བརྒྱད་དོ། །ཡང་ན་གཙོ་བོ་དང་། དབང་ཕྱུག་དང་། ཕྲ་བ་དང་། ཆེན་པོ་དང་། ཐག་རིང་པོ་མཐོང་བ་དང་ཐོས་པ་དང་དྲན་པ་དང་རྣམ་པར་ཤེས་པ་སྟེ། དེ་དག་གིས་ཐམས་ཅད་ཤེས་པ་དང་བརྡ་སྤྲོད་པ་དང་ཅི་འདོད་པར་སྤྲོད་པ་དང་། ཐོགས་པ་མེད་པ་སྟེ་བྱ་བ་བཞི་བྱེད་དོ། །དེ་དག་ཏུ་བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དུ་བར་དོར་མཚམས་སྦྱར་ཞིང་སྐྱེ་སྲིད་དུ་འཁོར་ནས་སྡུག་བསྔལ་ཟད་པའི་ཐར་པ་ཐོབ་པར་བྱེད་དོ་ཞེས་ཟེར་རོ། །འདི་འབྱུང་བ་བཞི་དང་བདེ་སྡུག་དང་སྲོག་ཏེ་བདུན་ནི་རྟག་ལ་ཡར་སྐྱེ་དང་མར་འགྲིབ་གཉིས་མེད་པར་འདོད་དོ། །དྲུག་པོ་ཐམས་ཅད་ཀྱང་རྟོག་གེ་དང་བསམ་གཏན་གཉིས་ལས་བྱུང་བའི་ལྟ་བ་ཡིན་ནོ། །ད་ནི་དེ་དག་ཏུ་མ་འདུས་པ་ཡོན་ཏན་དུ་སྨྲ་བ་ལ་སོགས་པའི་ལུགས་བཤད་དེ། མུ་སྟེགས་བྱེད་པ་ཁ་ཅིག་ནི། །དུས་དང་ལྷའི་ཡོན་ཏན་སྨྲ། །དུས་རྒྱུར་སྨྲ་བ་རྣམས་ན་རེ། །འབྱུང་བ་རྣམས་ནི་དུས་ཀྱིས་འབྱིན། །སྐྱེ་དགུ་རྣམས་སྡུད་དུས་ཀྱིས་བྱེད། །དུས་ཀྱི་གཉིད་ལོག་སད་བྱེད་པས། །དུས་ནི་འདའ་བར་དཀའ་བ་ཡིན། །སྲུང་བ་སུམ་རྩེགས་འབོས་ནི་རྒྱ་མཚོ་དང་། །དམག་མི་སྲིན་པོ་ནོར་ནི་གནོད་སྦྱིན་སྦྱོར། །གང་གི་བསྟན་བཅོས་པ་ཚངས་ཚད་མཉམ་པའི་སྒྲ་བསྒྲོགས་བུ་དེའང་དུས་ཀྱི་དབང་གིས་ཉམས་ཞེས་ཐམས་ཅད་དུས་ཀྱི་ཡོན་ཏན་དུ་འདོད་དོ། །ཡང་ལ་ལ་ནི་དབང་ཕྱུག་དང་ཁྱབ་འཇུག་དང་ཆུ་ལྷ་དང་རྣམ་ཐོས་སྲས་དང་། ཉི་མ་དང་ཟླ་བ་དང་མེ་ལྷ་དང་ཚོགས་ཀྱི་བདག་པོ་དང་རྒྱལ་བར་བྱེད་པ་དང་སྦྲང་རྩིར་བྱེད་པ་དང་། འབྲིང་གི་རི་ཏི་དང་། དགའ་བྱེད་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དུ་སྨྲ་ཞིང་དེ་དག་དང་དེ་དག་གི་གཟུགས་བརྙན་ལ་སྲོག་ཆགས་བསད་པའི་མཆོད་སྦྱིན་བྱེད་དོ། །དྲང་སྲོང་རྒྱས་པ་གླིང་ལས་སྐྱེས། །མཐོ་རིས་རྒྱུ་ནི་གཞན་དུ་འདོད། གླིང་ལས་སྐྱེས་ཀྱང་དྲང་སྲོང་རྒྱས་པའི་མིང་ངོ་། །དེ་ནི་འཐབ་སར་བསད་པའི་སྐྱེས་བུ་བདེ་འགྲོར་སྐྱེ་བར་སྨྲ་སྟེ། སྣ་ཚོགས་རྒྱན་གྱིས་བརྒྱན་པ་ཡི། །ལྷའི་བུ་མོ་འོངས་ནས་ནི། །གཡུལ་ངོར་བསད་པ་ཡོངས་གྱུར་སྟེ། །ལྷའི་ཁྱིམ་དུ་འཁྱེར་བར་འགྱུར། །ཞེས་སྨྲས་པ་ཡིན་ནོ། །འདི་ནི་བོད་ཁ་ཅིག་ཀྱང་འདོད་དོ། །ཁྱད་པར་དུ་འཕགས་པའི་བསྟོད་པ་ལས་ཀྱང་ཁྲོས་པས་གཡུལ་ངོར་བསད་ན་ནི། བདེ་འགྲོར་འགྱུར་ཞེས་རྒྱས་པ་སྨྲ། །མགོན་པོ་ཁྱོད་ཀྱིས་གནས་སྐབས་དེའི། །སེམས་ནི་ངན་འགྲོར་ཡིན་ཞེས་གསུངས། །ཞེས་བཤད་དོ། །ཡང་དྲང་སྲོང་རྒྱས་པས། གོམ་གང་བཀྲུས་ནས་དག་པ་ཡི། །ལུས་དང་ངག་དང་ཡིད་འཇུག་པ། །ཁྱད་པར་ཕྲ་མོ་ཙམ་ཡང་ནི། །འབྱུང་པོ་རྣམས་ལ་མ་མཐོང་ངོ་། །ཞེས་སྨྲས་ཏེ་མཐོ་རིས་ཀྱི་རྒྱུ་ནི་དེ་ལྟ་བུར་འདོད་དོ། །ཐར་པ་ཕྱིན་པས་ཐོབ་ཅེས་ཟེར། །ཐར་པ་ནི་ཉི་མའི་དཀྱིལ་ནས་འགྲོ་བར་འདོད་དེ་དྲང་སྲོང་རྒྱས་པའི་བུ་ནེ་ཙོ་ཞེས་བྱ་བས་འཁོར་བས་ཡིད་སྐྱོ་ནས་ཐར་པའི་གྲོང་ཁྱེར་དུ་འགྲོ་བར་འདོད་དེ་རྒྱལ་པོ་སྐྱེད་པ་པོ་ཞེས་པ་ལ་མན་ངག་ཞུས་པས་རྫུ་འཕྲུལ་ཐོབ་སྟེ་ཉི་མའི་དཀྱིལ་འཁོར་གྱི་དབུས་བརྟོལ་ནས་ཐར་པའི་གྲོང་ཁྱེར་དུ་ཞུགས་སོ་ཞེས་ཟེར་རོ། །ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། ནེ་ཙོས་ཉི་མ་བཏོལ་ནས་ནི། །ཐར་བར་མཆིས་པར་བཤད་ཅེས་གྲག །ཁྱོད་ནི་མྱ་ངན་འདས་རྙེད་ལ། །གང་དུ་ཡང་ནི་གཤེགས་མ་མཆིས། །ཞེས་བྱ་བ་དང་། མུ་སྟེགས་བྱེད་པ་ཁ་ཅིག་ནི། །ཐར་པ་འགྲོ་དང་ལྡན་པར་སྨྲ། །གང་ལ་འགྲོ་ཡོད་དེ་འཁོར་བར། །ཁྱོད་ཀྱིས་ཐུགས་སུ་ཆུད་ནས་བསྟན། །ཞེས་བཤད་དོ། །གཞན་དག་གནས་སྐབས་གཞན་ལ་འདོད། ཕྱི་རོལ་པ་ལ་ལ་ནི་ཡེ་ཤེས་ཀྱིས་ལས་དང་ཉོན་མོངས་པ་ཟད་ཅིང་སྐྱེས་བུའི་ལུས་དབང་པོ་སྡུག་བསྔལ་བར་མི་འགྱུར་བ་ལ་ཐར་པར་འདོད་དོ། །ཕྱི་རོལ་པ་ཁ་ཅིག་ནི་འདོད་པའི་བདེ་བ་ཐམས་ཅད་ཕུན་སུམ་ཚོགས་ཤིང་རྟག་ཏུ་ཤེས་པའི་ཁྱད་པར་ལ་གོམས་པས་བསྒྲུབ་པའི་གནས་སྐབས་ཀྱི་ཁྱད་པར་ལ་འདོད་དོ། །དགེ་སྡིག་གཞན་རྣམས་ཀྱིས་ཡོད་པར་སྨྲ། གཞན་གྱི་བྱས་པའི་དགེ་སྡིག་གཞན་ལ་བྱིན་ནམ་དེ་གཞན་གྱིས་བླངས་ན་ནི་གཞན་ལ་འཕོ་བར་འདོད་དེ་ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། བྲམ་ཟེ་རྣམས་ནི་དགེ་སྡིག་དག །སྦྱིན་པ་ལེན་བཞིན་འཕོ་བར་སྨྲ། །ཁྱོད་ཀྱིས་བྱས་ཆུད་མི་ཟ་དང་། །མ་བྱས་པ་དང་ཕྲད་མེད་གསུངས། །ཞེས་བཤད་དོ། །འདི་ནི་བོད་ཁ་ཅིག་ཀྱང་དེ་ལྟར་འདོད་དོ། །མུ་སྟེགས་བྱེད་ལ་ལ་ནི་བདག་སྐྲ་རྩེ་འབུམ་གྱིས་ཆ་ཙམ་དང་ཉུངས་འབྲུ་ཙམ་དང་ཤེལ་གོང་དག་པ་ལྟ་བུ་མཐེ་བོང་ཙམ་དང་རི་རབ་ཙམ་བསྟན་པར་མི་འདོད་ལ་བྱ་བ་དམིགས་པའི་གཏན་ཚིགས་ཀྱིས་བདག་བསྒྲུབ་སྟེ་གང་ན་གང་གི་བྱ་བ་དམིགས་པ་དེ་ན་ནི་དེ་ཡོད་པ་ཡིན་ཏེ་སྨིན་པ་ལ་སོགས་པའི་བྱ་བ་དམིགས་པ་ན་མེ་ཡོད་པ་བཞིན་ནོ། །ཕུང་པོ་རྣམས་ལའང་བདག་གི་བྱ་བ་བྱེད་པ་པོ་དང་སྤྱོད་པ་པོ་དང་འགྲོ་བ་པོ་དང་སྟོན་པ་པོ་ལ་སོགས་པ་དམིགས་པ་ཡིན་ནོ། །དེ་དག་མེད་ན་ནི་བྱ་བ་མེད་དེ་རི་བོང་གི་མགོ་བཞིན་ནོ། །དེས་ན་འདི་སྐད་ཅེས། ཕུང་པོ་སྐད་ཅིག་སྨྲ་བ་ཡི། །ཤཱཀྱ་པ་དག་བདག་མེད་ན། །མཐོ་རིས་ཐར་ལ་དགོས་པ་ཡི། །འབད་པ་དོན་མེད་ཉིད་དུ་འགྱུར། །ཞེས་ཟེར་རོ། །དེ་ལྟར་ཕྱི་རོལ་པའི་འདོད་ཚུལ་སྣ་ཚོགས་པ་བཤད་ནས་ད་ནི་བསྡུ་བ་བཤད་དེ། དེ་འདྲའི་འདོད་ཚུལ་སྣ་ཚོགས་ཀུན། །རྣམ་པ་གསུམ་དང་བཞི་དང་ལྔར། །ལུས་ཞེས་ཁ་ཅིག་སྨྲ་མོད་ཀྱི། །དེ་འདྲ་གསལ་བར་བཤད་པ་མེད། །སྔོན་གྱི་སློབ་དཔོན་ཁ་ཅིག་ན་རེ་ཇི་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པ་བཞིས་བསྡུས་པ་ལྟར་མུ་སྟེགས་བྱེད་རྣམས་ཀྱང་ཡོན་ཏན་ཅན་དང་གྲངས་ཅན་དང་ཚངས་པ་བ་གསུམ་གྱིས་བསྡུས་པ་ཡིན་ཏེ། གཞན་རྣམས་ནི་དེ་དག་ལས་གྱེས་པ་ཡིན་ནོ། །དེ་སྐད་དུའང་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། དབང་ཕྱུག་ལ་སོགས་ཡོན་ཏན་འདོད། །གྲངས་ཅན་སྨྲ་རྣམས་ཡོན་ཏན་མེད། །ཚངས་པ་འདོད་པ་བྲམ་ཟེ་རྣམས། །འདི་རྣམས་དེ་ཉིད་རྣམ་གསུམ་གནས་ཞེས་བཤད་པ་ཡིན་ཟེར་རོ། །རྟོག་གེ་འབར་བ་ལས་ནི་གྲངས་ཅན་པ་དང་། བྱེ་བྲག་པ་དང་། རིག་བྱེད་ཀྱི་མཐའ་གསང་པ་བ་དང་། དཔྱོད་པ་ཅན་སྟེ་བཞིར་བཤད་དོ། །བོད་ཀྱི་སློབ་དཔོན་རྣམས་ནི་རྒྱང་འཕེན་པ་དང་གྲངས་ཅན་པ་དང་། དབང་ཕྱུག་པ་དང་། ཁྱབ་འཇུག་པ་དང་། གཅེར་བུ་པ་སྟེ་ལྔ་ཡིན། ཞེས་ཟེར་རོ། །ཁ་ཅིག་ནི་རྒྱང་ཕན་པ་དང་། གཅེར་བུ་པ་ནི་གྲངས་ཅན་ལས་གྱེས་སོ་ཞེས་ཟེར་རོ། །དེ་དག་ནི་དེ་ལྟར་གསལ་བར་བཤད་པ་མེད་དེ་འདི་ལྟར་དབང་ཕྱུག་དང་། ཁྱབ་འཇུག་དང་། ཚངས་པ་གསུམ་ནི་མུ་སྟེགས་ཕལ་ཆེ་བ་ལྷར་འཛིན་ལ་རིག་བྱེད་ནི་ཕལ་ཆེ་བས་ཆོས་སུ་འཛིན་ནོ། །དེས་ན་ལྷ་དང་ཆོས་ཀྱི་སྒོ་ནས་བསྡུས་ན་དེ་རྣམས་ཕལ་ཆེར་བསྡུ་དགོས་སོ། །སྟོན་པ་དང་འདོད་ཚུལ་ལ་སོགས་པའི་སྒོ་ནས་ནི་སྔར་བཤད་པ་ཁོ་ན་ལྟར་གཞུང་ལུགས་དུ་མ་ལས་གསལ་བར་བཤད་དོ། །དེས་ན་རྟག་ཆད་གཉིས་སུ་འདུས་པར་བཤད་པ་དེ་ཉིད་ཡིན་ནོ་ཞེས་གནས་སོ། །བདག་དུ་སྨྲ་བ་རྣམས་ཀྱང་བདག་ཁྱབ་པ་དང་མ་ཁྱབ་པ་དང་ཚད་དང་བཅས་པ་དང་ཚད་མེད་པ་དང་། བེམས་པོར་འདོད་པ་དང་རིག་པར་འདོད་པ་དང་། བློ་འདོད་པ་དང་། བློ་མ་ཡིན་པར་འདོད་པ་དང་། གཅིག་པུར་འདོད་པ་དང་། དུ་མར་འདོད་པ་དང་། རྣམ་བཅས་སུ་འདོད་པ་དང་། རྣམ་མེད་དུ་འདོད་པ་རྣམས་སྔར་བཤད་པ་བཞིན་མ་འདྲེས་པར་ཤེས་པར་བྱའོ། །ད་ནི་དེ་དགག་པར་བྱ་སྟེ། ཆད་ལྟ་ལ་སོགས་སྔར་བཀག་ཟིན། །སྣ་ཚོགས་སྐྱེ་བའི་དུས་ཟད་པ། །ཉོན་མོངས་མི་འཛད་དེའི་ཕྱིར། །དུས་ཟད་པས་ནི་གྲོལ་མི་འགྱུར། །ས་ལ་སོགས་བའི་རྡུལ་ཕྲན་རྣམས། །དྲོ་དང་གྲང་ལ་དབྱར་དགུན་འདོགས། །དེ་བཞིན་ཉི་མ་འཆར་ནུབ་ལ། །ཉིན་མཚན་དུས་འདོགས་ཚེ་ཟད་ལ། །འཆི་བའི་དུས་ཞེས་བཏགས་པ་ཡིན། །དེས་ན་དུས་ནི་རྫས་སུ་མེད། །རྫས་སུ་མ་གྲུབ་རྒྱུར་མི་རུང་། །ཉི་ཟླ་ཚོགས་ཀྱི་བདག་པོ་སོགས། །འཁོར་བའི་ཆོས་ལས་དེ་མ་གྲོལ། །དེ་མཆོད་ཐར་པ་ཐོབ་མི་སྲིད། །འཆི་སེམས་ཞེ་སྡང་གིས་སྦྱར་ལ། །བདེ་འགྲོ་མི་སྲིད་སྒོ་གསུམ་སྡིག །གངྒཱས་འདག་པ་སྔར་བཀག་ཟིན། །གཞན་གྱིས་བྱས་པའི་གཞན་སྤྱོད་ན། །བྱས་པ་ཆུད་ཟོས་དེ་བཞིན་དུ། །མ་བྱས་པ་དང་ཕྲད་པར་འགྱུར། །ཕ་ཡིས་ཁ་ཟས་ཟོས་པ་ཡིས། །བུ་རྣམས་འགྲངས་བར་འགྱུར་བ་མཚར། །བྱེད་པོ་སྤྱོད་པོ་ལ་སོགས་པ། །བདག་མིན་མི་རྟག་རྣམ་ཤེས་ཡིན། །ཉི་མའི་དཀྱིལ་གྱི་ཐར་པ་དེ། །སྒྲ་གཅན་གྱིས་ནི་ཟ་བར་འགྱུར། །རྒྱལ་པོ་སྐྱེད་པ་པོ་ནི་དཀའ་ཐུབ་ལ་གནས་པས་རྣལ་འབྱོར་གྱི་ལམ་ལ་སློབ་དཔོན་གྱི་གོ་འཕང་ཐོབ་ནས་ཚེའི་དུས་བྱས་པ་ན་ལུས་དང་བྲལ་ནས་ཐར་པར་སོང་ལ་སློབ་མ་ནེ་ཙོ་ནི་ལུས་དེ་ཉིད་ཀྱིས་མ་ཤི་བར་ཐར་པར་སོང་སྟེ་དེའི་ཕྱིར་ཁྱེད་ཀྱི་ཐར་པ་ནི་མི་མཐུན་པ་ཡིན་ལ་ཁོ་བོ་ཅག་ནི་མཐུན་པ་ཡིན་ཏེ་ཐར་པ་གཞན་གྱུར་སྐྱེད་པ་དང་། ཁྱོད་ཉིད་ལམ་གང་ནས་གཤེགས་པ། །དེ་ཉིད་ནས་ནི་སློབ་མའང་མཆི་ཅེས་བཤད་དོ། །རྟ་དམར་གྱིས་ཞུས་པའི་མདོ་ལས་ཀྱང་། རྟ་དམར་གང་དུ་སྐྱེ་བ་མེད་པ་འཆི་བ་མེད་པ་དང་། །འབྱུང་བ་མེད་པ་དེ་ནི་འགྲོ་བས་ཐོབ་པར་ང་མི་སྨྲའོ། །ཞེས་གསུངས་སོ། །རྣམ་འགྲེལ་རིག་བྱེད་ཚད་མ་དང་ནི་འགས་བྱེད་སྨྲ། །ཁྲུས་ལས་ཆོས་འདོད་དང་ནི་རིགས་སྨྲས་དྲེགས། །སྡིག་པ་གཞོམ་ཕྱིར་གདུང་བ་རྩོམ་ཞེས་པ། །བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ་ཡིན། །ཞེས་མུ་སྟེགས་བྱེད་ཐམས་ཅད་ལ་སྨད་པ་མཛད་དོ། །གྲུབ་པའི་མཐའ་བཤད་པ་ལས་སྟོན་པ་དྲུག་དང་ཡོན་ཏན་དུ་སྨྲ་བ་ལ་སོགས་པ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཅུ་བཞི་པའོ།།  །།

 

གྲུབ་མཐའ་བརྟེན་པའི་རབ་བྱེད།

 

ད་ནི་མུ་སྟེགས་བྱེད་དང་ཆ་མཐུན་པའི་འདོད་ཚུལ་རྣམས་བཤད་དེ། གཞན་ཡང་མུ་སྟེགས་ཆ་མཐུན་ཀྱང་། །མུ་སྟེགས་ཡིན་ཞེས་ཁས་མི་ལེན། །སངས་རྒྱས་པའང་མ་ཡིན་པའི། །གྲུབ་མཐའི་འདོད་ཚུལ་སྣ་ཚོགས་ཡོད། །འཁོར་བ་གྲོལ་བར་བྱེད་པའི་གྲུབ་མཐའ་ཞེས་བྱ་བ་ལས་ནི་མཐའ་འཁོབ་ཏུ་སྲོག་ཆགས་དུ་མ་གསད་པ་ཐར་པའི་ཐབས་སུ་འདོད་དོ། །ནམ་མཁའི་ལྷས་བསྟན་པའི་གྲུབ་མཐའ་ཞེས་བྱ་བ་ལས་ནི་གསེར་གྱི་སྣོད་དུ་གྲོག་མོ་རྣམས་གསེར་གྱི་ཁབ་ཀྱིས་ཕུག་ནས་བསད་ན་འཁོར་བ་ལས་གྲོལ་ལོ་ཞེས་འབྱུང་སྟེ་འདི་དང་པོ་ཚངས་པས་རང་གིས་བསྐྱེད་པའི་ནམ་མཁའ་ལྷ་ལ་བཤད་ནས་དེས་བསྟན་པར་འདོད་དོ། །ཡང་འཇིག་རྟེན་པ་ཁ་ཅིག་ནི་རྒྱལ་པོ་སྐྱ་སེང་གི་བཙུན་མོ་ཀུན་ཏི་ཞེས་བྱ་བ་ལ་ཆོས་ཞེས་བྱ་བའི་ལྷའི་བུ་གཡུལ་ངོར་བརྟན་པ་དང་། རླུང་ལྷའི་བུ་འཇིགས་སྡེ་དང་། བརྒྱ་བྱིན་གྱི་བུ་སྲིད་སྒྲུབ་དང་། བཙུན་མོ་མ་ཏྲི་ལ་ལྷའི་སྨན་པ་ཐ་སྐར་གྱི་བུ་ལྷར་བཅས་དང་ན་ཀུ་ལ་གཉིས་མཚེ་མར་སྐྱེས་པ་སྟེ་ལྔའི་མིང་བརྗོད་ན་བསོད་ནམས་ཆེན་པོ་འབྱུང་བར་འདོད་དེ། མཁས་པས་སྐྱ་སེང་བུ་རྣམས་ཀྱི། །མིང་ནི་བཟུང་བ་ཙམ་གྱིས་ཀྱང་། །བསོད་ནམས་ཚེ་དང་ལྡན་པར་ནི། །འགྱུར་བ་ཉིད་དུ་ཐེ་ཚོམ་མེད། །ཅེས་ཟེར་བ་ཡིན་ནོ། །ཡང་མ་ཁ་ཏ་དང་པར་སིག་པ་ལ་སོགས་པའི་ཀླ་ཀློ་རྣམས་ནི་གྲོག་མ་ལ་སོགས་པ་ནི་ས་ལ་གནོད་པས་བསད་ཀྱང་སྡིག་མེད་དོ་ཞེས་ཟེར་བ་དང་། སྔགས་ཀྱིས་བཏབ་པའི་མཚོན་གྱིས་བསད་པ་རྣམས་ནི་རང་གི་འཁོར་དུ་སྐྱེ་ཞིང་ཕན་ཚུན་དུ་གཉིས་ཀའི་ཚོགས་རྫོགས་པར་འགྱུར་རོ་ཞེས་ཟེར་བ་དང་། ཤི་བའི་རོ་དང་ལྷན་ཅིག་བཞག་པའི་ནོར་དང་བུད་མེད་ལ་སོགས་པ་ནི་ཤི་བ་དེས་ཐོབ་པར་འགྱུར་རོ་ཞེས་ཟེར་བ་ལ་སོགས་པ་དུ་མ་ཡོད་དེ། ཡང་རྒྱ་ནག་པོའི་རྩིས་མཁན་རྣམས་ནི་སྲིད་པ་ཐམས་ཅད་མ་ཧཱ་གསེར་གྱི་རུས་སྦལ་ལས་སྐྱེས་སོ། །ཞེས་ཟེར་རོ། །ཁ་ཅིག་ནི་སྲིད་པའི་རྒྱལ་མོ་ཉིད་བཞིན་ཡུ་ཁ་ལེ་ཞེས་བྱ་བའི་མ་མོ་རྐང་པ་བརྒྱད་ཡོད་པའི་གསང་གནས་བཞི་ལས་དགུན་ལ་སོགས་པའི་དུས་བཞི་བྱུང་ཞིང་། སྙིང་རྩེ་མོ་ལྔ་ཡོད་པ་ལས་ནི་རིགས་ལྔ་བྱུང་ངོ་ཞེས་ཟེར་རོ། །གཤེན་རབ་ཐེག་ལ་རིམ་དགུའི་བོན། །ཕལ་ཆེར་མུ་སྟེགས་ལུགས་སུ་གསལ། གཤེན་རབ་མི་བོ་ཞེས་བྱ་བ་བློ་བརྟོལ་དུ་བྱུང་བའི་ས་བོན་ཆེན་པོ་ཞིག་གིས་བོན་གྱི་ཐེག་པ་དགུ་སྟོན་པ་བ་ལ་དགུ་སྐོར་ལ་སོགས་པ་བོན་གྱི་བསྟན་བཅོས་མང་པོ་བྱས་ཏེ་དེ་ལ་རྒྱུའི་བོན་བཞི་ནི་ཕྱག་གཤེན་དང་། སྣང་གཤེན་དང་། འདུར་གཤེན་དང་། འཕྲུལ་གཤེན་ནོ། །འབྲས་བུ་སའི་བོན་བཞི་ནི། དགེ་བསྙེན་དང་། གཙང་མ་གཙུག་ཕུད་དང་། དྲང་སྲོང་དང་། ཨ་དཀར་རོ། །དེ་ཐམས་ཅད་ཀྱི་སྟེང་ན་ནི་ཐེག་པ་བླ་ན་མེད་པའི་བོན་ཞེས་བྱ་བ་ཡོད་དེ་དེ་ལྟར་དགུའོ། །འདི་ལ་ཕྱག་གཤེན་ལ་ནི་སོག་མོ་དང་དུད་འགྲོ་བསད་དེ་དེའི་དོན་སྙིང་ལས་བདག་པོའི་ནད་རྟོགས་པ་ལ་སོགས་པ་ཡོད་དོ། །སྣང་གཤེན་ལ་ནི་མིའི་གླུད་དུ་དུད་འགྲོ་གསོད་པ་ལ་སོགས་པ་ཡོད་དོ། །འདུར་གཤེན་ལ་ནི་དུད་འགྲོ་གསོད་པའི་མཆོད་སྦྱིན་མིའི་དགེ་བར་བྱེད་པ་ཡོད་དོ། །འཕྲུལ་གཤེན་ལ་ནི་ཐོག་དང་སེར་བ་དང་། མཐུ་དང་གཏད་ལ་སོགས་པ་ཡོད་དེ། དེ་དག་ནི་མུ་སྟེགས་ཡེ་སྲིད་པ་དབང་ཕྱུག་པ་དང་མཐུན་ནོ། །ཡང་འདིའི་ལྟ་བ་ལ་དང་པོ་ཡེ་མེར་སྟོང་པ་ལ། དེ་ནས་ཡེ་སྲིད་ཅུང་ཟད་བྱུང་ཞེས་སྲིད་པ་ཐམས་ཅད་སྒོ་ང་གཉིས་ལས་སྐྱེས་པར་འདོད་ཅིང་བྱེད་པའི་སྐྱེས་བུ་རྣམས་ཀྱང་འདོད་དེ། དེ་ནི་མུ་སྟེགས་བྱེ་བྲག་པ་དང་མཐུན་པར་སྣང་ངོ་། །དྲང་སྲོང་ལག་པའི་རྣམ་ཐར་འགའ་ཞིག་ནི་སངས་རྒྱས་པ་དང་མུ་སྟེགས་གཅེར་བུ་པ་དང་མཐུན་པའང་སྣང་ངོ་། །ཚངས་པ་འབུམ་ཁྲི་ལྷར་འདོད་པ་ནི་མུ་སྟེགས་ཚངས་པ་བ་དང་མཐུན་པར་སྣང་ངོ་། །བློ་བརྟོལ་དུ་བོན་བབས་པ་རྣམས་ནི་ནུས་མཐུ་དང་རྫུ་འཁྲུལ་དང་མངོན་ཤེས་དང་ལྡན་པ་འབྱུང་ངོ་། །དེ་ནི་ལྷ་མ་ཡིན་དང་བདུད་རིས་ཀྱི་ལྷ་དང་ཡི་དྭགས་ལ་སོགས་པས་བྱིན་གྱིས་བརླབས་པ་ཡིན་ཏེ་དེང་སང་ཡང་འབྱུང་ངོ་། །བོན་མང་པོ་ཞིག་ནི་བདུད་སྡིག་ཅན་གྱིས་གཤེན་རབ་ཀྱི་སྲས་སུ་སྤྲུལ་ནས་བྱས་སོ་ཞེས་བྱ་བ་དང་། འབྲས་བུའི་བོན་རྣམས་ནི་ཆོས་བསྒྱུར་ནས་ཕྱིས་བྱས་སོ་ཞེས་བོན་ལ་མཁས་པ་ཁ་ཅིག་ཟེར་རོ། །གལ་ཏེ་མདོ་སྡེ་ཟ་མ་ཏོག་བཀོད་པ་ལས་ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་བོན་ནོ་ཞེས་གསུངས་པ་དེ་ཇི་ལྟར་ཞེ་ན་དེ་ནི་བཟླས་སོ་ཞེས་བྱ་བའི་གནའ་སྐད་ཡིན་ཏེ། དེ་ཉིད་ལས་གང་གི་ཚེ་འདི་བོན་པ་དེའི་ཚེ་ནག་པོ་ཆེན་པོ་དང་ཤ་ཟ་དང་མཁའ་འགྲོ་ལ་སོགས་པ་ཐམས་ཅད་འབྱེར་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཁ་ཅིག་གིས་སྔགས་ཀྱི་མཐུས་བསད་ནས་ཏིང་ངེ་འཛིན་གྱི་མཐུས་འདྲེན་ནོ་ཞེས་ཟེར་བ་དང་། བདག་གི་དོན་དུ་བསད་པ་རྣམས་ནི་མཐོ་རིས་སུ་འདྲེན་ནོ་ཞེས་ཟེར་བ་ལ་སོགས་པའང་མུ་སྟེགས་པ་དང་སོག་པོ་དང་ཆ་མཐུན་པར་སྣང་ངོ་། །བོན་རྣམས་དང་སོག་པོའི་གྲུབ་མཐའ་རྣམས་ནི་སྟག་གཟིག་གི་ཡུལ་ནས་བྱུང་བ་ཡིན་ལ། སོག་པོའི་གྲུབ་མཐའ་རྣམས་ནི་ཁ་ཆེའི་རྒྱལ་པོ་ཤྲཱི་བྷ་རི་ཤ་དེ་བས་པཎྜིཏ་ཤམ་ཐབས་སྔོན་པོ་ཅན་ཞེས་བྱ་བ་ཆོས་ལོག་སྤྱོད་པ་སྟག་གཟིག་ཡུལ་དུ་བསྐྲད་པ་དེས་བྱས་སོ་ཞེས་གྲག་གོ །ད་ནི་དེ་དག་དགག་པར་བྱ་སྟེ། །སེམས་ཅན་སྡུག་བསྔལ་བྱེད་པ་ནི། །མཐོ་རིས་ཐར་པའི་ལམ་མ་ཡིན། །འཚེ་བ་མཐོ་རིས་རྒྱུ་ཡིན་ན། །ཕན་འདོགས་ངན་སོང་རྒྱུར་འགྱུར་སྟེ། །རྒྱུ་མཚན་ཁྱད་པར་མེད་ཕྱིར་རོ། །སྐྱ་སེང་བུ་རྣམས་རང་སྡེ་གསོད། །རྒྱུན་དུ་འདོད་ལོག་སྤྱོད་པའི་ཕྱིར། །དེར་འཛིན་བསོད་ནམས་འབྱུང་མི་སྲིད། །རུས་སྦལ་སྡིག་པའི་རྒྱལ་པོ་ལས། །འགྲོ་བ་འབྱུང་བ་མུན་སྤྲུལ་ཡིན། །བོན་འདི་ཤེས་རབ་སྙིང་རྗེ་གཉིས། །མེད་པས་བྱས་པར་ཐེ་ཚོམ་མེད། །དེ་ལས་འཚེ་དང་ལོག་པའི་ཆོས། །སྣ་ཚོགས་པ་དག་འབྱུང་ཕྱིར་རོ། །རང་དོན་བསད་པ་མཐོ་རིས་སུ། །འདྲེན་པ་རྒྱལ་བས་ཀྱང་མི་ནུས། །དེ་ཕྱིར་དེ་ནི་མིའི་ཆོས། །བླ་མའི་བརྫུན་དུ་ཤེས་པར་གྱིས། །གྲུབ་པའི་མཐའ་བཤད་པ་ལས་མུ་སྟེགས་བྱེད་དང་ཆ་མཐུན་པའི་གྲུབ་མཐའ་བརྟེན་པའི་རབ་ཏུ་བྱེད་པ་སྟེ་བཅོ་ལྔ་པའོ།།  །།

 

སྡེ་པ་བཅོ་བརྒྱད་བཤད་པ།

 

ད་ནི་སངས་རྒྱས་པ་རྣམས་ཀྱི་གྲུབ་པའི་མཐའ་བཤད་དེ། བདེ་གཤེགས་གསུང་གི་རྗེས་འབྲང་བ། །རྣམ་བཞི་ཉན་ཐོས་སྡེ་པའི་ཚོགས། །བཅོ་བརྒྱད་ཞེས་ནི་གང་གྲགས་པ། །མྱ་ངན་མེད་རྒྱལ་དུས་སུ་བྱུང་། །བདེ་བར་གཤེགས་པའི་གྲུབ་མཐའ་འཛིན་པ་རྣམ་པ་བཞི་སྟེ་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དང་། སེམས་ཙམ་པ་དང་། དབུ་མ་པའོ། །དེ་སྐད་དུའང་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། སངས་རྒྱས་ཆོས་ནི་རྣམ་པ་བཞིར། །ཡིད་འདོད་རྣམས་ཀྱིས་མངོན་མཐོང་སྟེ། །བྱེ་བྲག་སྨྲ་ལ་སོགས་པའི་ལམ། །བཤད་པས་དེ་ཉིད་སྒྲུབ་པའོ། །ཞེས་བཤད་དོ། །དེ་ལ་ལུས་དང་ངག་གིས་གྲོལ་བར་མི་འདོད་ཀྱི་འཆིང་གྲོལ་སེམས་ཀྱིས་བྱེད་པར་འདོད་པ་ནི་ཡིད་འདོད་པའོ། །དེ་ཉིད་སྒྲུབ་པ་ནི་འབྲས་བུ་དེ་ཁོ་ན་ཉིད་མཐོང་བ་ཐོབ་པར་བྱེད་པའོ། །དེ་ལ་ཉན་ཐོས་སྡེ་པ་ཐམས་ཅད་ཀྱི་རྩ་བ་ནི་ཐམས་ཅད་ཡོད་པར་སྨྲ་བ་ཡིན་ཏེ་ལེགས་པར་སྦྱར་བའི་སྐད་ཀྱིས་སྨྲ་བའི་ཕྱིར་རོ། །སྔོན་འདི་གཅིག་པུ་ལས་མེད་པ་ལས་སངས་རྒྱས་འདས་ནས་གཞན་རྣམས་འདི་ལས་བྱུང་བས་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་རོ་ཞེས་སློབ་དཔོན་ཤཱཀྱ་འོད་ལ་སོགས་པ་འཆད་དེ་འདི་ནི་རྩ་བའི་སྡེ་གཅིག་ཏུ་འཆད་པའི་ལུགས་ཡིན་ནོ། །སངས་རྒྱས་འདས་མ་ཐག་ཏུ་དགྲ་བཅོམ་པ་ལྔ་བརྒྱས་རྒྱལ་པོའི་ཁབ་ཏུ་སྡེ་སྣོད་གསུམ་བསྡུས་པ་དང་། འདས་ནས་ལོ་བརྒྱ་རྩ་བཅུ་ལོན་པ་ན་འཕགས་པ་ཐམས་ཅད་འདོད་དང་། ཞི་ལྡན་དང་རྒུར་པོ་ལ་སོགས་པ་དགྲ་བཅོམ་པ་བདུན་བརྒྱས་ཡངས་པ་ཅན་དུ་ཧུ་ལུ་ཧུ་ལུ་ལ་སོགས་པ་བསལ་ཏེ་བསྡུ་བ་གཉིས་པ་མཛད་པའི་བར་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བ་གཅིག་པུ་ལས་མེད་དོ། །སློབ་དཔོན་འབའ་བྱ་ལ་སོགས་པ་ན་རེ་སངས་རྒྱས་འདས་ནས་ལོ་བརྒྱ་དང་བཅུ་དྲུག་ན་གྲོང་ཁྱེར་མེ་ཏོག་རྒྱས་པར་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བ་བྱུང་སྟེ། དེ་ཉིད་ཀྱི་ཚེའམ་ཁ་ཅིག་དེ་ཤི་ནས་དགྲ་བཅོམ་པ་རྣམས་ཐ་མལ་པ་དང་ཟུར་ཆག་པ་དང་། བར་མར་འདོན་པའི་ཚིག་ལ་ཞེན་ནས་གཞུང་ཐ་དད་བྱས་སོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་སངས་རྒྱས་འདས་ནས་ལོ་བརྒྱ་དང་སུམ་ཅུ་རྩ་བདུན་ན་རྒྱལ་པོ་དགའ་བོ་དང་པད་མ་ཆེན་པོ་ཞེས་བྱ་བ་བྱུང་བའི་ཚེ་གྲོང་ཁྱེར་པ་ཏ་ལི་པུ་ཏྲའི་ནང་དུ་འོད་སྲུང་ཆེན་པོ་དང་བླ་མ་ལ་སོགས་པ་བཞུགས་པ་ན་བདུད་སྡིག་ཅན་བཟང་པོ་ཅེས་བྱ་བས་དགེ་སློང་གི་ཆ་བྱེད་ཀྱིས་རྫུ་འཕྲུལ་སྣ་ཚོགས་བསྟན་ནས་དགེ་འདུན་ཕྱེ་གནས་བརྟན་ཀླུ་དང་ཡིད་བརྟན་པའི་དུས་སུ་གྱེས་ནས་ལོ་དྲུག་ཅུ་རྩ་གསུམ་འཁྲུགས་ཏེ་ལོ་བརྒྱ་ཕྲག་གཉིས་པའི་རྗེས་ལ་གནས་བརྟན་གནས་མའི་བུས་བསྟན་པ་བསྡུས་སོ་ཞེས་ཟེར་རོ། །རྩ་བའི་སྡེ་གཉིས་སུ་སྨྲ་བ་ལྟར་ན་ནི་དང་པོ་ཕལ་ཆེན་པ་དང་གནས་བརྟན་པ་གཉིས་སུ་གྱེས་པ་ཡིན་ལ། དེ་ནས་ཕལ་ཆེན་པ་ལ་བརྒྱད་དེ་ཕལ་ཆེན་པ་དང་། ཐ་སྙད་གཅིག་པ་དང་། འཇིག་རྟེན་ལས་འདས་པར་སྨྲ་བ་དང་། མང་དུ་ཐོས་པ་དང་། བརྟགས་པར་སྨྲ་བ་དང་། མཆོད་རྟེན་པ་དང་། ཤར་གྱི་རི་པ་དང་། ནུབ་ཀྱི་རི་པའོ། །གནས་བརྟན་པ་ལ། བཅུ་སྟེ་གངས་རི་པ་དང་། ཐམས་ཅད་ཡོད་པར་སྨྲ་བ་དང་། གནས་མའི་བུ་དང་། ཆོས་མཆོག་པ་དང་། བཟང་པོའི་ལམ་དང་། ཀུན་གྱིས་བཀུར་བ་དང་། མང་སྟོན་པ་དང་། ཆོས་སྦས་པ་དང་། ཆར་བཟང་འབེབས་དང་། བླ་མའོ། །རྩ་བའི་སྡེ་གསུམ་དུ་འདོད་པ་ལྟར་ན་གཉིས་པོ་དེ་དང་རྣམ་པར་ཕྱེ་སྟེ་སྨྲ་བས་ཏེ་གསུམ་མོ། །དེ་ལ་ཕལ་ཆེན་པ་ལ་བརྒྱད་དེ། ཕལ་ཆེན་པ་དང་། ཤར་གྱི་རི་དང་། ནུབ་གྱི་རི་དང་། རྒྱལ་པོའི་རི་པ་དང་། གངས་རི་པ་དང་། མཆོད་རྟེན་པ་དང་། དོན་གྲུབ་པ་དང་། བ་ལང་གནས་པའོ། །གནས་བརྟན་པ་ལ་དྲུག་སྟེ་དང་པོ་ཐམས་ཅད་ཡོད་སྨྲ་དང་། གནས་མ་བུ་གཉིས་སོ། །ཐམས་ཅད་ཡོད་སྨྲ་ལ་དེ་ཉིད་དང་། མདོ་སྡེ་པ་གཉིས་སོ། །གནས་མ་བུ་ལ་བཞི་སྟེ་མང་པོས་བཀུར་བ་དང་། ཆོས་མཆོག་པ་དང་། བཟང་པོའི་ལམ་པ་དང་། གྲོང་ཁྱེར་དྲུག་པའོ། །རྣམ་པར་ཕྱེ་སྟེ་སྨྲ་བ་ལ་ས་སྟོན་པ་དང་། འོད་སྲུངས་པ་དང་། ཆོས་སྦས་པ་དང་། གོས་དམར་བ་བཞིའོ། །འདི་དག་གི་དབྱེ་བ་རྒྱས་པ་ནི་སློབ་དཔོན་འབའ་བྱའི་གཞུང་ན་ཡོད་དོ། །རྩ་བའི་སྡེ་བཞིར་འཆད་པ་ལྟར་ན་མང་པོས་བཀུར་བ་དང་། གནས་བརྟན་པ་དང་། ཕལ་ཆེན་པ་དང་། ཐམས་ཅད་ཡོད་པར་སྨྲ་བའོ། །དེ་ལ་ས་སྒྲོག་རིས་དང་སྲུང་བ་པ། གནས་མ་བུའི་སྡེ་རྣམས་ནི། ཀུན་གྱིས་བཀུར་བ་གསུམ་ཡིན་ནོ། །སློབ་དཔོན་སྐྱེ་བོ་མང་པོས་བཀུར་བའི་ལུགས་འཛིན་པ་ནི་ཀུན་གྱིས་བཀུར་བའི་སྡེ་སྟེ་མིང་གཞན་ཀུ་རུ་ཀུ་ལའི་རི་པ་དང་། ཨ་བན་ཀ་ཅེས་ཀྱང་ཟེར་རོ། །འདི་ལ་གནས་མའི་རིགས་ཀྱི་བུད་མེད་ལམ་ལས་སྐྱེས་པའི་གནས་བརྟན་གནས་མའི་བུ་ལ་སོགས་པ་སློབ་མ་གསུམ་བྱུང་སྟེ་འདི་གསུམ་ཀ་ཡང་གང་ཟག་ནི་ཕུང་པོ་རྣམས་ལས་དེ་ཉིད་དང་གཞན་མ་ཡིན་པ་དང་རྟག་མི་རྟག་གཉི་གར་བརྗོད་དུ་མེད་པ་ཡིན་ནོ། །ཕུང་པོ་རྣམས་ནི་དུས་གཞན་དུ་ཡང་བརྟན་པར་འདུག་གོ །སྒོ་ལྔའི་ཤེས་པ་ནི་རྟོག་མེད་ཡིན་པས་འདོད་ཆགས་སྐྱེ་བ་དང་བྲལ་བ་གཉི་ག་མེད་དོ། །མཐོང་ལམ་ནི་སེམས་ཀྱི་སྐད་ཅིག་བཅུ་གཉིས་ཡིན་ཏེ་དེ་ཕན་ཆད་ནི་འབྲས་བུ་ཡིན་ནོ། །ཤེས་བྱ་ནི་ཕུང་པོ་ལ་སོགས་པ་བརྗོད་དུ་ཡོད་པ་དང་། བདག་ལ་སོགས་པ་བརྗོད་དུ་མེད་པ་གཉིས་སོ། །གློག་དང་མེ་ལྕེ་དང་འབབ་ཆུ་དང་སེམས་དང་སེམས་བྱུང་མ་གཏོགས་པའི་འདུས་བྱས་ནི་སྐད་ཅིག་ཏུ་མི་འདོད་དེ་མི་རྟག་པ་ནི་ཕྱིས་རྐྱེན་གཞན་ལས་བྱུང་ཡང་དེའི་རང་བཞིན་ཡིན་ནོ་ཞེས་འདོད་དོ། །འདི་དག་གི་བྱེ་བྲག་ལ་རི་ཆེན་པོ་བ་དང་། ཆོས་མཆོག་པ་དང་། ལམ་བཟང་བ་དང་། གྲོང་ཁྱེར་དྲུག་པ་ཞེས་ཀྱང་ཟེར་རོ། །འཕགས་པ་གནས་བརྟན་པའི་ལུགས་བཤད་པ། རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །གནས་བརྟན་འཕགས་པའི་རིགས་ཡིན་པར་སྨྲ་བ་ནི་གནས་བརྟན་པ་སྟེ་འདི་ལ་ནི་རྒྱལ་བྱེད་ཚལ་ན་གནས་པ་དང་། འཇིགས་མེད་ཀྱི་རི་ལ་གནས་པ་དང་། དགེ་བསྙེན་མ་ས་ག་མ་དང་། དགེ་སློང་མ་གྲགས་འཛིན་མས་བརྩིགས་པའི་གཙུག་ལག་ཁང་ཆེན་པོ་ན་གནས་པ་དང་གསུམ་མོ། །འདི་གསུམ་གའང་ལྟ་བ་མཐུན་ཏེ་སངས་རྒྱས་ནི་ལེགས་པར་སྦྱར་བ་མི་གསུང་ངོ་། །བྱང་ཆུབ་ནི་བསྐལ་པ་གྲངས་མེད་པ་བཅུ་ཕན་ཆད་ནས་སུམ་བཅུ་ཚུན་ཆད་ཀྱིས་འགྲུབ་བོ། །མྱ་ངན་ལས་འདས་པ་མ་གཏོགས་པའི་འདུས་མ་བྱས་མེད་དོ། །ལོག་ཤེས་དང་མི་ཤེས་པ་མེད་དེ་ཤེས་པ་རྣམས་ནི་མ་ལོག་པ་དང་རྟོགས་པའི་རང་བཞིན་ཡིན་ནོ། །ཉོན་མོངས་པ་རྣམས་ནི་སེམས་ལས་ཐ་དད་དོ། །འགོག་པའི་སྙོམས་འཇུག་ལ་ནི་སེམས་ནང་ན་ཡོད་དོ་ཞེས་ཟེར་རོ། །དགེ་འདུན་ཕལ་ཆེན་པའི་ལུགས་བཤད་པ། ཤར་དང་ནུབ་དང་གངས་རི་གནས། །འདུས་བྱས་བཏགས་པར་སྨྲ་བའི་སྡེ། །འཇིག་རྟེན་འདས་པར་སྨྲ་བ་ལྔ། །དགེ་འདུན་ཕལ་ཆེན་སྡེ་པ་ཡིན། །དང་པོ་སྡེ་པ་གྱེས་པ་དགེ་འདུན་ཕལ་ཆེ་བ་ཕྱོགས་གཅིག་ཏུ་གནས་པ་ལ་ནི་ཕལ་ཆེན་སྡེ་ཞེས་བྱ་བ་བྱུང་སྟེ། དེ་ལ་ཤར་གྱི་རི་བོ་དང་ནུབ་ཀྱི་རི་བོ་ལ་གནས་པའི་སྡེ་པ་ནི། བྱང་ཆུབ་སེམས་དཔའ་ནི་ངན་འགྲོ་ལས་གྲོལ་བ་མ་ཡིན་ནོ། །མཆོད་རྟེན་ལ་མཆོད་པ་ནི་འབྲས་བུ་མཆོག་ཏུ་གྱུར་པ་མ་ཡིན་ཏེ་སྤྱད་པའི་བསོད་ནམས་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །གངས་རི་པའི་སྡེ་རྣམས་ནི་ཕྱི་རོལ་པ་ལ་ནི་མངོན་ཤེས་ལྔ་མེད་དོ། །ལྷ་རྣམས་ལ་ནི་ལམ་སྒོམ་པ་མེད་དོ། །ཕུང་པོ་དང་གང་ཟག་ནི་ཐ་དད་ཡིན་ཏེ་མྱ་ངན་ལས་འདས་པ་ཐོབ་པ་ན་ཕུང་པོ་འགགས་ནས་གང་ཟག་གནས་པའི་ཕྱིར་རོ་ཞེས་ཟེར་རོ། །འདུས་བྱས་བཏགས་པའི་སྡུག་བསྔལ་ཅན་དུ་སྨྲ་བའི་སྡེ་པ་ན་རེ་སྐྱེས་བུ་བྱེད་པའི་རྩལ་དང་དུས་མ་ཡིན་པར་འཆི་བ་མེད་དོ། །ལམ་ནི་བསོད་ནམས་ཀྱིས་འཐོབ་ཀྱི་བསྒོམས་པས་ཐོབ་པ་མ་ཡིན་ནོ། །ལམ་གྱི་ཡེ་ཤེས་ནི་འཇིག་པར་མི་འགྱུར་རོ་ཞེས་ཟེར་རོ། །དེ་བཞི་ཀའི་ཐུབ་པ་ནི་བཏགས་པའི་སྒོ་ནས་བླ་མ་ཡིན་ནོ་ཞེས་ཟེར་རོ། །འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པ་རྣམས་ནི་ཐུབ་པ་ནི་འཇིག་རྟེན་ལས་འདས་པ་རྫས་བརྗོད་པ། སྐུ་དང་སྐུ་ཚེ་མཐའ་ཡས་པ་མཉམ་པར་བཞག་པ་སྐད་ཅིག་ལ་ཐམས་ཅད་མཁྱེན་པ་ཟད་མི་སྐྱེ་ཤེས་པ་རྟག་ཏུ་མངའ་བ་ཡིན་ནོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་ཚིག་ཡིན་ནོ། །སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་ལ་ནི་འདོད་ཆགས་ལ་སོགས་པ་དང་། མེར་མེར་པོ་ལ་སོགས་པ་ལས་སྐྱེ་བ་མེད་དོ། །བདེན་པ་ནི་ཅིག་ཅར་མཐོང་ངོ་། །མིག་ལ་སོགས་པའི་སེམས་ཀྱིས་ཀྱང་འདོད་ཆགས་དང་བྲལ་བར་འགྱུར་རོ། །གཟུགས་མེད་པ་ན་ཡང་གཟུགས་ཅུང་ཟད་ཡོད་པས་སྒོ་ལྔའི་ཤེས་པ་ཡོད་དོ། །དབང་པོ་རྣམས་ཀྱིས་ནི་ཡུལ་མི་འཛིན་ནོ། །མཉམ་པར་བཞག་པ་ཡང་ཚིག་སྨྲའོ། །སེམས་ལ་ཡང་གཟུགས་ཡོད་དོ། །རང་རིག་པ་ཡོད་དོ། །དགྲ་བཅོམ་རྣམས་ལའང་འཇིག་པ་དང་སོམ་ཉི་དང་མི་ཤེས་པ་ཡོད་དེ་བསྟན་དགོས་སོ། །འབྲས་བུ་ཐོབ་པ་རང་གིས་མི་ཤེས་པར་གཞན་གྱིས་བརྡ་སྤྲད་དགོས་སོ། །བརྒྱད་པ་ལའང་ཡུན་རིང་དུ་གནས་སོ། །ཆོས་མཆོག་ལས་ཀྱང་ཉམས་པར་འགྱུར་རོ། །རྒྱུན་དུ་ཞུགས་པ་དང་དགྲ་བཅོམ་ལ་ནི་ཉམས་པ་མེད་དོ། །རྒྱུན་ཞུགས་ནི་མཚམས་མེད་མ་གཏོགས་པའི་མི་དགེ་བ་རྣམས་བྱེད་དོ། །འཇིག་རྟེན་པ་ལ་ནི་ཡང་དག་པའི་ལྟ་བའི་དབང་པོ་མེད་དོ། །དྲང་པའི་དོན་ནི་མེད་དོ། །མདོའི་དོན་སངས་རྒྱས་ཉིད་ཀྱིས་མ་གསུངས་པ་ལ་ནི་བཅོས་སུ་མེད་དོ། །སངས་རྒྱས་མང་པོ་ཅིག་ཅར་འབྱུང་བ་ཡོད་དོ། །སེམས་གཉིས་ཅིག་ཅར་འབྱུང་བ་དང་། ཉོན་མོངས་པ་དང་ལམ་ཅིག་ཅར་འབྱུང་བ་དང་། ལས་དང་ལས་ཀྱི་འབྲས་བུ་ཅིག་ཅར་འབྱུང་བ་དང་། ས་བོན་དང་མྱུ་གུ་ཅིག་ཅར་འབྱུང་བ་ཡོད་དོ། །ལུས་ལ་ནི་སེམས་ཀྱིས་ཁྱབ་བོ། །སེམས་ནི་འོད་གསལ་བའོ། །ཕྲ་རྒྱས་ནི་མི་ལྡན་པའོ། །ཀུན་ནས་དཀྲིས་པ་ནི་མཚུངས་ལྡན་ནོ། །འདས་མ་འོངས་དང་བར་དོའི་སྲིད་པ་ནི་མེད་དོ། །རྒྱུན་ཞུགས་ཀྱི་བསམ་གཏན་ཐོབ་བོ། །ཆོས་ཀྱི་ཁམས་ནི་ལྔ་པོ་ལས་ཐ་དད་མེད་པས་ཤེས་བྱ་མ་ཡིན་ནོ་ཞེས་ཟེར་རོ། །ཐར་ལམ་སྡུག་བསྔལ་རྨོངས་པས་སྐྱེ། ཞེས་ནི་མཆོད་རྟེན་པ་རྣམས་ཟེར་རོ། །ལྷ་ཆེན་པོ་ཞེས་བྱ་བའི་ཀུན་དུ་རྒྱུ་ཞིག་རབ་ཏུ་བྱུང་ནས་མཆོད་རྟེན་གྱི་རི་ལ་གནས་པ་ཕལ་ཆེན་པའི་སྡེར་འདོད་པ་ཞིག་གི་རྗེས་སུ་འབྲང་བ་ལ་ནི་གནས་བརྟན་མཆོད་རྟེན་པ་ཞེས་ཟེར་ཏེ། འདི་ནི་ཀྱེ་མ་འཁོར་བ་ནི་སྡུག་བསྔལ་ལོ་ཞེས་སྡུག་བསྔལ་ཚིག་ཏུ་བརྗོད་པས་ལམ་རྒྱུད་ལ་སྐྱེ་བར་འདོད་དོ། །ཐམས་ཅད་ཡོད་པར་སྨྲ་བའི་ལུགས་བཤད་པ། འོད་སྲུངས་ས་སྟོན་ཆོས་སྲུངས་སྟེ། །ཉན་ཐོས་གོས་དམར་སློབ་མ་དང་། །རྣམ་པར་ཕྱེ་དང་གཞི་ཀུན་པ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །སློབ་དཔོན་འོད་སྲུངས་སྡེའི་སློབ་མ་རྣམས་ནི་ཡོངས་སུ་ཤེས་ལ་མ་སྤངས་པ་དང་། མ་འོངས་པའི་རྒྱུ་ལས་འབྱུང་བ་ནི་མེད་དོ། །སློབ་པའི་ཆོས་རྣམས་ལ་ནི་རྣམ་སྨིན་གྱི་འབྲས་བུ་ཡོད་དོ་ཞེས་ཟེར་ཏེ་འདི་ལ་ནི་ཆར་བཟང་འབེབས་ཀྱང་ཟེར་རོ། །སར་སྟོན་སྡེའི་སློབ་མ་རྣམས་ནི་འདས་མ་འོངས་གཉིས་མེད་དོ། །བདེན་པ་ཅིག་ཅར་མཐོང་ངོ་། །ཕྱི་རོལ་པ་ཉོན་མོངས་པ་ཟད་པ་མེད་དོ། །ལྷ་ཡུལ་པ་ལ་ལམ་མེད་དོ། །བར་དོའི་སྲིད་པ་མེད་དོ། །དགྲ་བཅོམ་ལའང་བསོད་ནམས་སྐྱེ་བ་ཡོད་དོ། །ཉོན་མོངས་པ་ནི་སེམས་ལས་ཐ་དད་དོ། །འདུས་མ་བྱས་ཀྱི་དངོས་པོ་ནི་དགུ་སྟེ་མི་གཡོ་བ་དང་། ལྡན་པ་གསུམ་དང་། དགེ་མི་དགེ་དང་། ལུང་མ་བསྟན་གཉིས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ལམ་རྣམས་ཏེ་རྟག་ཏུ་གནས་སོ། །སངས་རྒྱས་ནི་དགེ་འདུན་གྱི་ནང་དུ་གཏོགས་ཏེ་དེས་ན་དགེ་འདུན་ལ་ཕུལ་བ་བསོད་ནམས་ཆེའོ། །སངས་རྒྱས་ཉན་ཐོས་དང་བཅས་པ་རྣམས་ནི་ལམ་དང་རྣམ་པར་གྲོལ་བ་གཅིག་གོ །ཞེས་ཟེར་ཏེ། ཁྱོད་ཉིད་ལམ་གང་ནས་གཤེགས་པ། །དེ་ཉིད་ནས་ནི་སློབ་མའང་མཆི། །ཞེས་འབྱུང་བ་བཞིན་ནོ། །ཆོས་སྲུངས་སྡེ་རྣམས་ནི་སངས་རྒྱས་ནི་དགེ་འདུན་གྱི་ནང་དུ་མ་གཏོགས་སོ། །སངས་རྒྱས་ལ་ཕུལ་བ་འབྲས་བུ་ཆེའོ། །སངས་རྒྱས་དང་ཉན་ཐོས་ཀྱི་ལམ་ནི་ཐ་དད་དོ། །ཕྱི་རོལ་བ་ལ་ནི་མངོན་ཤེས་མེད་དོ། །དགྲ་བཅོམ་གྱི་ལུས་ནི་ཟག་པ་མེད་པའོ་ཞེས་ཟེར་ཏེ་འདི་ལ་ནི་ཆོས་སྦས་པའང་ཟེར་རོ། །སློབ་དཔོན་མང་དུ་ཐོས་པའི་སྡེ་རྣམས་ནི་མི་རྟག་པ་དང་། བདག་མེད་པ་དང་སྟོང་པའི་ཤེས་པ་དང་ལམ་དང་མྱ་ངན་ལས་འདས་པ་རྣམས་ནི་སངས་རྒྱས་ཀྱི་འཇིག་རྟེན་ལས་འདས་པའི་ཆོས་ཡིན་ནོ། །ལྷག་མ་རྣམས་ནི་འཇིག་རྟེན་པའོ། །དགྲ་བཅོམ་ལའང་སོམ་ཉི་ཡོད་དོ་ཞེས་བྱ་བ་ལ་སོགས་པ་ཟེར་ཏེ་འདི་ལ་ནི་མང་སྟོན་པ་ཞེས་ཀྱང་ཟེར་རོ། །གོས་དམར་ཅན་གྱི་སློབ་མ་རྣམས་ནི་སྲོག་དང་གསོ་བའི་སེམས་ཅན་འཕོའོ། །མིང་བཞིའི་ཕུང་པོ་ནི་རང་བཞིན་གཅིག་ཏུ་ངེས་སོ། །ལམ་གྱི་མཐུས་ནི་ཕུང་པོ་རྣམས་འགག་གོ །ཞེས་ཟེར་ཏེ་འདི་ལ་ནི་འཕོ་བར་སྨྲ་བ་དང་བླ་མ་པ་ཅེས་ཀྱང་ཟེར་རོ། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་རྣམས་ནི་གང་ཟག་ནི་དོན་དམ་པར་ཡོད་དོ། །འདས་པའི་ལས་འབྲས་བུ་མ་ཕྱུང་བ་རྣམས་ཡོད་ལ། ཕྱུང་ཟིན་པ་རྣམས་ནི་མེད་དོ། །འབྲས་བུ་སྐྱེ་འགྱུར་ལས་གཞན་པའི་མ་འོངས་པ་མེད་དོ། །རིགས་མི་མཐུན་པ་ནི་དེ་མ་ཐག་པའི་རྒྱུར་མི་རུང་ངོ་། །གཟུགས་ནི་འདྲ་བའི་རྒྱུ་མ་ཡིན་ནོ། །གཟུགས་ཀྱི་འདྲ་བའི་རྒྱུ་ཡང་མེད་དོ་ཞེས་ཟེར་ཏེ་འདི་ལ་ནི་རྒྱུར་སྨྲ་བ་དང་། མོ་ཏུ་ཏ་པ་ཀ་ཞེས་ཀྱང་ཟེར་རོ། །འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་རྣམས་ནི་དུས་གསུམ་དང་མིང་གཟུགས་ཀྱིས་འདུས་བྱས་བསྡུས་སོ། །དྲུག་པ་དང་མི་ལྡན་པ་ནི་ཡོད་དོ། །ཉོན་མོངས་པ་རྣམས་ནི་མཚུངས་ལྡན་ནོ། །སངས་རྒྱས་ཀྱི་ཆོས་ལ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉི་ཀ་ཡོད་དོ། །དེའི་གསུང་དང་དབང་པོ་ནི་གཟུགས་མེད་ན་མེད་དོ། །ཆོས་ཀྱི་འཁོར་ལོ་ནི་ལམ་ཡིན་ཏེ་མཛོད་ལས་ཆོས་ཀྱི་འཁོར་ལོ་མཐོང་པའི་ལམ། མྱུར་བར་འགྲོ་སོགས་རྩིབས་སོགས་ཀྱིས་ཞེས་འབྱུང་བ་བཞིན་ནོ། །མཆོད་རྟེན་ལ་ཕུལ་བ་ནི་མ་སྤྱད་ཀྱང་ཡུལ་བཟང་བས་འབྲས་བུ་ཆེའོ། །བྱང་ཆུབ་སེམས་དཔའ་ངན་འགྲོ་སྤངས་པ་ནི་རྣམ་པ་གཉིས་ཏེ་བསྐལ་པ་གྲངས་མེད་གསུམ་ལས་བསྐལ་པ་བརྒྱ་ལུས་པའི་བྱང་ཆུབ་སེམས་དཔའ་ནི་རང་ཉིད་དགའ་བཞིན་དུ་ངན་འགྲོར་སྐྱེའོ་ཞེས་ཟེར་རོ། །ཁ་ཅིག་ནི་དེ་ཚུན་ཆད་སྤྲུལ་པ་འགྱེད་པ་མ་གཏོགས་པ་རང་ཉིད་བདེ་འགྲོ་ཁོ་ནར་སྐྱེའོ། །ཞེས་ཟེར་རོ། །བསོད་ནམས་ལམ་གྱི་ཚོགས་སུ་འགྱུར་བ་ལ་སོགས་པ་ནི་མི་འདོད་དོ། །གཞན་ཡང་སྡེ་པ་དེ་དག་ལ། འདོད་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་དོ། །དེ་དག་ཐམས་ཅད་སྲིད་པ་ཐ་མ་པ་འཕགས་པ་ཡིན་པ་དང་འོག་མིན་དུ་སངས་རྒྱས་པ་ནི་མི་འདོད་དེ་འཕགས་པ་མིན་ཡང་ཞེས་འབྱུང་བ་བཞིན་ནོ། །ཕར་ཕྱིན་དྲུག་ཀྱང་སོ་སོ་སྐྱེ་བོ་ལ་རྫོགས་པར་འདོད་དོ། །གཟུགས་ཀྱི་ཁམས་ནི་ཁ་དོག་བཞི་པ་དང་གཅིག་ཏུ་འདོད་པ་གཉིས་སོ། །བར་སྲིད་ཀྱང་ཡུན་རིང་པོ་གནས་པ་དང་དུས་ངེས་པར་འདོད་པ་གཉིས་སོ། །བར་སྲིད་ནི་ཁ་དོག་བཅུ་པ་དང་གཉིས་ཕྱིས་ཀྱི་མདོག་ཏུ་འདོད་པ་གཉིས་སོ། །རྒྱུན་དུ་ཞུགས་པ་ནི་འདོད་ཁམས་ཀྱི་མི་རྟག་པ་ལ་དམིགས་པའི་སེམས་བཅུ་གཉིས་དང་བཅུ་གསུམ་དང་། བཅོ་ལྔས་ཐོབ་པ་གསུམ་མོ། །ལྷ་ལ་ནི་ཚངས་སྤྱོད་ཡོད་མེད་གཉིས་སོ། །སྡུག་བསྔལ་གྱི་མེ་ནི་འདས་པ་དང་ད་ལྟར་བའི་ལས་ལས་འབར་བ་གཉིས་སོ། །སེམས་ནི་ཡུལ་གཞན་དུ་མི་འགྲོའི་འདི་ནས་ཐག་རིང་པོར་དམིགས་པ་དང་ཡུལ་གཞན་དུ་འགྲོ་བར་གཉིས་ཡོད་དོ། །སའི་དཀྱིལ་འཁོར་ལ་སོགས་པ་ནི་སྐད་ཅིག་གཅིག་དང་སྐད་ཅིག་གཉིས་དང་གསུམ་ལ་སོགས་པ་དང་བསྐལ་པར་མི་འཇིག་པར་འདོད་པའི་ལུགས་སྣ་ཚོགས་ཡོད་དེ་ཤིན་ཏུ་མང་བར་འགྱུར་བས་བཞག་གོ །དེ་རྣམས་ནི་ཡུལ་དང་གྲུབ་མཐའ་དང་སློབ་དཔོན་ཐ་དད་པ་ལས་བཅོ་བརྒྱད་དུ་བྱས་སོ། །བདག་ཅག་གི་སྟོན་པ་འདི་བྲམ་ཟེ་རིག་པའི་གནས་བཅོ་བརྒྱད་ལ་མཁས་པ་ཞིག་ཏུ་བྱུང་བ་ན་དྲང་སྲོང་ཞིག་གིས་འཁོར་ལྔ་བརྒྱ་ཕྲོགས་པའི་ལས་ལས་སྡེ་བཅོ་བརྒྱད་དང་དགེ་འདུན་གྱི་དབྱེན་གཉིས་བྱུང་བར་བཤད་དེ་ཇི་སྐད་དུ། དེ་ལྟར་སྡེ་པ་བཅོ་བརྒྱད་དུ། ཤཱཀྱ་སེང་གེའི་བསྟན་པ་ནི། །གནས་སོ་འགྲོ་བའི་བླ་མ་དེའི། །སྔོན་གྱི་འཕྲིན་ལས་དབང་གིས་ཡིན། །ཡུལ་དོན་སློབ་དཔོན་བྱེ་བྲག་དང་། །ལྟ་བའི་བྱེ་བྲག་ཐ་དད་ཀྱི། །རྒྱུ་ཡིས་འདི་དག་ཐ་དད་བྱས། །སྟོན་པ་ཐ་དད་ཡོད་མ་ཡིན། །ཞེས་འབྱུང་བ་ཡིན་ནོ། །དེ་ལ་འདི་སྐད་དུ་བརྗོད་དེ། རྟག་དང་མི་རྟག་ཕུང་པོ་ལས། །དེ་ཉིད་གཞན་དུ་བརྗོད་མེད་པའི། །བདག་དེ་དངོས་པོར་མི་རུང་སྟེ། །དཔེར་ན་ནམ་མཁའི་པད་མ་བཞིན། །རྟག་པའི་དངོས་པོ་སྔར་བསལ་ཟིན། །ཕྱིས་འབྱུང་སྔར་གྱི་རང་བཞིན་ཡིན། །ལོག་ཤེས་མི་ཤེས་མེད་ན་ནི། །འགྲོ་ཀུན་སངས་རྒྱས་ཉིད་དུ་འགྱུར་ཞེས་བྱ་བ་ནི་མང་པོས་བཀུར་བ་དང་གནས་བརྟན་པ་བཀག་པ་ཡིན་ནོ། །རྣམ་འགྲེལ་ལས། གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །དེས་ན་ངོ་ཚའི་ལྟ་བ་འདི། །སྤོངས་ལ་དེ་ནི་རྟག་པར་སྨོས། །ཞེས་བྱ་བ་དང་དབུ་མ་རྒྱན་ལས། སྐད་ཅིག་སྐད་ཅིག་མ་ཡིན་པར། །གང་ཟག་བསྟན་དུ་མི་རུང་བ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བར་གསལ་བར་རབ་ཏུ་ཤེས། །ཞེས་བཤད་དོ། །ཕལ་ཆེན་པའི་སྐྱེས་བུ་བྱེད་པའི་རྩོལ་མེད་པ་དང་ལམ་བསྒོམས་པས་མི་འཐོབ་པ་ནི་མངོན་སུམ་དང་འགལ་ལོ། །གཟུགས་མེད་ན་གཟུགས་ཡོད་པའང་གནས་བརྟན་དབྱིག་གཉེན་ལ་སོགས་པས་བཀག་ཟིན་ཏོ། །བར་དོའི་སྲིད་པའང་སྔར་གསུངས་འགྲོ་མདོ་ལས་ཀྱང་འགྲུབ་ཅེས་བྱ་བ་ལ་སོགས་པས་བསྒྲུབས་ཟིན་ཏོ། །ལྷ་ཡུལ་བ་ལ་ལམ་མེད་ན་ནི་ལྷ་ཞུགས་འབྲས་ལ་གནས་པ་མེད་པར་འགྱུར་རོ། །གང་ཟག་དོན་དམ་པར་ཡོད་ན་ནི་བསལ་ཟིན་ཏོ། །གཟུགས་ལ་སྐལ་མཉམ་ཀྱི་རྒྱུ་མེད་པའང་མངོན་སུམ་གྱིས་བཀག་གོ །ཉན་ཐོས་དབང་པོ་རྟུལ་པོས་ཀྱང་སྲིད་པ་ཐ་མའི་སྔོན་དུ་འཕགས་པའི་ལམ་མངོན་དུ་བྱས་ན་བྱང་ཆུབ་སེམས་དཔས་ཅི་སྟེ་མ་ནུས། བསྐལ་པ་གྲངས་མེད་བྱེ་བར་ནི། །ཤེས་རབ་ཕ་རོལ་ཕྱིན་ལས་བྱུང་། །འོན་ཀྱང་བྱིས་པ་ཉིད་སྟོན་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཞེས་བྱ་བ་ལ་སོགས་པ་འཇིག་རྟེན་མཐུན་འཇུག་གི་མདོ་ལས་བྱུང་ངོ་། །སངས་རྒྱས་ལ་སྡུག་བསྔལ་གྱི་བདེན་པ་ཡོད་པའང་མི་རུང་སྟེ་བདུད་དཔུང་ཚོགས་དང་བཅས་པ་འདུལ་བར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ཐམས་ཅད་དྲང་དོན་ཡིན་ནོ། །དངོས་པོ་རྣམས་སྐད་ཅིག་ཏུ་བསྒྲུབ་པ་ནི་གཞན་དུ་ཤེས་པར་བྱའོ། །དེ་ལས་གཞན་པའི་དགག་པ་རྣམས་ནི་ཚིག་མང་བར་འགྱུར་བས་མ་བྲིས་སོ། །གྲུབ་པའི་མཐའ་བཤད་པ་ལས་སྡེ་པ་བཅོ་བརྒྱད་བཤད་པའི་རབ་ཏུ་བྱེད་པ་སྟེ་བཅུ་དྲུག་པའོ།།  །།

 

བྱེ་བྲག་ཏུ་སྨྲ་བའི་ལུགས་བཤད་པ།

 

ད་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་བཤད་དེ། གཞི་ཀུན་སྨྲ་བའི་བྱེ་བྲག་པ། །གཟུགས་སེམས་སེམས་ལས་བྱུང་བ་དང་། །མི་ལྡན་འདུ་བྱེད་འདུས་མ་བྱས། །རང་སྐྱ་ཐུབ་པའི་རྫས་སུ་འདོད། །འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་བྱེ་བྲག་དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་ཡོད་པར་སྨྲ་བའམ་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་དང་མཐུན་པར་སྨྲ་བ་ནི་བྱེ་བྲག་ཏུ་སྨྲ་བ་སྟེ། འདིའི་གཞུང་ནི་གདམས་ངག་བརྒྱ་པ་དང་སྤེལ་མ་གསུམ་པའི་ཕྲེང་བ་ལ་སོགས་པའོ། །འདི་ནི་ཤེས་བྱ་གཞི་ལྔ་ལ་མེད་པ་ཅིས་ཀྱང་ཁས་མི་ལེན་ཏེ་ཐམས་ཅད་ཡོད་པར་སྨྲ་བ་མ་ཡིན་པར་ཐལ་བར་འགྱུར་དུ་འོང་བས་སོ། །དེས་ན་མདོ་ལས་ཤེས་བྱ་གཞི་ལྔ་གསུངས་པ་ལ། གཟུགས་དང་སེམས་དང་སེམས་ལས་བྱུང་བ་དང་མི་ལྡན་པའི་འདུ་བྱེད་བཞི་ནི་འདུས་བྱས་ཀྱི་ཡོད་པ་ཡིན་ལ་ནམ་མཁའ་ལ་སོགས་པ་ནི་འདུས་མ་བྱས་ཀྱི་ཡོད་པ་ཡིན་ནོ། །ལྔ་པོ་དེ་དག་གིས་ནི་ཤེས་བྱ་ཐམས་ཅད་བསྡུས་ལ་དེ་དག་གཅིག་ཏུ་གཅིག་འདུ་བའམ་གཅིག་ལ་གཅིག་བཏགས་པ་ནི་མ་ཡིན་གྱི་ལྕགས་ཀྱི་ཐུར་མ་ལྔ་ལྟར་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་དངོས་པོར་འདོད་དེ། ཇི་སྐད་དུ་ཆོས་མངོན་པ་མཛོད་ལས་ཆོས་ཐམས་ཅད་རྟོག་གེའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་མི་ལྡན་པའི་འདུ་བྱེད་རྣམས་ཀྱང་རྫས་སུ་གྲུབ་པ་ཁོ་ན་སྟེ་འདི་ནི་ཁོ་བོ་ཅག་གི་གྲུབ་པའི་མཐའོ་ཞེས་འབྱུང་བ་བཞིན་ནོ། །དེ་ལ་དང་པོ་གཟུགས་ཀྱི་གཞི་བཤད་པ། །གཟུགས་ཀྱི་བསྟན་ཡོད་ཐོགས་བཅས་དང་། །དེ་བཞིན་བསྟན་མེད་ཐོགས་བཅས་དང་། །བསྟན་མེད་ཐོགས་མེད་གསུམ་ཡིན་ཞེས། །ཐུབ་པའི་དབང་པོས་གང་གསུངས་པ། །དོན་ལྔ་དབང་པོ་ལྔ་དང་ནི། །རིག་བྱེད་མིན་པའི་གཟུགས་གསུམ་སྟེ། །དང་པོ་གཉིས་ནི་རྡུལ་ལས་གྲུབ། །གསུམ་པ་རྡུལ་ལས་མ་གྲུབ་བོ། །བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ནི་གཟུགས་ཁ་དོག་དབྱིབས་ཀྱི་རྣམ་པ་ཡིན་ནོ། །བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་ནི་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་མིག་ལ་སོགས་པའི་དབང་པོ་ལྔ་ཡིན་ནོ། །བསྟན་མེད་ལ་ཐོགས་པའང་མེད་པ་ནི་རིག་བྱེད་མ་ཡིན་པའི་གཟུགས་སོ། །ལོ་ཞེས་བྱ་བ་ནི་རིག་བྱེད་མ་ཡིན་པ་ལ་མ་རངས་པའི་ཚིག་གོ །བཙུན་པ་སངས་རྒྱས་ལྷ་ནི་དོན་ལྔ་དང་དབང་པོ་ལྔ་འབྱུང་བ་བཞིའི་རྡུལ་འདུས་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་རང་རང་གི་རྡུལ་འདུས་པར་འདོད་དོ། །རྡུལ་ཕྲ་རབ་ནི་ཆ་ཤས་མེད་པ་ཟླུམ་པོ་སྐོར་བ་བར་བཅས་སུ་འདུས་ནས་རགས་པ་རྩོམ་པར་འདོད་དེ་དཔེར་ན། གང་ལ་ཕྱོགས་ཆ་ཐ་དད་ཡོད། །དེ་ནི་གཅིག་ཏུ་མི་རུང་ངོ་། །ཞེས་བྱ་བ་དེ་དགག་པའི་བསམ་པས་སློབ་དཔོན་དགེ་བསྲུངས་ཀྱིས་ཕྱི་རོལ་དོན་གྲུབ་ལ། །རྡུལ་ཕྲན་ཕྱོགས་ཆ་ཐ་དད་ཕྱིར། །མེད་ཅེས་སྨྲས་གང་དེ་མ་འབྲེལ། །འགའ་ཡིས་ཁྱད་པར་དང་བཅས་པའི། །རྡུལ་ལ་ཕྱོགས་ཀྱི་སྒྲར་བསྟན་བྱ། །ཐ་དད་ཕྱོགས་ན་མང་པོ་དག །འགའ་ལ་ཀུན་ནས་བསྐོར་ཙམ་དུ། །བརྗོད་པར་ཟད་ཀྱི་རྡུལ་དེ་ནི། །ཆ་ཤས་བཅས་པའི་བདག་ཉིད་མིན། །ཞེས་བཤད་པ་བཞིན་ནོ། །གྱེས་པར་ཡང་མི་འགྱུར་ཏེ་བར་དུ་སྡུད་པར་བྱེད་པའི་རླུང་གིས་བཟུང་བའི་ཕྱིར་རོ། །འདི་འཇིག་རྟེན་རྩོམ་པའི་རླུང་རྣམས་ནི་དངོས་པོ་རྣམས་བསྡུས་ནས་འཛིན་པ་ཡིན་ནོ། །རྡུལ་དེ་དག་ཀྱང་དོན་ལྔ་ལ་འབྱུང་བ་བཞི་དང་གཟུགས་དང་དྲི་དང་རོ་དང་རེག་བྱའི་རྡུལ་བརྒྱད་འདུས་ལ་སྒྲ་ནི་ངེས་པ་མེད་པ་ཡིན་ནོ། །ལུས་ཀྱི་དབང་པོ་ལ་བརྒྱད་པོ་དང་ལུས་ཀྱི་དབང་པོ་ཉིད་ཀྱི་རྡུལ་ཏེ་དགུ་གནས་ལ་དབང་པོ་གཞན་ལ་རང་ཉིད་ཀྱི་དབང་པོའི་རྡུལ་དང་བཅུ་གནས་ཏེ་དབང་པོ་གཞན་ལ་ལུས་ཀྱི་རྡུལ་ཡོད་པ་ནི་རེག་བྱ་ཚོར་བའི་གཏན་ཚིགས་ཀྱི་ཕྱིར་རོ། །མཛོད་ལས། འདོད་ན་དབང་པོ་མེད་པ་དང་། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱ། །ལུས་དབང་ལྡན་ལ་རྫས་དགུ་སྟེ། །དབང་པོ་གཞན་ལྡན་རྫས་བཅུའོ། །ཞེས་བཤད་དོ། །བུམ་པ་ལྟ་བུ་གཅིག་ལ་འབྱུང་བ་བཞི་ཡོད་པའི་གཏན་ཚིགས་ནི་འདེགས་པར་བྱེད་པ་ས་དང་སྡུད་པར་བྱེད་པ་ཆུ་དང་སྨིན་ཅིང་འགྱུར་བ་མེ་དང་། གཡོ་ཞིང་འཕེལ་བ་རླུང་གི་བྱ་བ་དམིགས་པའི་ཕྱིར་རོ། །རླུང་ལ་ཁ་དོག་ཡོད་པ་ནི་རང་དང་འདྲེས་པའི་དྲི་དམིགས་པའི་ཕྱིར་སྣ་མའི་མེ་ཏོག་བཞིན་ནོ། །ཁ་ཅིག་ནི་རིགས་མི་མཐུན་པའི་རྡུལ་རྣམས་ནི་མི་ཐོགས་པས་གོ་ས་གཅིག་ན་གནས་ལ་རིགས་མཐུན་པ་རྣམས་ནི་ཐོགས་པས་གོ་ས་ཐ་དད་ན་གནས་སོ་ཞེས་ཟེར་རོ། །རྡུལ་རེ་རེ་བ་ནི་ཡིད་ཤེས་ཁོ་ནའི་ཡུལ་ཡིན་གྱི་དབང་པོའི་ནི་མ་ཡིན་ནོ། །རྡུལ་རགས་པར་འགྱུར་བའི་ཚུལ་ནི་མཛོད་ལས། གཟུགས་མིང་དུས་མཐའ་རྡུལ་ཡིག་དང་། །སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་ནས། །སོར་ཚིགས་ཞེས་བྱ་གོ་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལས་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱ་དཔག་ཚད་ཞེས་བྱའོ། །ཞེས་འབྱུང་ངོ་། །དེ་ལྟར་བརྩམས་པ་རགས་པའི་དབྱིབས་ནི་ཁ་དོག་དང་རེག་བྱ་ལས་རྫས་གཞན་གཟུགས་དང་རེག་བྱའི་སྐྱེ་མཆེད་དང་དེ་དག་གི་ཁམས་གཉིས་ཡིན་ནོ། །སེམས་དང་ལྡན་པའི་ལུས་ལ་ནི་རྣམ་པར་རིག་བྱེད་ཀྱི་དབྱིབས་ཞེས་བྱ་བ་ལུས་ལ་ཐ་དད་པར་ཡོད་པར་འདོད་དེ། དེ་ནི་ལུས་དེ་ལས་སྐྱེས་པའི་སེམས་ཀྱིས་ཀུན་ནས་བསླངས་པ་འགྲོ་འདུག་དང་བརྐྱང་བསྐུམ་ལ་སོགས་པའི་དབྱིབས་གཞན་ཡིན་ནོ། །མིག་གི་དབང་པོ་ནི་ཟར་མའི་མེ་ཏོག་ལྟ་བུ་དང་། རྣ་བའི་དབང་པོ་གྲོ་གས་འཛེར་བུ་ལྟ་བུ་དང་། སྣའི་དབང་པོ་ཟངས་ཀྱི་ཁབ་ལྟ་བུ་དང་། ལྕེའི་དབང་པོ་ཟླ་བ་ཕྱེད་པ་ལྟ་བུ་དང་། ལུས་ཀྱི་དབང་པོ་བྱ་རེག་འཇམ་གྱི་ལྤགས་པ་ལྟ་བུ་རང་རང་གི་དབང་རྟེན་གྱི་ནང་ན་གནས་སོ། །རིག་བྱེད་མ་ཡིན་པའི་གཟུགས་ནི་མཛོད་ལས། །གཡེངས་དང་སེམས་མེད་པའི་ཡང་། །དགེ་དང་མི་དགེ་རྗེས་འབྲེལ་གང་། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །ཅེས་འབྱུང་ངོ་། །འདིས་ནི་འདི་སྟོན་པར་བྱེད་དེ། ལེན་པ་ལ་སོགས་པས་རྐྱེན་གྱིས་གཞན་གྱིས་མི་རིག་པའི་གཟུགས་དགེ་མི་དགེ་ཁོ་ནར་ངེས་པ་གཡེངས་བ་དང་སེམས་མེད་པའི་གནས་སྐབས་ལྔའི་ཚེ་ན་ཡང་ཡོད་པ་འབྱུང་བ་བཞིའི་རྒྱུ་ལས་རྡུལ་མ་འདུས་པའི་གཟུགས་སྐྱེའོ། །དེ་ནི་ཁ་ཅིག་ནགས་ལ་མེ་ཞུགས་པ་ལྟར་ལུས་ཐམས་ཅད་ལ་ཁྱབ་པར་འདོད་ལ་ཁ་ཅིག་ནི་གླང་ལ་ཁལ་བཀལ་བ་ལྟར་ཐོབ་པའི་ཐག་པས་སྦྲེལ་བར་འདོད་དོ། །དེ་ནི་གསུམ་སྟེ་སྡོམ་པ་དང་སྡོམ་མིན་དང་བར་མས་བསྡུས་པའི་དགེ་མི་དགེའི་གཟུགས་སོ། །དེ་ནི། རྣམ་གསུམ་དྲི་མེད་གཟུགས་གསུམ་དང་། །འཕེལ་དང་མ་བྱས་ལམ་སོགས་ཕྱིར། །ཞེས་པའི་སྒྲུབ་བྱེད་བརྒྱད་ཀྱིས་བསྒྲུབས་སོ། །དེ་ལྟར་རྩ་བའི་གཟུགས་རྣམ་པ་གསུམ་བཤད་ནས་དེ་དག་གི་དབྱེ་བ་ནི་གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། །དྲི་ནི་རྣམ་བཞི་རོ་རྣམ་དྲུག །རེག་བྱ་བཅུ་གཅིག་བདག་ཉིད་དོ། །ཞེས་བཤད་དོ། །སེམས་ཀྱི་གཞི་བཤད་པ། །མིག་སོགས་རྣམ་མེད་ཤེས་པ་དྲུག །གཟུགས་ལ་སོགས་པའི་དོན་ཅི་རིག །གཙོ་བོ་སེམས་ཀྱི་གཞི་ཡིན་ཏེ། །ཀུན་གཞི་ལ་སོགས་མེད་ཅེས་གྲག །རྣམ་པར་ཤེས་པའི་ཚོགས་དྲུག་ཡུལ་གྱི་རྣམ་པ་མ་ཤར་བ་ཤེལ་དག་པ་ལྟ་བུ་སྐམ་པ་དང་ལྕགས་སྦྲམ་ལྟར་ཡུལ་ཐུག་ཕྲད་དུ་འཛིན་པ་རྣམས་ནི་རིམ་གྱིས་སྐྱེ་བ་ཁོ་ན་ཡིན་ཏེ་གཏོད་པར་བྱེད་པའི་ཡིད་གཅིག་ལས་མེད་པའི་ཕྱིར་རོ། །གང་ཡང་ཅིག་ཅར་སྐྱེས་པར་སྣང་བ་དེ་ནི་པད་མའི་འདབ་མ་དུ་མ་བརྩེགས་པ་ལ་མཚོན་གྱིས་ཕུག་པ་བཞིན་སྣང་བ་ཡིན་ནོ། །དོན་ཙམ་ནི་སྦྲེལ་གྱི་སྤྱིའོ། །ཡུལ་རིག་པ་ནི་ཤེས་པ་ཡིན་ལ་མཐོང་བ་ནི་ཤེས་པ་བ་རྟེན་པ་དང་བཅས་པའི་དབང་པོས་ཡིན་ཏེ་དེ་ནས་གཉིད་ལོག་ལ་སོགས་པའི་དབང་པོས་གཟུགས་མི་མཐོང་ངོ་། །ཅི་སྟེ་ཤེས་པས་མཐོང་ན་ནི་ཆོད་པའང་མཐོང་བར་འགྱུར་ཏེ་ཐོགས་མེད་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་མཛོད་ལས། མིག་གིས་གཟུགས་རྣམས་མཐོང་རྟེན་བཅས། །དེ་ལ་བརྟེན་པའི་རྣམ་ཤེས་མིན། །གང་ཕྱིར་བར་དུ་ཆོད་པ་ཡི། །གཟུགས་ནི་མཐོང་བ་མིན་ཕྱིར་ལོ། །ཞེས་འབྱུང་བ་ཡིན་ནོ། །གལ་ཏེ་ཀུན་གཞིའི་ཤེས་པ་མེད་ན་དྲུག་པོ་ནི་མི་བརྟན་པས་སྙོམས་འཇུག་གཉིས་དང་འདུ་ཤེས་མེད་པ་དང་བརྒྱལ་བ་དང་གཉིད་མཐུག་པོ་ལོག་པ་ལ་སོགས་པའི་ཚེ་རྒྱུན་ཆད་པའི་ཕྱིར་རྗེས་སུ་ཤེས་པ་མི་འབྱུང་བར་འགྱུར་རོ་ཞེ་ན་སྔར་གྱི་ཤེས་པའི་ཆོད་པའི་རྐྱེན་ལས་སྐྱེས་ཏེ་འདས་པ་ལ་འབྲས་བུ་འཛིན་པའི་བྱེད་པ་ཞིག་ཀྱང་འབྱིན་པའི་བྱེད་པ་ཡོད་པའོ། །འབྲས་བུ་འཛིན་པའི་ད་ལྟར་བའི་ཁོ་ནས་ད་ལྟར་བའི་འབྲས་བུ་སྐྱེད་པ་ཡིན་ནོ། །འབྲས་བུ་འབྱིན་པ་ནི་རྒྱུའི་རྗེས་སུ་འབྲས་བུ་དྲངས་པའོ། །བྱེད་པ་གཉིས་པོ་དེའང་རྒྱུ་རྐྱེན་ལ་ཡོད་ཅིང་དེ་གཉིས་ལས་དོན་གཞན་པར་འདོད་དོ། །གལ་ཏེ་གཅིག་ལས་འཕྲོས་པའི་ལུང་གི་དེ་བཞིན་གཤེགས་པ་འབྱུང་བའི་ཕན་ཡོན་བསྟན་པ་ལས་སྐྱེ་དགུ་ཀུན་གཞི་ལ་དགའ་བ་དག་ལ་དེ་སྤང་བའི་ཕྱིར་ཆོས་བསྟན་ན་ཉན་འདོད་ལ་རྣ་གཏོད་ཞེས་རང་གི་ལུང་ལས་ཀྱང་གསུངས་པ་དེ་ཇི་ལྟར་དྲང་ཞེ་ན། འདི་ལ་བཙུན་པ་དབྱིག་བཤེས་ན་རེ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དགོངས་ནས་དེ་སྐད་དུ་གསུངས་སོ་ཞེས་ཟེར་རོ། །བཙུན་པ་མིའུ་བྱུང་ན་རེ་བདེ་བའི་ཚོར་བ་འདོད་ཆགས་དང་བཅས་པ་ལ་དེ་སྐད་དུ་གསུངས་སོ་ཞེས་ཟེར་རོ། །བཙུན་པ་དབྱངས་སྒྲོགས་ན་རེ་འཇིག་ཚོགས་ལ་ལྟ་བ་ལ་དགོངས་ནས་དེ་སྐད་དུ་གསུངས་སོ་ཞེས་ཟེར་རོ། །ལུང་སིལ་བུ་ལས། ཉོན་མོངས་ཅན་ཡིད་རྟག་ཏུ་ནི། །ཉོན་མོངས་ལྷན་ཅིག་འབྱུང་ཞིང་འགག །ཞེས་བཤད་པ་དེ་ཇི་ལྟར་དྲང་ཞེ་ན། དེ་ནི་ཡིད་ཤེས་ཉོན་མོངས་པ་དང་ལྷན་ཅིག་ཏུ་སྐྱེས་པ་ལ་དགོངས་སོ་ཞེས་ཟེར་རོ། །དེས་ན་ཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོ་སྐྱེ་བ་རྣམས། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །ཅེས་དེ་དག་ཐམས་ཅད་ཡིད་ཤེས་སུ་མཛོད་ལས་བཤད་དོ། །སེམས་ལས་བྱུང་བའི་གཞི་བཤད་པ། །གཟུགས་སོགས་དོན་གྱི་ཁྱད་པར་འཛིན། སེམས་དང་མཚུངས་པ་ལྔ་དང་ལྡན། །ཚོར་ལ་སོགས་པ་ལྔ་བཅུ་གཅིག །སེམས་ལས་བྱུང་བའི་གཞི་རུ་འདོད། །གཟུགས་ལ་སོགས་པའི་སྤྱི་ནི་སེམས་ཀྱིས་རིགས་ལ་ཁྱད་པར་སྣ་ཚོགས་པ་ནི་སེམས་བྱུང་གིས་འཛིན་ཏེ་ཚོར་བ་བདེ་སྡུག་གིས་ཕན་གནོད་དང་འདུ་ཤེས་ཀྱིས་སྤུ་རིས་དང་ཆགས་སྡང་གིས་ཡིད་དུ་འོང་མི་འོང་འཛིན་པ་ལ་སོགས་པ་ཡིན་ནོ། །དེ་དག་ནི་རང་རང་གི་སེམས་དང་དབང་པོ་གཅིག་ལ་བརྟེན་པས་རྟེན་དང་ཡུལ་གཅིག་ལ་འཇུག་པས་དམིགས་པ་དང་། དཀར་པོ་ལ་སོགས་པའི་རྣམ་པ་དང་དུས་གཅིག་ཏུ་སྐྱེ་བས་དུས་དང་རྫས་རེ་རེ་བར་འདྲ་བས་རྫས་མཚུངས་པ་ཡིན་ནོ། །དེ་ལ་སེམས་ཀུན་ལས་འབྱུང་བའི་སེམས་བཅུ་ནི་མཛོད་ལས། ཚོར་དང་འདུ་ཤེས་སེམས་པ་དང་། །འདུན་དང་རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང་། །ཏིང་ངེ་འཛིན་སེམས་ཐམས་ཅད་ལའོ། །ཞེས་འབྱུང་ངོ་། །དགེ་བའི་སེམས་ལ་འབྱུང་བ་བཅུ་ནི། དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་གཉིས་རྣམ་མི་འཚེ་དང་། །བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང་། །ཞེས་སོ། །སེམས་ཉོན་མོངས་པ་ཅན་ཆེན་པོ་ལ་འབྱུང་བ་དྲུག་ནི། རྨོངས་དང་བག་མེད་ལེ་ལོ་དང་། །མ་དད་པ་དང་རྨུགས་དང་རྒོད། །ཉོན་མོངས་ཅན་ལ་རྟག་ཏུ་འབྱུང་། །ཞེས་སོ། །སེམས་མི་དགེ་བའི་འཁོར་དུ་ནི། །མི་དགེ་ལ་ནི་ཁྲེལ་མེད་དང་། །ངོ་ཚ་མེད་པའོ་ཞེས་སོ། །སེམས་ཉོན་མོངས་པ་ཆུང་ངུ་ལ། །འབྱུང་བ་བཅུ་ནི་ཁྲོ་བ་དང་། །འཁོན་དུ་འཛིན་དང་གཡོ་དང་ནི། །ཕྲག་དོག་ཚིག་འཆབ་སེར་སྣ་དང་། །སྒྱུ་དང་རྒྱགས་དང་རྣམ་འཚེ་ནི། །ཉོན་མོངས་ཆུང་ངུའི་ས་པ་རྣམས། །ཞེས་སོ། །མ་ངེས་པར་འབྱུང་བ་བརྒྱད་ནི་སློབ་དཔོན་དབྱིག་བཤེས་ཀྱིས། རྟོག་དང་དཔྱོད་དང་འགྱོད་པ་དང་། །གཉིད་དང་ཁོང་ཁྲོ་ཆགས་ཉིད་དང་། །ང་རྒྱལ་ཐེ་ཚོམ་ཞེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད། །ཅེས་བཤད་དོ། །དེ་ལ་སློབ་དཔོན་རྒྱལ་སྲས་གྲགས་པ་ན་རེ་དེར་མ་འདུས་པ་ལྟ་བ་ལ་སོགས་པའང་ཡོད་དོ། །ཞེས་ཟེར་བ་ནི་མ་ཡིན་ཏེ་དེ་ནི་བརྟགས་ཡོད་ཡིན་ལ་འདི་དག་ནི་རྫས་ཡོད་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །བརྟགས་ཡོད་ནི་ལྔ་སྟེ་གཏི་མུག་མེད་པའི་དགེ་བའི་རྩ་བ་ལྟ་བ་དང་ཤེས་བཞིན་མ་ཡིན་པ་གསུམ་ནི། ཤེས་རབ་ལས་གུད་ན་མེད་པས་བརྗེད་ངས་དང་རྣམ་གཡེང་གཉིས་ནི་དྲན་པ་དང་ཏིང་ངེ་འཛིན་ཉོན་མོངས་པ་ཅན་ཡིན་ནོ། །སེམས་ལ་བརྟེན་ནས་སེམས་དང་ལྷན་ཅིག་བྱུང་བས་ན་སེམས་བྱུང་ངོ་། །སེམས་དང་སེམས་བྱུང་ཐམས་ཅད་ནི་རལ་གྲིའི་སོ་དང་མཛུབ་མོའི་རྩེ་ལྟར་རིག་བྱ་རིག་བྱེད་གཉིས་མེད་པས་རང་མི་རིག་སྟེ། དབུ་མ་རྒྱན་ལས་གཅིག་པ་ཆ་མེད་རང་བཞིན་ལ། །གསུམ་གྱི་བདག་ཉིད་མི་འཐད་ཕྱིར། །འདིའི་རང་གིས་རིག་པ་ཉིད། །བྱ་དང་བྱེད་པའི་དངོས་པོར་མིན། །ཞེས་བཤད་དོ། །དེས་ན་རྣམ་པར་ཤེས་པ་ཤིང་རྟ་ལ་སོགས་པ་ལས་ལོག་ནས་རིག་པ་མེད་པ་མ་ཡིན་པ་ནི་རང་རིག་པའི་དོན་ཡིན་ལ་འདིའང་དོན་རྣམས་ནི་རྣམ་མེད་ཐུག་ཕྲད་དུ་འཛིན་པ་ཡིན་ནོ། །གལ་ཏེ་རྣམ་པ་མེད་ཀྱང་དོན་རིག་ན་ཐམས་ཅད་ཀྱིས་ཐམས་ཅད་རིག་པར་འགྱུར་ལ། ཐ་དད་དུས་མཉམ་ལ་འབྲེལ་བ་གཉི་ཀ་མེད་པས་རིག་པ་མི་རུང་ངོ་ཞེ་ན། བྱེ་བྲག་དུ་སྨྲ་བ་ཆོས་མངོན་པ་བ་རྣམས་ན་རེ་བློ་དང་། ཡུལ་དང་། མྱུ་གུ་དང་། གྲིབ་མ་དང་། མཚུངས་པར་ལྡན་པའི་སེམས་དང་སེམས་བྱུང་དང་གོ་གཅིག་ན་ཡོད་པའི་རྡུལ་རྣམས་ནི་དུས་མཉམ་པའི་དེ་བྱུང་གི་འབྲེལ་བ་ཡོད་དོ་ཞེས་ཟེར་རོ། །སློབ་དཔོན་དགེ་བསྲུངས་དང་ཆོས་འབྱུང་བྱིན་ལ་སོགས། རྟོག་གེ་རྣམས་ན་རེ་དུས་མཉམ་པ་ལ་དེ་བྱུང་མེད་ཀྱང་ཚོགས་པ་གཅིག་ལས་མི་འབྲལ་བར་འབྱུང་བ་མཚེ་མའི་སྤུན་ལྟ་བུ་ནི་འབྲེལ་བ་ཡོད་དེ་འདི་ལྟར་དབང་པོ་ལྔ་ལས་དབང་པོའི་ཕྱི་མ་དང་དེ་དང་དུས་མཉམ་པའི་ཡུལ་དང་ཤེས་པ་གསུམ་མི་འབྲལ་བར་འབྱུང་ངོ་། །དེ་བཞིན་དུ་ཡུལ་དང་མཚུངས་པ་དེ་མ་ཐག་རྐྱེན་གཉིས་རེ་རེ་ལས་ཀྱང་གསུམ་པོ་མི་འབྲལ་བར་འབྱུང་བས་རིག་པ་ཡིན་ཏེ་ཕྱི་རོལ་གྱི་དོན་གྲུབ་པ་ལས། ཚོགས་པ་སྔ་མ་ཉིད་ཀྱིས་ནི། །སྣང་དང་བཅས་གཟུགས་ལྡན་པ་ཡི། །ཤེས་བཅས་ཡུལ་གྱི་སྐད་ཅིག་བྱེད། །དེས་ན་ལྷན་ཅིག་དམིགས་པར་འགྱུར། །ཞེས་བཤད་དོ། །གལ་ཏེ་ཚོགས་པ་གཅིག་ལས་བྱུང་བས་ཡུལ་རིག་ན་དབང་པོའང་རིག་པར་འགྱུར་ཞེ་ན། དེ་ཡུལ་གཞན་མི་རིག་པའི་རྒྱུ་མཚན་དུ་སྨྲས་ཀྱི་ཚོགས་པ་གཅིག་པའི་ཟླ་བོ་ཐམས་ཅད་རིག་པའི་རྒྱུ་མཚན་དུ་མ་སྨྲ་བ་ཞེས་ཟེར་རོ། །བོད་ཀྱི་སློབ་དཔོན་ཤེས་པ་རྣམ་མེད་དུ་སྨྲ་བ་ཁ་ཅིག་ན་རེ་མིག་ཤེས་ནི་གཟུགས་སྔར་ཉེ་བ་དང་བཅས་པའི་མིག་ལ་སྐྱེས་པས་རང་དང་ཐ་མི་དད་པའི་གཟུགས་འཛིན་པའི་ཆོས་གཅིག་ཡོད་པས་དེ་རིགས་པ་རྣ་བ་ལས་མ་སྐྱེས་པས་སྒྲ་མི་རིག་ཅིང་སེར་པོ་སྔར་མི་ཉེ་བས་དེ་མི་འཛིན་ནོ། །དེས་ན་དོན་ལ་འཛིན་ནུས་ནི་དབང་པོས་བྱས་ཏེ་དེ་མི་བྱེད་ན་དབང་པོ་ལ་ཤེས་པ་ལྔ་ཡུལ་སོ་སོར་འཛིན་ནུས་སུ་སྐྱེད་པ་ཞེས་བྱ་བའི་བྱེད་པ་མེད་པར་འགྱུར་རོ་ཞེས་ཟེར་རོ། །དེས་ན་སེམས་དང་སེམས་བྱུང་ཐམས་ཅད་ལ་ཤེས་རབ་ཡོད་པས་མཛོད་ལས། རྣམ་པར་ཤེས་རབ་དང་བཅས་པའི། །དམིགས་དང་བཅས་པས་འཛིན་པར་བྱེད། །ཡོད་པ་ཐམས་ཅད་གཟུང་བྱ་ཡིན། །ཞེས་བཤད་དོ། །མི་ལྡན་པའི་འདུ་བྱེད་བཤད་པ། །ཐོབ་དང་མ་ཐོབ་སྐལ་མཉམ་དང་། །འདུ་ཤེས་མེད་དང་སྙོམས་འཇུག་གཉིས། །སྲོག་དང་ཚོགས་གསུམ་མཚན་ཉིད་བཞི། །གཟུགས་མིན་སེམས་དང་སེམས་བྱུང་མིན། །བཅུ་བཞི་འདི་དག་སེམས་དང་སེམས་བྱུང་གཉིས་དང་མཚུངས་ལྡན་དུ་མི་འཇུག་པས་མི་ལྡན་པ་ཞེས་བྱ། རྒྱུ་རྐྱེན་གྱིས་འདུས་བྱས་པས་ན་འདུ་བྱེད་དོ། །འོན་ཀྱང་གཟུགས་ཅན་མ་ཡིན་པའི་སྒོ་ནས་ནི་དེ་གཉིས་དང་མཚུངས་པ་ཡིན་ནོ། །དེ་ལ་ཐོབ་པ་རྙེད་དང་ལྡན་པའོ། །ཐོབ་དང་མ་ཐོབ་རང་རྒྱུད་དུ། གཏོགས་པ་རྣམས་ཀྱི་འོ་ཞེས་འབྱུང་སྟེ་གང་ཟག་ལ་དགེ་མི་དགེ་ལ་སོགས་པའི་ཆོས་སྐྱེས་པ་ན་དེ་ལྡན་པའམ་སྦྲེལ་བར་བྱེད་པའི་རྫས་གཞན་ཐག་པའམ་ཚ་ལ་དང་སྤྱིནཾ་ལྟ་བུ་ཡིན་ནོ། །མ་ཐོབ་པ་ནི་གང་ཟག་ལ་ཆོས་དེ་དག་མི་ལྡན་པར་བྱེད་པའི་གེགས་གཞན་གཅིག་ཡིན་ཏེ་རྩ་ལྟུང་བྱུང་བ་ན་སྡོམ་པ་གཏོང་བྱེད་ཀྱི་མ་ཐོབ་པ་བྱུང་བ་བཞིན་ནོ། །འདི་ནི་དགེ་མི་དགེ་གཉིས་ཀ་དང་མི་འགལ་བས་མ་ཐོབ་མ་བསྒྲིབས་ལུང་མ་བསྟན་ཞེས་བཤད་དེ། དགེ་རྩ་ཆད་པའི་བྱིས་པ་དང་མི་དགེ་བ་སྤོང་བའི་ཆགས་བྲལ་ལའང་དགེ་མི་དགེ་གོ་རིམ་བཞིན་མ་ཐོབ་པ་ཡོད་ལ་དེ་གཉིས་ཀྱི་མ་ཐོབ་པ་ནི་དགེ་མི་དགེ་གཉིས་ཀ་མ་ཡིན་པའི་ཕྱིར་རོ། །སྐལ་མཉམ་སེམས་ཅན་འདྲ་བའོ་ཞེས་འབྱུང་སྟེ་སེམས་ཅན་གྱི་སྤྱི་དང་བྱེ་བྲག་ལ་སྒྲ་བློ་མཚུངས་པ་འཇུག་པའི་རྒྱུ་མཚན་འདྲ་བྱེད་ཀྱི་ཆོས་གཞན་གཅིག་ཡིན་ནོ། །འདུ་ཤེས་མེད་པ་བ་ནི་ལྷ་ཚེ་རིང་པོའི་རྟེན་ལ་བསྐལ་པ་ཆེན་པོ་ལྔ་བརྒྱའི་བར་དུ་སེམས་དང་སེམས་བྱུང་འགོག་པའི་རྫས་གཞན་ནོ། །འདུ་ཤེས་མེད་པའི་སྙོམས་འཇུག་ནི་འདུ་ཤེས་མེད་པ་བ་དེ་ཐོབ་པའི་དོན་དུ་སེམས་དང་སེམས་བྱུང་འགོག་པའི་རྫས་གཞན་ནོ། །འགོག་པའི་སྙོམས་འཇུག་ནི་འཕགས་པ་དག་ཞི་བར་གནས་པའི་དོན་དུ་སེམས་དང་སེམས་བྱུང་འགོག་པའི་རྫས་གཞན་ནོ། །བཙུན་པ་དབྱིག་བཤེས་ནི་གསུམ་པོ་དེ་ལས་ཡིད་ཤེས་ཕྲ་མོ་ཡོད་པར་འདོད་ལ། བཙུན་པ་སྒྲ་དབྱངས་ལ་སོགས་པ་ནི་དེ་སུན་ཕྱུང་ནས་སེམས་ཡེ་མེད་པར་འདོད་དོ། །སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་འབྱུང་སྟེ། དྲོད་དང་རྣམ་ཤེས་ཀྱི་རྟེན་འགྲོ་བ་རིས་མཐུན་དུ་གནས་པར་བྱེད་པའི་རྫས་གཞན་ནོ། །ཚོགས་གསུམ་ནི་ཀ་ལ་སོགས་པ་ཡི་གེ་དང་བུམ་པ་ལ་སོགས་པ་མིང་དང་གསེར་གྱི་བུམ་པ་ལ་སོགས་པ་མིང་ཚིག་གསུམ་གྱི་སྒྲ་སྤྱི་ཡིད་ལ་སྣང་བ་རྫས་སུ་གྲུབ་པའོ། །ཇི་སྐད་དུ། མིང་གི་ཚོགས་ལ་སོགས་པ་ནི། །མིང་དང་ངག་དང་ཡི་གེའི་ཚོགས། །འདོད་དང་གཟུགས་རྟོགས་སེམས་ཅན་སྟོན། །ཞེས་འབྱུང་བ་ཡིན་ནོ། །འདུས་བྱས་ཀྱི་མཚན་ཉིད་བཤད་པ། །མཚན་ཉིད་བཞི་ནི་སྐྱེ་བ་དང་། །གནས་དང་རྒས་དང་མི་རྟག་ཡིན། །དེ་ལ་བཞི་པོ་འདི་ནི་འདུས་བྱས་ཐམས་ཅད་ལ་ཐ་དད་ལྡན་པར་ཡོད་དེ་སྐྱེ་བས་འདུས་བྱས་རྣམས་མ་འོངས་པ་ནས་ད་ལྟར་དུ་འདྲེན་ནོ། །གནས་པས་དེ་ད་ལྟར་དུ་འཛིན་ནོ། །རྒས་པས་དེ་རྙིང་པར་བྱེད་དོ། །མི་རྟག་པས་དེ་འདས་པར་སོང་བར་བྱེད་དོ། །སྐྱེ་བས་འདུས་བྱས་སྐྱེད་པའང་དེ་གཅིག་པུས་མ་ཡིན་པར་རྒྱུ་རྐྱེན་ལ་ལྟོས་ཏེ་རྒྱུ་དང་རྐྱེན་དག་མེད་པར་ནི། །སྐྱེ་བས་བསྐྱེད་བྱ་སྐྱེད་བྱེད་མིན། །ཞེས་བཤད་དོ། །མཚན་ཉིད་དོན་གཞན་མེད་ན་ནི་གཟུགས་ཀྱི་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་དྲུག་པའི་སྒྲ་མི་རུང་བར་འགྱུར་རོ། །མཚན་ཉིད་བཞི་པོ་འདུས་མ་བྱས་ཡིན་ན་མཚན་གཞི་ལ་མི་སྲིད་པར་འགྱུར་ལ། འདུས་བྱས་ཡིན་ན་དེ་ལའང་གཞན་བཞི་དགོས་པས་ཐུག་མེད་དུ་འགྱུར་རོ་ཞེ་ན། ཡོད་དེ་ཕན་ཚུན་རྟེན་པའི་ཡོན་ཏན་གྱིས་ཐུག་པ་མེད་པའི་སྐྱོན་སྤོང་བ་ཡིན་ནོ། །འདི་ལྟར་མཚན་ཉིད་བཞི་གཅིག་ལ་རྩ་བའི་མཚན་ཉིད་བཞི་དང་། སྐྱེ་བའི་སྐྱེ་བ་ལ་སོགས་པ་མཐུན་པའི་མཚན་ཉིད་བཞི་སྟེ་བརྒྱད་གནས་སོ། །དེ་ལ་རྩ་བའི་སྐྱེ་བས་ནི་མཚན་གཞི་དེ་དང་རྩ་བའི་གནས་པ་ལ་སོགས་པ་གསུམ་དང་མཐུན་པའི་མཚན་ཉིད་བཞི་སྟེ་བརྒྱད་སྐྱེད་ལ་སྐྱེ་བ་རང་ཉིད་རང་གིས་སྐྱེད་པར་མི་རུང་བས་རང་ཉིད་ནི་སྐྱེ་བའི་སྐྱེ་བས་སྐྱེད་པས་དེས་ནི་གཅིག་ཁོ་ན་སྐྱེད་དོ། །དེ་བཞིན་དུ་རྣམ་པ་གཞན་གསུམ་ལའང་སྦྱར་ཏེ། དེ་དག་སྐྱེ་བའི་སྐྱེ་ལ་སོགས། །དེ་ཆོས་བརྒྱད་དང་གཅིག་ལ་འཇུག །ཅེས་བཤད་དོ། །དེས་ན་མཚན་ཉིད་བརྒྱད་པོ་དེ་དག་ཕན་ཚུན་མཚོན་པས་ཐུག་མེད་དུའང་མི་དགོས་ལ་མཚན་ཉིད་རེ་རེ་ལ་ཟླ་བོ་གསུམ་མེད་པས་མ་ཁྱབ་པའི་སྐྱོན་ཀྱང་མེད་དེ་རྩ་བའི་མཚན་ཉིད་རྣམས་ལ་ནི་མཐུན་པའི་མཚན་ཉིད་ཀྱིས་ཁྱབ་ལ། མཐུན་པའི་མཚན་ཉིད་རྣམས་ལ་ནི་རྩ་བའི་མཚན་ཉིད་ཀྱིས་ཁྱབ་པའི་ཕྱིར་རོ། །གལ་ཏེ་འདས་པ་དང་མ་འོངས་པའི་འདུས་བྱས་ཡོད་ན་དྲན་པར་འགྱུར་ལ་མེད་ན་ད་ལྟར་དུ་འདྲེན་པ་ལ་སོགས་པའི་མཚན་ཉིད་ཀྱི་བྱེད་པ་མི་རུང་ངོ་ཞེ་ན། བཤད་པ། མི་རྟག་ལྡན་ཕྱིར་རྟག་པ་མིན། །དུས་གསུམ་རྫས་གྲུབ་ལུགས་བཞི་ཡོད། །བདག་མེད་འདུས་བྱས་རྐྱེན་བཞི་ལས། །སྐད་ཅིག་ཉིད་དུ་སྐྱེ་ཞིང་འགག །ཡོད་ཀྱང་རྟག་པར་མི་འགྱུར་ཏེ། །མི་རྟག་དོན་གཞན་ལྡན་ཕྱིར་རོ། །འདས་པ་དང་མ་འོངས་པའི་འདུས་བྱས་ད་ལྟར་གྱི་ཚེའང་ཡོད་དེ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདས་པ་དང་མ་འོངས་པའི་གཟུགས་གཅིག་ཡོད་པར་མ་གྱུར་ན་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག་འདས་པ་དང་མ་འོངས་པའི་གཟུགས་ལ་ལྟ་བ་དང་མངོན་པར་དགའ་བར་ཡང་མི་འགྱུར་བ་ཞིག་ན་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་དང་། དེ་གཉིས་ལ་དམིགས་པའི་ཡིད་ཤེས་ཡོད་པའི་ཕྱིར་དང་ད་ལྟར་བའི་བདེ་སྡུག་ནི་འདས་པའི་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །དུས་གཉིས་ཀྱི་འདུས་བྱས་ཡོད་ན་དུས་གསུམ་གྱི་ཁྱད་པར་མེད་པར་འགྱུར་ཏེ་དེ་ལྟར་བཞིན་ནོ་ཞེ་ན་བཙུན་པ་ཆོས་སྐྱོབ་ན་རེ། འདུས་བྱས་ཆོས་རྣམས་དུས་གསུམ་དུ་འཇུག་པ་ན་དེའི་རྫས་ལ་འགྱུར་བ་མེད་ཀྱང་མ་འོངས་པའི་དངོས་པོ་དོར་ནས་ད་ལྟར་གྱི་དངོས་པོ་དང་། དེ་དོར་ནས་འདས་པའི་དངོས་པོ་ཐོབ་པས་དངོས་པོ་གཞན་དང་གཞན་དུ་འགྱུར་བ་ནི་དུས་གསུམ་གྱི་ཁྱད་པར་ཏེ་དཀར་པོའི་རྫས་ལ་འགྱུར་བ་མེད་པའི་འོ་མ་དང་ཞོ་དང་མར་ལ་སོགས་པའི་གནས་སྐབས་ཐ་དད་པ་དང་གསེར་ལ་སོགས་པ་གནས་སྐབས་ཐ་དད་པ་བཞིན་ནོ་ཞེས་ཟེར་རོ། །བཙུན་པ་དབྱངས་སྒྲོགས་ན་རེ། ཆོས་དུས་གསུམ་དུ་འཇུག་པ་ན་དངོས་པོ་གཅིག་ལ་དུས་གསུམ་ཀའི་མཚན་ཉིད་ལྡན་ཏེ་བུད་མེད་གཅིག་ལ་ཆགས་པ་ནི་གཞན་ལའང་ཆགས་པ་དང་ལྡན་པ་བཞིན་ནོ། །ཞེས་ཟེར་རོ། །བཙུན་པ་དབྱིག་བཤེས་ན་རེ་ཆོས་དུས་རྣམས་སུ་འཇུག་པ་ན་རྫས་གཞན་མ་ཡིན་གྱི་གནས་སྐབས་གཞན་ཡིན་ཏེ་དཔེར་ན་རིལ་བུ་གཅིག་ཉིད་གཅིག་དང་བརྒྱ་དང་སྟོང་གི་ཤོ་མིག་ཏུ་བཞག་ན་དེ་རྣམས་སུ་འགྱུར་བ་བཞིན་ནོ་ཞེས་ཟེར་རོ། །བཙུན་པ་སངས་རྒྱས་ལྷ་ན་རེ། ཆོས་དུས་རྣམས་སུ་འཇུག་པ་ན་ཕྱི་ལ་ལྟོས་ནས་གཞན་དང་གཞན་ཞེས་བརྗོད་དེ་དཔེར་ན་བུད་མེད་གཅིག་མ་དང་བུ་མོ་གཉི་གར་འགྱུར་བ་བཞིན་ནོ་ཞེས་ཟེར་རོ། །སློབ་དཔོན་དགེ་བསྲུངས་དང་ཆོས་འབྱུང་བྱིན་ལ་སོགས་པ་ནི་དུས་གསུམ་རྫས་གྲུབ་མི་འདོད་ཀྱི་ཆོས་ཐམས་ཅད་དངོས་པོ་མེད་པ་ལ་སོགས་པའི་མདོའི་དོན་ནི་སྨད་པ་དང་ཉུང་བ་ལ་སོགས་པར་འཆད་དེ་དབུས་ད་ལྟར་གྱི་ཚེ་ནའང་མི་རྟག་པའི་ཕྱིར་དང་དངོས་པོ་མེད་པ་མང་བའི་ཕྱིར་ཏེ་འདས་མ་འོངས་ནི་དངོས་མེད་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལ་སྔ་མ་བཞི་ནི་ཐམས་ཅད་ཡོད་པར་སྨྲ་བ་ཡིན་ལ་ཕྱི་མ་དག་ནི་བྱེ་བྲག་ཏུ་སྨྲ་བ་ཡིན་ཀྱང་ཐམས་ཅད་ཡོད་པར་སྨྲ་བ་ནི་མ་ཡིན་གྱི་དེ་དང་མཐུན་པའི་རྟོག་གེ་པ་ཡིན་ནོ། །དོན་དེ་དག་མཛོད་ལས། དུས་རྣམས་ཀུན་ཏུ་ཡོད་གསུངས་ཕྱིར། །གཉིས་ཕྱིར་ཡུལ་ཡོད་ཕྱིར་འབྲས་ཕྱིར། །དེ་ཡོད་སྨྲ་བའི་ཕྱིར་ཐམས་ཅད། །ཡོད་པར་སྨྲ་བར་འདོད་དེ་དག །རྣམ་བཞི་དངོས་དང་མཚན་ཉིད་དང་། །གནས་སྐབས་གཞན་གཞན་འགྱུར་ཞེས་བྱ། །གསུམ་པ་བཟང་སྟེ་བྱ་བ་ཡིས། །དུས་རྣམས་རྣམ་གཞག་ཞེས་བཤད་དོ། །གཞན་ཡང་དགེ་མི་དགེའི་ལས་བྱས་པའི་ཚེ་ཆུད་མི་ཟ་བའི་རྫས་ཞེས་བྱ་བའི་མི་ལྡན་པའི་འདུ་བྱེད་སྐྱེ་ལ། ལས་དང་འཁོར་ལོའི་དབྱེན་གཉིས་ཀྱང་མི་ལྡན་པའི་འདུ་བྱེད་དུ་འདོད་དེ་དགེ་འདུན་དབྱེན་ནི་མི་འཕྲོད་པའི། རང་བཞིན་ལྡན་པ་མ་ཡིན་ཆོས། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །དེ་དག་དགེ་འདུན་ཡང་དག་ལྡན། །ཞེས་འབྱུང་ངོ་། །ཆོས་ཀྱི་འཁོར་ལོའི་དབྱེན་གྱི་མི་ལྡན་པའི་འདུ་བྱེད་འདི་ནི་སངས་རྒྱས་མི་བཞུགས་པའི་ཚེ་མི་འབྱུང་སྟེ། དང་པོ་མཐའ་སྐྱོན་ཟུང་གཅིག་གི །སྔ་རོལ་ཐུབ་པ་ནོངས་པ་དང་། །མཚམས་མ་བཅད་པ་དག་ཏུ་ཡང་། །འཁོར་ལོའི་དབྱེན་ནི་མི་འབྱུང་ངོ་། །ཞེས་བཤད་དོ། །དེ་ལྟར་འདུས་བྱས་ཀྱི་ཆོས་དེ་དག་རྐྱེན་གང་ལས་སྐྱེ་བའི་ཚུལ་ནི། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་པ་གཉིས། །གཞན་ནི་གཉིས་པོ་དག་ལ་སྐྱེ། །དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། །ཞེས་འབྱུང་སྟེ་རྐྱེན་བཞི་ལས་སེམས་དང་སེམས་བྱུང་དང་སྙོམས་འཇུག་གཉིས་ནི་དམིགས་བྱེད་མ་ཡིན་པས་དམིགས་རྐྱེན་མ་གཏོགས་པ་གསུམ་དང་། གཟུགས་དང་མི་ལྡན་པའི་འདུ་བྱེད་གཞན་རྣམས་ནི་བདག་རྐྱེན་དང་རྒྱུའི་རྐྱེན་གཉིས་ལས་སྐྱེའོ། །ཞེས་སྟོན་པ་ཡིན་ནོ། །རྒྱུ་འབྲས་ཀྱི་རྣམ་པར་གཞག་པ་གཞན་རྣམས་ནི་ཚིག་མང་བར་འགྱུར་བས་བཞག་གོ །འདུས་བྱས་རྣམས་མི་རྟག་པ་རྒྱུན་གྱིས་གནས་པའི་ཚུལ་ནི་མཛོད་ལས། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེའི་སྐད་ཅིག་དེ་དག་བྱ། །དྲུག་ཅུ་ལ་ནི་ཐང་གཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུ་འགྱུར། །ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་བཤད་དོ། །དེ་ལྟར་འདུས་བྱས་ཀྱི་གཞི་བཞི་བཤད་ནས། ལྔ་པ་འདུས་མ་བྱས་ཀྱི་གཞི་བཤད་པ་ནམ་མཁའ་དང་ནི་འགོག་པ་གཉིས། འདུས་མ་བྱས་ཞེས་ཁ་ཆེ་བ། །དེ་བཞིན་ཉིད་དང་བཞི་ཡིན་ཞེས། །དབུས་འགྱུར་འཆང་པ་དེ་སྐད་སྨྲ། །ནུབ་ཕྱོགས་ཁ་ཆེའི་ཡུལ་ན་གནས་པའི་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་རྐྱེན་གྱིས་འདུས་མ་བྱས་པ་སྐྱེ་འཇིག་མེད་པ་རྟག་པའི་རྫས་གསུམ་འདོད་དོ། །དེ་ལ་ནམ་མཁའ་ནི་མི་སྒྲིབ་པའི་དངོས་པོ་ཞེས་བྱ་བ་མ་ཡིན་པར་དགག་པའོ། །དེ་ནི་མདོ་ལས་བྲམ་ཟེ་ཞིག་གིས་ཀྱཻ་གཽའུ་ཏ་མ་ས་འདི་ཅི་ལ་བརྟེན། བྲམ་ཟེ་ས་ཆུ་ལ་བརྟེན་ནོ། །དེ་བཞིན་དུ་ཆུ་རླུང་དང་རླུང་ནམ་མཁའ་ལ་བརྟེན་ནོ་ཞེས་གསུངས་པའི་ཕྱིར་དངོས་པོར་ཡོད་དོ། །གང་ཞིག་རྫས་སུ་མེད་པ་དེ་ནི་རྟེན་དུ་མི་རུང་སྟེ་རི་བོང་གི་རྭ་བཞིན་ནོ། །སོ་སོར་བརྟགས་པས་འགོག་པ་ནི་སྤང་བྱ་ཟག་བཅས་དང་བྲལ་བ་གང་ཞིག་གཉེན་པོ་སོ་སོར་རྟོགས་པའི་ཤེས་རབ་ལ་སོགས་པའི་མཐུས་ཐོབ་པར་བྱ་བ་སྟེ་བྲལ་བའི་རྫས་རྟག་པ་དགེ་བ་མ་ཡིན་དགག་གོ །དེའང་འགོག་པ་དེ་གང་ཟག་ལ་ཡེ་ནས་རྟག་ཏུ་ཡོད་ཀྱང་ལམ་གྱི་ཡེ་ཤེས་སྐྱེས་པའི་ཚེ་མངོན་དུ་འགྱུར་ཏེ་དེ་ཐོབ་ནས་ཟག་པ་སྐྱེ་བའི་གེགས་བྱེད་ལ་ལྷག་མེད་ཐོབ་པའི་ཚེའང་རྟེན་བོར་ནས་རྟག་པའི་རྫས་དེ་གནས་སོ། །འགོག་པ་དེ་ནི་དུ་མ་ཡིན་ཏེ་དེ་ལྟ་མ་ཡིན་ན་མཐོང་ལམ་གྱི་འགོག་པ་དང་པོ་མངོན་དུ་བྱས་པའི་ཚེ་སངས་རྒྱས་ཀྱི་སའི་བར་གྱི་འགོག་པ་རྣམས་ཀྱང་ཐོབ་པར་ཐལ་བར་འགྱུར་རོ། །དེ་ལ་ཉན་ཐོས་ཀྱི་འགོག་པ་རྣམས་ནི་སྐྱེ་བ་དུ་མས་འཐོབ་པ་ཤས་ཆེ་ལ་རང་སངས་རྒྱས་དང་སངས་རྒྱས་རྣམས་ནི་དྲོད་ནས་མི་སློབ་པའི་བར་གྱི་འགོག་པ་སྟན་གཅིག་ལ་མངོན་དུ་བྱེད་དེ་སྟོན་དང་བསེ་རུ་བྱང་ཆུབ་བར། བསམ་གཏན་མཐའ་རྟེན་གཅིག་ལ་ཀུན་ཞེས་བཤད་དོ། དབུ་མ་རྒྱན་ལས་རང་གི་སྡེ་པ་གང་དག་བསྒོམས་པའི་སྟོབས་ཙམ་གྱིས་བྱུང་བའི་ཤེས་པའི་དམིགས་པ་འདུས་བྱས་ཀྱི་འཇུག་པ་ཐམས་ཅད་དང་མི་མཐུན་པ་རང་ལ་དམིགས་པའི་ཡིད་ཙམ་ལ་ཡང་དགོས་པ་མེད་པ་ནི་དེ་ཁོ་ན་ཤེས་པའི་ཡུལ་ཡིན་པའི་ཕྱིར་དོན་དམ་པར་ཡོད་དོ་ཞེས་སྨྲ་བ་དེ་དག་གི་ལུགས་ལྟར་ན་རང་བཞིན་གཅིག་པ་ཉིད་དུ་འགལ་བ་མེད་དོ་ཞེ་ན་འགལ་ཏེ་འདི་ལྟར་བསྒོམས་ལས་བྱུང་བའི་ཤེས་པ་ཡི། ཤེས་བྱ་འདུས་མ་བྱས་སྨྲ་བའི། །ལུགས་ལའང་གཅིག་མིན་དེ་དག་ནི། །རིམ་ཅན་ཤེས་དང་འབྲེལ་ཕྱིར་རོ། །ཞེས་བཤད་དོ། །སོ་སོར་མ་བརྟགས་པས་འགོག་པ་ནི་མ་འོངས་པའི་འདུས་བྱས་སྐྱེ་བ་ལ་རྟག་དུ་གེགས་བྱེད་པ་རྐྱེན་མ་ཚང་བས་ཐོབ་པའོ། །དེའང་གང་ཟག་གང་ལ་མ་བཏགས་པའི་འགོག་པ་ཡེ་ནས་རྟག་ཏུ་ཡོད་པ་དེ་ལམ་གྱི་རྐྱེན་སྒྲ་དང་ཚུལ་བཞིན་ཡིད་ལ་བྱེད་པ་ལ་སོགས་པ་མ་ཚང་པས་ཐོབ་ནས་དེའི་གཉེན་པོ་འདུས་བྱས་ལམ་གྱི་ཡེ་ཤེས་སྐྱེ་བའི་གེགས་བྱེད་པ་ལྟ་བུའོ། །འགོག་པ་འདི་གཉི་གའང་རྫས་སུ་ཡོད་དེ་གེགས་ཡིན་པའི་ཕྱིར་རོ། །དོན་དེ་དག་མཛོད་ལས། །དེ་ལ་ནམ་མཁའ་མི་སྒྲིབ་པ། །སོ་སོར་བརྟགས་པའི་འགོག་པ་གང་། །བྲལ་པའོ་སོ་སོ་སོ་སོ་ཡིན། །སྐྱེ་ལ་གཏན་དུ་གེགས་བྱེད་པ། །འགོག་གཞན་སོ་སོར་བརྟགས་མིན་པས། །ཞེས་བཤད་དོ། །ཡུལ་དབུས་ཀྱི་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་དེ་བཞིན་ཉིད་དང་བཞིར་འདོད་དེ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཁས་ལེན་པར་བྱེད་དོ། །དེ་དག་གི་དེ་བཞིན་ཉིད་ནི་ཇི་ལྟ་བ་ཡིན་མོད་ཀྱི་སྙིང་རྗེ་དང་བྲལ་བར་ཟད་དེ་གྲུབ་པའི་མཐའ་ཕལ་ཆེར་འདྲ་བས་ན་ལོགས་སུ་མ་བསྟན་ཏོ་ཞེས་བཤད་དོ། །ད་ནི་ཤེས་བྱ་གཞི་ལྔ་པོ་དེ་དག་ཕུང་པོ་ལྔ་ལ་སོགས་པ་གཞན་དུ་འགྱུར་བའི་ཚུལ་བཤད་དེ། དེ་དག་ཕུང་པོ་སྐྱེ་མཆེད་ཁམས། ཆོས་གསུམ་དུ་ནི་གནས་པ་ཡིན། །དེ་ལ་གཟུགས་ཀྱི་གཞི་ནི་ཕུང་པོ་ལྔ་ལས་གཟུགས་ཀྱི་ཕུང་པོ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་ལས་གཟུགས་ཅན་གྱི་སྐྱེ་མཆེད་དང་ཁམས་བཅུ་སྟེ་མིག་དང་གཟུགས་ཀྱི་སྐྱེ་མཆེད་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །སེམས་ཀྱི་གཞི་རྣམ་པར་ཤེས་པའི་ཕུང་པོ་དང་ཡིད་ཀྱི་སྐྱེ་མཆེད་དང་། སེམས་ཀྱི་ཁམས་བདུན་ཏེ་མིག་གི་ཤེས་པའི་ཁམས་ལ་སོགས་པ་དྲུག་དང་། ཡིད་འདས་མ་ཐག་པའི་ཡིད་ཀྱི་ཁམས་སོ། །སེམས་ལས་བྱུང་བའི་གཞི་ནི་ཚོར་བ་དང་འདུ་ཤེས་ཀྱི་ཕུང་པོ་གཉིས་དང་། དེ་གཉིས་ལས་གཞན་པའི་སེམས་བྱུང་བཞི་བཅུ་རྩ་དགུ་ནི་འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་གོ །མི་ལྡན་པའི་འདུ་བྱེད་ནི་འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་གོ །ཚོར་བ་ལ་སོགས་པའི་ཕུང་པོ་གསུམ་དང་རིག་བྱེད་མ་ཡིན་པའི་གཟུགས་དང་འདུས་མ་བྱས་རྣམས་ནི་ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཡིན་ཏེ། དེ་གསུམ་རྣམ་རིག་བྱེད་མིན་དང་། །འདུས་མ་བྱས་རྣམ་བཅས་པ་ནི། །ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ། །ཞེས་བཤད་དོ། །ཚོར་བ་དང་འདུ་ཤེས་ལོགས་ཤིག་ཏུ་ཕུང་པོ་བྱེད་པ་ནི། རྩོད་པའི་རྩ་བར་གྱུར་པ་དང་། །འཁོར་བའི་རྒྱུ་ཕྱི་རིམ་དགུའི་ཕྱིར། །སེམས་བྱུང་རྣམས་ལས་ཚོར་བ་དང་། །འདུ་ཤེས་ལོགས་ཤིག་ཕུང་པོར་བཞག །ཅེས་བཤད་དོ། །འདུས་མ་བྱས་ལ་ནི་ཕུང་པོའི་དོན་མེད་པས་ཕུང་པོ་དག་ཏུ་འདུས་མ་བྱས། དོན་དུ་མི་རུང་ཕྱིར་མ་བཤད། ཅེས་འབྱུང་ངོ་། །བདེན་བཞི་རྟེན་འབྲེལ་བཅུ་གཉིས་སོགས། དེ་དག་ལ་ནི་བརྟགས་པ་ཡིན་ཡང་ཤེས་བྱའི་གཞི་ལྔ་པོ་དེ་དག་ལས་འབྲས་བུར་གྱུར་པའི་ཉེར་ལེན་གྱི་ཕུང་པོ་སྡུག་བསྔལ་གསུམ་གྱིས་ཅི་རིགས་པར་གནོད་པ་ནི་སྡུག་བསྔལ་ལོ། །རྒྱུར་གྱུར་པའི་ཉེར་ལེན་གྱི་ཕུང་པོ་ནི་ཀུན་འབྱུང་སྟེ་འདི་གཉིས་ནི་ལྟོས་ས་ལ་ལྟོས་ནས་གཅིག་གོ །སོ་སོར་བརྟགས་ནས་འགོག་པ་ནི་འགོག་པའི་བདེན་པའོ། །ཟག་མེད་ཀྱི་ཕུང་པོ་ལྔ་མྱ་ངན་ལས་འདས་པར་འགྲོ་བར་བྱེད་པ་ནི་ལམ་མོ། །ནམ་མཁའ་དང་སོ་སོར་མ་བརྟགས་པའི་འགོག་པ་ནི་བདེན་པ་བཞིར་མ་འདུས་སོ། །སྡུག་བསྔལ་དང་ཀུན་འབྱུང་གཉིས་ཀྱི་རྒྱུ་འབྲས་ཀྱི་གནས་སྐབས་ལ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཏེ་མ་རིག་ཉོན་མོངས་སྔོན་གནས་སྐབས་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ་དེ་གཉིས་ནི་འཁོར་བ་རྒྱུ་འབྲས་སོ། །ལམ་དང་འགོག་པ་ནི་མྱང་འདས་རྒྱུ་འབྲས་ཏེ་འགོག་པའང་བསྐྱེད་བྱའི་འབྲས་བུ་མ་ཡིན་ཀྱང་ཐོབ་བྱའི་འབྲས་བུ་ཡིན་ནོ། །ཟག་བཅས་ཟག་མེད་གཉིས་སུ་འགྱུར་ཚུལ་ནི། ཆོས་རྣམས་ཟག་བཅས་ཟག་པ་མེད། །ལམ་མ་རྟོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལ། །ཟག་རྣམས་ཀུན་དུ་རྒྱས་པར་འགྱུར། །ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་རྣམས་གསུམ་ཡང་སྟེ། །ནམ་མཁའ་དང་ནི་འགོག་པ་གཉིས། །ཞེས་བཤད་དོ། །བདེན་པ་གཉིས་ནི། གང་ཞིག་བཅོམ་མམ་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་འབྱུང་སྟེ་བློས་དཔྱད་པ་དང་ཐོ་བ་ལ་སོགས་པས་མི་གནོད་པ་རྡུལ་ཕྲ་རབ་དང་ཤེས་པའི་སྐད་ཅིག་དང་སོ་སོར་བརྟགས་འགོག་ནི་དོན་དམ་ཡིན་ལ་གཞན་རྣམས་ནི་ཀུན་རྫོབ་བོ། །འདུས་བྱས་དང་འདུས་མ་བྱས་གཉིས་ནི་བཤད་ཟིན་ཏོ། །གྲུབ་པའི་མཐའ་བཤད་པ་ལས་བྱེ་བྲག་ཏུ་སྨྲ་བའི་ལུགས་བཤད་པའི་རབ་ཏུ་བྱེད་པ་སྟེ་བཅུ་བདུན་པའོ།།  །།

 

མདོ་སྡེ་པ་བཤད་པ།

 

ད་ནི་མདོ་སྡེ་པ་རྣམས་ཀྱི་ལུགས་བཤད་དེ། །མདོ་སྡེ་པ་རྣམས་གཟུགས་དང་སེམས། །རྫས་གྲུབ་གཞན་གཉིས་བརྟགས་པ་སྟེ། །འདུས་མ་བྱས་རྣམས་མིང་ཙམ་ཡིན། །ཁ་ཅིག་ཐེག་ཆེན་ཡིན་ཞེས་སྨྲ། །འདི་ནི་སྒོ་དྲུག་པ་དང་བཟང་པོ་སྤྱོད་པ་དང་ཚིགས་སུ་བཅད་པ་གཅིག་པ་དང་བཞི་པ་དང་གཉིས་པའི་གཟུངས་དང་རྒྱ་ཆེ་རོལ་པ་དང་ཆོས་བཞི་པ་དང་ས་བཅུ་པ་ལ་སོགས་པའི་མདོ་སྡེ་རྣམས་སྒྲ་ཇི་ལྟ་བར་ཁས་ལེན་ཅིང་སྨྲ་བར་བྱེད་པས་མདོ་སྡེ་པ་ཞེས་བྱ་བ་ཆོས་རྣམས་དཔེས་སྟོན་པ་ལ་མཁས་པས་ན་དཔེས་སྟོན་པ་ཞེས་ཀྱང་ཟེར་རོ། །ཐེག་ཆེན་པ་ཁ་ཅིག་ན་རེ་འདི་ནི་སྨོན་ལམ་གྱིས་མྱ་ངན་ལས་འདའ་བའི་ཉན་ཐོས་ཡིན་པས་ལོ་བརྒྱད་ཁྲི་ན་ཞི་བའི་དབྱིངས་ནས་ལྡང་ངོ་། །བྱེ་བྲག་དུ་སྨྲ་བ་ནི་ཞི་བའི་དབྱིངས་དེར་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་དུ་མ་འདའ་བར་བྱེད་དེ་ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། བསྐལ་པའི་བར་དུ་མི་འདའོ། །ཞེས་ལང་ཀར་གཤེགས་པ་ལས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་མདོ་སྡེ་པ་ལ་ནི་ཐེག་པ་ཆེན་པོ་པ་ཞེས་ཀྱང་བརྗོད་དེ་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་དུ་བསྔོ་བ་དང་སྙིང་རྗེ་ཆེན་པོ་དང་། ཐེག་པ་ཆེན་པོའི་ལུང་དང་ལྡན་པའི་ཕྱིར་རོ། །ཞེས་ཟེར་རོ། །འདི་ནི་ཐམས་ཅད་ཡོད་སྨྲ་ལས་གྱེས་པར་བཤད་དེ་ཁ་ཆེའི་གནས་བརྟན་བཙུན་པ་དང་། བཙུན་པ་དཔལ་ལེན་ལ་སོགས་པ་རྣམས་ཀྱིས་བྱེ་བྲག་ཏུ་སྨྲ་བའི་ལུགས་དེ་སུན་ཕྱུང་ནས་ལུགས་འདི་གསལ་བར་བྱས་པ་ཡིན་ནོ། །འདི་གཟུགས་དང་སེམས་ནི་རྫས་སུ་གྲུབ་ལ་སེམས་ལས་བྱུང་བ་དང་མི་ལྡན་པ་གཉིས་ནི་ཕལ་ཆེར་དེ་གཉིས་ལ་བཏགས་པ་ཡིན་ལ་འདུས་མ་བྱས་ནི་དོན་ལ་ཅིའང་མེད་པར་འདོད་དོ། །དེ་ལ་དང་པོ་གཟུགས་བཤད་པ། །རྡུལ་ནི་བསྐོར་བ་བར་མེད་པ། །དེ་དག་གང་ལ་གང་དམིགས་ཡོད། །མ་དམིགས་པ་རྣམས་མེད་པ་ཉིད། །དབྱིབས་ནི་རྫས་གཞན་གྲུབ་པ་མེད། །རྡུལ་ནི་ཟླུམ་པོ་ཆ་ཤས་མེད་པ་དོན་དམ་པར་རྫས་སུ་ཡོད་པ་བར་མེད་ལ་མ་འབྱར་བར་རགས་པ་རྩོམ་སྟེ་ཇི་སྐད་དུ་གནས་བརྟན་བཙུན་པས་རྡུལ་ཕྲ་རབ་རྣམས་མི་རེག་ཀྱང་བར་མེད་པས་རེག་པར་འདུ་ཤེས་སོ་ཞེས་སྨྲས་པ་ཡིན་ནོ། །དེ་བསྐོར་བ་བར་བཅས་ནི་མི་རིགས་ཏེ་དེ་ལྟ་ན་སྣོད་རྣམས་འཇིག་པ་དང་གོང་བུ་རྣམས་འགྱེས་པར་འགྱུར་ཏེ་རླུང་གིས་བཟུང་བ་ནི་མ་དམིགས་པའི་ཕྱིར་རོ། །རྫས་ཀྱི་རྡུལ་བརྒྱད་གོ་གཅིག་ན་གནས་པའང་མི་རུང་སྟེ་འགའ་ཞིག་ལ་འགའ་ཞིག་གི་རྡུལ་ཚད་མ་ཐམས་ཅད་ཀྱིས་མ་དམིགས་པའི་ཕྱིར་རོ། །རླུང་ནི་རེག་བྱ་ཡིན་ལ་དེ་ལ་ཁ་དོག་ཡོད་ན་དྲི་རོ་ལ་སོགས་པ་ལའང་ཁ་དོག་འདོད་དགོས་སོ། །འོན་ཀྱང་གང་ལ་གང་དམིགས་པ་དེ་ཡོད་རེ་ཞིག་འབྱུང་བ་ལ་གཅིག་ནས་བཞིའི་བར་འདུས་པ་ཡོད་དེ་ས་སྐམ་པ་དང་། དེ་གཤེར་བ་དང་། དེ་དྲོས་པ་དང་། དེ་གཡོས་པའི་གནས་སྐབས་བཞིན་ནོ། །འབྱུང་བ་ལས་གྱུར་པའང་གཅིག་ནས་ལྔའི་བར་འདུས་པ་ཡོད་དེ་འོད་དང་རླུང་སྒྲའམ་དྲི་དང་བཅས་པ་དང་དུ་བ་དང་ཨ་ག་རུ་དང་དེ་བཅག་པའི་གནས་སྐབས་བཞིན་ནོ། །ཁ་དོག་དང་རེག་བྱ་འདུས་པའི་དབྱིབས་དེ་གཉིས་ལས་གཞན་དུ་སྨྲ་བའང་མི་འཐད་དེ་ཐ་དད་དུ་མ་དམིགས་པའི་ཕྱིར་དང་། དེ་གཉིས་མ་བཟུང་བར་དབྱིབས་འཛིན་པ་དང་དབྱིབས་རྩོམ་པའི་རྡུལ་ཁ་དོག་ལ་སོགས་པའི་རྡུལ་ལས་གུད་ན་ཡོད་པར་འགྱུར་བའི་ཕྱིར་རོ། །དེས་ན་ཁ་དོག་བཀོད་པ་དང་རེག་བྱ་བཀོད་པའི་དབྱིབས་ནི་དེ་གཉིས་ལས་གུད་ན་མེད་དེ། རྡུལ་དེ་གཉིས་ཕྱོགས་བཞི་དང་གསུམ་ལ་སོགས་པར་བཀོད་ན་གྲུ་བཞི་དང་གྲུ་གསུམ་ལ་སོགས་པར་འགྱུར་རོ། །རིག་བྱེད་མ་ཡིན་པའི་གཟུགས་ཀྱང་མི་རུང་ཏེ་དེ་འདྲ་བ་མ་དམིགས་པའི་ཕྱིར་དང་། བསྟན་དུ་མེད་ལ་ཐོགས་པ་མེད་པའི་གཟུགས་ནི་ཏིང་ངེ་འཛིན་གྱི་ཡུལ་ཀེང་རུས་དང་ཟག་པ་ལ་སོགས་པ་ལ་གསུངས་པའི་ཕྱིར་དང་། དྲི་མ་མེད་པའི་གཟུགས་ནི་འཕགས་པའི་གཟུགས་ལ་གསུངས་པའི་ཕྱིར་དང་བསོད་ནམས་འཕེལ་བ་དང་མ་བྱས་པའི་ལས་ཀྱི་ལམ་ལ་སོགས་པའང་བག་ཆགས་འཕེལ་བ་ལ་སོགས་པ་ལ་དགོངས་པའི་ཕྱིར་རོ། །གང་ཡང་སྡོམ་པ་དང་སྡོམ་མིན་དང་བར་མས་བསྡུས་པའི་དགེ་མི་དགེ་ལ་སོགས་པ་ནི་སེམས་དང་སེམས་བྱུང་ཁོ་ན་ཡིན་ནོ། །བཙུན་པ་སངས་རྒྱས་ལྷ་གཟུགས་ཅན་གྱི་སྐྱེ་མཆེད་བཅུ་འབྱུང་བར་འདོད་པའང་མི་འཐད་དེ་སྲ་བ་དང་རླན་པ་ལ་སོགས་པའི་ངོ་བོར་ཐལ་བའི་ཕྱིར་དང་མདོ་ལས་དགེ་སློང་དག་མིག་དང་གཟུགས་ལ་སོགས་པ་ནི་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །དེས་ན་དེ་དག་ནི་འབྱུང་བཞིས་བསྐྱེད་པ་ཡིན་ལ་དེ་ལ་འབྱུང་བ་གཅིག་གིས་བསྐྱེད་པའང་ཡོད་དེ་རླུང་གི་སྒྲ་བཞིན་ནོ། །གཉིས་དང་གསུམ་དང་བཞི་ཀས་བསྐྱེད་པའང་ཡོད་དེ་ས་དང་རླུང་གིས་བསྐྱེད་པ་དྲིལ་བུ་ལ་སོགས་པའི་སྒྲ་བཞིན་ནོ། །ས་ཆུ་དྲོད་གསུམ་གྱིས་བསྐྱེད་པ་ནི་མྱུ་གུ་བཞིན་ནོ། །དེ་ཉིད་འཐོན་པར་བྱེད་པ་ལ་རླུང་དང་བཞི་དགོས་སོ། །སེམས་ཀྱི་གཞི་བཤད་པ་རང་རིག་པའི་རྣམ་ཤེས་དྲུག རང་རང་དོན་གྱི་ཆ་བྱད་ཅན། །འདྲ་དང་དེ་མྱོང་བློ་རྣམ་གཉིས། །ཕྱི་རོལ་དོན་ནི་འཛིན་པ་མེད། །འདིའི་བྱེ་བྲག་ཁ་ཅིག་ནི་ཀུན་གཞི་འདོད་པར་སློབ་དཔོན་དབྱིག་གཉེན་གྱིས་བཤད་དོ། །ཕལ་ཆེར་ནི་རྣམ་པར་ཤེས་པ་དྲུག་འདོད་ལ་དེ་དག་ནི་རང་རིག་པ་ཡིན་ཏེ་བློ་རང་ལ་ཡོད་པ་མ་གཏོགས་པར་ཐལ་བའི་གཏན་ཚིགས་ཀྱི་ཕྱིར་རོ། །ཤེས་པ་རྣམས་ནི་དོན་ལས་དོན་གྱི་རྣམ་པ་ཅན་དུ་སྐྱེ་ཏེ་ཤེལ་ཚོན་ལྔ་ལས་ཚོན་གྱི་རྣམ་པ་ཅན་དུ་སྐྱེ་བ་བཞིན་ནོ། །དེ་ལ་དོན་ལ་ཕྱི་རོལ་དུ་ཆད་པར་སྐྱེས་པ་དེ་ནི་དོན་དང་འདྲ་བས་འདྲ་བའི་བློ་ཞེས་བྱ་བ་གཞན་རིག་ཡིན་ལ། དེ་འཛིན་པའི་བློ་ནི་མྱོང་པའི་བློ་ཞེས་བྱ་བ་རང་རིག་ཡིན་ཏེ། རྣམ་འགྲེལ་ལས། རང་རིག་གསལ་བ་མྱོང་བ་སྟེ། །འདྲ་བར་སྣང་བ་དམིགས་པ་ཡིན། །དེས་ན་ཤེས་པ་ཐམས་ཅད་ཀྱི། །དམིགས་མྱོང་དག་ནི་ཐ་དད་གནས། །ཞེས་བྱ་བ་དང་། །དོན་དུ་སྣང་བ་དང་ལྡན་སེམས། །དེ་ནི་ཕྱི་རོལ་མངོན་ཕྱོགས་སྣ། །བློ་ལ་འཛིན་པར་བྱེད་པའི་བློ། །རྟག་དུ་བདག་ལ་ནང་མངོན་ཕྱོགས། །ཞེས་བཤད་དོ། །ཆད་པར་སྣང་བ་ཡང་གསལ་བའི་ཕྱིར་ན་བློ་ཡིན་ཏེ་འཛིན་པའི་རྣམ་པ་བཞིན་ནོ། །དེས་ན་ཤེས་པ་གང་དོན་གང་དང་རྣམ་པ་འདྲ་བ་དེས་ནི་དེ་རིག་སྟེ་མི་འདྲ་ཡང་རིག་ན་ཤེས་པ་གཅིག་གིས་དོན་ཐམས་ཅད་རིག་པར་འགྱུར་རོ། །དབུ་མ་རྒྱན་ལས། དོན་གྱི་རྣམ་པ་འགྱུར་ལྡན་པའི། །རྣམ་ཤེས་སུ་ཞིག་མི་འདོད་པ། །དེ་ལ་ཕྱི་རོལ་རིག་པ་ཡི། །རྣམ་པ་འདི་ཡང་ཡོད་མ་ཡིན། །ཞེས་བཤད་དོ། །བློ་རྣམ་པ་དང་བཅས་པའི་ཕྱོགས་ལ་ཕྱི་རོལ་གྱི་དོན་དངོས་སུ་འཛིན་པ་ནི་མེད་དེ་དེ་ནི་རྟག་དུ་ལྐོག་ཏུ་གྱུར་པའི་ཕྱིར་རོ། །འོན་ཀྱང་དོན་རྣམས་ཀྱི་གཟུགས་བརྙན་རིག་པ་ལ་དོན་རིག་དུ་འདོགས་པ་ཡིན་ཏེ་དེ་ཉིད་ལས་ཤེས་པ་རྣམ་བཅས་ཕྱོགས་ལ་ནི། དངོས་སུ་དེ་གཉིས་ཐ་དད་ཀྱང་། །དེ་དག་གཟུགས་བརྙན་འདྲ་བས་ན། །གདགས་པ་ཙམ་གྱི་ཚོར་བ་རུ། །དེས་བཞག་པ་ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་བརྙན་རིག་པ་གང་ཡིན་པ་དེ་ཉིད་དོན་ཤེས་པའོ། །དེའི་ཕྱིར་ན་དོན་གྱི་འབྲས་བུ་གཟུགས་བརྙན་མྱོང་བ་ལ་དོན་མྱོང་ངོ་ཞེས་གདགས་སོ་ཞེས་བཤད་དོ། །འདི་ལ་མདོ་སྡེ་པ་ཁ་ཅིག་ནི་དཀར་པོ་ལ་སོགས་པའི་རྣམ་པའི་གྲངས་བཞིན་དུ་མིག་ཤེས་ཀྱི་གྲངས་ཀྱང་དེ་སྙེད་དུ་འདོད་དོ། །ཁ་ཅིག་ནི་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་མིག་ཤེས་གཅིག་གི་བདག་ཉིད་དུ་སྨྲའོ། །ཁ་ཅིག་ནི་སྣ་ཚོགས་སུ་སྣང་བའི་ཤེས་པ་ནི་རིམ་ཅན་ཁོ་ནར་སྐྱེ་བར་འདོད་དེ་དབུ་མ་རྒྱན་ལས། དཀར་པོ་དག་ལ་སོགས་པ་ལ། །ཤེས་པ་དེ་ནི་རིམ་འབྱུང་སྟེ། །མགྱོགས་པར་འབྱུང་ཕྱིར་བླུན་པོ་དག །ཅིག་ཅར་སྙམ་དུ་ཤེས་པ་ཡིན། །ཞེས་གང་བཤད་པ་ཡིན་ནོ། །ཀུན་གཞི་མེད་ཀྱང་སེམས་མེད་ཀྱི་གནས་སྐབས་རྣམས་ལས་ལངས་པའི་ཚེ་དབང་པོ་རྟེན་དང་བཅས་པའི་གསོན་པོའི་གཟུགས་ལ་སེམས་ཀྱི་ས་བོན་ཡོད་པ་ལས་སེམས་བྱུང་ལ། གཟུགས་མེད་ནས་འོག་མར་འཆི་འཕོ་བའི་སེམས་ལའང་གཟུགས་ཀྱི་ས་བོན་ཡོད་པ་ལས་འོག་མའི་གཟུགས་འབྱུང་ངོ་། །སེམས་ལས་བྱུང་བའི་གཞི་བཤད་པ། །སེམས་བྱུང་རྫས་གྲུབ་གསུམ་མམ་ལྔ། །གཞན་ཀུན་སེམས་ལ་བཏགས་པ་ཡིན། །རྣམ་མེད་དུས་མཉམ་གཟུང་འཛིན་དང་། །རིམ་ཅན་ཉིད་སོགས་འཐད་མ་ཡིན། །བཙུན་པ་དཔེ་ཅན་ན་རེ། ཚོར་བ་དང་འདུ་ཤེས་དང་སེམས་པ་གསུམ་རྫས་སུ་གྲུབ་ཏེ་དང་པོ་གཉིས་ཕུང་པོ་རེ་རེར་བཤད་པའི་ཕྱིར་དང་། སེམས་དཔའ་ནི་ལས་ཡིན་པས་འཇིག་རྟེན་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །བཙུན་པ་རྟོགས་པའི་ལྷ་ན་རེ་གསུམ་པོ་དེ་དང་རེག་པ་དང་ཡིད་ལ་བྱེད་པ་སྟེ་ཀུན་འགྲོ་ལྔ་རྫས་སུ་གྲུབ་པ་ཡིན་ཏེ་སེམས་ཐམས་ཅད་ལ་ཁྱབ་པར་བཤད་པའི་ཕྱིར་རོ་ཞེས་ཟེར་རོ། །བཙུན་པ་གཞོན་ནུ་ལེན་དང་བཙུན་པ་དཔལ་ལེན་ནི་བདེ་བའི་ཚོར་བ་མེད་པར་འདོད་དེ་མདོ་ལས་ཚོར་བ་ཐམས་ཅད་སྡུག་བསྔལ་དུ་རིག་པར་བྱས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་རྣམས་ནི་བཏགས་པ་ཡིན་ཏེ་བག་ཡོད་ནི་མ་ཆགས་པ་དང་བརྩོན་འགྲུས་ལ་སོགས་པ་ལ་གནས་ནས་དགེ་བ་སྒོམ་ཞིང་མི་དགེ་བ་སྤོང་བ་དང་ཤིན་དུ་སྦྱངས་པ་དང་དད་པས་ཤེས་རབ་དང་བརྩོན་འགྲུས་ལ་སོགས་པ་ལས་སུ་རུང་བ་ཡིན་པ་ལ་སོགས་པའི་ཕྱིར་རོ། །སེམས་ཀྱི་གནས་སྐབས་སུ་བྱུང་བའི་ས་ནི་དགེ་མི་དགེ་ལུང་མ་བསྟན་གསུམ་ཡིན་ནོ། །བློ་རྣམ་མེད་དང་དུས་མཉམ་པའི་གཟུང་འཛིན་ནི་མི་རུང་སྟེ་རྣམ་པ་མ་ཤར་ཀྱང་ཡུལ་ཅན་ཡིན་ན་བདེ་སྡུག་ཀྱང་ཕན་ཚུན་ཡུལ་ཅན་དུ་ཐལ་བའི་ཕྱིར་དང་། དུས་མཉམ་དུ་གྲུབ་པ་མི་ལྟོས་པས་འབྲེལ་བ་མེད་པའི་ཕྱིར་དང་། ཚོགས་པ་གཅིག་པ་བཀག་ཟིན་པའི་ཕྱིར་རོ། །ཡུལ་དང་ཚོགས་པའི་དབང་པོ་ལས་སྐྱེས་པ་དང་ཡུལ་རིག་པའི་རྒྱུ་མཚན་དུ་མི་རུང་སྟེ་དབང་པོའི་སྐད་ཅིག་ཕྱི་མས་ཀྱང་ཡུལ་རིག་པར་འགྱུར་པའི་ཕྱིར་རོ། །སེམས་དང་སེམས་བྱུང་ཐམས་ཅད་རིམ་ཅན་ཁོ་ནས་སྐྱེ་བའང་མི་རུང་སྟེ་བུ་རམ་ལྟ་བུ་བཅག་ཅིང་ཟོས་པ་ལ་ཤེས་པ་དུ་མ་ཅིག་ཅར་དུ་འབྱུང་བར་མྱོང་བས་གྲུབ་པའི་ཕྱིར་དང་། རིམ་ཅན་དུ་གྱུར་པ་ལ་ཅིག་ཅར་དུ་སྣང་བའང་མ་ཡིན་ཏེ་ལ་ཏ་ཏ་ལ་དང་ས་ར་ར་ས་ལ་སོགས་པའང་ཅིག་ཅར་དུ་སྣང་བར་འགྱུར་བའི་ཕྱིར་རོ། །དབང་པོས་གཟུགས་མཐོང་ན་ཡང་མི་རིགས་ཏེ་དབང་པོའང་རྣམ་མེད་ཡིན་པས་དོན་སོ་སོ་ལ་ཉེ་བའི་རྒྱུ་མེད་པས་མིག་གིས་སྒྲའང་ཐོས་བར་ཐལ་བའི་ཕྱིར་དང་། ཤེས་པའི་རྒྱུ་ཡིན་པས་མཐོང་ན་གཟུགས་ཀྱིས་ཀྱང་མིག་མཐོང་བར་ཐལ་བའི་ཕྱིར་རོ། །དེས་ན་བློས་གཟུགས་བརྙན་གྱི་གཟུང་བ་ནི་དངོས་སུ་མཐོང་ལ་དེ་གཏོད་པའི་རང་རང་བས་སྔ་བའི་སྐད་ཅིག་ནི་རྒྱུ་ཡིན་པས་ཡུལ་དུ་འཇོག་སྟེ། རྣམ་པར་ངེས་པ་ལས། རྣམ་པར་གཏོད་པར་ནུས་པའི་ཕྱིར། །ཤེས་པའི་ཡུལ་ནི་རྒྱུ་ཡིན་ན། །ཞེས་བྱ་བ་དང་། དུས་ཐ་དད་པར་ཇི་ལྟར་གཟུང་། །ཞེ་ན་ཤེས་ལ་རྣམ་པ་ནི། །འཇོག་པར་ནུས་པའི་རྒྱུ་ཉིད་ལ། །གཟུང་བར་འཐད་པ་ཤེས་པས་རིག །ཞེས་བཤད་དོ། །ཟླ་བ་གཉིས་འཛིན་དང་དུང་སེར་འཛིན་ལ་སོགས་པ་ནི་གཏོད་བྱེད་མི་མཐུན་པས་འཁྲུལ་པ་ཡིན་ལ། རྨི་ལམ་དང་དོན་སྤྱི་ལ་སོགས་པ་ནི་གཏོད་བྱེད་ཀྱི་དོན་མེད་པས་འཁྲུལ་པ་ཡིན་གྱི་སྣང་བ་ཐམས་ཅད་ནི་ཤེས་པ་ཡིན་ནོ། །གལ་ཏེ་བློ་དོན་མཐོང་བ་མེད་ན་དེ་ཡོད་པར་གང་གིས་ཤེས་ཞེ་ན་མིག་གི་བློ་ནི་མིག་ལ་སོགས་པ་ལས་ཐ་དད་པའི་རྒྱུ་ལ་ལྟོས་པ་ཡིན་སྟེ་མིག་ལ་སོགས་པ་ནུས་པའི་རྒྱུ་གཞན་ཚངས་ཡང་རེས་འགའ་རྩིག་པ་ལ་སོགས་པར་སྣང་བའི་ཤེས་པ་མི་འབྱུང་བའི་ཕྱིར་འབྲས་བུ་གཞན་བཞིན་ནོ་ཞེས་པས་འགྲུབ་སྟེ་རྣམ་ངེས་ལས། ཕྱི་རོལ་ལྡོག་པ་ལས་གྲུབ་འགྱུར་ཞེས་བཤད་པ་ཡིན་ནོ། །མི་ལྡན་པའི་འདུ་བྱེད་བཤད་པ། །ཐོབ་སོགས་མི་ལྡན་འདུ་བྱེད་ནི། །གཟུགས་དང་སེམས་དང་སེམས་བྱུང་གི །གནས་སྐབས་ལ་ནི་བཏགས་པ་ཡིན། །དེ་ཕྱིར་དེ་ནི་གུད་ན་མེད། །ཐོབ་པ་ནི་སེམས་དང་སེམས་བྱུང་ལ་དགེ་བ་ལ་སོགས་པའི་ནུས་པ་རྙེད་པའོ། །མ་ཐོབ་པ་ནི་ནུས་པ་དེ་ཉམས་པའོ། །འཕགས་པའི་ཆོས་མ་ཐོབ་པའང་སོ་སོ་སྐྱེ་བོའི་ཕུང་པོ་ལྔ་ཡིན་ནོ། །སྐལ་བ་མཉམ་པ་ནི་སེམས་ཅན་རྣམས་དང་དེའི་ལུས་དེ་མ་ཡིན་ལས་ལོག་པར་དོན་ལ་གནས་པ་སྒྲ་བློ་མཚུངས་པ་འཇུག་པའི་རྒྱུ་མཚན་ནོ། །འདུ་ཤེས་མེད་པ་དང་སྙོམས་འཇུག་གཉིས་ཀྱང་རྟེན་དེ་ལ་སེམས་དང་སེམས་བྱུང་འགགས་པའི་གནས་སྐབས་སོ། །སྲོག་གི་དབང་པོ་ནི་འགྲོ་བ་རིས་མཐུན་དུ་ཟིན་པའི་ཕུང་པོའི་རྒྱུན་གནས་པའོ། །ཚོགས་གསུམ་ནི་ཉན་ཤེས་ལ་གྲག་པའི་སྒྲ་རང་མཚན་མིང་ཚིག་ཡི་གེར་སྣང་བའོ། །ཉན་ཤེས་ཀྱིས་ནི་དོན་དངོས་སུ་མི་གོ་སྟེ་བརྡ་མི་དྲན་པའི་ཕྱིར་རོ། །དེས་ན་སྒྲ་རང་མཚན་གྱིས་རྟོག་པ་ལ་སྣང་བའི་མིང་ཚིག་གསལ་བར་བྱེད་པ་དོན་ལ་བརྡར་བྱས་པའང་དེ་ཉིད་ཡིན་པས་དེ་དོན་གྱི་གོ་བྱེད་ཡིན་དེའི་ཡུལ་ཅན་གྱི་རྟོག་པས་ནི་དོན་དངོས་སུ་གོ་བ་ཡིན་ནོ། །འདུས་བྱས་ཀྱི་མཚན་ཉིད་བཞི་ནི་གཟུགས་དང་སེམས་དང་སེམས་ལས་བྱུང་བ་གསུམ་སྔར་མེད་གསར་དུ་བྱུང་བ་སྐྱེ་བ་དང་། དེ་ཉིད་རྒྱུན་རིགས་འདྲ་བར་མ་ཆད་པར་སྐྱེས་པ་གནས་པ་དང་། རྒྱུན་དེ་ཉིད་རྒྱུན་མི་འདྲ་བར་སྐྱེས་པ་རྒས་པ་དང་། དེ་ཉིད་རྒྱུན་ཆད་པ་མི་རྟག་པ་ཡིན་ཏེ། མཛོད་ལས། སྔོན་མེད་ལས་བྱུང་སྐྱེ་བ་སྟེ། །རྒྱུན་གནས་དེ་ཆད་འཇིག་པ་ཡིན། །རྒྱུན་གྱི་སྔ་ཕྱིའི་བྱེ་བྲག་ནི། གནས་པ་གཞན་དུ་འགྱུར་བར་འདོད། །ཅེས་བཤད་དོ། །ཆུད་མི་ཟ་བའི་རྫས་ནི་སེམས་ལ་ལས་ཀྱི་ནུས་པ་བཞག་པ་ཡིན་ལ་དགེ་འདུན་གྱི་དབྱེན་ནི་དགེ་འདུན་མ་མཐུན་པར་བྱེད་པ་ཉིད་ཡིན་ནོ། །རྒྱུ་འབྲས་ནི་རྒྱུ་སྔ་བ་ཁོ་ན་ཡིན་སྟེ་རྣམ་འགྲེལ་ལས། མེད་པར་སྔར་ནུས་མེད་ཕྱིར་དང་། །ཕྱིས་ཀྱང་ཉེ་བར་མི་སྦྱོར་ཕྱིར། །རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །ཞེས་གང་བཤད་པ་ཡིན་ནོ། །དེ་ལས་གཞན་པའི་མཚན་ཉིད་ཅན། །མི་ལྡན་འདུ་བྱེད་གང་སྨྲས་པ། །དེ་ལ་སྒྲུབ་བྱེད་ཚད་མ་མེད། །སྣ་ཚོགས་སྐྱོན་དུ་ཐལ་བར་འགྱུར། །མི་ལྡན་པའི་འདུ་བྱེད་དེ་དག་གཞི་གསུམ་ལས་རྫས་གཞན་དུ་ནི་མི་རིགས་ཏེ་གཞན་དུ་མངོན་སུམ་ལ་སོགས་པའི་ཚད་མས་མ་གྲུབ་པའི་ཕྱིར་དང་། མ་གྲུབ་ཀྱང་གཞན་དུ་རྟོག་ན་འདུས་བྱས་ལས་ཀྱང་གཞན་དུ་ཡོད་པར་ཧ་ཅང་ཐལ་བའི་ཕྱིར་རོ། །སྲོག་གི་དབང་པོས་རིས་མཐུན་གནས་པར་བྱེད་ན་གནས་པའི་མཚན་ཉིད་དོན་མེད་པར་འགྱུར་ལ་དེས་གནས་པར་བྱེད་ན་ནི་སྲོག་གི་དབང་པོ་དོན་མེད་པར་འགྱུར་རོ། །ཡིད་ཡུལ་ན་སྣང་བའི་ཚོགས་གསུམ་ནི་ཡིད་ཀྱིས་སྒྲོ་བཏགས་པ་ཡིན་ལ་དེ་རྫས་སུ་གྲུབ་ན་བདག་དང་གཙོ་བོ་དང་ཡིད་ཀྱི་རྒྱལ་སྲིད་ལ་སོགས་པའང་རྫས་གཞན་དུ་གྲུབ་པས་གྲུབ་མཐའ་འཁྲུལ་བ་དང་དབུལ་པོ་ལ་སོགས་པ་རྒྱུན་ཆད་པར་འགྱུར་རོ། །སྐྱེ་བ་ལ་སོགས་པ་བཞིས་འདུས་བྱས་ཅིག་ཅར་སྐྱེ་བ་ལ་སོགས་པ་བྱེད་དམ་རིམ་གྱིས་བྱེད་གྲང་། དང་པོ་ལྟར་ན་ཆོས་གཅིག་དུས་གཅིག་གི་ཚེ་སྐྱེ་གནས་རྒས་པ་མི་རྟག་པར་འགྱུར་ལ། གཉིས་པ་ལྟར་ན་འདུས་བྱས་སྐད་ཅིག་བཞིར་སྡོད་པར་འགྱུར་རོ། །བཞིར་སྡོད་ན་ནི་རྒ་བས་འདུས་བྱས་རྙིང་པའམ་མི་རྟག་པས་འཇིག་པར་བྱེད་པའི་ཚེ་བཞིར་སྡོད་ཀྱི་རང་བཞིན་མ་དོར་ན་དེ་གཉིས་ཀྱིས་རྙིང་པ་དང་འཇིག་པར་བྱེད་མི་ནུས་པར་འགྱུར་ཏེ་རྟག་ཏུ་བཞི་སྡོད་ལ་རྟག་པའི་ཕྱིར་རོ། །དོར་ན་ནི་འདུས་བྱས་རང་ཉིད་རྙིང་པའམ་འཇིག་པར་འགྱུར་བས་རྒས་པ་ལ་སོགས་པའི་མཚན་ཉིད་གཞན་མི་དགོས་པར་འགྱུར་རོ། །ཅི་སྟེ་རེ་རེ་མཚན་ཉིད་ཡིན་ན་ནི་སྐྱེ་བ་གཅིག་པུ་མཚན་ཉིད་ཡིན་པས་འདུས་བྱས་མི་གནས་པ་དང་རྟག་པ་ལ་སོགས་པར་འགྱུར་རོ། །ཡང་རྩ་བའི་སྐྱེ་བ་དང་སྐྱེ་བའི་སྐྱེ་བ་གཉིས་ཕན་ཚུན་གཅིག་གིས་གཅིག་སྐྱེད་པར་བྱེད་ན་དེ་གྲུབ་ན་བསྐྱེད་མི་དགོས་ལ་མ་གྲུབ་ན་སྐྱེད་བྱེད་དེའང་མ་གྲུབ་པར་འགྱུར་ཏེ་རྒྱུ་མེད་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་པར་ཤེས་པ་གཞན་ལའང་སྦྱར་རོ། །དྲུག་པའི་སྒྲ་འཇུག་པས་ཀྱང་དོན་གཞན་དུ་མི་འགྲུབ་སྟེ་གཟུགས་ཀྱི་རང་བཞིན་ཞེས་པའི་སྒྲ་འཇུག་པས་དེ་གཉིས་ཐ་དད་དུ་ཐལ་བའི་ཕྱིར་རོ། །གཞན་ཡང་མི་རྟག་པ་ལ་སོགས་པ་དོན་གཞན་དང་ལྡན་པས་ནི་རང་ཉིད་མི་རྟག་པ་ལ་སོགས་པར་མི་འགྲུབ་སྟེ་གསེར་ཐ་དད་དུ་ལྡན་པས་སྐྱེས་བུ་གསེར་དུ་མི་འགྲུབ་པ་བཞིན་ནོ། །དེའི་ཕྱིར་འདུས་བྱས་རང་ཉིད་ནི་སྐྱེ་གནས་རྒས་པ་མི་རྟག་པ་མ་ཡིན་པའི་ཕྱིར་མུ་སྟེགས་པའི་ལུགས་སུ་འགྱུར་རོ། །སྔ་ཕྱིའི་འདུས་བྱས་ད་ལྟར་ཡོད། །དུས་ཀུན་ད་ལྟར་ཉིད་དུ་འགྱུར། །རང་བཞིན་མི་འགྱུར་གནས་སྐབས་འགྱུར། །ལ་སོགས་གྲངས་ཅན་འདོད་པ་ཡིན། །འདས་པ་དང་མ་འོངས་པའི་འདུས་བྱས་ད་ལྟར་ཡོད་ན་དུས་གཉིས་དང་བཅས་པའི་བུམ་པ་ལྟར་ཡོད་དམ་དུས་གཉིས་མེད་ཀྱང་དེའི་བུམ་པ་ད་ལྟར་ཡོད་པ་ཡིན་གྲང་། དང་པོ་ལྟར་ན་དུས་ཐམས་ཅད་ད་ལྟར་བར་འགྱུར་ཏེ་ད་ལྟར་གྱི་ཚེ་ཡོད་པའི་ཕྱིར་རོ། །གཉིས་པ་ལྟར་ན་དངོས་པོ་རྟག་པའི་དོན་ཡིན་ཏེ་བསལ་ཟིན་ཏོ། །ཅི་སྟེ་འཇིམ་པ་ལ་སོགས་པ་བུམ་པའི་གནས་སྐབས་གསུམ་ད་ལྟར་ཡོད་པ་དུས་གསུམ་གྱི་བུམ་པ་ད་ལྟར་ཡོད་པའི་དོན་ཡིན་ནོ་ཞེ་ན། དེ་དག་རྫས་ཐ་དད་དུ་ཡོད་ན་དམིགས་སུ་རུང་བར་འགྱུར་ལ་གཅིག་དུ་ཡོད་ན་རྒྱུ་ལ་འབྲས་གནས་ཡིན་པས་བཀག་ཟིན་ཏོ། །གལ་ཏེ་བུམ་པའི་གནས་སྐབས་གསུམ་རང་དུས་ན་ཡོད་པར་སྨྲ་ན་དེ་ནི་ཀུན་གྱི་ལུགས་ཡིན་ནོ། །དུས་གསུམ་ན་རྫས་ཀྱི་རང་བཞིན་འགྱུར་བ་མེད་ཀྱང་གནས་སྐབས་གཞན་དུ་འགྱུར་གནས་སྐབས་གཞན་དུ་སྨྲ་བའི་གྲངས་ཅན་གྱི་ལུགས་ཡིན་ནོ། །རྫས་མི་འགྱུར་ཀྱང་དངོས་པོ་གཞན་དང་གཞན་དུ་འགྱུར་བའང་མི་འཐད་དེ་རང་བཞིན་མི་འགྱུར་ན་དེ་དང་གཅིག་པའི་དངོས་པོ་ཡང་རྟག་པར་འགྱུར་ལ་དངོས་པོ་འགྱུར་ན་དེ་དང་གཅིག་པའི་རང་བཞིན་ཡང་མི་རྟག་པར་འགྱུར་ཏེ་མཛོད་ལས། རང་བཞིན་ཡང་ནི་རྟག་དུ་འདོད། །དངོས་པོ་ཡང་ནི་རྟག་མི་འདོད། །རང་བཞིན་ལས་ནི་དངོས་མི་གཞན། །དབང་ཕྱུག་ཐ་སྙད་ཡིན་པར་གསལ། །ཞེས་བཤད་དོ། །དུས་གསུམ་ན་གཟུགས་ཡོད་པར་གསུངས་པ་ལ་སོགས་པས་ཀྱང་འདུས་བྱས་འདས་མ་འོངས་ན་ཡོད་པར་མི་འགྲུབ་ཏེ་དེ་ནི་གཟུགས་བྱུང་ཟིན་དང་འབྱུང་རུང་དུ་གསུངས་པ་ལ་སོགས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདས་པ་ནི་འགགས་པའི་དངོས་མེད་ཡིན་ལ་མ་འོངས་པ་ནི་མ་སྐྱེས་པའི་དངོས་མེད་ཡིན་ནོ། །དེས་ན་འདས་པ་ལ་འབྲས་བུ་འབྱིན་པའི་བྱེད་པ་མེད་དེ་རི་བོང་གི་རྭ་བཞིན་ནོ། །གཞན་དུ་ན་མ་འོངས་པ་ལའང་བྱེད་པ་ཡོད་པར་འགྱུར་ཏེ་དངོས་མེད་དུ་མཚུངས་པའི་ཕྱིར་རོ། །དེ་ལ་རྐྱེན་མ་ཚང་བས་བྱེད་པ་མ་ཐོབ་བོ་ཞེ་ན། རྐྱེན་ཀྱང་འདུས་བྱས་ཡིན་པས་དུས་གང་ན་མེད་ཀྱང་རང་གི་དམ་བཅའ་ཉམས་སོ། །འདུས་མ་བྱས་ཀྱི་གཞི་བཤད་པ། །ནམ་མཁའ་མོ་གཤམ་བུ་དང་མཚུངས། །འགོག་པ་གཉིས་ཀྱང་ནམ་མཁའ་འདྲ། །དེ་བཞིན་ཉིད་ཀྱང་འདུས་མ་བྱས་ཡིན་ནོ་ཞེས་སྦྱར་རོ། །ནམ་མཁའ་ནི་ཐོགས་བཅས་ཀྱི་རྫས་མེད་པ་ཙམ་སྟེ་གང་ན་གཟུགས་མེད་པ་དེ་ན་ནམ་མཁའ་འདུག་ཅེས་ཟེར་བ་བཞིན་ནོ། །གང་ཡང་རྒྱ་ནམ་མཁའ་དང་སྣང་བ་ནམ་མཁའ་དང་བུ་ག་ནམ་མཁའ་ནི་གཟུགས་ཀྱི་སྐྱེ་མཆེད་དང་ཁམས་ཡིན་ནོ། །མ་བརྟགས་པའི་འགོག་པ་ནི་རྐྱེན་མ་ཚང་བས་འདུས་བྱས་མ་བསྐྱེད་པ་ཙམ་སྟེ་ཚེ་མ་ཟད་པར་ཤི་བ་བཞིན་ནོ། །འདི་ནི་ཟས་གོས་ལ་སོགས་པའི་རྐྱེན་མ་ཚང་བས་འདུས་བྱས་རིས་མཐུན་དུ་གནས་པའི་རྒྱུན་མ་སྐྱེས་པ་ཡིན་ནོ། །བརྟགས་པས་འགོག་པ་ནི་གཉེན་པོའི་མཐུས་ཟག་བཅས་མི་འབྱུང་བ་སྟེ་མྱ་ངན་ལས་འདས་པ་ཡིན་ནོ། །འདི་ནི་སྔར་ཡོད་ཀྱི་སྤང་བྱ་ནམ་མཁའ་ལ་འཇའ་ཡལ་བ་བཞིན་སོང་ནས་ཕྱིས་འབྱུང་མི་སྐྱེ་བ་ཡིན་ནོ། །འདི་ཕུང་པོ་ལྷག་མེད་ཐོབ་པའི་ཚེ་ནི་ཕུང་པོ་ལྔ་ཀ་རྒྱུན་ཆད་པར་འདོད་དེ་གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་ནས་མ་འགག་པའི་སེམས་ཀྱིས་ནི། ཚོར་བ་ཉམས་སུ་མྱོང་བྱེད་དེ། །མར་མེ་ཤི་བར་གྱུར་པ་དང་། །དེའི་སེམས་ནི་རྣམ་པར་ཐར། །ཞེས་བྱ་བ་དང་། ལུས་ཞིག་ཚོར་བ་བསིལ་བར་གྱུར། །འདུ་ཤེས་འགགས་ཤིང་འདུ་བྱེད་ཅིང་། །རྣམ་པར་ཤེས་པ་ནུབ་གྱུར་པ། །འདི་འདྲ་འདི་དག་ཡང་དག་མཐའ་ཞེས་བྱ་བ་དང་ཁྱད་པར་དུ་འཕགས་པའི་བསྟོད་པ་ལས་ཁྱོད་ནི་ཞི་བར་གཤེགས་གྱུར་ནས། ཞུགས་གུམ་ལྟ་བུར་བགྲང་དུ་མེད་ཅེས་བཤད་པ་ཡིན་ནོ། །དེ་བཞིན་ཉིད་ནི་བདག་མེད་པའོ། །རྟག་པའི་དངོས་པོ་ནི་བཀག་ཟིན་ལ། ནམ་མཁའ་རླུང་གི་རྟེན་དུ་གསུངས་པ་ནི་རླུང་གི་དཀྱིལ་འཁོར་ལས་ཀྱི་མཐུས་ནམ་མཁའ་ལ་བཟུང་བ་ལ་རྟེན་གྱི་ཐ་སྙད་གསུངས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་རྟེན་དང་བརྟེན་པའི་རྒྱུ་འབྲས་ཡིན། འཇིག་རྟེན་ཐམས་ཅད་ཀྱི་རྩ་བའི་བྱེད་པ་པོ་ནམ་མཁའ་ཡིན་པའི་ཕྱིར་འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས་པ་མ་ཡིན་པར་འགྱུར་རོ། །བརྟགས་མིན་གྱི་འགོག་པའང་རྐྱེན་མ་ཚང་བ་ཉིད་ཀྱིས་འདུས་བྱས་དེ་ཁེགས་པས་འགོག་པ་རྫས་གཞན་དོན་མེད་པར་ཐལ་བའི་ཕྱིར་དང་། རྐྱེན་ནུས་པ་ཐོགས་མེད་དུ་ཚང་ན་ནི་འགོག་པས་དགག་མི་ནུས་ཏེ་རྣམ་འགྲེལ་ལས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་བཟློག་པར་ནུས་ཞེས་བཤད་དོ། །བརྟགས་པའི་འགོག་པའང་དེ་ཡོད་པ་ཙམ་གྱིས་ཟག་བཅས་སྐྱེ་བའི་གེགས་བྱེད་ན་སྐྱེ་བོ་ཐམས་ཅད་ཡེ་གདོད་མ་ནས་གྲོལ་བར་འགྱུར་ཏེ་དེ་གསར་དུ་སྐྱེས་ན་ནི་རྟག་པ་འཇིག་པའི་ཕྱིར་རོ། །འོན་ཏེ་དེ་གཉེན་པོས་ཐོབ་པས་གེགས་བྱེད་པ་ཡིན་ན་འཐོབ་བྱེད་གཉེན་པོ་ཉིད་ཀྱིས་གེགས་བྱེད་པས་འགོག་པ་དེ་དོན་མེད་པར་འགྱུར་རོ། །མདོ་སྡེ་པ་རྣམས་དེ་སྐད་ཟེར། འདོད་པ་གཞན་ཀུན་ངེས་པ་མེད། ཁ་ཅིག་གིས་ཆོས་མངོན་པ་ཀུན་ལས་བཏུས་ནས་བཤད་པ་རྣམས་མདོ་སྡེ་པའི་འདོད་པར་བྱས་ནས་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པའང་འདིའི་གྲུབ་མཐའ་ཡིན་ནོ། །ཞེས་ཟེར་བ་དེ་ནི་མ་ཡིན་ཏེ་དེ་ནི་ཐེག་ཆེན་པ་རྣམས་ཀྱང་འདོད་པའི་ཕྱིར་དང་ཀུན་ལས་བཏུས་ནི་སློབ་དཔོན་གྱིས་ཆོས་མངོན་པའི་མདོ་ཐམས་ཅད་ལས་བཏུས་ནས་ཤེས་བྱའི་གཤིས་དང་མཐུན་པར་བཤད་པ་ཡིན་གྱི་གྲུབ་མཐའི་འདོད་ཚུལ་ནི་ཤས་ཆུང་ངོ་། །དེས་ན་འདིའི་འདོད་ཚུལ་རྣམས་ཀྱང་མཛོད་ཀྱི་འགྲེལ་ཊཱིཀ་རྣམས་རྒྱས་པ་ཡིན་ནོ། །དེས་ན་མི་ལྡན་པའི་འདུ་བྱེད་དང་འདུས་མ་བྱས་དང་རིག་བྱེད་མ་ཡིན་པའི་གཟུགས་རྫས་སུ་མེད་པས་དེ་དག་ལས་བྱས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་རྫས་སུ་མེད་པའི་ཕྱིར་ཕུང་པོ་ཕྱེད་དང་ལྔ་དང་སྐྱེ་མཆེད་ཕྱེད་དང་བཅུ་གཉིས་དང་ཁམས་ཕྱེད་དང་བཅུ་བདུན་རྫས་སུ་ཡོད། བདེན་བཞི་དང་ཟག་བཅས་ཟག་མེད་དང་བདེན་པ་གཉིས་ཀྱང་སྔ་མ་བཞིན་ཡིན་གྱི་དོན་བྱེད་ནུས་པ་གང་ཡིན་པ། དེ་འདིར་དོན་དམ་ཡོད་མ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་འབྱུང་བ་དེ་ནི་རྟོག་གེ་བ་རྣམས་ཀྱི་འདོད་ཚུལ་ཡིན་ནོ། །ཆོས་མངོན་པ་ཀུན་ལས་བཏུས་ནས་ཀུན་རྫོབ་དང་དོན་དམ་ལ་སོགས་པའི་འཆད་ཚུལ་མང་པོ་བྱས་པ་དེ་དག་ཕལ་ཆེ་བ་ནི་མདོའི་ཆོས་འཆད་པ་ཡིན་ནོ། །སྡེ་པ་འདི་གཉིས་ཀས་བྱེད་པ་པོ་ནི་ལས་སུ་འདོད་དེ་ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས་ཞེས་གང་བཤད་པ་ཡིན་ནོ། །ཉན་ཐོས་སྡེ་པ་གཞན་གྱི་འདོད་ཚུལ་ཤིན་དུ་མང་བས་གཞུང་ལུགས་མང་པོར་འདི་གཉིས་ཀྱིས་གཞན་ཐམས་ཅད་བསྡུས་པ་ལྟ་བུར་གསུངས་སོ། །འདི་གཉིས་ཀྱི་འདོད་ཚུལ་མཐའ་ཡས་པ་ནི་ཚིག་མང་བར་འགྱུར་བས་མ་བྲིས་སོ། །གྲུབ་པའི་མཐའ་བཤད་པ་ལས་མདོ་སྡེ་པ་བཤད་པའི་རབ་དུ་བྱེད་པ་སྟེ་བཅོ་བརྒྱད་པའོ།།  །།

 

སེམས་ཙམ་པ་བཤད་པ།

 

ད་ནི་ཐེག་པ་ཆེན་པོ་པ་ཆོས་ཀྱི་བདག་མེད་པར་སྨྲ་བ་རྣམས་ལས་རྣམ་རིག་སེམས་ཙམ་པའི་ལུགས་བཤད་དེ། རྣམ་རིག་པ་རྣམས་གཟུགས་ཀྱི་གཞི། །སེམས་ལས་གཞན་ན་མེད་པར་འདོད། །དེ་དག་སེམས་ཀྱི་སྤྲུལ་པའམ། །སེམས་ཉིད་དེ་ལྟར་སྣང་ཞེས་ཟེར། །འདི་ལ་སྣང་བ་ཤེས་པས་སྒྲོ་བཏགས་པར་འདོད་པའི་རྣམ་བརྫུན་པ་དང་སྣང་བ་ཤེས་པར་བདེན་པར་འདོད་པའི་རྣམ་བདེན་པ་གཉིས་ལས་གཉི་ག་ལྟར་ན་ཡང་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་ནི་སེམས་དང་སེམས་བྱུང་ལས་གཞན་དུ་མེད་པར་འདོད་དོ། །དེ་ལ་དང་པོ་ནི་སློབ་དཔོན་འཕགས་པ་ཐོགས་མེད་ལ་སོགས་པ་སྟེ་ཐེག་བསྡུས་ལས། དོན་ནི་དོན་དུ་གྲུབ་གྱུར་ན། །ཡེ་ཤེས་རྟོག་པ་མེད་མི་འགྱུར། །དེ་མེད་པས་ན་སངས་རྒྱས་ཉིད། །འཐོབ་པར་འཐད་པ་མ་ཡིན་ནོ། །མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་པའི་ཕྱིར། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཅེས་གང་བཤད་པ་ཡིན་ནོ། །དེས་ན་འདི་ནི་རྣམ་པ་རྣམས་སྤྲུལ་པ་དང་རྨི་ལམ་དང་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་དང་ཆུ་ཟླ་ལྟ་བུར་འདོད་དེ་དབུ་མ་རྒྱན་ལས། ཇི་སྟེ་ཐོག་མ་མེད་རྒྱུད་ཀྱི། །བག་ཆགས་སྨིན་པས་སྤྲུལ་པ་ཡི། །རྣམ་པ་དག་ནི་སྣང་བ་ཡང་། །ནོར་བས་སྒྱུ་མའི་རང་བཞིན་འདྲ། །ཞེས་བྱ་བ་དང་། གཞན་ལས་ཤེས་པའི་རང་བཞིན་རྣམ་པ་མེད། །བདག་ཏུ་འཛིན་གནས་འབའ་ཞིག་ལ། །རྣམ་པ་ཐ་དད་སྣང་བ་ནི། །སྒྱུ་མ་ལྟ་བུའི་རང་བཞིན་ཡིན། །ཞེས་བཤད་པ་ཡིན་ནོ། །རྣམ་པ་བདེན་པ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་སོགས་པའི་འདོད་པ་ཡིན་ཏེ་ཇི་སྐད་དུ་དམིགས་པ་བརྟག་པ་ལས། ནང་གི་ཤེས་བྱའི་ངོ་བོ་ནི། ཕྱི་རོལ་ལྟར་སྣང་གང་ཡིན་ཏེ། །དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །ཞེས་གང་བཤད་པ་ཡིན་ནོ། །སློབ་དཔོན་དབྱིག་གཉེན་དང་སློབ་དཔོན་ཆོས་ཀྱི་གྲགས་པ་གཉིས་ཀྱིས་ནི་རྣམ་པ་བདེན་བརྫུན་གཉི་གའི་ཆ་བཟུང་ནས་བཤད་དེ་རྣམ་ངེས་ལས། རིག་བྱ་རིག་བྱེད་རྣམ་པ་མེད། །སྒྲ་སོགས་ཤེས་པའི་ཐ་དད་བཞིན། །ཞེས་བྱ་བ་དང་དེས་ན་བློ་ནི་ཚུལ་གཉིས་པ་ཞེས་བྱ་བ་དང་ཉི་ཤུ་པ་ལས་ཀྱང་གཉིས་ཀ་མཐུན་པར་བཤད་དོ། །རྣམ་བདེན་པ་རྣམས་ནི་ཟླ་གཉིས་དང་དོན་སྤྱི་ལ་སོགས་པ་རྣམ་པ་བརྫུན་པར་གྲགས་པ་རྣམས་ཀྱང་ཤེས་པར་འདོད་དེ་རྣམ་འགྲེལ་ལས་དེ་དག་གི་ཡང་དེ་ལྟའི་དངོས། བཀག་མེད་གསལ་བར་སྣང་བ་ཉིད། །ཤེས་པའི་ངོ་བོའི་དོན་ཉིད་ཕྱིར། །ཞེས་བྱ་བ་དང་། །གལ་ཏེ་སྤྱི་ཡང་ཤེས་ངོ་བོའི། །དོན་ཉིད་ཡིན་ན་ཐལ་བར་འགྱུར། །དེ་ལྟར་འདོད་ཕྱིར་སྐྱོན་ཡོད་མིན། །རྣམ་པའི་ངོ་བོ་ཉིད་ཀྱི་སྤྱི། །ཀུན་ལ་མཚུངས་པར་འཛིན་ཕྱིར་རོ། །ཞེས་བཤད་དོ། །དེའི་ཕྱིར་སེམས་དང་སེམས་བྱུང་གང་དང་གང་ལ་ཡུལ་གང་དང་གང་སྣང་བ་དེ་ནི་བློ་དེས་སྒྲོ་བཏགས་པའམ་བློ་དེའི་བདག་ཉིད་ཡིན་ཏེ་གཉི་ཀའི་དཔེ་ནི་རྨི་ལམ་གྱི་སྣང་བ་ཡིན་ནོ། །ཅི་བེམ་པོར་སྣང་བའང་རིག་པ་ལས་མ་འདས་སོ་ཞེས་བྱ་བ་འདི་ལུང་དང་རིགས་པ་དང་བྲལ་བ་རྒྱལ་པོའི་བཀའ་ཡིན་ནམ་ཞེ་ན། དེ་ལྟ་ཡང་མ་ཡིན་པར་བསྟན་པ། རྡུལ་ཕྲན་ཆ་མེད་ཀུན་བཏགས་ཡིན། །དེ་ཕྱིར་དེས་བརྩམས་རགས་པ་མེད། །རགས་སྣང་གཅིག་དང་དུ་མར་བྲལ། །དེ་ཕྱིར་སེམས་ལས་དོན་གཞན་མེད། །རྡུལ་ཕྲ་རབ་རྣམས་ནི་ཆ་མེད་པ་མི་རུང་སྟེ་ཉི་ཤུ་པ་ལས་དྲུག་གིས་གཅིག་ཆར་སྦྱར་བ་ན། ཕྲ་རབ་རྡུལ་ཆ་དྲུག་དུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་འབྱུང་བ་དེ་དགག་པར་བྱ་སྟེ་དེའི་ཕྱིར་རྡུལ་ཆ་མེད་ནི་བློས་བཀོད་པ་ཉིད་ཡིན་ནོ། །དེ་མེད་ན་ནི་དེས་བརྩམས་པའི་རགས་པ་མེད་སྟེ་རྩོམ་བྱེད་མེད་པའི་ཕྱིར་རོ། །རགས་པར་སྣང་བ་ཙམ་བདེན་པའང་མ་ཡིན་གཅིག་ཏུ་བདེན་ན་གཡོ་མི་གཡོ་དང་ཁ་བསྒྱུར་མ་བསྒྱུར་ལ་སོགས་པ་གཉིས་མེད་པར་ཐལ་བའི་ཕྱིར་དང་དུ་མར་སྣང་བའི་གཏན་ཚིགས་ཀྱིས་གཅིག་ཡིན་པ་ཁེགས་པའི་ཕྱིར་རོ། །འདི་ལྟར་གཟུགས་ནི་དབྱིབས་ཁ་དོག་སྣ་ཚོགས་སུ་སྣང་ལ་སྒྲའང་སྙན་མི་སྙན་ལ་སོགས་པ་དང་དྲི་ཞིམ་མི་ཞིམ་ལ་སོགས་པ་སྣ་ཚོགས་སུ་སྣང་ངོ་། །དེའི་ཕྱིར་དེ་དག་གཅིག་མ་ཡིན་ཏེ་གཅིག་དང་དུ་མ་འགལ་བའི་ཕྱིར་དང་། འགལ་བ་དག་ཀྱང་གཅིག་ཡིན་ན་ཧ་ཅང་ཐལ་བའི་ཕྱིར་རོ། །སྣང་བ་འདི་གཅིག་ཏུ་མ་གྲུབ་ན་ནི་དུ་མར་ཀྱང་མེད་དེ་གསོག་བྱེད་གཅིག་མེད་པའི་ཕྱིར་རོ། །དེ་སྐད་དུ་རྣམ་ངེས་ལས། །གཞན་དུ་གཅིག་གི་ངོ་བོ་ལ། །རང་བཞིན་དུ་མར་སྣང་བ་ཡི། །རྣམ་པ་ཇི་ལྟར་བདེན་འགྱུར་ཏེ། །གཅིག་པ་ཉིད་དེ་ཉམས་ཕྱིར་དང་། །གཞན་གྱི་གཞན་ཉིད་ཉམས་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་རྣམ་པར་ཤེས་པར་སྨྲ་བ་ལའང་སྐྱོན་དེ་མཚུངས་ཏེ། དེ་ལྟར་སྔ་ཕྱི་དུས་གཅིག་ཏུ། །ཕྲད་ན་སྔ་ཕྱི་དུས་མཉམ་འགྱུར། །རིམ་གྱིས་ཕྲད་ན་ཤེས་པ་དེ། །ཆ་དང་བཅས་པས་དངོས་མེད་འགྱུར། །ཤེས་པའི་རྒྱུན་རྩོམ་པའི་སྐད་ཅིག་མའང་སྔ་ཕྱིའི་དབུས་ལས་མི་འདའ་བས་དེ་གཉིས་ལ་དུས་གཅིག་གམ་རིམ་གྱིས་ཕྲད། དང་པོ་ལྟར་ན་སྐད་ཅིག་ཕྱི་མ་སྔ་མའམ་སྔ་མ་ཕྱི་མའི་དུས་སུ་ཐིམ་པར་འགྱུར་ལ། ཕྱི་མ་ལྟར་ན་སྔ་མ་དང་ཕྲད་པའི་ཚེ་ཕྱི་མ་དང་མ་ཕྲད་པས་ཕྲད་མ་ཕྲད་ཀྱི་ཆ་གཉིས་ཡོད་པའི་ཕྱིར་སྐད་ཅིག་ཆ་ཤས་མེད་པའང་མི་རུང་ལ། དེས་ན་དེས་བརྩམས་པའི་ཤེས་པའི་རྒྱུན་གྱི་རགས་པའང་མི་རུང་བར་འགྱུར་རོ་ཞེ་ན། ད་ལྟར་གྱི་སྐད་ཅིག་ནི་འདས་མ་འོངས་དངོས་མེད་དང་ཕྲད་པ་མེད་པས་སྔ་ཕྱིའི་ཆ་མེད་ལ་སྔ་ཕྱི་དངོས་པོར་མེད་པས་དེ་གཉིས་ལ་ལྟོས་པའི་དབུས་ཀྱང་དོན་ལ་མེད་དོ། །དེས་ན་སྐད་ཅིག་སྔ་ཕྱི་མཐུན་པའི་རྒྱུན་ཀྱང་མེད་ལ་རྒྱུན་དུ་སྣང་བ་ནི་ཆ་ཤས་མེད་པའི་སྐད་གཅིག་མ་རེ་རེ་རང་དུས་ན་ཡོད་པ་ལ་རྟོག་པས་རྒྱུན་དུ་སྒྲོ་བརྟགས་པ་ཡིན་ནོ། །ཅི་སྟེ་ད་ལྟར་གྱི་སྐད་ཅིག་མ་ལ་སྔ་མ་སྐྱེ་བ་དང་ཕྱི་མ་འཇིག་པའི་ཆ་གཉིས་ཡོད་ན་སྐྱེ་བ་ཉིད་རྟག་པར་འགྱུར་ཏེ་འཇིག་པ་ལས་ཐ་དད་པའི་ཕྱིར་རོ། །འོ་ན་ད་ལྟར་གྱི་སྐད་ཅིག་མ་དེ་རྒྱུ་མེད་ལས་སྐྱེས་པར་འགྱུར་ཏེ་སྐད་ཅིག་སྔ་མ་འགགས་པས་མ་ཕྲད་པའི་ཕྱིར་རོ་ཞེ་ན། མི་འགྱུར་ཏེ་མ་ཕྲད་ཀྱང་སྔ་མ་ཡོད་མེད་ཀྱི་རྗེས་སུ་བྱེད་པས་རྒྱུ་འབྲས་ཀྱི་མཚན་ཉིད་ཡོད་པའི་ཕྱིར་མེ་དང་དུ་བ་བཞིན་ནོ། །དེ་ལྟར་བསྟན་པས་ནི་མདོ་ལས་ཆོས་ཐམས་ཅད་ནི་སེམས་ཡིན་ལ་སེམས་དེའང་མཐའ་དང་དབུས་མེད་པ་ཞེས་གསུངས་པའི་དོན་ཡང་བཤད་པར་འགྱུར་རོ། །གཞན་ཡང་ཐ་དད་གོམས་བཞིན་སྣང་། །དུས་གཅིག་དམིགས་དང་འགའ་ཞིག་རིག །རང་ཉིད་ཁོ་ནས་ཤེས་པས་ཀྱང་། །སྣང་བ་དོན་དུ་མ་གྲུབ་ཉིད། །སྣང་བ་འདི་དག་ནི་དོན་དུ་གྲུབ་པ་མེད་དེ་ཐ་དད་ཅིང་གོམས་པ་བཞིན་སྣང་བའི་གཏན་ཚིགས་ཀྱིས་ཕྱིར་རོ། །འདི་ལྟར་ཆུ་ལྟ་བུ་གཅིག་ལ་ཡང་ཆུ་ན་སྤྱོད་པ་ལ་ཁྱིམ་དང་། ཡིད་དྭགས་ལ་རྣག་ཁྲག་དང་། དམྱལ་བ་ལ་ཁྲོ་ཆུ་དང་། ལྷ་ལ་བདུད་རྩི་ལ་སོགས་པར་སྣང་ལ་སྐྱེས་བུ་གཅིག་ལའང་དགྲ་དང་གཉེན་གྱིས་བལྟས་པ་ན་ཡིད་དུ་འོང་བ་དང་མི་འོང་བ་གོམས་པ་བཞིན་སྣང་བའི་ཕྱིར་དོན་དུ་མེད་དོ། །འདི་ལྟར་དེ་གཅིག་ཏུ་བདེན་པ་ནི་མ་ཡིན་ཏེ། ཐམས་ཅད་ལ་ཇི་ལྟར་སྣང་བའི་དོན་བྱེད་པའི་ཕྱིར་རོ། །དུ་མར་བདེན་པའང་མ་ཡིན་ཏེ་གཅིག་ཐམས་ཅད་དུ་བདེན་པ་མི་རུང་བའི་ཕྱིར་རོ། །དེས་ན་དེ་དག་ཤེས་པའི་བདག་ཉིད་ནི་ཤེས་པས་སྒྲོ་བཏགས་པ་ཡིན་ཏེ་ཐེག་བསྡུས་ལས། །དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་བཤད་དོ། །ཡང་སྣང་བ་འདི་དག་ནི་དོན་དུ་གྲུབ་པ་མེད་དེ་ལྷན་ཅིག་དམིགས་པས་ངེས་པའི་ཕྱིར་ཞེས་བྱ་བ་དང་གསལ་བའི་རང་བཞིན་དུ་རིག་པའི་ཕྱིར་ཞེས་ཀྱང་བརྗོད་དོ། །འདི་ལྟར་ཐ་དད་དུ་གྲུབ་པ་ལ་ནི་དུས་གཅིག་ཏུ་དམིགས་པ་མེད་དེ་རི་གངས་ཅན་དང་འབིགས་བྱེད་བཞིན་ནོ། །དེས་ན་དུས་གཅིག་ཏུ་དམིགས་པ་ངེས་པ་ནི་ཐ་དད་དུ་མེད་པ་ལ་གཏན་ཚིགས་ཡིན་ནོ། །དེ་བཞིན་དུ་ཐ་དད་ན་ནི་གསལ་བའི་རང་བཞིན་དུ་རིག་པ་མི་རུང་ཏེ་སྒྲ་མིག་ཤེས་ཀྱིས་དེ་ལྟར་མི་རིག་པ་བཞིན་ནོ། །དེས་ན་དེའང་ཐ་དད་མེད་པ་ལ་གཏན་ཚིགས་ཡིན་ནོ། །དོན་དེ་དག་རྣམ་འགྲེལ་ལས། ངེས་པར་བློ་དང་ལྷན་ཅིག་ཏུ། །ཅིག་ཅར་དུ་ནི་མྱོང་འགྱུར་བའི། །ཡུལ་ནི་དེ་ལས་གཞན་ཉིད་དུ། །རྣམ་པ་གང་གིས་འགྲུབ་པར་འགྱུར། །ཞེས་བྱ་བ་དང་། ཤེས་པ་མེད་པར་ཡུལ་འགའ་འམ། །ཡུལ་མེད་པའི་ཤེས་པ་འགའ། །མྱོང་བར་འགྱུར་བ་མ་མཐོང་བ། །དེས་ན་དེ་དག་ཐ་དད་མེད། །ཅེས་བཤད་དོ། །ཡང་དོན་སྤྱི་དང་ཟླ་གཉིས་དང་རྨི་ལམ་གྱི་ཡུལ་ཡང་མི་ལྡན་པའི་འདུ་བྱེད་རྫས་གྲུབ་ཏུ་མི་རིགས་ཤིང་ཤེས་པའི་བདག་ཉིད་ཡིན་ཏེ་རང་ཁོ་ནས་ཤེས་པའི་ཕྱིར་བདེ་སྡུག་བཞིན་ནོ། །རྣམ་འགྲེལ་ལས། ཡུལ་རུང་གནས་པས་མི་ཤེས་པ། །རང་ཉིད་ཤེས་ཕྱིར་དེ་ཤེས་ཡིན། །འདིས་ནི་མིང་སོགས་བརྗོད་པ་ཡིན། །ཞེས་བཤད་དོ། །གལ་ཏེ་དེ་དག་དོན་དུ་ཡོད་ན་དེ་ན་གནས་པའི་སྐྱེས་བུ་གཞན་གྱིས་ཀྱང་ཤེས་པར་འགྱུར་ཏེ་རྣམ་འགྲེལ་ལས། །རྣམ་པ་དེ་ནི་ཐ་དད་ན། གཞན་གྱིས་དེ་བཞིན་རྟོགས་པར་འགྱུར། ཞེས་བཤད་དོ། །སྣང་བ་རྣམས་དེ་ལྟར་ཡིན་ཡང་མི་སྣང་བའི་དོན་ཡོད་དོ་སྙམ་པ་དེ་དག་ལ་སྨྲས་པ། མི་སྣང་ཕྲ་རབ་རྡུལ་གྱི་དོན། །དེ་ལ་སྒྲུབ་བྱེད་ཚད་མ་མེད། །དེའི་ཕྱིར་དེ་ལ་མཁས་པ་རྣམས། །ཡོད་པའི་ཐ་སྙད་མི་བྱའོ། །འདི་ལྟར་རྣམ་ཤེས་རེས་འགའ་པའི་གཏན་ཚིགས་དེས་རྒྱུ་གཞན་ལ་ལྟོས་པ་ཙམ་དུ་གྲུབ་ཀྱང་ལྐོག་ན་མོའི་དོན་ནི་མི་འགྲུབ་སྟེ། །དོན་སྣང་གི་བག་ཆགས་མ་སད་པས་ཤེས་པ་རེས་འགའ་བར་གྱུར་ཏམ་ཞེས་གཞན་ལོག་པས་དེ་ལོག་པར་དོགས་པའི་ཕྱིར་རོ། །ཡུལ་དང་ཡུལ་ཅན་གྱི་མཚན་ཉིད་འདྲ་བར་སྐྱེད་བྱེད་དང་སྐྱེས་ལ་འདྲ་བའང་རྣམ་འགྲེལ་ལས། དེ་འདྲ་བ་དང་དེ་ལས་བྱུང་། །གལ་ཏེ་རྟོགས་པའི་མཚན་ཉིད་ཡིན། །ཡུལ་མཚུངས་ཅན་གྱི་རྣམ་པར་ཤེས། །མཚུངས་པ་དེ་མ་ཐག་མྱོང་འགྱུར། །ཞེས་བྱ་བ་དང་། བདག་ཉིད་ཀུན་གྱིས་འདྲ་ན་ནི། །ཤེས་པ་ཤེས་པ་ཉིད་མིན་འགྱུར། །ཞེས་བྱ་བས་བཀག་གོ །ཡུལ་ལས་སྐྱེས་པར་ཡང་མི་འགྲུབ་སྟེ་ཡེ་མ་མཐོང་བའི་ཡུལ་དང་རྗེས་སུ་འགྲོ་ལྡོག་མ་གྲུབ་པའི་ཕྱིར་རོ། །སྣ་ཚོགས་སྣང་བ་སེམས་ཡིན་པ། །འདི་ལ་གནོད་པ་གང་ཡང་མེད། །གལ་ཏེ་མདོ་ལས་གཟུགས་ཀྱི་སྐྱེ་མཆེད་གསུངས་པ་དེ་ཇི་ལྟར་དྲང་ཞེ་ན། བག་ཆགས་ལས་གཟུགས་སྒྲའི་སྣང་བ་རྨི་ལམ་ལྟར་ཤར་བ་ལ་འདོད་དེ་ཉི་ཤུ་པ་ལས། རང་གི་ས་བོན་གང་ལས་སུ། །རྣམ་རིག་སྣང་བ་གང་བྱུང་བ། །དེ་དག་དེའི་སྐྱེ་མཆེད་ནི། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བའི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །བརྫུས་ཏེ་བྱུང་བའི་སེམས་ཅན་བཞིན། །ཞེས་བཤད་དོ། །སེམས་ཡིན་ཡང་ཡུལ་དུས་རང་བཞིན་ངེས་པའང་འཐད་དེ་སེམས་ཅན་དམྱལ་བའི་སྲུང་མ་དང་མེ་དང་མཚོན་ཆ་དང་གཏུན་དང་རི་དང་ཡི་དྭགས་ཀྱི་རྣག་ཁྲག་གི་ཀླུང་ལ་སོགས་པ་སེམས་ཀྱི་སྣང་བ་ཡིན་ཡང་སོ་སོར་ངེས་པ་བཞིན་ནོ། །འདི་ལྟར་དེ་ན་གནོད་པ་བྱེད་པའི་སེམས་ཅན་དེ་དག་བྱེ་བྲག་ཏུ་སྨྲ་བ་ཡི་དྭགས་ཀྱི་འགྲོ་བ་པར་འདོད་པ་དེ་ནི་མ་ཡིན་ཏེ་འགྲོ་བ་གཞན་ནི་དམྱལ་བར་འབྱུང་བ་མི་འཐད་པའི་ཕྱིར་རོ། །འདི་ལྟར་དུད་འགྲོ་མཐོ་རིས་སུ་འབྱུང་བ་ནི་མཐོ་རིས་པ་དང་རྫོགས་བྱེད་ཀྱི་ལས་འདྲ་བས་ཡིན་ན་དེ་དག་ནི་དམྱལ་བ་པ་དང་འཕེན་རྫོགས་ཀྱི་ལས་གཉིས་ཀ་མི་འདྲ་སྟེ་དམྱལ་བའི་སྡུག་བསྔལ་མྱོང་བ་མེད་པའི་ཕྱིར་རོ། །དེས་ན་ཉི་ཤུ་པ་ལས། ཇི་ལྟར་དུད་འགྲོ་མཐོ་རིས་སུ། །འབྱུང་བ་དེ་ལྟར་ཡི་དྭགས་མིན། །ཞེས་བསྟན་ཏོ། །མདོ་སྡེ་པ་འབྱུང་བ་བཞི་ཉིད་དེ་ལྟར་སྣང་བར་འདོད་པ་དེའང་མ་ཡིན་ཏེ། རྒྱུ་ལས་ཀྱི་བག་ཆགས་སེམས་ལ་ཡོད་པ་ལས་འབྲས་བུ་གཞན་དུ་སྨིན་པ་ནི་མི་འཐད་པས་དེ་དག་སེམས་ཀྱི་སྣང་བ་ཡིན་ཏེ་ཉི་ཤུ་པ་ལས། གཞན་ན་ལས་ཀྱི་བག་ཆགས་ལས། །འབྲས་བུ་དག་ནི་གཞན་དུ་རྟོག །གང་ན་བག་ཆགས་ཡོད་པ་དེར། །ཅིའི་ཕྱིར་ན་འདོད་མི་བྱ། །ཞེས་འབྱུང་ངོ་། །སྣང་བ་དེ་དག་སེམས་ཡིན་ཡང་སྲོག་གཅོད་པ་ལ་སོགས་པ་དོན་ཀྱི་བྱ་བ་བྱེད་པའང་མི་འགལ་ཏེ་དྲང་སྲོང་ཁྲོས་པས་དན་ཏ་ཀའི་དགོན་པ་སྟོངས་པ་དང་འདྲེ་བཀྲེན་དང་རིག་སྔགས་མཁན་པོའི་ཡིད་འཁྲུགས་པས་གཞན་གྱི་སྲོག་ཆད་པ་བཞིན་ནོ། །ཉི་ཤུ་པ་ལས། དྲང་སྲོང་ཁྲོས་པས་དན་ཏ་ཀའི། །དགོན་པ་ཇི་ལྟར་སྟོངས་པར་འགྱུར། །ཞེས་བྱ་བ་དང་། འདྲེ་ལ་སོགས་པའི་ཡིད་དབང་གིས། །གཞན་གྱི་དྲན་ཉམས་འགྱུར་སོགས་བཞིན། །ཞེས་བཤད་དོ། །གལ་ཏེ་རིགས་པ་དེ་དག་ནི་རྟོག་གེ་པ་རྣམས་ཀྱིས་བློས་བཀོད་པ་ཡིན་ནོ་ཞེ་ན། དེས་ན་སྣང་བ་སེམས་ཡིན་ཞེས། །རྫོགས་སངས་རྒྱས་ཀྱིས་གསུངས་པ་ཡིན། །རིགས་པས་གྲུབ་པ་འདི་ནི་སངས་རྒྱས་ཉིད་ཀྱིས་གསུངས་པ་ཡིན་ཏེ། ས་བཅུ་པ་ལས་ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་སྟེ་དུས་གསུམ་ཡང་སེམས་ཙམ་མོ་ཞེས་བྱ་བ་དང་ལང་ཀར་གཤེགས་པ་ལས། །ཕྱི་རོལ་གཟུགས་ནི་ཡོད་མ་ཡིན། །རང་གི་སེམས་ནི་ཕྱི་རོལ་སྣང་། །ཞེས་བྱ་བ་དང་། གང་ཟག་རྒྱུ་དང་ཕུང་པོ་དང་། །རྐྱེན་དང་དེ་བཞིན་རྡུལ་རྣམས་དང་། །གཙོ་བོ་དབང་ཕྱུག་བྱེད་པོ་དག །སེམས་ཙམ་པོ་ལས་རྣམ་པར་བརྟགས། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །རིགས་པས་རྣམ་པར་བལྟས་ན་ནི། །གཟུང་དང་འཛིན་པ་འགག་པར་འགྱུར། །ཞེས་གསུངས་སོ། །འོད་སྲུངས་ཀྱིས་ཞུས་པ་ལས་ཀྱང་། གང་དག་རལ་གྲི་མདའ་ཆེན་མཚོན་འབྱིན་པའི། །གནོད་པ་བྱེད་པ་ཡོད་པ་མ་ཡིན་ཏེ། །རྟོག་པའི་དབང་གིས་ངན་སོང་དེ་དག་ན། །ལུས་ལ་འབབ་མཐོང་དེ་ན་མཚོན་ཆ་མེད། །ས་ཚོགས་ཡིད་དག་མེ་ཏོག་ཁ་བྱེ་ཞིང་། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལའང་བྱེད་པ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །ཞེས་འབྱུང་ངོ་། །དེའི་ཕྱིར་སྣང་བ་གཟུགས་ཀྱི་གཞི་ནི་སེམས་དང་སེམས་བྱུང་དུ་གྲུབ་པ་ཡིན་ནོ། །ད་ནི་སེམས་ཀྱི་གཞི་བཤད་དེ་སེམས་ནི་རྣམ་ཤེས་ཚོགས་བརྒྱད་ལ། །ལུས་ཀུན་ཁྱབ་པའི་ཀུན་གཞི་ནི། །འཁོར་འདས་ཀུན་གྱི་གཞི་རྟེན་བྱེད། །རྣམ་སྨིན་ས་བོན་གཉིས་སུ་འདོད། །སློབ་དཔོན་འཕགས་པ་ཐོགས་མེད་སྐུ་མཆེད་རྗེས་འབྲང་དང་བཅས་པ་རྣམས་ནི་རྣམ་པར་ཤེས་པ་ཚོགས་བརྒྱད་དུ་འདོད་དོ། །དེ་ལ་ཀུན་གཞིའི་རྣམ་ཤེས་ནི་ལུས་ཐམས་ཅད་ལ་ཁྱབ་པ་མི་གསལ་བ་དམིགས་པ་རྒྱ་ཡོངས་སུ་མ་ཆད་པ་ལ་དམིགས་པ། ལམ་ལ་མི་སྒྲིབ་ཅིང་ལུང་དུ་མ་བསྟན་པ་འཁོར་འདས་ཀྱི་ས་བོན་ཐམས་ཅད་ཀྱི་རྟེན་བྱེད་པ་ཡིན་ཏེ། ཕུང་པོ་ལྔ་བྱེ་བྲག་ཏུ་བཤད་པ་ལས། ཀུན་གཞིའི་རྣམ་པར་ཤེས་པ་ནི་ཁོག་པ་ལ་ཁྱབ་པ་ཡིན་ནོ་ཞེས་བཤད་དོ། །ཤེས་པ་དེ་སྔོན་དགེ་མི་དགེའི་ལས་ཀྱི་བག་ཆགས་ཀྱིས་ཚེ་འདིར་མཐོ་རིས་དང་ངན་འགྲོའི་སེམས་སུ་འཕངས་པའི་ཆ་ནས་རྣམ་སྨིན་ཞེས་བརྗོད་ལ། དེ་ལ་ཐོག་མ་མེད་པ་ནས་ཀྱི་བག་ཆགས་ཏིལ་ལ་མེ་ཏོག་སྣ་མའི་དྲི་གོས་པ་བཞིན་གནས་པའི་ཆ་ནས་ཀུན་གཞི་ས་བོན་ཞེས་བརྗོད་དོ། དེ་ནི་སྦྱོང་བྱེད་ཀྱི་རྐྱེན་དང་མ་ཕྲད་ན་དུས་ནམ་ཡང་ཆུད་མི་ཟ་བར་ངེས་པར་འབྲས་བུ་འབྱིན་པས་དོན་དམ་པའི་ས་བོན་ཞེས་བརྗོད་དོ། ཕྱི་རོལ་གྱི་ས་བོན་རྣམས་ནི་རུལ་པ་དང་བྱས་ཟོས་པ་ལ་སོགས་པའང་སྲིད་པས་འབྲས་བུ་འབྱིན་པར་མ་ངེས་པས་ཀུན་རྫོབ་པའི་ས་བོན་ཞེས་བརྗོད་དོ། །བག་ཆགས་རྣམས་ནི་རས་ལ་རྩི་བཞིན་དུ་གནས་ཏེ་ལང་ཀར་གཤེགས་པ་ལས། སེམས་ནི་རས་ཡུག་དཀར་པོ་འདྲ། བག་ཆགས་རྣམས་ཀྱིས་མི་མཛེས་སོ་ཞེས་བཤད་དོ། །དེ་ལ་ཁ་ཅིག་ནི་དགེ་མི་དགེའི་བག་ཆགས་ཀྱང་ལུང་མ་བསྟན་དུ་འདོད་དེ་ལྕགས་ལ་མེའི་ས་བོན་གནས་པ་ནི་ཚ་བ་མ་ཡིན་པར་འདོད་པ་བཞིན་ནོ་ཞེས་ཟེར་རོ། །ཁ་ཅིག་ནི་དགེ་མི་དགེའི་བག་ཆགས་དགེ་མི་དགེ་ཉིད་དུ་འདོད་དོ། །མདོ་ལས་ལས་དང་ཉོན་མོངས་པ་དང་བདག་དུ་ལྟ་བའི་བག་ཆགས་ལ་སོགས་པ་སྣ་ཚོགས་བཤད་པ་དེ་ནི་རྒྱུ་དང་མཐུན་པ་དང་རྣམ་སྨིན་གྱི་བག་ཆགས་གཉིས་སུ་འདུས་སོ། །དང་པོ་ནི་བག་ཆགས་འཇོག་བྱེད་དང་རིགས་འདྲ་སྐྱེད་པའི་ནུས་པ་སྟེ་དགེ་བས་བཞག་པའི་བག་ཆགས་ཀྱིས་དེ་ཉིད་སྐྱེད་པའི་ནུས་པ་ལྟ་བུའོ། །གཉིས་པ་ནི་བག་ཆགས་འཇོག་བྱེད་དང་རིགས་མི་མཐུན་སྐྱེད་པའི་ནུས་པ་སྟེ་དགེ་བས་བཞག་པའི་བག་ཆགས་ཀྱིས་ཕྱིས་དེ་དང་མི་མཐུན་པ་ལུང་བསྟན་གཟུགས་ལ་སོགས་པ་སྐྱེད་པའི་ནུས་པ་ལྟ་བུའོ། །དེ་ཡོད་པར་ནི་ལུང་དང་རིགས་པ་ལས་ཤེས་ཏེ་ལུང་ནི་དགོངས་པ་ངེས་པར་འགྲེལ་པ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་དུ་རྟོག་པར་འགྱུར་ན་མི་རུང་ཞེས། །དེ་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་བྱ་བ་ལ་སོགས་པ་དུ་མ་གསུངས་སོ། །གང་ཡང་གསུང་རབ་འགའ་ལས་ཀུན་གཞི་བདག་གི་རྣམ་གྲངས་སུ་བཤད་པ་དེ་ནི་གསང་བ་པའི་བདག་ལ་ཟེར་བ་ཡིན་ནོ། །རིགས་པ་དང་བྲལ་བའི་ལུང་ལ་ནི་མཁས་པ་རྣམས་ཡིད་ཆེས་པར་མི་འགྱུར་བས་རིགས་པ་བཤད་པ། དེ་མེད་འཁོར་དང་མྱ་ངན་འདས། །རྣམ་པ་ཀུན་ཏུ་མི་རུང་སྟེ། །ཚོགས་དྲུག་དགེ་དང་མི་དགེ་རུ། །སྐྱེས་པའི་གཏན་ཚིགས་ལས་ཀྱང་ཤེས། །བཅོམ་ལྡན་འདས་ཀྱིས་འཁོར་བ་རྣམས་ནི་ལས་དང་ཉོན་མོངས་པ་ལས་བྱུང་བར་གསུངས་ན་ཀུན་གཞི་མེད་ན་ནི་དེ་གཉིས་ཀྱིས་འཁོར་བར་བྱེད་མི་ནུས་ཏེ་དེ་གཉིས་ནི་སྐྱེས་མ་ཐག་དུ་འགག་པའི་ཕྱིར་དང་དེ་གཉིས་ཀྱིས་བཞག་པའི་བག་ཆགས་ཀྱང་མེད་པའི་ཕྱིར་རོ། །འདི་ལྟར་ཚོགས་དྲུག་ནི་གཉིད་མཐུག་པོ་ལོག་པའི་ཚེའང་འགག་པས་བག་ཆགས་ཀྱི་རྟེན་དུ་མི་རུང་སྟེ་དེ་དག་ལ་ཡོད་པའི་བག་ཆགས་ཉིད་ཀྱང་འགག་པས་ལས་བྱས་པ་ཆུད་ཟོས་པར་འགྱུར་བའི་ཕྱིར་དང་། ཀུན་གཞི་ལས་གཞན་པའི་ཆུད་མི་ཟ་བའི་གྲངས་ཀྱང་མ་དམིགས་པའི་ཕྱིར་རོ། །ཀུན་གཞི་ཡོད་ན་ནི་དེ་རྒྱུན་བརྟན་པས་དེ་ལ་བཞག་པའི་གཉིས་པོའི་བག་ཆགས་ཀྱིས་སྐྱེ་བ་ལེན་ནོ། །ཡང་མྱ་ངན་ལས་འདས་པ་ནི་ལམ་བསྒོམས་པ་ལས་འབྱུང་ན་ལམ་རྣམས་ཀྱང་སྐད་ཅིག་ཡིན་པས་སྐྱེས་མ་ཐག་དུ་འགག་པའི་ཕྱིར་དང་ཀུན་གཞི་མེད་ན་བག་ཆགས་ཀྱང་མེད་པས་ལམ་བསྒོམས་པ་ཆུད་ཟོས་པ་ལ་སོགས་པ་སྔ་མ་བཞིན་ནོ། །ཀུན་གཞི་ཡོད་ན་ནི་ལམ་སྔ་མ་སྔ་མའི་བག་ཆགས་ལས་ཕྱི་མ་ཕྱི་མ་སྐྱེས་ནས་ཐར་པའི་གྲོང་དུ་ཕྱིན་པར་འགྱུར་རོ། །གཞན་ཡང་དེ་མེད་ན་ལུས་ལེན་པ་མི་རུང་བ་དང་འདོར་བ་མི་རུང་བ་དང་ལུས་འཛིན་པ་མི་རུང་བ་དང་། ལུས་ཀྱི་ཚོར་བ་མི་རུང་བ་དང་བསམ་གཏན་དང་གཟུགས་མེད་ཐོབ་པ་མི་རུང་བ་དང་སྲིད་རྩེའི་འཕགས་པ་མི་རུང་བ་དང་། སེམས་མེད་ལས་ལངས་པའི་ཚེ་སེམས་འབྱུང་བ་མི་རུང་བ་དང་ཉོན་མོངས་པ་རྒྱུན་ཆགས་སུ་འབྱུང་བ་མི་རུང་བ་ལ་སོགས་པ་ཤིན་ཏུ་མང་པོ་ཡོད་དེ་མང་བའི་འཇིགས་པས་མ་བྲིས་སོ། །ཡང་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ནི་རྐྱེན་གསུམ་ལས་གཞན་པ་རྒྱུའི་རྐྱེན་རྒྱུ་མཐུན་གྱི་བག་ཆགས་སད་པ་ལ་ལྟོས་པ་ཡིན་ཏེ་རྐྱེན་གསུམ་ཁྱད་པར་མེད་པའི་གང་ཟག་ཁ་ཅིག་གི་ཤེས་པ་དགེ་བ་དང་ཁ་ཅིག་གི་ཤེས་པ་མི་དགེ་བར་སྐྱེས་པའི་ཕྱིར་རོ། །འདི་ལྟར་དགེ་མི་དགེར་རྐྱེན་གསུམ་ཙམ་ལས་སྐྱེ་བ་ནི་མ་ཡིན་ཏེ་རྐྱེན་གསུམ་མཚུངས་པའི་གང་ཟག་ཐ་དད་ཀྱི་ཤེས་པ་ཐམས་ཅད་དགེ་མི་དགེར་མཚུངས་པར་འགྱུར་བའི་ཕྱིར་རོ། །དེས་ན་དེའི་རྒྱུ་མཐུན་གྱི་བག་ཆགས་སད་པ་ལ་ལྟོས་ལ་བག་ཆགས་ཀྱི་རྟེན་ཀུན་གཞི་ལས་གཞན་དུ་མི་རུང་བའི་ཕྱིར་དེ་རྗེས་དཔག་གིས་གྲུབ་པ་ཡིན་ནོ། །སུམ་ཅུ་པ་ལས། དེ་ལ་ཀུན་གཞི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །དེ་ནི་ལེན་པ་དག་དང་གནས། །རྣམ་པར་རིག་པ་མི་རིགས་པ། །དེ་ནི་མ་བསྒྲིབས་ལུང་མ་བསྟན། །རེག་ལ་སོགས་པ་ཀུན་འགྲོ་ལྔ། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དགྲ་བཅོམ་ཉིད་ན་དེ་ཉིད་ལྡོག །ཅེས་བཤད་དོ། །མིང་གི་རྣམ་གྲངས་ནི་ལེན་པ་དང་རྩ་བའི་རྣམ་ཤེས་དང་འཁོར་བ་ཇི་སྲིད་པའི་ཕུང་པོ་དང་སྲིད་པ་ཡན་ལག་གི་རྣམ་ཤེས་དང་ས་བོན་ཐམས་ཅད་པའི་ཤེས་པ་ལ་སོགས་པ་ཡིན་ནོ། །ཉོན་མོངས་པ་ཅན་གྱི་ཡིད་བཤད་པ། །དེ་ལ་དམིགས་ཏེ་རྟག་ཏུ་ནི། །ངར་འཛིན་ཉོན་མོངས་ཅན་གྱི་ཡིད། །ཡིན་ནོ་ཞེས་ཤེས་པར་བྱའོ། །འདིའང་ཀུན་གཞི་ལས་སྐྱེས་ཤིང་ལུང་མ་བསྟན་ཁོ་ན་ཡིན་ཏེ་འདི་རྒྱུན་བརྟན་པས་དགེ་བ་ཡིན་ན་མཐོ་རིས་རྒྱུན་མི་ཆད་པར་འགྱུར་ལ་མི་དགེ་བ་ཡིན་ན་ངན་སོང་རྒྱུན་མི་ཆད་དུ་འགྱུར་རོ། །འདི་ནི་ཡིད་ཤེས་ལས་གཞན་པའི་ངར་འཛིན་ཡིན་ཏེ་ཡིད་ཤེས་དགེ་བར་སྐྱེས་པའི་ཚེའང་ངར་འཛིན་ཡོད་པའི་ཕྱིར་དང་ཡིད་ཤེས་གཅིག་དུས་ཅིག་ཅར་དགེ་བ་དང་ཉོན་མོངས་པ་ཅན་གཉིས་སུ་མི་སྐྱེ་བའི་ཕྱིར་རོ། །འདིས་ནི་ཡིད་ཤེས་ཀྱི་བདག་རྐྱེན་བྱེད་དེ་མེད་ན་ནི་དེ་མི་རུང་ངོ་། །གནས་བརྟན་པའི་སྡེ་པ་ཡིད་ཤེས་ཀྱི་བདག་རྐྱེན་སྙིང་བུ་ག་ཅན་ཡིན་ནོ་ཞེས་སྨྲ་བ་ནི་མི་རུང་སྟེ་དབང་པོ་གཟུགས་ཅན་ལ་བརྟེན་པས་དེ་ལ་གསལ་སྣང་ཡོད་པར་ཐལ་བའི་ཕྱིར་དང་། གཟུགས་དང་གཟུགས་མེད་པ་ན་ཡིད་ཤེས་མེད་པར་འགྱུར་བའི་ཕྱིར་རོ། །འདི་ནི་དགོངས་པ་ངེས་པར་འགྲེལ་བ་དང་ལུང་སིལ་བུ་ལས་ཀྱང་གསུངས་སོ། །སུམ་ཅུ་པ་ལས། དེ་ལ་གནས་ཏེ་རང་འབྱུང་ཞིང་། །དེ་ལ་དམིགས་པ་མེད་ཅེས་བྱ། །རྣམ་ཤེས་རང་སེམས་བདག་ཉིད་ཅན། །བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཆགས་འདུ་ཤེས་པ། །གང་དུ་སྐྱེས་པ་དེ་འོ་གཞན། །རེག་སོགས་ཀྱང་དེ་དགྲ་བཅོམ་མེད། །འགོག་པའི་སྙོམས་པར་འཇུག་ཆ་མེད། །འཇིག་རྟེན་འདས་པའི་ལམ་ནའང་མེད། །ཅེས་འབྱུང་སྟེ་འཕགས་པའི་མཉམ་བཞག་གིས་ཀུན་གཞི་བདག་མེད་དུ་མངོན་སུམ་གྱིས་མཐོང་ཙམ་ན་བདག་འཛིན་དེ་འགག་པ་ཡིན་ནོ། །འཇུག་པའི་ཤེས་པ་བཤད་པ། །ཀུན་གཞིའི་མཚོ་ཆེན་ཡུལ་རྣམས་ཀྱི། །རླུང་གིས་རབ་དུ་བསྐྱོད་པ་ལ། །ཚོགས་དྲུག་རྦ་རླབས་རྐྱེན་བཞིན་དུ། །རིམ་དང་ཅིག་ཅར་འབྱུང་བ་ཡིན། །དགོངས་པ་ངེས་པར་འགྲེལ་བ་ལས། མེ་ལོང་ལ་གཟུགས་བརྙན་དང་ཆུ་ལ་རླབས་འབྱུང་བ་དཔེར་མཛད་ནས་བློ་གྲོས་ཆེན་པོ་དེ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པའང་འཇུག་པའི་ཤེས་པའི་རྐྱེན་གཅིག་དང་ཕྲད་ན་ནི་གཅིག་འབྱུང་ལ་རྐྱེན་དུ་མ་དང་ཕྲད་ན་ནི་དུ་མ་འབྱུང་ངོ་། །ཞེས་བྱ་བ་དང་། རེས་འགའ་ནི་ཀུན་གཞིའི་ཤེས་པ་འདི་ཤེས་པ་གཅིག་དང་ལྷན་ཅིག་འཇུག་སྟེ་ཡིད་དང་། རེས་འགའ་ནི་གཉིས་དང་སྟེ་ཡིད་དང་ཡིད་ཀྱི་ཤེས་པ་དང་ཞེས་འབྱུང་བ་ཡིན་ནོ། །དེ་དག་ཐམས་ཅད་ཀུན་གཞིར་གཅིག་པར་ཡང་བཤད་དེ་ལང་ཀར་གཤེགས་པ་ལས། ཀུན་གཞི་རྒྱ་མཚོ་རྟག་གནས་པ། །ཡུལ་གྱི་རླུང་གིས་རབ་བསྐྱོད་ནས། །སྣ་ཚོགས་རྣམ་ཤེས་རྦ་རླབས་རྣམས། །གར་ཞིང་རབ་ཏུ་འཇུག་པར་འགྱུར། །རྒྱ་མཚོ་དང་ནི་རྦ་རླབས་རྣམས། །ཇི་ལྟར་བྱེ་བྲག་མེད་པ་བཞིན། །རྣམ་ཤེས་སེམས་ཀྱང་དེ་བཞིན་དུ། །ཐ་དད་པར་ཡང་མི་དམིགས་སོ། །སེམས་ནི་ལས་སོགས་བྱེད་ཅེས་བྱ། །ཡིད་ནི་རྒྱ་ཆེར་སོགས་པ་སྟེ། །རྣམ་ཤེས་དག་ནི་རྣམ་པར་རིག །སྣང་བའི་ཡུལ་ལྟོས་སྔར་བཤད་དོ། །ཞེས་འབྱུང་ངོ་། །དོན་དེ་དག་སུམ་ཅུ་པ་ལས། ལྔ་རྣམས་རྩ་བའི་རྣམ་ཤེས་ལས། །ཇི་ལྟའི་རྐྱེན་ལས་འབྱུང་བ་ནི། །རྣམ་ཤེས་སོ་སོའམ་དེ་མ་ཡིན། །ཆུ་ལ་རླབས་རྣམས་ཇི་བཞིན་ནོ། །ཞེས་བྱ་བ་དང་། རྣམ་ཤེས་ས་བོན་ཐམས་ཅད་པ། །ཕན་ཚུན་དག་གི་དབང་གིས་ན། །ཇི་ལྟ་ཇི་ལྟར་འགྱུར་བར་འགྲོ །དེས་ན་རྣམ་རྟོག་དེ་དེ་སྐྱེ། །ཞེས་བཤད་དོ། །དེ་དག་ཕན་ཚུན་རྟེན་པས་ནི། །སྲིད་པའི་རྒྱ་མཚོར་འཁྱམས་པར་འགྱུར། །ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ནི་ལུང་མ་བསྟན་གྱི་ས་བོན་ཁོ་ན་འཇོག་ལ། ཚོགས་དྲུག་གིས་ནི་དགེ་མི་དགེའི་བག་ཆགས་འཇོག་དེས་ན་དེ་དག་ནི་རྩ་བའི་རྣམ་ཤེས་འཁོར་བར་གནས་པའི་རྒྱུའི་རྐྱེན་བྱེད་ལ་བག་ཆགས་ཀྱིས་ནི་འཇུག་པའི་ཤེས་པའི་རྒྱུའི་རྐྱེན་བྱེད་དེ་དེ་གཉིས་མདུང་ཁྱིམ་བཞིན་ཕན་ཚུན་རྟེན་པས་ཡུན་རིང་པོར་འཁོར་བ་ན་འཁྱམ་མོ། །དེ་སྐད་དུའང་ཆོས་མངོན་པ་ཐེག་པ་ཆེན་པོའི་མདོ་ལས། ཆོས་ཀུན་རྣམ་པར་ཤེས་ལ་སྦྱོར། །དེ་དག་ལ་ཡང་དེ་དེ་བཞིན། །ཕན་ཚུན་འབྲས་བུའི་དངོས་པོ་དང་། །རྒྱུའི་དངོས་པོར་རྟག་དུ་སྦྱོར། །ཞེས་བཤད་དོ། །ལམ་གྱི་བག་ཆགས་ཟད་པ་ན། །ཀུན་གཞི་ཐར་པའི་གྲོང་དུ་འཇུག །གང་གི་ཚེ་བདག་མེད་པའི་ལམ་བསྒོམས་པས་ཀུན་གཞི་ལ་ཉོན་མོངས་པ་ཀུན་ནས་ལྡང་བ་སྐྱེད་པའི་བག་ཆགས་ཟད་པ་དེའི་ཚེ་ལས་ཀྱི་བག་ཆགས་གཅིག་པུས་འཁོར་མི་ནུས་པས་ཉན་རང་གི་བྱང་ཆུབ་འཐོབ་སྟེ་ལང་ཀར་གཤེགས་པ་ལས་དེ་དག་ཉོན་མོངས་བག་ཆགས་འབྲེལ། ཀུན་ནས་ལྡང་དང་ལྡན་མ་ཡིན། ཞེས་བྱ་བ་དང་། སློབ་དཔོན་གང་སྤེལ་གྱིས། སྐྱེ་བའི་ཤིང་རྟ་སྐྱེ་བོ་བྱིས་པ་ཡིས། །ཞོན་ཅིང་ཉོན་མོངས་ལས་ཀྱི་འཕང་ལོ་ཅན། །དེ་ནི་ཉོན་མོངས་འཕང་ལོ་གཅིག་ཉམས་ན། ལས་ཀྱི་འཕང་ལོ་གཅིག་པུས་འཁོར་མ་ཡིན་ཞེས་བཤད་དོ། །དེས་ན་ཉན་རང་ཕུང་པོ་ལྷག་མེད་དུ་ཞུགས་པ་ན་ཀུན་གཞིས་སྐྱེ་བ་ལེན་མི་ནུས་ཏེ་ཆོས་ཀྱི་དབྱིངས་སུ་གནས་སོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་མི་སློབ་པ་ཐོབ་ནས་ང་བདག་དུ་འཛིན་པ་གནས་གྱུར་ཏེ་ཕུང་པོ་ལ་ཆོས་ཀྱི་བདག་དུ་འཛིན་ནོ། །གང་གི་ཚེ་སངས་རྒྱས་ཐོབ་པ་དེའི་ཚེ་ཀུན་གཞི་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་གྱུར་ནས་ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་ཅིང་ཡེ་ཤེས་གཞན་གསུམ་འདི་ལས་གཟུགས་བརྙན་གྱི་ཚུལ་དུ་འབྱུང་སྟེ་མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་རྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་འབྱུང་ངོ་། །ཉོན་མོངས་ཡིད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། །ཡིད་ཤེས་ནི་སོ་སོར་རྟོག་པ་དང་། །སྒོ་ལྔའི་ཤེས་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སུ་གནས་འགྱུར་རོ། །དེ་ལྟར་མཐུག་པོ་བཀོད་པའི་མདོ་ལས། སེམས་ནི་ཀུན་གཞིའི་རྣམ་ཤེས་ཏེ། །དེ་ལ་ངར་འཛིན་ཡིད་ཡིན་ནོ། །ཡུལ་ལ་རྣམ་པར་རིག་པ་གང་། །དེ་ནི་འཇུག་པའི་རྣམ་ཤེས་ཡིན། །ཇི་ལྟར་ཟླ་བ་སྐར་ཚོགས་དང་། །མཁའ་ལ་ལྷན་ཅིག་གནས་པ་ལྟར། །དེ་བཞིན་ཀུན་གཞི་རྣམ་ཤེས་ཀྱང་། །རྣམ་ཤེས་བདུན་དང་ལྷན་ཅིག་གནས། །ཞེས་བཤད་དོ། །སློབ་དཔོན་ཡང་དག་བདེན་པ་ནི་དྲི་མ་མེད་པའི་ཡིད་དང་དགུ་འདོད་དོ། །འདི་དག་གི་དོན་རྒྱས་པ་ནི་ཀུན་ལས་བཏུས་པ་རྒྱན་གྱི་མེ་ཏོག་ན་ཡོད་དོ། །ད་ནི་རྣམ་ཤེས་ཚོགས་དྲུག་ཏུ་འདོད་པའི་ལུགས་བཤད་དེ། ཁ་ཅིག་རྣམ་ཤེས་ཚོགས་དྲུག་ལ། །རྣམ་པ་སྣ་ཚོགས་གང་སྣང་བ། །ཤེས་པའམ་ཁ་ཅིག་ཤེས་པ་ཡིས། །སྒྲོ་བཏགས་རྨི་ལམ་ལྟ་བུར་འདོད། །སློབ་དཔོན་ཆོས་ཀྱི་གྲགས་པ་ལ་སོགས་པ་རྣམས་ནི་རང་རིག་པའི་རྣམ་ཤེས་ཚོགས་དྲུག་དུ་འདོད་དོ། །དེ་ལ་མར་མེ་ལྟར་གསལ་བྱེད་གཞན་ལ་མི་ལྟོས་པར་རང་གིས་གསལ་བ་ནི་རང་རིག་པའི་དོན་ཡིན་ནོ། །ལུགས་འདིའི་རྗེས་སུ་འབྲངས་བ་ལའང་རྣ་བ་བདེན་བརྫུན་གཉིས་ལས་དང་པོ་ལའང་སྣ་ཚོགས་གཉིས་སུ་མེད་པར་སྨྲ་བ་རྣམས་ནི་སྣང་བ་འདི་ནོར་བུ་གཟི་བཞིན་དུ་ཤེས་པ་གཅིག་ཁོ་ན་སྣ་ཚོགས་སུ་སྣང་བར་འདོད་དེ་བྲམ་ཟེ་བདེ་བྱེད་དགའ་བས། གང་སྣང་དེ་འདིར་རང་ཡིན་ཏེ། །གཞན་གང་དེ་ནི་མི་སྣང་ཉིད། །ཅེས་བཤད་པ་བཞིན་ནོ། །རྣམ་པ་དང་ཤེས་པ་ཕྱེད་མར་འདོད་པ་རྣམས་ནི་གཟུང་འཛིན་གཉིས་ཤེས་པ་ཐ་དད་དུ་འདོད་དེ་ནང་དུ་སྣང་བའི་ཤེས་པ་གཞན། ཕྱི་རོལ་སྣང་བའང་གཞན་ཡིན་ཏེ། །གསལ་བར་བྱེད་པ་གསལ་བྱ་ཉིད། །མར་མེ་ལྟ་བུར་དེ་གཉིས་མིན། །ཞེས་འབྱུང་བ་ཡིན་ནོ། །སློབ་དཔོན་ཤཱཀྱ་བློ་ལ་སོགས་པ་ནི་དཀར་དམར་ལ་སོགས་པ་རྣམ་པའི་གྲངས་ཇི་སྙེད་པར་ཤེས་པའི་གྲངས་ཀྱང་དེ་སྙེད་དུ་འདོད་དོ། །རྣམ་བརྫུན་པ་ལའང་གཉིས་ལས་དྲི་མ་དང་བཅས་པ་ནི་སངས་རྒྱས་ཀྱི་ས་ལའང་བརྫུན་སྣང་ཡོད་པར་འདོད་ལ། དྲི་མེད་པ་ནི་སངས་རྒྱས་ཀྱི་ས་ལ་བརྫུན་སྣང་མེད་པར་འདོད་དོ། །འདིའི་རང་བཞིན་དྲི་མེད་འདོད། །རྣམ་པ་མེད་ཅིང་བརྗོད་དུ་མེད། །སངས་རྒྱས་མིན་པས་ནམ་ཡང་ནི། །དེའི་ངོ་བོ་ཤེས་མི་ནུས། །ཞེས་འབྱུང་བ་ཡིན་ནོ། །དེ་ལ་རྣམ་བདེན་པ་རྣམས་ནི་དོན་དུ་རྟོག་པའི་བག་ཆགས་ལས་ཤེལ་ཚོན་ཅན་བཞིན་ཤེས་པ་དོན་གྱི་རྣམ་པ་ཅན་དུ་སྐྱེ་བར་འདོད་ལ་རྣམ་བརྫུན་པ་རྣམས་ནི་ཤེས་པ་དོན་གྱིས་ཁ་མ་བསྒྱུར་བ་ཤེལ་དག་པ་ལྟ་བུ་འདོད་དོ། །ཡང་རྣམ་བདེན་པ་ལྟར་ན་འཁྲུལ་པའི་བློ་མི་སྲིད་ལ། རྣམ་བརྫུན་པ་ལྟར་ན་གཉིས་སྣང་གི་བློ་ཐམས་ཅད་འཁྲུལ་པ་ཡིན་མོད་ཀྱི་གཉི་ག་ལྟར་ནའང་ཐ་སྙད་དུ་འཁྲུལ་མ་འཁྲུལ་གྱི་ཁྱད་པར་ནི་བག་ཆགས་བརྟན་མི་བརྟན་ལས་སྐྱེས་པ་ལ་བརྗོད་དོ། །འདི་གཉིས་ཀའང་རང་རིག་འདོད་དེ་ལང་ཀར་གཤེགས་པ་ལས། ཇི་ལྟར་རལ་གྲི་རང་སོ་དང་། །ཇི་ལྟར་སོར་མོའི་རྩེ་མོ་རང་། །གཅོད་པ་མིན་ཞིང་རེག་པ་མིན། །དེ་བཞིན་སེམས་ཀྱིས་རང་མི་མཐོང་། །ཞེས་བཤད་པ་དེ་ནི་བཅད་པ་དང་རེག་པ་བཞིན་གཟུང་འཛིན་གཉིས་དགག་པ་ཡིན་གྱི་རང་གསལ་བ་དང་རང་མྱོང་བ་དགག་པ་མ་ཡིན་ནོ། །ཁ་ཅིག་ཡིད་ཤེས་གཅིག་པུར་སྨྲ། འདི་ལའང་རྣམ་པ་བདེན་བརྫུན་གཉིས་ཡོད་དོ་ཞེས་ཤེས་པར་བྱའོ། །གཅིག་པུར་སྨྲ་བའི་བྱང་ཆུབ་སེམས་དཔའ་ནི་ཡིད་ཤེས་གཅིག་ཉིད་དབང་པོའི་སྒོ་ཐ་དད་ལ་ཞུགས་ནས་ཡུལ་སྣ་ཚོགས་ལ་འཛིན་པ་ཡིན་ཏེ་སེམས་ཅན་རྣམས་ནི་རྣམ་པར་ཤེས་པ་རྒྱུད་རེ་རེ་པའོ་ཞེས་འབྱུང་བའི་ཕྱིར་དང་སྐྱེ་མཆེད་བཅུ་གཉིས་བསྟན་པའི་མདོ་ལས་རྣམ་པར་ཤེས་པ་དྲུག་ནི་ཡིད་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའོ་ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །རྣམ་བཅས་པ་ཁ་ཅིག་ཀྱང་དེ་ལྟར་འདོད་དེ་ལུགས་འདི་ལ་རྣམ་པ་བདེན་བརྫུན་གཉིས་ཀ་ཡོད་དོ། །དེ་དག་ཐམས་ཅད་ཀྱང་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དོན་དམ་པ་གཉིས་སྣང་གི་སྒྲིབ་པས་ན་བསྒྲིབས་པ་འཕགས་པའི་ཆོས་ཐོབ་པའི་ཚེའང་དེ་ཉིད་གཉིས་སྣང་དང་བྲལ་བ་ཙམ་དུ་འདོད་དེ། སུམ་ཅུ་པ་ལས། འདི་དག་རྣམ་རིག་ཙམ་ཉིད་ཅེས། །དེ་སྙམ་དུ་ནི་དམིགས་ནས་སུ། །ཅིའང་རུང་སྟེ་མདུན་འཇོག་ན། །དེ་ནི་ཙམ་ལ་མི་གནས་སོ། །ནམ་ཞིག་ཤེས་པས་དམིགས་པ་རྣམས། །མི་དམིགས་དེའི་ཚེ་ན་ནི། །རྣམ་པར་རིག་པ་ཙམ་ལ་གནས། །གཟུང་བ་མེད་པས་དེ་འཛིན་མེད། །དེ་ནི་སེམས་ཙམ་མི་དམིགས་པ། །འཇིག་རྟེན་འདས་པའི་ཡེ་ཤེས་དེ། །གནས་ཀྱང་ཡོངས་སུ་གྱུར་པ་སྟེ། །གནས་ངན་ལེན་གཉིས་སྤངས་པའོ། །དེ་ཉིད་ཟག་པ་མེད་དང་དབྱིབས། །བསམ་གྱིས་མི་ཁྱབ་དགེ་དང་བརྟག །དེ་ནི་བདེ་བ་རྣམ་གྲོལ་སྐུ། །ཐུབ་པ་ཆེན་པོའི་ཆོས་ཞེས་བྱ། །ཞེས་འབྱུང་བ་ཡིན་ནོ། །ད་ནི་སེམས་ལས་བྱུང་བའི་གཞི་བཤད་དེ། །གཙོ་བོའི་འཁོར་དུ་གང་བྱུང་བའི། །སེམས་བྱུང་ལྔ་བཅུ་རྩ་གཅིག་ནི། ཁ་ཅིག་སེམས་ལས་ཐ་དད་འདོད། །སེམས་ཉིད་ཡིན་ན་སྐྱོན་ཡོད་ཟེར། །རྣམ་པར་ཤེས་པ་ཚོགས་བརྒྱད་དུ་སྨྲ་བ་རྣམས་ཀུན་གཞིའི་འཁོར་དུ་ནི་ཀུན་འགྲོ་ལྔ་འབྱུང་ངོ་། །ཉོན་ཡིད་ཀྱི་འཁོར་དུ་ནི་དེ་དང་ཉོན་མོངས་པ་བཞི་སྟེ་དགུ་འབྱུང་ངོ་། །ཡིད་ཤེས་ཀྱི་འཁོར་དུ་ནི་ཐམས་ཅད་འབྱུང་ངོ་། །སྒོ་ལྔའི་ཤེས་པ་ཡིད་སྔོན་སོང་ལ་ནི་མང་དུ་འབྱུང་ངོ་། །རྐྱེན་ཉེར་གནས་ལ་ནི་ཉུང་ངུ་འབྱུང་བར་འདོད་དོ། །དེ་ལ་སེམས་བྱུང་རྫས་སུ་མེད་པའམ་སེམས་དང་རྫས་གཅིག་པ་ནི་མི་འདོད་དེ་རྣམ་པ་གཏན་ལ་དབབ་པ་བསྡུ་བ་ལས་དགེ་སྦྱོང་དང་བྲམ་ཟེ་གང་ལ་ལ་སེམས་ནི་རྫས་སུ་གྲུབ་ལ་སེམས་བྱུང་ནི་རྫས་སུ་མི་འདོད་པ། དེ་དག་ལ། ལྔ་ཉིད་འཐད་པ་མིན་ཕྱིར་དང་། །བྱེད་རྒྱུ་བྱེ་བྲག་མེད་ཕྱིར་དང་། །དེའི་གནས་སྐབས་སྐྱོན་ཕྱིར་དང་། །ལུང་དང་འགལ་བར་འགྱུར་ཕྱིར་རོ། །ཞེས་བཤད་དོ། །དེའི་དོན་ནི་འདི་ཡིན་ཏེ་ཚོར་བ་དང་འདུ་ཤེས་རྫས་སུ་མ་གྲུབ་ན་ཕུང་པོ་ལྔ་མི་རུང་བའི་ཕྱིར་དང་། རྒྱུ་ཁྱད་པར་མེད་པ་སེམས་རྫས་སུ་གྲུབ་ལ་སེམས་བྱུང་རྫས་སུ་མ་གྲུབ་པ་མི་འཐད་པའི་ཕྱིར་དང་སེམས་ཀྱི་གནས་སྐབས་ལ་སེམས་བྱུང་འདོགས་ན་དེ་ལ་སེམས་ལས་མི་འདྲ་བའི་ཁྱད་པར་ཡོད་ན་ནི་རྫས་སུ་གྲུབ་པ་ཡིན་ལ་མི་འདྲ་བ་མེད་ན་ནི་གནས་ཐ་དད་དུའང་མི་འགྲུབ་བོ། །ལུང་ལས་སེམས་ནི་འདོད་ཆགས་ཀྱིས་ཀུན་ནས་ཉོན་མོངས་པར་བྱས་སོ། །དད་པས་རྣམ་པར་བྱང་བར་བྱས་སོ་ཞེས་གསུངས་པས་དེ་དང་ཡང་འགལ་ཏེ་རྫས་གཅིག་ན་ཡུལ་དང་བྱེད་པ་གཉིས་མི་རུང་བའི་ཕྱིར་རོ། །གཞན་ཡང་མདོ་ལས་སེམས་དང་ཚོར་བ་དང་འདུ་ཤེས་དང་སེམས་པའི་ཆོས་འདི་དག་ནི་འདྲེས་པ་ཡིན་གྱི་མ་འདྲེས་པ་ནི་མ་ཡིན་ནོ་ཞེས་འབྱུང་བ་དེའང་མི་རུང་སྟེ་རྫས་གཅིག་ལ་ནི་འདྲེས་པ་མི་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་མཛོད་ཀྱི་འགྲེལ་པ་ལས་ཀྱང་སེམས་དང་སེམས་བྱུང་སྨན་ཕྱེ་མ་བཞིན་འདྲེས་པར་བཤད་དོ། །མཚུངས་ལྡན་གྱི་རྒྱུ་འབྲས་ལ་སོགས་པའི་རྣམ་གཞག་ཀྱང་འདི་ལ་མི་རུང་ངོ་། །བདེ་བའི་ཚོར་བ་མེད་པའང་མི་འཐད་དེ་འདུ་བྱེད་རྣམ་པར་འགྱུར་བ་ལ་དགོངས་ནས་དེ་སྐད་དུ་གསུངས་པའི་ཕྱིར་དང་འདོད་པའི་ཚོར་བ་ཡོད་པའི་ཕྱིར་རོ། །གཞན་དག་སེམས་བྱུང་ཇི་སྙེད་པ། །སེམས་ཀྱི་གནས་སྐབས་རྣམ་འགྱུར་ཏེ། །གར་མཁན་རྣམ་འགྱུར་སྣ་ཚོགས་ནི། ལུས་ལ་ཐ་དད་མེད་འདྲ་ཟེར། །གཅིག་པུར་སྨྲ་བའི་བྱང་ཆུབ་སེམས་དཔའ་ན་རེ། སེམས་ཉིད་ཉམས་སུ་མྱོང་བའི་ཆ་ནས་ཚོར་བ་དང་མཚན་མར་འཛིན་པའི་ཆ་ནས་འདུ་ཤེས་དང་ཡུལ་ལ་གཡོ་བའི་ཆ་ནས་སེམས་པ་དང་ཞེན་པའི་ཆ་ནས་ཆགས་པ་དང་དང་པའི་ཆ་ནས་དད་པ་ལ་སོགས་པ་ཡིན་ཏེ་བྲམ་ཟེའི་ཚོམས་ལས་གང་ཞིག་ལུས་མེད་ཕུག་གནས་ཤིང་། །རིང་དུ་འགྲོ་ཞིང་གཅིག་པུར་རྒྱུ། །གདུལ་བར་དཀའ་བའི་སེམས་འདུལ་བྱེད། །དེ་ནི་བྲམ་ཟེར་ངས་བཤད་དོ། །ཞེས་ཐ་ན་ཀུན་འགྲོ་ལྔ་དང་བཅས་ཀྱང་གཅིག་པུ་ཞེས་བཤད་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ལྟར་ནི་སློབ་དཔོན་ཆོས་ཀྱི་གྲགས་པའང་བཞེད་དེ་རྣམ་ངེས་ལས་དེའང་རང་བཞིན་གཅིག་ཉིད་དུ་མཐོང་བའི་ཕྱིར་བློ་གཞན་ལ་ཉམས་སུ་མྱོང་བའང་གཞན་པ་ནི་མ་ཡིན་ནོ། །བློ་མྱོང་ནི། ཐ་དད་མེད་སྣང་ཐ་དད་ན། །ཐ་དད་ཐ་དང་མེད་རྟེན་ཅི། །ཞེས་བཤད་དོ། །བོད་ཀྱི་སློབ་དཔོན་ཁ་ཅིག་ཀྱང་འདི་ལྟར་འདོད་དེ་འདི་སྐད་དུ་རྟོག་པའི་འཁོར་དུ་བྱུང་བའི་སེམས་བྱུང་དེ་དག་རང་མཚན་ལ་དམིགས་ན་རྟོག་མེད་དུ་འགྱུར་ཞིང་། དམིགས་པ་མཚུངས་པ་མི་རུང་ལ་དོན་སྤྱི་ལ་དམིགས་ན་རྟོག་པ་དུ་མ་ཅིག་ཅར་འཇུག་པར་འགྱུར་རོ། །དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེའི་ཁྱད་པར་སེམས་ལས་བྱུང་། །ཞེས་འབྱུང་བ་ན་དོན་གྱི་ངོ་བོ་དང་ཁྱད་པར་གཉིས་ཀྱང་རྫས་མི་གཅིག་པར་འགྱུར་ཏེ་ངོ་བོ་འཛིན་པ་ལ་ཁྱད་པར་དང་། ཁྱད་པར་འཛིན་པ་ལ་ངོ་བོ་མི་སྣང་བའི་ཕྱིར་རོ། །དེ་ལྟར་བྱས་ན་ཁམས་གསུམ་པ་ནི་སེམས་ཙམ་མོ། །ཞེས་བྱ་བ་དང་། མདོ་སྡེ་རྒྱན་ལས། སེམས་ཉིད་གཉིས་སུ་སྣང་བ་སྟེ། །དེ་བཞིན་ཆགས་སོགས་སྣང་བའམ། །དད་ལ་སོགས་པར་སྣང་བར་འདོད། །ཉོན་མོངས་དགེ་ཆོས་ཡོད་མ་ཡིན། །ཞེས་བྱ་བ་དང་། ཀུན་ལས་བཏུས་ལས་ང་རྒྱལ་ནི་སེམས་ཀྱི་ཁེངས་པ་ཅེས་འབྱུང་བ་ལ་སོགས་པ་དང་མཐུན་པ་ཡིན་ནོ་ཞེས་ཟེར་རོ། །མི་ལྡན་པའི་འདུ་བྱེད་བཤད་པ། །མི་ལྡན་པའི་འདུ་བྱེད་རྣམས། སྔ་མ་གསུམ་ལ་བཏགས་པ་ཡིན། ཐོབ་པ་དང་མ་ཐོབ་པ་དང་སྐལ་བ་མཉམ་པ་དང་འདུ་ཤེས་མེད་པ་ལ་སོགས་པ་གསུམ་དང་སྲོག་གི་དབང་པོ་དང་འདུས་བྱས་ཀྱི་མཚན་ཉིད་བཞི་ནི་ཕལ་ཆེར་མདོ་སྡེ་པ་དང་མཐུན་མོད་ཀྱི་ཀུན་གཞི་འདོད་པ་རྣམས་སེམས་ལ་བཏགས་ཚད་ཀུན་གཞི་གཅིག་པུ་ལ་བཏགས་པར་འདོད་དེ་སྙོམས་འཇུག་གསུམ་ཀུན་གཞི་ལ་སེམས་དང་སེམས་བྱུང་འགགས་པ་དང་སྲོག་གི་དབང་པོ་འགྲོ་བ་རིས་འཐུན་དུ་ཀུན་གཞི་གནས་པ་ལ་སོགས་པའོ། །ཚོགས་གསུམ་ནི་རྣམ་བདེན་པ་ལྟར་ན་ཡིད་ཤེས་མིང་ཚིག་ཡི་གེར་སྣང་བ་ཡིན་ལ། རྣམ་བརྫུན་པ་ལྟར་ན་སྒྲ་སྤྱིའི་ཕྲེང་བ་དེ་གསུམ་དུ་སྣང་བ་ཡིན་ནོ། །རྒྱུ་འབྲས་ནི་དུས་མཉམ་པ་དང་མི་མཉམ་པ་གཉིས་ཀ་འདོད་དེ་མེ་ལྕེ་དང་སྡོང་བུ་ཚིག་པ་དང་དུ་བ་མེ་ལས་སྐྱེ་བ་དང་ཀུན་གཞིའི་ས་བོན་ལས་སེམས་དང་སེམས་བྱུང་དགེ་མི་དགེར་སྐྱེ་བ་ལ་སོགས་པ་ནི་དུས་མཉམ་པ་ཁོ་ན་ཡིན་ནོ། །ས་བོན་ལས་མྱུ་གུ་དང་སེམས་ཀྱི་སྐད་ཅིག་སྔ་མ་ལས་ཕྱི་མ་སྐྱེ་བ་ལ་སོགས་པ་ནི་རྒྱུ་སྔ་ལ་འབྲས་བུ་ཕྱི་བ་ཡིན་ནོ། །རྒྱན་མཁན་པོ་ནི་རྒྱུ་ཕྱི་ལ་འབྲས་བུ་སྔ་བའང་འདོད་དེ་འདི་ནི་མ་འོངས་པ་རྒྱུར་འདོད་པ་བྱེ་བྲག་ཏུ་སྨྲ་བ་དང་མཐུན་ནོ། །སློབ་དཔོན་ཆོས་ཀྱི་གྲགས་པ་ནི་ཕྱིས་འབྱུང་ཕྱིར་ན་རྒྱུ་ཉིད་མིན། ཞེས་ཟེར་རོ། །འདུས་མ་བྱས་བཤད་པ། འདུས་མ་བྱས་གཉིས་སྔར་དང་འདྲ། །གཉིས་ནི་རྣམ་པ་གཞན་དུ་འདོད། །འདུས་མ་བྱས་བཞི་ལས་ནམ་མཁའ་དང་སོ་སོར་བཏགས་པའི་འགོག་པ་གཉིས་ནི་མདོ་སྡེ་པ་དང་མཐུན་ནོ། །སོ་སོར་བཏགས་པའི་འགོག་པ་ནི་ཀུན་གཞི་འདོད་པ་རྣམས་ཀུན་གཞི་ལ་ཟག་བཅས་ཀྱི་ས་བོན་གཉེན་པོས་ཟད་པ་ལ་འདོད་དོ། །དེ་མི་འདོད་པ་རྣམས་ནི་དེ་བཞིན་ཉིད་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་དང་བྲལ་བ་ལ་འདོད་དོ། །དེ་བཞིན་ཉིད་ནི་བདག་གཉིས་ཀྱིས་ཡེ་ནས་སྟོང་པ་ཡིན་ལ་འདུས་བྱས་དང་ཐ་མི་དད་པའི་དེ་བཞིན་ཉིད་ཀྱང་བདག་མེད་ལས་བདག་བཅས་སུ་མི་འགྱུར་ཞིང་ཡེ་ནས་གནས་ཀྱི་གསར་དུ་རྐྱེན་གྱིས་མ་བྱས་པའི་ཕྱིར་འདུས་མ་བྱས་ཡིན་ནོ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །ཆོས་གསུམ་འདོད་ཚུལ་ཐ་དད་ཡོད། །ལུགས་འདི་ལ་ཕུང་པོ་ནི་ཕྱེད་དང་བཞི་རྫས་སུ་ཡོད་དེ་ཚོར་བ་དང་འདུ་ཤེས་དང་སེམས་ལས་བྱུང་བའི་འདུ་བྱེད་དང་རྣམ་ཤེས་ཀྱི་ཕུང་པོའོ། །སྐྱེ་མཆེད་ནི་ཕྱེད་དང་གཉིས་རྫས་སུ་ཡོད་དོ་ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་སེམས་བྱུང་རྣམས་སོ། །ཁམས་ཕྱེད་བདུན་རྫས་སུ་ཡོད་དེ་རྣམ་པར་ཤེས་པའི་ཁམས་དྲུག་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་སེམས་བྱུང་རྣམས་སོ། །གཟུགས་ལས་གྱུར་པའི་ཆོས་གསུམ་པོ་ཐམས་ཅད་ནི་རྫས་སུ་མེད་ལ་འདས་མ་འོངས་མེད་པས་ཡིད་ཀྱི་ཁམས་ཀྱང་རྫས་སུ་མེད་དེ་ཇི་སྐད་དུ། ཤེས་ལས་དོན་ནི་ཐ་དད་པར། །སྔོ་ལ་སོགས་པར་བཞག་པའང་མེད། །སྔོན་དང་ཕྱི་མའི་བྱེ་བྲག་ཀྱང་། །མངོན་སུམ་གྱིས་ནི་གྲུབ་པ་མེད། །ཅེས་འབྱུང་བ་ཡིན་ནོ། །སེམས་བྱུང་དང་སྒོ་ལྔའི་ཤེས་པ་རྫས་སུ་མེད་པར་འདོད་པའི་ལུགས་ལྟར་ན་དེ་རྣམས་ལས་གྱུར་པའི་ཆོས་གསུམ་པོ་རྫས་སུ་མེད་དོ། །བདེན་པ་བཞིར་བསྡུ་བ་ནི་སྔར་བཤད་པ་བཞིན་ནོ། །ངོ་བོ་ཉིད་གསུམ་དུ་བསྡུ་བ་བཤད་པ། དེ་དག་ཀུན་བཏགས་གཞན་དབང་དང་། །ཡོངས་གྲུབ་རྣམ་པ་གསུམ་དུ་འགྱུར། །གཞི་ལྔ་པོ་དེ་ལ་བདག་གཉིས་སུ་མེད་བཞིན་དུ་བཏགས་པ་ནི་ཀུན་བཏགས་ཏེ་སུམ་ཅུ་པ་ལས། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ནི་ཀུན་དུ་བཏགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་བཤད་དོ། །ལམ་དང་འཁོར་བའི་ཆོས་རྒྱུ་རྐྱེན་ལས་སྐྱེས་པ་རྣམས་ནི་དག་པ་དང་མ་དག་པའི་གཞན་དབང་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །ཞེས་སོ། །ཡོངས་གྲུབ་ནི་གཞན་དབང་ཀུན་བཏགས་ཀྱིས་སྟོང་པ་སྟེ། གྲུབ་ན་དེ་ལ་སྔ་མ་པོ། །རྟག་དུ་མེད་པར་འགྱུར་བ་གང་། །ཞེས་བྱ་བ་དང་། འགྱུར་མེད་ཕྱིན་ཅི་མ་ལོག་པ། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། ཞེས་འབྱུང་ངོ་། །དེ་གསུམ་དུ་གྲངས་ངེས་པ་ནི་འཇིག་རྟེན་པའི་བློ་འཁྲུལ་པའི་ཡུལ་ཀུན་བཏགས་དང་མ་འཁྲུལ་པའི་ཡུལ་གཞན་དབང་དང་། འཇིག་རྟེན་ལས་འདས་པའི་བློ་མ་འཁྲུལ་པའི་ཡུལ་ཡོངས་གྲུབ་ཡིན་པའི་ཕྱིར་ཏེ་ལང་ཀར་གཤེགས་པ་ལས་བློ་གྲོས་ཆེན་པོ་ཡང་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་ནི་མི་འཇིགས་པའི་ཕྱིར་ཡོངས་སུ་གྲུབ་པ་ཞེས་བྱའོ་ཞེས་འབྱུང་ངོ་། །ཡང་ན་ཆོས་ཅན་དང་དགག་བྱ་དང་དེས་དབེན་པའི་ཆོས་ཉིད་གསུམ་གྱི་དབང་དུ་བྱས་པའོ། །རྣམ་བདེན་པ་རྣམས་ནི་གཟུང་པའི་རྣམ་པ་ཐམས་ཅད་ཤེས་པ་ཡིན་པས་གཞན་དབང་དུ་འདོད་ལ། རྣམ་བརྫུན་པ་རྣམས་ནི་གཟུང་བ་ཐམས་ཅད་ཀུན་བཏགས་སུ་འདོད་དོ། །འཛིན་པ་འཁྲུལ་པ་རྣམས་ཀྱང་གཞན་དབང་དུ་འདོད་དེ་གནས་ལུགས་རང་རིག་པའི་བདག་ཉིད་དུ་ཡོད་པའི་ཕྱིར་རོ། །མདོ་ལས་ཆོས་ཀུན་ངོ་བོ་མེད། །སྐྱེ་བ་མེད་སོགས་གང་གསུངས་པ། །གཞན་དང་གཞན་གྱི་ངོ་བོ་དང་། །སྐྱེ་བ་མེད་པར་གསུངས་པ་ཡིན། །ངོ་བོ་ཉིད་མེད་པར་གསུངས་པའི་དོན་ནི་ཀུན་བཏགས་པ་ལ་ཇི་ལྟར་བརྟགས་པའི་མཚན་ཉིད་ཀྱི་ངོ་བོ་ཉིད་མེད་པ་ཡིན་ལ། གཞན་དབང་ལ་རང་ལས་སྐྱེ་བའི་ངོ་བོ་ཉིད་མེད་པ་ཡིན་ནོ། །ཡོངས་གྲུབ་གཉིས་ནི་དོན་དམ་པ་ཡིན་པས་དོན་དམ་པའི་ངོ་བོ་ཉིད་མེད་པ་ཡིན་ཏེ་སུམ་ཅུ་པ་ལས། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཞེས་བྱ་བ་དང་། བརྒྱད་སྟོང་དོན་བསྡུས་ལས། བརྟགས་ལ་བརྟེན་ནས་མེད་པ་བསྟན། །འབྱུང་བརྟེན་སྒྱུ་མ་ལ་སོགས་བསྟན། །རྣམ་པར་དག་པ་བཞི་བརྟེན་ནས། །ཡོངས་སུ་གྲུབ་པ་བསྟན་པ་ཡིན། །ཞེས་བྱ་བ་དང་། །རྣམ་པར་དག་པ་བཞི་པོ་ནི། །རང་བཞིན་དང་ནི་དྲི་མ་བྲལ། །རྣམ་དག་ལམ་དང་དམིགས་པ་སྟེ། །རྣམ་དག་ཆོས་ནི་ཐམས་ཅད་ཀྱང་། །མཚན་ཉིད་བཞི་པོ་དག་གིས་གསུངས། ཞེས་བཤད་དོ། །ཆོས་ཐམས་ཅད་སྐྱེ་བ་མེད་པར་གསུངས་པའི་དགོངས་པའང་མདོ་སྡེ་རྒྱན་ལས། །ཐོག་མ་དང་ནི་དེ་ཉིད་གཞན་ཉིད་དང་། །རང་གི་མཚན་ཉིད་རང་དང་གཞན་དུ་འགྱུར། །ཀུན་ནས་ཉོན་མོངས་རྣམ་བྱང་ཐམས་ཅད་ལ། །སྐྱེ་བ་མེད་པའི་ཆོས་ལ་བཟོད་པར་བཤད། །ཅེས་བྱེ་བྲག་གི་སྐྱེ་བ་མེད་པ་ལས་འཆད་དེ། དེ་ལ་དངོས་པོ་དང་། མཚན་ཉིད་དང་། འབྲས་བུའི་སྐྱེ་བ་མེད་པ་གསུམ་ལས་དང་པོ་དངོས་པོའི་སྐྱེ་བ་མེད་པ་ལའང་གསུམ་སྟེ་ཐོག་མ་ནི་རྒྱུ་མེད་པ་ལས་སྐྱེ་བ་མེད་པའོ། །དེ་ཉིད་ནི་རྒྱུ་རྟག་པ་ལས་རང་ཉིད་ཡོངས་སུ་གྱུར་པའི་ཚུལ་གྱིས་སྐྱེ་བ་མེད་པའོ། །གཞན་ཉིད་ནི་དགེ་བ་ལས་སྡུག་བསྔལ་འབྱུང་བ་ལྟ་བུ་མི་མཐུན་པའི་རྒྱུ་ལས་སྐྱེ་བ་མེད་པའོ། །གཉིས་པ་མཚན་ཉིད་ཀྱི་སྐྱེ་བ་མེད་པ་ལ་གསུམ་སྟེ་ཀུན་བཏགས་ལ་རང་གི་མཚན་ཉིད་དུ་གྲུབ་པའི་སྐྱེ་བ་མེད་པ་དང་། གཞན་དབང་ལ་རང་ལས་སྐྱེ་བ་མེད་པ་དང་། ཡོངས་གྲུབ་འདུས་མ་བྱས་ཤིང་མཚན་མ་མེད་པ་ལ་གཞན་དུ་གྱུར་པའི་སྐྱེ་བ་མེད་པའོ། །གསུམ་པ་འབྲས་བུའི་སྐྱེ་བ་མེད་པ་ལ་གཉིས་ཏེ་ཉོན་མོངས་པ་ཟད་པ་ལ་ཡང་འབྱུང་བའི་སྐྱེ་བ་མེད་པ་དང་རྣམ་པར་བྱང་བ་མཐར་ཕྱིན་པ་བོགས་དབྱུང་བའི་སྐྱེ་བ་མེད་པའོ། །གཉིས་དང་གཉིས་མེད་ཤེས་པ་ཀུན། །བདེན་པ་གཉིས་སུ་འདོད་པ་ཡིན། །གཟུང་འཛིན་གཉིས་སྣང་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ་གཉིས་མེད་པའི་ཤེས་པ་ནི་དོན་དམ་པའི་བདེན་པར་འདོད་དེ་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། ཆ་ཤས་ཅན་ཞེས་བྱ་མེད་ཅིང་། །ཕྲ་རབ་རྡུལ་རྣམས་མེད་པ་དང་། །སོ་སོར་སྣང་བ་དམིགས་མེད་ལ། །ཉམས་སུ་མྱོང་བ་རྨི་ལམ་འདྲ། །གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་ཡོད། །བློ་མཚོའི་ཕ་རོལ་ཕྱིན་པ་ཡི། །རྣལ་འབྱོར་སྤྱོད་པའི་གཞུང་དུ་བསྒྲགས། །ཞེས་འབྱུང་སྟེ་སེམས་ཙམ་ལ་རྣལ་འབྱོར་དུ་སྤྱོད་པས་དེ་སྐད་དུ་བརྗོད་དོ། །དེ་ལ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི་གཉིས་ལ་གནོད་པ་ཡོད་ཅིང་གསལ་བར་ཉམས་སུ་མྱོང་བའི་ཕྱིར་ཞེས་ཟེར་ལ། སློབ་དཔོན་བློ་བརྟན་གྱི་འཁྲུལ་པ་གཞི་མེད་མི་རུང་བའི་ཕྱིར་ཞེས་ཟེར་རོ། །ཐམས་ཅད་ཀྱང་དེ་གཉིས་སྣང་ལ་གནོད་བྱེད་ཡིན་པས་བརྗོད་དུ་མེད་པའི་དོན་དམ་དུ་ཡོད་པར་འདོད་དེ་ཉི་ཤུ་པ་ལས་དེ་ཇི་ལྟར་བརྗོད་དུ་མེད་པ་དེ་ལྟར་ཡོད་དེ་ཞེས་བཤད་པ་བཞིན་ནོ། །ཟག་བཅས་ཟག་མེད་དང་འདུས་བྱས་འདུས་མ་བྱས་ཀྱི་ཚུལ་ཀྱང་སྔར་བཤད་པ་བཞིན་ནོ། །གྲུབ་པའི་མཐའ་བཤད་པ་ལས་རྣམ་རིག་སེམས་ཙམ་པ་བཤད་པའི་རབ་དུ་བྱེད་པ་སྟེ་བཅུ་དགུ་པའོ།། །།

 

དབུ་མའི་ལུགས་བཤད་པ།

 

ད་ནི་ཐེག་པ་ཆེན་པོ་དབུ་མ་པའི་ལུགས་བཤད་དེ། དབུ་མ་པ་རྣམས་གཟུགས་ཀྱི་གཞི། །ཁ་ཅིག་སེམས་ལས་གཞན་མེད་ཟེར། །ལ་ལ་དོན་གྱི་རྡུལ་འདོད་དེ། །གཞན་དག་སྣང་བ་ཉིད་ཡིན་ཟེར། །དེ་ལ་སློབ་དཔོན་ཀླུ་སྒྲུབ་ནི་གཟུགས་ཅན་གྱི་སྣང་བ་ཐམས་ཅད་སེམས་སུ་འདོད་དེ་རིགས་པ་དྲུག་བཅུ་པ་ལས། །འདི་ལ་སྐྱེ་བ་ཅི་ཡང་མེད། །འགག་པར་འགྱུར་བའང་ཅིང་ཡང་མེད། །སྐྱེ་བ་དང་ནི་འགག་པ་དག །ཤེས་པ་འབའ་ཞིག་ཁོ་ནའོ། །འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུས། །ཞེས་བྱ་བ་དང་སེམས་འགྲེལ་ལས། རྨི་ལམ་སད་པའི་གནས་སྐབས་དག །དོན་བྱེད་པ་ལ་ཁྱད་མེད་དེ། །རྨི་ལམ་ན་ནི་རྨིས་པ་བཞིན། །དོན་བྱེད་མཚུངས་པས་རང་བཞིན་མེད། །ཅེས་བྱ་བ་ལ་སོགས་བ་འབྱུང་བའི་ཕྱིར་རོ། །སློབ་དཔོན་འཕགས་པའི་ལྷའང་དེ་ལྟར་བཞེད་དེ། འདི་དག་འཁྲུལ་པའི་སྣང་བ་སྟེ། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །མ་རིག་མུན་པའི་གཉིད་སད་ན། །འཁོར་བ་འདི་དག་དམིགས་སུ་མེད། །ཅེས་བྱ་བ་དང་། །འཁྲུལ་པ་འཇོམས་པ་ལས་ཀྱང་སེམས་ཀྱི་སྣང་བར་བཤད་པའི་ཕྱིར་རོ། །སློབ་དཔོན་ཞི་བ་མཚོ་དང་སེང་གེ་བཟང་པོའང་སེམས་སུ་འདོད་དེ་དབུ་མ་རྒྱན་ལས་རྒྱུ་དང་འབྲས་བུར་གྱུར་པ་ཡང་། །ཤེས་པ་འབའ་ཞིག་ཁོ་ན་སྟེ། །རང་གིས་གྲུབ་པ་གང་ཡིན་པ། །དེ་ནི་ཤེས་པར་གནས་པ་ཡིན། །སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དངོས་མེད་ཤེས་པར་བྱ། །ཚུལ་འདིར་བརྟེན་ནས་དེ་ལ་ཡང་། །ཤིན་དུ་བདག་མེད་ཤེས་པར་བྱ། །ཞེས་བྱ་བ་དང་། དེ་ལྟར་ན་འཇིག་རྟེན་ལས་འདས་པའི་ལེའུ་ལས་ཁམས་གསུམ་ནི་སེམས་ཙམ་དུ་རྟོགས་ལ་སེམས་དེའང་མཐའ་དབུས་མེད་པར་ཁོང་དུ་ཆུད་དོ་ཞེས་བྱ་བ་དང་ཆོས་ཡང་དག་པར་སྡུད་པ་ལས་ཆོས་ཐམས་ཅད་ནི་ཀུན་བཏགས་པའི་སྙིང་པོ་སྟེ་སེམས་ཙམ་དུ་བས་རྫས་མ་མཆིས་པ་སྒྱུ་མ་ལྟར་རྩ་བ་མ་མཆིས་པ་ཞེས་བྱ་བ་དང་ལང་ཀར་གཤེགས་པ་ལ་སོགས་པའི་མདོ་སྡེ་མང་པོ་ལེགས་པར་བཤད་པར་འགྱུར་རོ། །ཞེས་བཤད་དེ། བརྒྱད་སྟོང་འགྲེལ་པ་ལས་ཀྱང་དེ་ལྟར་དུ་བཤད་དོ། །དེའི་ཕྱིར་དེ་དག་ནི་ཀུན་རྫོབ་སེམས་ཙམ་དང་མཐུན་པས་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་ཟེར་རོ། །སློབ་དཔོན་འབའ་བྱ་ནི་དོན་གྱི་རྡུལ་ཕྲན་འདོད་དེ་མདོ་ལས་འཕགས་པ་རྣམས་ཀྱིས་སའི་རྡུལ་ཕྲན་གྱི་གྲངས་ཤེས་པར་བཤད་པའི་ཕྱིར་རོ། །མདོ་ལས་སེམས་ཙམ་དུ་གསུངས་པ་ནི་རྟོག་གེ་འབར་བ་ལས། མདོ་ལས་སེམས་ཙམ་གསུངས་པ་ནི། བྱེད་པོ་ཟ་པོ་དགག་ཕྱིར་རོ། ཞེས་འབྱུང་ངོ་། །འདི་ནི་བློ་རྣམ་བཅས་ཀྱང་ཁས་ལེན་པས་མདོ་སྡེ་སྤྱོད་པའི་དབུ་མ་པ་ཞེས་བྱའོ། །སློབ་དཔོན་ཟླ་བ་གྲགས་པ་དང་ཡེ་ཤེས་སྙིང་པོ་གཉིས་ནི་ཇི་ལྟར་སྣང་བ་བཞིན་ཡིན་གྱི་ཕྱི་རོལ་གྱི་རྡུལ་དང་ཤེས་པ་གཉིས་ཀར་མི་འདོད་དེ་འཇུག་པ་ལས། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་དུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་བྱ་བ་དང་། འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ན། །ཞེས་བྱ་བ་དང་བདེན་གཉིས་ལས། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །གལ་ཏེ་རྣམ་པར་དཔྱོད་ན་དོན། །གཞན་དུ་སོང་བས་གནོད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །འདི་ནི་ཀུན་རྫོབ་འཇིག་རྟེན་པ་དང་མཐུན་པར་སྨྲ་བས་འཇིག་རྟེན་གྲགས་སྡེ་དཔྱོད་པའི་དབུ་མ་པ་ཞེས་ཀྱང་ཟེར་ལ་སྣང་བ་ལ་མི་སྤྱོད་པའི་དབུ་མ་པ་ཞེས་ཀྱང་ཟེར་རོ། །དེ་བཞིན་སློབ་དཔོན་སངས་རྒྱས་བསྐྱངས་ལ་སོགས་པ་མ་སྐྱེས་པའི་སྣང་བ་དང་། ལྭ་བའི་ན་བཟའ་ཅན་སྟོང་པའི་སྣང་བ་དང་། མཻ་ཏྲི་བ་ལྷའི་སྣང་བར་འདོད་དེ་དབུ་མ་དྲུག་པ་ལས། མཐའ་བཞིའི་ལས་ནི་རྣམ་གྲོལ་བའི། །གསལ་བ་ལྷའི་བདག་ཉིད་ཅན། །གཉིས་མེད་མཆོག་ཏུ་བདེ་བའི་དངོས། །རྟེན་ཅིང་འབྲེལ་འབྱུང་ཙམ་བདག་ཉིད། །ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །དེ་ལ་སྣང་བ་དོན་དུ་འདོད་པ་རྣམས་ཀྱང་རྡུལ་ཕྲན་ཆ་མེད་འདོད་པ་ནི་མེད་དོ། །སེམས་ཀྱི་གཞི་བཤད་པ། རྣལ་འབྱོར་སྤྱོད་པའི་དབུ་མ་པ། །ཁ་ཅིག་རྣམ་ཤེས་ཚོགས་བརྒྱད་འདོད། །གཞན་དག་རྣམ་ཤེས་ཚོགས་དྲུག་ཏེ། །ལ་ལ་གཅིག་དུ་སྨྲ་བའང་ཡོད། །སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀུན་གཞི་བཤད་དེ། །སེམས་འགྲེལ་ལས། དཔེར་ན་ཁབ་ལེན་གྱིས་དྲངས་པས། །ལྕགས་ནི་ཡོངས་སུ་གཡོ་བ་བཞིན། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ཀྱང་། །རྟེན་གྱི་ལུས་ནི་ཡོངས་སུ་གཡོ། །ཞེས་བྱ་བ་དང་། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ཀྱང་། །རྟག་དུ་སྲིད་པ་གསུམ་པོ་ལེན། །ཞེས་བཤད་དོ། །དེ་བཞིན་དུ་འཕགས་པ་རྣམ་གྲོལ་སྡེས་ཀྱང་ཉི་ཁྲི་སྣང་བ་ལས། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང་། །དེའི་རྒྱུ་འབྲས་དེ་རབ་དབྱེ་བ་དང་། །བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང་། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །ཞེས་ཐེག་བསྡུས་ལས་འབྱུང་བའི་སེམས་ཅན་ཀུན་གཞིའི་རྣམ་ཤེས་ལ་སོགས་པའི་དོན་བཅུ་ཤེས་པ་རྣམ་མཁྱེན་གྱི་མཚན་ཉིད་ཡིན་ནོ། །ཞེས་སློབ་དཔོན་བཟང་སྐྱོང་གིས་བཤད་པ་ནི་མཚན་ཉིད་ཆེས་ལེགས་པ་ཡིན་ནོ། །ཞེས་བཤད་དོ། །སློབ་དཔོན་ཞི་བ་འཚོས་ཀྱང་དབུ་མ་བརྒྱན་དང་ལང་ཀར་གཤེགས་པ་ལས་ཚུལ་གཉིས་ཀྱིས་བསྡུས་པའི་ཐེག་པ་ཆེན་པོ་མདོར་བསྟན་པ་ཇི་སྙེད་པ་ནི། ཆོས་ལྔ་དག་དང་རང་བཞིན་དང་། །རྣམ་པར་ཤེས་པ་བརྒྱད་ཉིད་དང་། །བདག་མེད་གཉིས་ཀྱི་དངོས་པོར་ནི། །ཐེག་པ་ཆེན་པོ་མཐའ་དག་འདུས། །ཞེས་འབྱུང་ངོ་། །ཞེས་བཤད་དོ། །ཚུལ་གཉིས་ནི་དབུ་མ་དང་སེམས་ཙམ་སྟེ་འདི་ནི་དེ་གཉིས་ཀའི་འདོད་པ་ཐུན་མོང་བ་ཡིན་ནོ། །ཞེས་བཤད་དོ། །དེས་ན་སློབ་དཔོན་སེང་གེ་བཟང་པོ་དང་སངས་རྒྱས་ཡེ་ཤེས་ལ་སོགས་པས་ཀྱང་མདོའི་སེམས་དང་ཡིད་ཅེས་བྱ་བའི་དོན་ཀུན་གཞི་དང་ཉོན་ཡིད་གཉིས་ལ་བཤད་དོ། །ཆོས་ལྔ་ནི་མིང་དང་རྒྱུ་མཚན་དང་རྣམ་རྟོག་དང་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་སོ། །རང་བཞིན་ནི་ངོ་བོ་ཉིད་གསུམ་མོ། །རྣམ་ཤེས་བརྒྱད་ནི་བཤད་ཟིན་ཏོ། །གང་ཟག་གི་བདག་མེད་ནི་སྒྱུ་མ་ལྟ་བུ་དང་སྤྲོས་བྲལ་གཉིས་ཡིན་ནོ། །དེས་ན་རྣམ་ཤེས་ཚོགས་བརྒྱད་ནི། སེམས་ཙམ་པ་ཁོ་ནའི་འདོད་པ་ཡིན་ནོ། །ཞེས་ཟེར་བ་དེ་དག་ལ་ནི་དབུ་མ་པའི་འདོད་ཚུལ་རྒྱུས་མེད་པ་ཁོ་ན་ཡིན་ནོ། །ཁ་ཅིག་སློབ་དཔོན་འབའ་བྱ་དྲི་མ་མེད་པའི་ཡིད་དང་རྣམ་ཤེས་ཚོགས་དགུར་འདོད་དོ། །ཞེས་ཟེར་རོ། །སློབ་དཔོན་ཟླ་བ་གྲགས་པ་ལ་སོགས་པ་ནི་ཀུན་གཞི་མི་རྟག་དེ་འཇུག་པ་ལས་ཀུན་གཞི་ནི་བྱེད་པ་པོ་དབང་ཕྱུག་དང་མཚུངས་ཏེ་གང་དབང་ཕྱུག་རྟག་ལ་ཀུན་གཞི་མི་རྟག་གོ་ཞེས་བྱ་བ་ནི་ཁྱད་པར་རོ་ཞེས་བྱ་བ་ལ་སོགས་པ་བཤད་དོ། །དེས་ན་དེ་དག་ནི་རྣམ་ཤེས་ཚོགས་དྲུག་འདོད་ལ་ཁ་ཅིག་ཡིད་ཤེས་ཉིད་འཁྲུལ་པ་ལ་དྲུག་དུ་སྣང་བར་འདོད་པའང་ཡོད་དོ། །བློ་ནི་རྣམ་བཅས་རྣམ་མེད་དང་། །རང་རིག་འདོད་དང་མི་འདོད་གཉིས། །ཡོད་དོ་ཞེས་ཤེས་པར་བྱའོ། །སློབ་དཔོན་འབའ་བྱ་ལ་སོགས་པ་ནི་བློ་རྣམ་བཅས་ཀྱི་ཡུལ་རིག་པར་འདོད་ལ། གཞན་རྣམས་ནི་བློ་རྣམ་མེད་ཀྱིས་ཡུལ་རིག་པར་འདོད་དོ། །རྣམ་བཅས་ལའང་རྣམ་པའི་གྲངས་བཞིན་དུ་ཤེས་པའི་གྲངས་ཀྱང་དེ་སྙེད་དུ་སྨྲ་བའི་ལུགས་དང་རྣམ་པ་དང་ཤེས་པ་ཕྱེད་མར་འདོད་པ་ནི་མེད་དོ། །འགའ་ཞིག་ནི་ཀུན་རྫོབ་ཏུ་རང་རིག་འདོད་དེ་འཕགས་པའི་ལྷས། གང་ཕྱིར་འཇིག་རྟེན་འདི་དག་ན། །བདག་ནི་ཤེས་ལྡན་གླེན་པ་ཞེས། །རང་ལ་ཤེས་པ་འཇུག་པའི་ཕྱིར། །བདག་ཉིད་ཤེས་པ་འགལ་བ་མེད། །ཅེས་བྱ་བ་དང་། དབུ་མ་རྒྱན་ལས་དེ་བས་ན་གསལ་བར་བྱེད་པ་གཞན་ལ་མི་ལྟོས་པར་རང་གསལ་བའི་བདག་ཉིད་ནི་རྣམ་པར་ཤེས་པའི་རང་རིག་པ་ཞེས་བྱའོ། །ཞེས་འབྱུང་བ་བཞིན་ནོ། །འགའ་ཞིག་ནི་ཀུན་རྫོབ་ཏུ་རང་རིག་མི་འདོད་དེ་བདེན་གཉིས་ལས་ཤེས་པ་ནི་བདག་གིས་བདག་མི་རིག་སྟེ་རང་སྣང་བས་སྟོང་པའི་ཕྱིར་རོ། །སྣང་ན་ནི་རང་ཉིད་རང་ལས་ཐ་དད་པར་འགྱུར་རོ་ཞེས་འབྱུང་བ་ལ་སོགས་པ་བཞིན་ནོ། །དེ་ལ་རང་རིག་ཀུན་རྫོབ་ཏུ་དགག་པ་བྱེད་པ་རྣམས་ནི་དེ་མི་འདོད་པ་ཡིན་ནོ། །དོན་དམ་པར་ནི་ཤེས་བྱ་ལ་མི་འགོག་པ་ཅིའང་མེད་དོ། །སེམས་ལས་བྱུང་བ་བཤད་པ། སེམས་བྱུང་རྣམས་ནི་ཀུན་རྫོབ་ཏུ། །ཇི་ལྟར་གྲགས་པ་བཞིན་དུ་འདོད། །ཆོས་མངོན་པ་ལས་བཤད་པའི་སེམས་བྱུང་ལྔ་བཅུ་རྩ་གཅིག་དང་ལུང་ཕྲན་ཚེགས་ལས་འབྱུང་བ་ཟས་མི་འདོད་པ་དང་ཉེ་དུའི་རྟོག་པ་ལ་སོགས་པ་ལྔ་བཅུ་རྩ་བདུན་པོ་རྣམས་ཀྱང་ཀུན་རྫོབ་ཏུ་ཡོད་པར་འདོད་དེ་འདི་དག་ནི་རིན་པོ་ཆེའི་ཕྲེང་བ་ན་ཡོད་དོ། །སློབ་དཔོན་འཕགས་པ་ལྷ་ནི་བདེ་བའི་ཚོར་བ་མི་འདོད་དེ་བཞི་བརྒྱ་པ་ལས་ཤེས་པར་བྱའོ། །མི་ལྡན་པའི་འདུ་བྱེད་བཤད་པ། ཐོབ་སོགས་མི་ལྡན་འདུ་བྱེད་ཀྱང་། །མདོ་ལས་གསུངས་བཞིན་འདོད་པ་ཉིད། །མི་ལྡན་པའི་འདུ་བྱེད་རྣམས་ནི་བྱེ་བྲག་ཏུ་སྨྲ་བ་ལྟར་རྫས་ལོགས་སུ་གྲུབ་པར་མི་འདོད་ཀྱི་གཟུགས་དང་སེམས་དང་སེམས་བྱུང་གི་གནས་སྐབས་ལ་བཏགས་པ་ཡང་དག་པའི་ཀུན་རྫོབ་ཏུ་འདོད་དེ་གང་ལ་གང་བཏགས་པ་ནི་གཟུགས་དང་ཀུན་གཞི་ཁས་ལེན་མི་ལེན་ལ་སོགས་པའི་བྱེ་བྲག་གིས་ཅི་རིགས་སུ་འགྱུར་ཏེ། མདོ་སྡེ་པ་དང་སེམས་ཙམ་པའི་ལུགས་ཤེས་པས་ཤེས་པར་འགྱུར་རོ། །འདུས་མ་བྱས་བཤད་པ། ནམ་མཁའ་ལ་སོགས་འདུས་མ་བྱས། །རྣམ་བཞི་མིང་ཙམ་ཉིད་དུ་འདོད། །ནམ་མཁའ་དང་འགོག་པ་གཉིས་ཏེ་གསུམ་ནི་དགག་བྱ་གཟུགས་དང་སྲོག་དང་སྤང་བྱ་ལ་ལྟོས་ནས་དེ་མེད་ཅེས་བཏགས་པ་དོན་ལ་ཅིའང་མེད་པ་མིང་ཙམ་དུ་འདོད་དེ་དབུ་མ་རྩ་བ་ལས། དེ་ཕྱིར་ནམ་མཁའ་དངོས་པོ་མིན། །དངོས་མེད་མ་ཡིན་མཚན་གཞི་མིན། །མཚན་ཉིད་མ་ཡིན་ཁམས་ལྔ་པོ། །གཞན་གང་དག་དང་ནམ་མཁའ་མཚུངས། །ཞེས་བྱ་བ་དང་། དབུ་མ་རྒྱན་ལས། ནམ་མཁའ་ལ་སོགས་ཤེས་པ་དག །མིང་ཙམ་དུ་ནི་སྣང་བ་རྣམས། །ཡི་གེ་དུ་མ་སྣང་བའི་ཕྱིར། །སྣ་ཚོགས་སྣང་བར་གསལ་བ་ཡིན། །མིང་དང་འབྲེལ་བའི་རྣམ་པར་རྟོག་པའི་གཟུགས་བརྙན་མ་རྟོགས་པར་དེ་དག་ལ་ཆ་མེད་པའི་ངོ་བོ་ཕྲ་རབ་ཙམ་གང་ཡང་མི་དམིགས་སོ་ཞེས་བཤད་དོ། །དེ་བཞིན་ཉིད་ནི་དོན་དམ་པའི་བདེན་པ་ཡིན་ཏེ་དེ་ནི་ཡོད་མེད་གང་དུའང་མ་གྲུབ་པར་འཆད་པར་འགྱུར་རོ། །དེ་བཞིན་ཉིད་དང་བརྟགས་འགོག་གཉིས། །ཤིན་ཏུ་དབྱེར་མེད་གྱུར་པ་ལ། །འཕགས་བཞིའི་མྱ་ངན་འདས་པ་ཞེས། །རྒྱལ་སྲས་རྣམས་ནི་བཞེད་པ་ཡིན། །ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བདག་མེད་པའི་དོན་གྱི་དེ་ཁོ་ན་ཉིད་ལ་ལམ་རྣམས་ཀྱི་བློ་གོམས་པར་བྱས་པས་སེམས་ཀྱི་དེ་བཞིན་ཉིད་ལ་སྤང་བྱ་རྣམས་ཟད་པར་འགྱུར་ཏེ་ཚོགས་ལམ་དང་སྦྱོར་ལམ་གཉིས་སུ་ནི་ཉོན་མོངས་པ་དང་རྟོག་པ་རགས་པ་རྣམས་འཛད་དོ། །མཐོང་ལམ་དུ་ནི་མཐོང་སྤང་གི་སྒྲིབ་པ་རྣམས་འཛད་ལ། སྒོམ་ལམ་དགུར་ནི་སྒོམ་སྤང་གི་སྒྲིབ་པ་རྣམས་འཛད་དོ། །གང་གི་ཚེ་རང་རང་གི་སྒྲིབ་པ་མ་ལུས་པར་ཟད་པ་དེའི་ཚེ་ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པ་ཡིན་ནོ། །དེ་ལ་དབུ་མ་པ་རྣམས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་བརྟགས་པའི་འགོག་པ་ཞི་བའི་དབྱིངས་དེ་ནས་སངས་རྒྱས་རྣམས་ཀྱིས་བསླངས་སྟེ་ཐེག་ཆེན་གྱི་ལམ་བསྒོམས་ནས་སངས་རྒྱས་སུ་འགྱུར་བར་འདོད་དེ་དམ་པའི་པད་མ་དཀར་པོ་ལས། །དྲང་སྲོང་ཆེན་པོས་ཐེག་པ་གསུམ་བསྟན་པ། །རྣམ་འགྲེལ་རྣམས་ཀྱི་ཐབས་ལ་མཁས་པ་སྟེ། །བསྔོ་བའི་དོན་དུ་ཐེག་པ་གཉིས་བསྟན་ཏོ། །ཞེས་བྱ་བ་དང་། བདེན་སྨྲས་ཞུས་པ་ལས། རྒྱུད་ཞན་བསམ་པ་ཆུང་བའི་སྐྱེ་བོ་དག །འཕྲལ་དུ་ཐོས་པས་འཇིགས་པར་འགྱུར་སྲིད་ཅེས། །དེ་དག་རྣམས་ལ་ཐེག་པ་གསུམ་བསྟན་གྱི། །ཐེག་པ་གཅིག་ཏེ་ཐེག་པ་གཉིས་སུ་མེད། །ཅེས་འབྱུང་བའི་དོན་སེམས་འགྲེལ་ལས་ཉན་ཐོས་དེ་དག་ཇི་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བ། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་མྱོས་པས་བརྒྱལ་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་དགའ་བྱེད་ཅིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །སངས་རྒྱས་བྱང་ཆུབ་འཐོབ་པར་འགྱུར། །ཞེས་བཤད་དོ། །རྣམ་རིག་པ་རྣམས་ནི་འདི་མི་འདོད་དེ་སློབ་དཔོན་ཤཱནྟི་བས་ཤེས་རབ་ཕ་རོལ་ཕྱིན་པའི་མན་ངག་ལས་མཐུ་དང་ལྡན་པའི་སངས་རྒྱས་ཐམས་ཅད་འདུས་པར་གྱུར་ཀྱང་ཞི་བ་ཕྱོགས་གཅིག་པའི་ཉན་ཐོས་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་བྱ་བའམ་རིགས་མེད་པའི་སེམས་ཅན་རྣམས་མྱ་ངན་ལས་འདའ་བར་མི་སྤྱོད་དོ་ཞེས་བཤད་དོ། །སངས་རྒྱས་རྣམས་ཀྱིས་མི་གནས་པའི། །ཆོས་སྐུ་མངོན་དུ་བྱས་པའི་ཚེ། །ཁ་ཅིག་ཡེ་ཤེས་རྒྱུན་ཆད་ཟེར། །ལ་ལ་ཡེ་ཤེས་ཡོད་པར་འདོད། །སློབ་དཔོན་ཟླ་བ་གྲགས་པ་དང་ཞི་བའི་ལྷ་ལ་སོགས་པ་ནི་སངས་རྒྱས་པའི་ཚེ་སེམས་དང་སེམས་བྱུང་གི་འཇུག་པ་ཐམས་ཅད་དེ་བཞིན་ཉིད་ཀྱི་དབྱིངས་དེར་ཞི་བར་འདོད་ལ་སྐུ་དང་གསུང་དང་མཛད་པ་དང་ཞིང་ལ་སོགས་པ་ནི་གདུལ་བྱ་དང་རང་ཉིད་ཀྱི་སྨོན་ལམ་ལས་འབྱུང་བར་འཆད་དེ་འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་ཏེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་བྱ་བ་དང་། སངས་རྒྱས་ཀྱི་ས་ལ་ནི་སེམས་དང་སེམས་བྱུང་གི་འཇུག་པ་ཐམས་ཅད་གཏན་ལོག་པ་ཡིན་ནོ་ཞེས་བཤད་དོ། །སྤྱོད་འཇུག་ལས་ཀྱང་། གང་ཚེ་དངོས་དང་དངོས་མེད་དག །བློའི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་གདུལ་བྱ་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །ཞེས་བྱ་བ་ལ་སོགས་པ་བཤད་དོ། །ཡང་འཇུག་པ་ལས་འདིར་ནི་ཚད་མ་གཅིག་ཉིད་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བ་དང་སྤྱོད་འཇུག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་དུ་ཐོགས་མེད་གཟིགས་པར་ལྡན། །ཞེས་ཡེ་ཤེས་ཡོད་པར་བཤད་པའང་སྣང་ངོ་། །དབུ་མ་པ་གཞན་རྣམས་ནི་ཡེ་ཤེས་ཡོད་པར་འདོད་དེ་སློབ་དཔོན་གྱིས། ཇི་ལྟར་ནམ་མཁའ་རྟག་ཏུ་ནི། །གཟུགས་དངོས་ཐམས་ཅད་ཁྱབ་པ་ལྟར། །དེ་བཞིན་ཡེ་ཤེས་མཁའ་འདྲ་བས། །ཤེས་བྱ་ཀུན་ལ་ཁྱབ་པར་འདོད། །ཅེས་བྱ་བ་དང་། རིན་པོ་ཆེ་ཕྲེང་བ་ལས། ཡེ་ཤེས་བསམ་མི་ཁྱབ་པའི་ཡུལ། །རྣམ་པ་ཐམས་ཅད་མཁྱེན་ཉིད་འཐོབ། །ཅེས་བཤད་དོ། །དབུ་མ་སྣང་བ་ལས་ཀྱང་ཆོས་ཐམས་ཅད་བརྫུན་པར་འདྲ་ཡང་སྒྲིབ་པ་རྣམས་ནི་སྤོང་ལ་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་རྟེན་པར་བྱེད་དོ་ཞེས་བཤད་དོ། །ཡེ་ཤེས་དེའང་ཟག་མེད་གྱི་སེམས་དང་སེམས་བྱུང་འདུས་བྱས་སུ་འདོད་དོ། །ཁ་ཅིག་ནི་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་ཅེས་བྱ་བ་ལ་སོགས་པ་དང་མཐུན་པར་འདུས་མ་བྱས་སུ་འདོད་དེ། དེ་ལྟ་ན་ནི་འདི་འདུས་མ་བྱས་ལྔ་པར་བཤད་དགོས་སོ། །དེ་བཞིན་ཉིད་ཀྱིས་ཁྱབ་པས་དེར་འདུས་པར་ཀྱང་མི་རུང་སྟེ་ཤེས་བྱ་ཐམས་ཅད་འདུས་མ་བྱས་སུ་འགྱུར་བའི་ཕྱིར་རོ། །སངས་རྒྱས་ནི་ཐེག་པ་ཆེན་པོ་བ་ཕལ་ཆེར་འོག་མིན་དུ་རྣམ་པར་སྣང་མཛད་རྡོ་རྗེ་དབྱིངས་སུ་སངས་རྒྱས་པར་འདོད་དེ་དེ་ཉིད་བསྡུས་པའི་རྗེས་སུ་འབྲང་བའི་ཕྱིར་རོ། །སྲིད་པ་ཐ་མ་པའི་ཚེ་འཕགས་པ་དང་བྱིས་པར་འདོད་པ་ནི་ཅི་རིགས་པ་ཡོད་དོ། །བསེ་རུ་ལྟ་བུའི་རང་སངས་རྒྱས་ནི་སྲིད་པ་ཐ་མ་པའི་ཚེ་སོ་སོ་སྐྱེ་བོར་འདོད་པ་ལ་ཐེག་པ་ཆེ་ཆུང་ཐམས་ཅད་མཐུན་ནོ། །སོ་སོར་བརྟགས་པའི་འགོག་པ་དང་དེ་བཞིན་ཉིད་ལ་གཞན་མང་པོ་བཤད་དུ་ཡོད་མོད་ཀྱི་མང་པོ་ལ་འཇིགས་པས་བཞག་གོ །ད་ནི་གཞི་ལྔ་པོ་དེ་དག་བདེན་པ་གཉིས་སུ་བསྡུ་བ་བཤད་པར་བྱ་ཏེ། དབུ་མ་པ་རྣམས་ཤེས་བྱ་ཀུན། །སྣ་ཚོགས་སྣང་བའི་ཀུན་རྫོབ་དང་། །སྣང་མེད་ནམ་མཁའ་འདྲ་བ་ཡི། །དོན་དམ་གཉིས་སུ་འདུས་པར་འདོད། །འཕགས་པ་བློ་གྲོས་མི་ཟད་པ། བསྟན་པ་ལས་དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན་འཇིག་རྟེན་གྱི་ཐ་སྙད་ཇི་སྙེད་པ་དང་ཡི་གེ་དང་སྐད་དང་བརྡ་བསྟན་པའོ། །དོན་དམ་པའི་བདེན་པ་ནི་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །དེ་ལ་འཇིག་རྟེན་གྱི་ཐ་སྙད་ནི་ཐ་སྙད་དུ་བྱ་བ་གཟུགས་ལ་སོགས་པ་ཡིན་གྱི་སྒྲ་ནི་མ་ཡིན་ཏེ་དེ་ནི་ཡི་གེ་ལ་སོགས་པས་བརྗོད་པའི་ཕྱིར་རོ། །དེས་ན་སྒྲ་དང་སྒྲའི་ཡུལ་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །དོན་དམ་པའི་བདེན་པ་ནི་སྤྲོས་པའི་ཚོགས་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་སྒྲ་དང་། བློའི་ཡུལ་ན་མེད་པར་བསྟན་ཏོ། །བདེན་གཉིས་ལས་ཀུན་རྫོབ་དང་ནི་དམ་པའི་དོན། །བདེན་གཉིས་ཐུབ་པས་གསུངས་པ་ལ། །ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་གཅིག་ཤོས་ཡིན། །ཞེས་བྱ་བ་དང་། གང་ཕྱིར་ཁོ་ན་དེ་ལ་ནི། །བརྗོད་བྱའི་བག་ཀྱང་ཅིའང་མེད། །ཅེས་བཤད་དོ། །ཀུན་རྫོབ་ནི་ཡང་དག་དང་ལོག་པ་གཉིས་འདོད་དེ་དེ་ཉིད་ལ། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་འབྱུང་སྟེ་དངོས་སུ་ན་ངོ་བོ་ཉིད་མེད་པར་འདྲ་ཡང་འཇིག་རྟེན་པས་དེ་ལྟར་གཉིས་སུ་རྟོགས་པ་དེ་ཡིན་ནོ། །དེའང་བརྟགས་པས་དབེན། རྒྱུ་ལས་སྐྱེས། དོན་བྱེད་ནུས། མཐུན་པར་སྣང་བ་བཞི་ཡོད་མེད་ལ་འདོད་དོ། །དབུ་མ་རྒྱན་ལས་ཀྱང་། མ་བརྟགས་གཅིག་པུ་ཉམས་དགའ་ཞིང་། །སྐྱེ་ཞིང་འཇིག་པའི་ཆོས་ཅན་པ། །དོན་བྱེད་པ་དག་ནུས་རྣམས་ཀྱི། །རང་བཞིན་ཀུན་རྫོབ་ཡིན་པར་རྟོགས། །ཞེས་འབྱུང་སྟེ་ཡང་དག་པའི་ཀུན་རྫོབ་ཅེས་བྱ་བའི་དོན་ཏོ། །འཇུག་པ་ལས། དངོས་ཀུན་ཡང་དག་བརྫུན་པར་མཐོང་བ་ཡི། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དོན་དམ་སྟེ། །མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་བྱ་བ་དང་། །གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལ་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག །གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། ཀུན་རྫོབ་བདེན་ཞེས་ཐུབ་པ་དེ་གསུང་སྟེ། བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་བཤད་དོ། །དེས་ན་སློབ་དཔོན་དེ་དག་ཐམས་ཅད་ཀུན་རྫོབ་འཇིག་རྟེན་པ་དང་མཐུན་པར་འདོད་ལ་དོན་དམ་སྤྲོས་བྲལ་དུ་མཐུན་པ་ཡིན་ནོ། །ཆུ་ཟླ་ལ་སོགས་པ་བདེན་པར་མི་སྣང་བ་ལ་ནི་ཀུན་རྫོབ་བདེན་པ་ཞེས་མི་ཟེར་རོ། །དེས་ན་འཇིག་རྟེན་ཇི་ལྟར་འདོད་པ་དེ་ལྟར་དབུ་མ་འདོད་པས་དབུ་མ་པ་ཀུན་རྫོབ་ཀྱི་དབྱེ་བ་མི་འདོད་ཅེས་ཟེར་བ་དེ་དག་ནི་མ་ཡིན་ཏེ་འཇུག་པ་ལས་ཀུན་རྫོབ་ཀྱི་བདེན་པ་འདི་འཇིག་རྟེན་ལུགས་ཀྱིས་ཁས་ལེན་པར་བྱེད་པ་ཡིན་ནོ། །ཞེས་བྱ་བ་དང་དེའི་ཊཱི་ཀཱ་ལས་ཁོ་བོ་ནི་ཀུན་རྫོབ་འཇིག་རྟེན་པ་ཁོ་ན་ལ་ཞུགས་པས་ཞེས་འབྱུང་བའི་ཕྱིར་རོ། །དོན་དམ་ལའང་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པ་གཉིས་ལས་དང་པོ་ནི་བདེན་གཉིས་ལས་སྐྱེ་ལ་སོགས་པ་བཀག་པ་ཡང་། དོན་དམ་དུ་ནི་མཐུན་ཕྱིར་འདོད་ཅེས་འབྱུང་བའི་ཐ་སྙད་དུ་བདེན་པ་དང་སྐྱེ་བ་བཀག་པ་དང་སྒྱུ་མ་ལྟ་བུ་གཉིས་ཡིན་ལ། དེའང་ཀུན་རྫོབ་ལ་དོན་དམ་དུ་བཏགས་པ་ཡིན་ནོ། །གཉིས་པ་ནི་དབུ་མ་རྩ་བ་ལས། །གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་ཤིང་། །རྣམ་རྟོག་མེད་དོན་ཐ་དད་མིན། །འདི་ནི་དོན་དམ་མཚན་ཉིད་དོ། །ཞེས་བྱ་བ་དང་དགོངས་འགྲེལ་ལས། །སོ་སོར་རང་རིག་མཚན་མེད་སྤྱོད་ཡུལ་བ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་ལ། །དཔྱོད་དང་བྲལ་བ་དོན་དམ་མཚན་ཉིད་དེ། །འདི་ནི་རྟོག་གེ་ཀུན་ལས་འདས་མཚན་ཡིན། །ཞེས་འབྱུང་བ་དེ་ཡིན་ནོ། །དེ་དག་དོན་ལ་གཅིག་པ་དང་ཐ་དད་ཉིད་དུ་མི་བཞེད་ཀྱི། དོན་ལ་གཅིག་དང་ཐ་དད་མེད། བློའི་ཡུལ་ན་ཐ་དད་བཞེད། གཅིག་པ་དང་ཐ་དད་གཉི་ག་ལ་དགོངས་འགྲེལ་ལས་སྐྱོན་བཞི་བཞི་བརྗོད་དེ། དོན་ལ་ངོ་བོ་ཉིད་གྲུབ་པར་ཐལ་བ་དང་དོན་དམ་པ་མཐོང་ཐོས་ལས་གཞན་ན་མེད་པར་ཐལ་བ་དང་། ཀུན་རྫོབ་མ་གྲུབ་པ་ཙམ་དོན་དམ་པ་མ་ཡིན་པར་འགྱུར་བ་དང་། དོན་དམ་མཐོང་བས་ཀུན་རྫོབ་ལ་བདེན་འཛིན་མི་ལྡོག་པར་ཐལ་བ་དང་ཀུན་རྫོབ་བརྟགས་ཀྱང་ཡོད་མེད་ཀྱི་མཐར་གནས་པར་འགྱུར་བ་ལ་སོགས་པའོ། །དེས་ན་དོན་ལ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཟུང་འཇུག་ཡིན་ཏེ་བདེན་གཉིས་ལས། །ཀུན་རྫོབ་དེ་བཞིན་ཉིད་གང་ཡིན། །དེ་ཉིད་དམ་པའི་དོན་ཕྱིར་བཞེད། །ཐ་དད་མིན་ཕྱིར་ཞེས་བྱ་བ་དང་། །བྱམས་པས་ཞུས་པ་ལས། འདུ་བྱེད་ཀྱི་མཚན་མ་ལས་བརྗོད་དུ་མེད་པའི་དབྱིངས་དེ་གཞན་པའང་མ་ཡིན་ལ། གཞན་མ་ཡིན་པའང་མ་ཡིན་པར་རིག་པར་བྱའོ། །ཞེས་བྱ་བ་དང་། དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་དག །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་མིན་ལོག་པར་ཞུགས་པ་ཡིན། །ཞེས་འབྱུང་ངོ་། །བློ་ཡུལ་ན་ནི་ཐ་དད་ཡིན་ཏེ་བྱིས་པ་ལ་ཀུན་རྫོབ་སྣང་ཀྱང་དོན་དམ་མི་སྣང་ལ་འཕགས་པའི་མཉམ་བཞག་ལ་དོན་དམ་སྣང་ཀྱང་ཀུན་རྫོབ་མི་སྣང་བའི་ཕྱིར་རོ། །དོན་དེ་ཉིད་ལང་ཀར་གཤེགས་པ་ལས། ཀུན་རྫོབ་དང་ནི་དོན་དམ་སྟེ། །རྒྱུ་ལས་སྐྱེས་པ་གསུམ་པ་མེད། །ཀུན་རྫོབ་རྟོག་པས་བརྟགས་པ་སྟེ། །དེ་ཆད་འཕགས་པའི་སྤྱོད་ཡུལ་ལོ། །ཞེས་བྱ་བ་དང་། །འཇུག་པ་ལས། །རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པ། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་ཞིག་མིག་དག་པས། །མཐོང་བ་དེ་ཉིད་དེ་བཞིན་འདི་ཤེས་ཀྱིས། །ཞེས་བཤད་དོ། །དེ་ལྟར་མཚན་ཉིད་ཐ་དད་དུ་ཤེས་ཀྱང་དབྱེར་མེད་དུ་རིག་པ་ནི་ཟུང་འཇུག་རྟོགས་པ་ཡིན་ཏེ་ཟུང་འཇུག་གི་རིམ་པ་ལས། །ཀུན་རྫོབ་དང་ནི་དོན་དམ་གཉིས། །སོ་སོའི་ཆར་ནི་ཤེས་གྱུར་ཏེ། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་བྱ་བ་དང་། ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཀྱང་བདེན་གཉིས་དབྱེར་མེད་དུ་བཤད་པ་བཞིན་ནོ། །དེ་དག་མཐར་ཐུག་དཔྱོད་མི་དཔྱོད། །བློའི་ཡུལ་ལ་གཉིས་སུ་ངེས། །གང་ཡང་དོན་དམ་པ་བློའི་ཡུལ་ན་མེད་པར་བཤད་པ་དེ་ནི་སྒྲུབ་པ་དང་དགག་པའི་ངོ་བོ་ཉིད་གང་དུའང་གཟུང་དུ་མེད་པར་བཤད་ཀྱི་ཤེས་རབ་ཀྱིས་དཔྱད་དུ་མེད་པ་ནི་མ་ཡིན་ཏེ་དཔྱད་ནས་སྒྲིབ་པ་མི་སྤོང་བར་འགྱུར་བའི་ཕྱིར་རོ། །དེས་ན་མཐར་ཐུག་དཔྱོད་པའི་བློ་ལ་ཅིར་ཡང་མ་གྲུབ་པ་དོན་དམ་དང་མི་དཔྱོད་པ་ལ་སྣང་བ་ནི་ཀུན་རྫོབ་ཡིན་པས་ཤེས་པ་ལ་བློ་གཉིས་ལས་མེད་པའི་ཕྱིར་ཤེས་བྱ་ལ་ཡུལ་གཉིས་སུ་ངེས་སོ། །དེ་ལ་བློ་འཁྲུལ་པ་ནི་ཀུན་རྫོབ་ཡིན་ལ་དེའི་ཡུལ་ན་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ་བདེན་གཉིས་ལས། གང་ཞིག་གིས་སམ་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་འབྱུང་ངོ་། །རྣམ་གྲངས་ནི་འཁྲུལ་པ་དང་ཐ་སྙད་དང་རྐྱེན་ཉིད་འདི་པ་ཙམ་དང་བརྟགས་པ་ཙམ་དང་མ་བརྟགས་ན་དགའ་བ་དང་རྟེན་འབྲེལ་དང་གཞན་དབང་ལ་སོགས་པ་ཡིན་ཏེ་དབུ་མ་རྒྱན་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་གཞན་གྱི་དབང་ནི་གུད་ན་མེད་དོ་ཞེས་འབྱུང་ངོ་། །ཡང་དམ་པའི་དོན་ཡེ་ཤེས་དམ་པ་དང་དེའི་ཡུལ་ན་བདེན་པ་སྟེ་ལང་ཀར་གཤེགས་པ་ལས། ཡེ་ཤེས་དམ་པ་བདག་མེད་པ། །སྣང་བ་མེད་ལ་མི་གཟིགས་སོ། །ཞེས་འབྱུང་ངོ་། །རྣམ་གྲངས་ནི་དེ་བཞིན་ཉིད་དང་མ་ནོར་བ་དང་གཞན་མ་ཡིན་པ་དེ་བཞིན་ཉིད་དང་ཆོས་ཉིད་ཆོས་ཀྱི་དབྱིངས་དང་ཆོས་ཀྱི་གནས་དང་ཆོས་སྐྱོན་མེད་པ་དང་ཡང་དག་པའི་མཐའ་དང་ཆོས་ཀྱི་རང་བཞིན་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་དང་རྣམ་ཐར་སྒོ་གསུམ་དང་མ་སྐྱེས་པ་དང་མ་འགགས་པ་དང་གཟོད་མ་ནས་ཞི་བ་དང་དངོས་མེད་དང་ནམ་མཁའ་དང་རྡོ་རྗེ་དང་བདུད་རྩི་ལ་སོགས་པས་ཀྱང་གསུངས་སོ། །དེ་འདྲའི་དབུ་མར་སྨྲ་བ་ལ། །རང་རྒྱུད་པ་དང་ཐལ་འགྱུར་གཉིས། །དེ་ལ་སྒྱུ་མ་ལྟ་བུ་དང་། །རབ་ཏུ་མི་གནས་ཞེས་ཀྱང་ཟེར། །འདི་གཉིས་ཀྱི་ཁྱད་པར་སངས་རྒྱས་པ་ཡེ་ཤེས་ཡོད་མེད་དུ་འདོད་པའམ་ཀུན་རྫོབ་ལ་བདེན་པ་ཁས་ལེན་མི་ལེན་ནམ་ཁས་ལེན་གྱི་ལྟ་བ་ཡོད་མེད་དམ་ཚད་མའི་གྲངས་མང་ཉུང་ངམ་ཡུལ་ཐམས་ཅད་བརྫུན་པ་དང་བློ་ཐམས་ཅད་འཁྲུལ་པར་འདོད་མི་འདོད་དམ་ཀུན་རྫོབ་ལ་དབྱེ་བ་འདོད་མི་འདོད་དམ་དོན་དམ་མེད་དགག་དང་སྤྲོས་བྲལ་ལ་བྱེད་པ་ལ་སོགས་པ་ཙམ་གྱིས་ནི་ཁྱད་པར་མི་ཕྱེད་དེ་མ་ཁྱབ་པ་དང་འཁྲུལ་པའི་ཕྱིར་རོ། །དེ་རྒྱས་པར་བཤད་ན་ནི་ཤིན་དུ་མང་པོར་འགྱུར་རོ། །འོན་ཀྱང་འདི་གཉིས་ནི་གཏན་ཚིགས་ཀྱི་དབྱེ་བ་ཡིན་ནོ། །དེ་ལ་སློབ་དཔོན་ཟླ་གྲགས་ལ་སོགས་པའི་ཐལ་འགྱུར་བ་རྣམས་ནི་རང་རྒྱུད་ལ་གྲུབ་པའི་དངོས་པོ་སྟོབས་ཞུགས་ཀྱི་རྟགས་མི་འདོད་དེ་དེ་སྒྲུབ་པའི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་མེད་པའི་ཕྱིར་ཏེ་ཚིག་གསལ་ལས་དབུ་མ་པ་ཞིག་ཡིན་ན་ནི་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པ་བརྗོད་པར་རིགས་པ་མ་ཡིན་ཏེ་ཕྱོགས་གཞན་ཁས་མ་བླངས་པའི་ཕྱིར་རོ་ཞེས་འབྱུང་ངོ་། །ཀུན་རྫོབ་ཏུ་ཕྱོགས་གཉིས་ཀྱི་དགག་སྒྲུབ་ནི་འཇིག་རྟེན་ལ་གྲགས་པའི་ཚད་མ་བཞི་དང་རྟགས་བཞིས་བྱེད་དེ་མངོན་སུམ་དང་རྗེས་དཔག་དང་ལུང་དང་ཉེ་བར་འཇལ་བའོ། །རྟགས་བཞི་ནི་གཞན་ལ་གྲགས་པའི་རྗེས་དཔག་དང་། །འགལ་བ་བརྗོད་པའི་ཐལ་འགྱུར་དང་། །རྒྱུ་མཚན་མཚུངས་པའི་མགོ་སྙོམས་དང་། །སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པའོ། །སློབ་དཔོན་ལེགས་ལྡན་འབྱེད་ལ་སོགས་པ་རང་རྒྱུད་པ་རྣམས་ནི་རང་རྒྱུད་ལ་གྲུབ་པའི་དངོས་པོ་སྟོབས་ཞུགས་ཀྱི་རྟགས་དང་ཚད་མ་ཁས་ལེན་ཏེ་བདེན་གཉིས་ལས་རིགས་པའི་སྟོབས་ཀྱིས་དོན་ལ་ངེས་པ་ནི་སླུ་བར་མི་འགྱུར་ཏེ་ཞེས་བྱ་བ་དང་། དབུ་མ་རྒྱན་ལས་ལུང་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་དང་བྲལ་བས་དད་པས་རྗེས་སུ་འབྲང་བ་རྣམས་ཀྱང་ཤིན་ཏུ་ཡོངས་སུ་ཚིམ་པར་མི་འགྱུར་བས་རིགས་པ་ཇི་བརྗོད་པར་བྱའོ་ཞེས་བྱ་བ་དང་། དབུ་མ་སྣང་བ་ལས་ཁོ་བོ་ཅག་ཐལ་འགྱུར་འགའ་ཞིག་གིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མི་སྒྲུབ་ཀྱི་འོན་ཀྱང་ཡང་དག་པའི་ཚད་མའི་སྟོབས་ཀྱིས་སྒྲུབ་བོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་ཁོ་ན་ཡིན་པས་ཁོ་བོ་ཅག་ཁས་ལེན་པར་བྱེད་དོ་ཞེས་བཤད་དོ། །ཕྱོགས་གཉིས་ཀྱི་དགག་སྒྲུབ་ཐལ་འགྱུར་དང་རང་རྒྱུད་ཀྱི་རྟགས་གསུམ་དང་ཚད་མ་གཉིས་ཀྱིས་བྱེད་དེ། དེའང་སློབ་དཔོན་ཆོས་ཀྱི་གྲགས་པ་ལ་སོགས་པ་ཇི་ལྟ་བ་བཞིན་ནོ། །མཻ་ཏྲི་པའི་ཕྱག་རྒྱ་བཞི་པ་ལ་སོགས་པ་ནས་སྒྱུ་མ་ལྟ་བུ་དང་རབ་ཏུ་མི་གནས་པ་ཞེས་འབྱུང་བ་དེའང་འདི་གཉིས་ཡིན་ཏེ་རང་རྒྱུད་པ་རྣམས་ནི་སྒྱུ་མ་ལྟ་བུ་ཤས་ཆེར་འཆད་ལ། ཐལ་འགྱུར་བ་རྣམས་ནི་སྒྱུ་མ་ཙམ་དུ་མི་གནས་པའི་སྤྲོས་བྲལ་ཤས་ཆེར་འཆད་པས་ཤས་ཆེ་ཆུང་ལ་བརྟགས་པ་ཡིན་ནོ། །འདི་གཉིས་ཀའང་སྒྱུ་མ་ལྟ་བུ་ནི་རིགས་པས་སྒྲུབ་པ་ཡིན་ཏེ་སྟོང་ཉིད་བདུན་ཅུ་པའི་འགྲེལ་པ་ལས་དངོས་པོ་རྣམས་རིགས་པས་དཔྱད་ན་གཟུགས་བརྙན་དང་འདྲ་བ་ཡིན་ཏེ་ཞེས་འབྱུང་ངོ་། །དེའི་ཕྱིར་སྣང་བ་ལ་བདེན་པ་འགོག་པའི་ལུང་དང་རིགས་པ་ཐམས་ཅད་ནི་སྒྱུ་མ་ལྟ་བུ་ལུང་རིགས་སྒྲུབ་པ་ཡིན་ནོ། །དེས་ན་སྒྱུ་མ་རིགས་གྲུབ་ངན་པ་ཡིན་ནོ་ཞེས་ཟེར་བ་ནི་མི་ཤེས་པ་ཡིན་ནོ། །དེ་ལས་གཞན་པ་དབུ་མ་ཡི། །འདོད་ཚུལ་གཞན་དང་གཞན་སྨྲ་བ། །སེམས་ཙམ་ལ་ནི་བཏགས་པ་ཡིན། །ཁ་ཅིག་མུན་སྤྲུལ་སྨྲ་བར་ཟད། །སློབ་དཔོན་ཀླུའི་བཤེས་གཉེན་གྱིས་སྐུ་གསུམ་གྱི་བསྟན་བཅོས་ལས་དབུ་མའི་ལམ་ཞེས་བྱ་བ་ཡང་། རྣམ་རིག་ཙམ་ཉིད་མ་རྟོགས་པ། །རིགས་པས་བརྟགས་ན་འདིར་བཞིན་ནི། །རྣམ་པ་ཀུན་ཏུ་མི་འཐད་དོ། །ཞེས་བཤད་པ་དང་། །སློབ་དཔོན་ཤཱནྟི་བའི་དབུ་མ་རྒྱན་ལས། བྱམས་པ་ཐོགས་མེད་ཀྱིས་བཤད་ཅིང་། །ཀླུ་སྒྲུབ་ཡང་ནི་བཞེད་པ་ཡི། །ཚད་མ་ལུང་དང་ལྡན་པ་ཡི། །བདེན་པ་གཉིས་འདིར་བཤད་པར་བྱ། །ཞེས་བྱ་བ་དང་། ཀུན་རྫོབ་ཏུ་ཡོད་ལ་དོན་དམ་པར་མེད་པའི་དབུ་མ་ནི་བཟང་པོ་མ་ཡིན་པས་གཟུང་འཛིན་གཉིས་མེད་ཅིང་གཉིས་མེད་ཡོད་པ་ནི་དབུ་མ་ཡིན་ཞེས་འབྱུང་སྟེ་དེ་དག་ནི་སེམས་ཙམ་གྱི་ལྟ་བ་ལ་དབུ་མར་འདོད་པ་ཡིན་ནོ། །དབུས་མཐའ་ནས་བཤད་པའི་དབུ་མའང་འདི་ཉིད་ཡིན་ཏེ་འདི་རྒྱལ་བའི་ཡུམ་ལ་སོགས་པའི་དགོངས་པའི་དབུ་མ་ནི་མ་ཡིན་ནོ། །སྤྱིར་ནི་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱང་རང་རང་གི་ལྟ་བ་དབུ་མར་འདོད་དེ་བདེན་གཉིས་ལས། གང་ཕྱིར་རྒྱུ་ལས་བྱུང་དེའི་ཕྱིར། །འདི་ནི་ཅི་ཕྱིར་ཆད་པར་འགྱུར། །དེ་ལོག་ན་ནི་ལྡོག་པ་ལ། །ཇི་ལྟར་རྟག་པ་ཉིད་ཡིན་སྨྲོས། །ཞེས་དེ་ཙམ་ཀྱང་དབུ་མར་བཤད་པ་བཞིན་ནོ། །ཁ་ཅིག་གིས་སྒྱུ་མ་ལྟ་བུ་དོན་དམ་པའི་བདེན་པར་འདོད་པའི་དབུ་མ་ཡོད་དོ་ཞེས་ཟེར་བ་དེ་ནི་འོལ་ཚོད་ཁོ་ན་ཡིན་ཏེ་དེ་བརྟགས་པས་འཇིག་ན་དོན་དམ་ཡིན་པ་ཉམས་ལ། མི་འཇིག་ན་སྒྱུ་མ་ལྟ་བུ་ཉམས་པའི་ཕྱིར་དང་། གཞན་དབང་དོན་དམ་དུ་འདོད་པ་དངོས་པོ་སྨྲ་བའི་ལུགས་ཡིན་པའི་ཕྱིར་རོ། །གཞུང་འགའ་ཞིག་ལས་སྒྱུ་མ་ལྟ་བུ་ལ་དོན་དམ་ཞེས་བཤད་པ་དེ་ནི་རྣམ་གྲངས་པའི་དོན་ཡིན་ནོ། །དེའི་ཕྱིར་དབུ་མ་པ་ཐམས་ཅད་དོན་དམ་སྤྲོས་བྲལ་ལ་འདོད་པར་མཐུན་པ་ཡིན་ནོ། །ད་ནི་བདེན་པ་གཉིས་ཀྱི་སྒྲུབ་བྱེད་བཤད། །ཀུན་རྫོབ་རང་རང་ལུགས་བཞིན་གྲུབ། །དོན་དམ་མཐའ་བྲལ་ཆོས་ཀྱི་དབྱིངས། །དཔྱད་པས་ཅིར་ཡང་མ་གྲུབ་པའམ། །མཐའ་བྲལ་སྒྲུབ་པའི་རྟགས་ཀྱིས་ངེས། །ཀུན་རྫོབ་སེམས་སུ་སྨྲ་བ་རྣམས་ནི་སེམས་ཙམ་སྒྲུབ་བྱེད་ཀྱི་རིགས་པས་སྒྲུབ་བོ། །ཀུན་རྫོབ་རྡུལ་དང་བློ་རྣམ་བཅས་ལ་སོགས་པའང་དེ་དག་གི་རིགས་པས་སྒྲུབ་པོ། །ཀུན་རྫོབ་ཇི་ལྟར་སྣང་བ་བཞིན་སྨྲ་བ་ནི་སྣང་བ་ལ་འཇལ་བའི་ཚད་མས་སྒྲུབ་ཏེ་བདེན་གཉིས་ལས་ལྟ་བ་པོའི་ཤེས་པ་ལ། །ལས་འབྲས་ཇི་ལྟར་སྣང་བ་དག དེ་ལྟར་དེས་གསུངས་དེའི་ཕྱིར། །ཐམས་ཅད་ཇི་ལྟར་སྣང་བཞིན་གནས། །ཞེས་བཤད་པ་བཞིན་ནོ། །དོན་དམ་པ་ནི་རང་རྒྱུད་ཀྱི་རྟགས་མི་འདོད་པ་ལྟར་ན་སྣང་བ་ལ་དཔྱད་པས་ཅིར་ཡང་མ་གྲུབ་པ་ལ་དོན་དམ་པ་གྲུབ་ཅེས་བྱ་བའི་ཐ་སྙད་བྱེད་ལ། རང་རྒྱུད་ཀྱི་རྟགས་འདོད་པ་ལྟར་ན་ནི་ཡང་དག་པའི་གཏན་ཚིགས་ཀྱིས་སྒྲུབ་པོ། །གལ་ཏེ་དངོས་པོར་སྣང་བའང་སྟོང་པ་ཡིན་ནོ་ཞེས་བྱ་བ་ནི་སྐྱེས་པར་སྣང་བའང་བུད་མེད་ཡིན་ནོ། །ཞེས་བྱ་བ་དང་འདྲ་བ་མ་ཡིན་ནམ་ཞེ་ན། ངོ་བོ་ལ་དཔྱད་ནས་སྟོང་ཉིད་དུ་སྒྲུབ་པ་གཅིག་དང་དུ་མ་དང་བྲལ་བའི་གཏན་ཚིགས་བཤད་པ། དོན་དང་ཤེས་པའི་དངོས་པོ་ཀུན། །གཅིག་དང་དུ་མ་བྲལ་བའི་ཕྱིར། །རང་བཞིན་མེད་དེ་ནམ་མཁའ་དང་། །གཟུགས་བརྙན་སོགས་དང་འདྲ་བ་ཡིན། །ཆ་མེད་པའི་རྡུལ་ཕྲ་རབ་ནི་མི་འཐད་དེ། །འབྱར་བ་དང་ནི་བསྐོར་བའམ། །བར་མེད་རྣམ་པར་གནས་ཀྱང་རུང་། །ཞེས་བྱ་བའི་ཕྱོགས་གསུམ་ཆར་ལའང་གཅིག་ལ་བལྟས་པའི་ངོས་ཀྱིས་གཞན་ལ་བལྟས་ན་ནི་ཤར་རྡུལ་ཉིད་དང་ཕྱོགས་ཐམས་ཅད་ན་གནས་པར་འགྱུར་རོ། །མ་བལྟས་ན་ནི་བལྟས་པ་དང་མ་བལྟས་པ་ཆ་གཉིས་སུ་འགྱུར་རོ། །ཚད་མས་མ་གྲུབ་པ་ནི་ཡོད་པར་ཁས་མི་བླང་སྟེ་དབུ་མ་རྒྱན་ལས། །རྡུལ་ཕྲན་བདག་ཉིད་དཀར་ལ་སོགས། །གཅིག་པུའི་བདག་ཉིད་ཆ་མེད་པ། །ཤེས་པ་གང་ལའང་སྣང་གྱུར་པ། །བདག་གིས་རབ་ཏུ་ཚོར་བ་མེད། །བདག་གིས་སེམས་བཏུད་ཀྱང་ཆ་ཤས་ཐམས་ཅད་ཀྱིས་སྟོང་པའི་རྡུལ་མ་མཐོང་སྟེ། མ་མཐོང་བཞིན་དུ་དེ་ཁས་ལེན་ཞིང་བདག་ལ་ཇི་ལྟར་བསླུ། རྟོག་པ་དང་ལྡན་པ་རྣམས་ཀྱིས་ཡོད་པར་ཁས་ལེན་པའི་རྒྱུ་ནི་དམིགས་པ་ཡིན་ན་དེ་ནི་མེད་པས་རུང་བ་མ་ཡིན་ནོ་ཞེས་བཤད་དོ། །རྡུལ་མེད་ན་དེས་བརྩམས་པའི་རགས་པའང་མེད་དེ་དེ་ཉིད་ལས། རྡུལ་ཕྲན་རང་བཞིན་མེད་གྲུབ་པ། །དེ་ཕྱིར་མིག་དང་རྫས་ལ་སོགས། །བདག་དང་གཞན་སྨྲས་མང་པོ་དག །རང་བཞིན་མེད་པར་མངོན་པ་ཡིན། །ཞེས་འབྱུང་ངོ་། །རང་གི་སྡེ་པ་གཉིས་དང་གཉིས་མེད་པའི་ཤེལ་སྒོང་དག་པ་ལྟ་བུ་འདོད་པ་དེའང་རྣམ་པའི་སྒྲིབ་གཡོགས་དང་བྲལ་བའི་ཕྱིར་ངེས་པར་འགྱུར་ན་དབུ་མ་རྒྱན་ལས། དེ་མེད་ན་ནི་ཤེས་དེ་ཡང་། །རྣམ་པ་མེད་པ་ཉིད་ཀྱིས་འགྱུར། །ཤེལ་སྒོང་དག་པ་འདྲ་བ་ཡི། །ཤེས་པ་རབ་ཏུ་ཚོར་བ་མེད། །ཅེས་བཤད་དོ། །གང་ཡང་རང་གི་སྡེ་པ་གཉིས་དང་གཉིས་མེད་པར་སྨྲ་བ་སྣ་ཚོགས་སུ་སྣང་བ་ཤེས་པ་གཅིག་ཏུ་འདོད་པ་དེ་ལའང་དབུ་མ་རྒྱན་ལས་བརྗོད་པ། གལ་ཏེ་སྣ་ཚོགས་དེ་གཅིག་ན། །ནམ་མཁའི་གོས་ཅན་ལུགས་སམ་ཅི། །སྣ་ཚོགས་གཅིག་གི་རང་བཞིན་མིན། །རིན་ཆེན་སྣ་ཚོགས་ལ་སོགས་འདྲ། །སྣ་ཚོགས་གཅིག་པུའི་རང་བཞིན་ན། །སྣ་ཚོགས་ངོ་བོར་སྣང་བ་དང་། །བསྒྲིབས་དང་མ་བསྒྲིབས་ལ་སོགས་པ། །ཐ་དད་འདི་ནི་ཇི་ལྟར་འགྱུར། །ཞེའོ། །ཡང་རང་གི་སྡེ་པ་གཉིས་དང་གཉིས་མེད་པར་སྨྲ་བ་རྣམ་པའི་གྲངས་བཞིན་དུ་ཤེས་པའི་གྲངས་ཀྱང་དེ་ཉིད་དུ་འདོད་པ་དེ་ལའང་ཇི་སྟེ་རྣམ་པའི་གྲངས་བཞིན་དུ། །རྣམ་པར་ཤེས་པ་ཁས་ལེན་ན། །དེ་ཚེ་རྡུལ་ཕྲན་འདྲར་འགྱུར་བའི། །དཔྱད་པ་འདི་ལ་བཟློག་པར་དཀའ། །ཞེས་བཤད་དོ། །གཟུང་འཛིན་གྱི་སྣང་བ་ཀུན་བརྟགས་སུ་འདོད་པ་དེ་ལའང་རིན་པོ་ཆེ་ཕྲེང་བ་ལས། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །ཐོག་མ་དབུས་ཀྱང་བརྟག་པར་བྱ། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་བྱ་བས་བཀག་སྟེ་འོན་ཀྱང་སྐད་ཅིག་ཆ་མེད་ནི་དགག་དཀའ་བར་སྣང་ངོ་། །དེ་ལྟར་དོན་དང་ཤེས་པ་ཐམས་ཅད་ལ་གཅིག་མེད་ལ་དེས་ན་དེས་བསགས་པའི་དུ་མའང་མེད་དོ། །འདི་ནམ་མཁའ་དང་གཟུགས་བརྙན་ལ་སོགས་པ་ལ་ཡོད་པའི་ཕྱིར་འགལ་བ་མ་ཡིན་ལ། དགག་བྱ་དངོས་པོ་ལ་ནི་གཅིག་དང་དུ་མས་ཁྱབ་པའི་ཕྱིར་མི་མཐུན་ཕྱོགས་ལས་ལྡོག་པས་མ་ངེས་པའང་མ་ཡིན་ནོ། །འདི་ལ་མ་དཔྱད་པའི་དངོས་པོ་མི་མཐུན་ཕྱོགས་ཡིན་ལ་དེ་དཔྱད་ན་ནི་མཐུན་ཕྱོགས་ཡིན་ཏེ་ཆོས་དང་རྟགས་གཉིས་ཀ་ཡོད་པའི་ཕྱིར་རོ། །དེ་ལ་ལྡོག་པ་ནི་ཐ་སྙད་པའི་བློས་ཀུན་རྫོབ་ལ་ངེས་པར་བྱེད་ལ། རྗེས་འགྲོ་ནི་དོན་དམ་དཔྱོད་པའི་བློས་སྒྱུ་མ་ལྟ་བུ་དང་མེད་དགག་གི་སྟོང་པ་ཉིད་གཉིས་ལ་ངེས་པར་བྱེད་དོ། །དེའི་ཕྱིར་འདི་མེད་དགག་གི་སྟོང་པ་ཉིད་སྒྲུབ་ན་ནི་ཁྱབ་བྱེད་མ་དམིགས་པ་ཡིན་ལ་མ་ཡིན་དགག་གི་སྟོང་ཉིད་སྒྲུབ་ན་ཐ་སྙད་སྒྲུབ་ཀྱི་རང་བཞིན་ཡིན་ཏེ་དེ་ཁོ་ན་ཉིད་ལ་འཇུག་པ་ལས། རང་བཞིན་མེད་པའི་ཐ་སྙད་དུ། །རུང་བ་ཉིད་དུ་སྒྲུབ་པར་བྱེད། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བ་རང་བཞིན་མེད་པ་ཉིད། །ཅེས་འབྱུང་ངོ་། །དོན་དེ་ཉིད་དབུ་མ་རྒྱན་ལས། བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་བཤད། །རྒྱུ་ལ་དཔྱོད་པའི་རྡོ་རྗེ་གཟེགས་མ་བཤད་པ། །དངོས་ཀུན་མཐའ་བཞིའི་སྐྱེ་བ་དང་། །བྲལ་ཕྱིར་སྐྱེ་བ་མེད་པ་ཡིན། །དེ་ལ་རང་ལས་སྐྱེ་བ་གྲངས་ཅན་གྱི་ལུགས་ནི་བཀག་ཟིན་ཏོ། །རང་གི་སྡེ་པ་དང་གཟེགས་ཟན་ལ་སོགས་པའི་རྗེས་སུ་འབྲང་བ་གཞན་ལས་སྐྱེ་བར་འདོད་པ་དེའང་རྒྱུ་ཞིག་པ་ལས་སྐྱེ་ན་དུས་མཉམ་པ་ལ་ཕན་བྱ་ཕན་བྱེད་མེད་པས་སྐྱེ་བ་མི་རུང་ངོ་། །ལྷ་དང་བཅས་པའི་གྲངས་ཅན་རང་དང་གཞན་གཙོ་བོ་དང་དབང་ཕྱུག་གཉིས་ལས་སྐྱེ་བར་འདོད་པ་དེའང་ཉེས་པ་གཉི་གར་འགྱུར་བས་ཁེགས་སོ། །རྒྱང་འཕེན་པའི་རྒྱུ་མེད་ལས་སྐྱེ་བའང་བསལ་ཟིན་ཏོ། །མི་མཐུན་ཕྱོགས་སྐྱེ་བ་ཙམ་ལ་ནི་མཐའ་བཞི་པོ་དེས་ཁྱབ་པས་འདི་སྐྱེ་བ་ལས་ལྡོག་སྟེ་ཁྱབ་བྱེད་དང་འགལ་བའི་ཕྱིར་རོ། །བློ་གཉིས་ལ་ལྟོས་ནས་གཅིག་ཉིད་མཐུན་མི་མཐུན་གཉི་གའི་དཔེར་འགྱུར་བ་སྔ་མ་བཞིན་ནོ། །དོན་འདི་ཉིད་དབུ་མ་རྩ་བ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་བཤད་དོ། །འདི་ནི་དངོས་པོ་སྨྲ་བའི་བྱེ་བྲག་མ་ལུས་པ་འཇོམས་པ་རྡོ་རྗེའི་གཟེགས་མ་བཞིར་བཤད་དོ། །འབྲས་བུ་ལ་དཔྱོད་པའི་ཡོད་མེད་སྐྱེ་འགོག་བཤད་པ། འབྲས་བུ་ཡོད་ན་སྐྱེ་བས་སྟོང་། །དེ་ཕྱིར་དངོས་ཀུན་སྐྱེ་བ་མེད། འབྲས་བུ་གྲུབ་པ་ནི་སྐྱེ་མི་དགོས་ཏེ་བུམ་པ་གྲུབ་ཟིན་པའང་རྫ་མཁན་ལས་སྐྱེ་བར་ཐལ་བའི་ཕྱིར་རོ། །མ་གྲུབ་པ་སྐྱེ་བའང་མི་རུང་སྟེ་ནམ་མཁའི་པད་མའང་རོལ་པའི་མཚོ་ལས་སྐྱེ་བར་ཐལ་བའི་ཕྱིར་རོ། །གྲངས་ཅན་ལྟར་མི་གསལ་བ་གསལ་བའམ། བྱེ་བྲག་ཏུ་སྨྲ་བ་ལྟར་མ་འོངས་པ་ད་ལྟར་དུ་སྐྱེ་བའང་མི་རུང་སྟེ་གྲུབ་མ་གྲུབ་ལས་མི་འདའ་བའི་ཕྱིར་རོ། །དེས་ན་བློ་གྲོས་ཆེན་པོ་ཡོད་པ་དང་མེད་པ་མ་སྐྱེས་པས་ཆོས་ཐམས་ཅད་མ་སྐྱེས་པ་ཡིན་ནོ་བྱ་བ་དང་། །སྟོང་ཉིད་བདུན་བཅུ་པ་ལས། །ཡོད་པ་ཡོད་ཕྱིར་མི་སྐྱེ་སྟེ། །མེད་པ་མེད་ཕྱིར་སྐྱེ་མ་ཡིན། །ཞེས་འབྱུང་ངོ་། །རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པའི་མུ་བཞི་སྐྱེ་བྲལ་བཤད་པ། མུ་བཞི་སྐྱེ་བ་བྲལ་བའི་ཕྱིར། །དངོས་པོ་འདི་དག་སྐྱེ་བ་མེད། །དེ་ལ་དངོས་པོ་ལས་གཅིག་འགོག་པས་གཅིག་ལས་དུ་མ་སྐྱེ་བ་དང་དུ་མ་ལས་གཅིག་སྐྱེ་བ་ཁེགས་སོ། །གཅིག་ལས་གཅིག་སྐྱེ་བ་ནི་རྒྱུ་འབྲས་གང་རུང་ལ་གཅིག་འགོག་པས་ཁེགས་སོ། །དུ་མ་ལས་དུ་མ་སྐྱེ་བ་ལ་ལུགས་གཉིས་ཏེ་རྒྱུ་རེ་རེ་ལས་འབྲས་བུ་རེ་རེ་སྐྱེ་ན་གཅིག་ལས་གཅིག་སྐྱེ་ཡིན་ལ། རྒྱུ་རེ་རེ་འདུས་ནས་འབྲས་བུ་དུ་མ་སྐྱེད་པ་ནི་རྒྱུ་འབྲས་གཉིས་ཀ་ལ་དུ་མ་བཀག་པས་ཁེགས་སོ། །འདིའང་བདེན་གཉིས་ལས། དུ་མས་དངོས་པོ་གཅིག་མི་བྱེད། །དུ་མས་དུ་མ་བྱེད་མ་ཡིན། །གཅིག་གིས་དུ་མའི་དངོས་མི་བྱེད། །གཅིག་གིས་གཅིག་བྱེད་པའང་མིན། །ཞེས་བཤད་དོ། །དེ་ལྟར་ཡང་དག་པར་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་བཞིས་དེ་བཞིན་ཉིད་སྒྲུབ་པ་བཤད་ནས་ཐ་སྙད་དུ་འགལ་བ་དམིགས་པའི་གཏན་ཚིགས་བཤད་པ། དངོས་ཀུན་བརྟེན་ནས་འབྱུང་བའི་ཕྱིར། །རང་བཞིན་མེད་དེ་རྨི་ལམ་བཞིན། །དེ་ལ་འཁོར་བ་ནི་མ་རིག་པའི་རྟེན་འབྲེལ་ཡིན་ཏེ། ཡུམ་ལས། སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །ཞེས་འབྱུང་ངོ་། །མྱ་ངན་ལས་འདས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟེན་འབྲེལ་ཡིན་ཏེ། ཡེ་ཤེས་ཚུལ་སྒོ་ཐབས་དང་རྩ་བ་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །ཞེས་བཤད་དོ། །དེ་བཞིན་དུ་སྣང་རིག་གི་དངོས་པོ་ཐམས་ཅད་རྒྱུ་རྐྱེན་ཅུང་ཟད་ཙམ་ལ་མི་ལྟོས་པ་ནི་མེད་དོ། །རྗེས་འགྲོ་ནི་གཟུགས་བརྙན་ལ་སོགས་པའི་དཔེ་ལ་མཐོང་བ་ཡིན་ལ། ལྡོག་པ་ནི་རང་བཞིན་གྱི་ཆོས་གསུམ་ལ་རྟེན་འབྲེལ་བཀག་པས་ཁྱབ་པ་ནམ་མཁའ་ལ་གྲུབ་བོ། །ཡང་ན་རྟེན་འབྱུང་ལ་དགག་བྱ་བདེན་པའི་རང་བཞིན་ཁེགས་པས་གྲུབ་ལ་དེ་ཉིད་རང་བཞིན་མེད་པས་ཁྱབ་པའང་ཡིན་ནོ། །དོན་དེ་ཉིད་མ་དྲོས་པས་ཞུས་པ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་བཤད་དོ། །དབུ་མ་རྩ་བ་ལས་ཀྱང་། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་འབྱུང་ངོ་། །གལ་ཏེ་སྟོང་པ་ཉིད་དོན་ལ་བདེན་པར་ཡོད་དམ་ཞེ་ན་དེ་ཡང་མེད་པར་བསྟན་པ། དགག་བྱ་བརྫུན་ཕྱིར་བཀག་པའང་བརྫུན། རྨི་ལམ་གྲོང་ཁྱེར་ཞིག་པ་བཞིན། གཟུགས་ལ་སོགས་པའི་དགག་བྱ་བརྫུན་པར་ནི་སྔར་བསྒྲུབས་ཟིན་ཏོ། །དེ་ལ་བཀག་པ་བརྫུན་པས་ཁྱབ་པ་ནི་རྨི་ལམ་དུ་གྲོང་ཁྱེར་ཞིག་པ་ལས་གྲུབ་བོ། །ལྡོག་ཁྱབ་ནི་བཀག་པ་ཐ་སྙད་དུ་བདེན་པ་ལ་ཁྱབ་པ་བུམ་མེད་དང་བུམ་པ་ལ་གྲུབ་བོ། །འདིའང་དབུ་མ་རྩ་བ་ལས། མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་བྱ་བ་དང་། སྤྱོད་འཇུག་ལས། དེ་ཕྱིར་དངོས་པོ་བརྫུན་པའི་ཕྱིར། །དེའི་དངོས་མེད་གསལ་བར་བརྫུན། །ཞེས་བྱ་བ་དང་། བདེན་གཉིས་ལས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་དུ་ན་བཀག་མེད་གསལ། །ཞེས་བྱ་བ་དང་། དབུ་མ་རྒྱན་ལས། སྐྱེ་ལ་སོགས་པ་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །ཡུལ་མེད་པ་ལ་དགག་པ་ཡི། །སྦྱོར་བ་ལེགས་པ་ཡོད་མ་ཡིན། །ཞེས་བཤད་དོ། །དེའི་ཕྱིར་དོན་དམ་པ་ནི་ཡོད་མེད་ཀྱི་མཐའ་དང་བྲལ་བར་གྲུབ་པ་ཡིན་ནོ། །དེས་ན་འཕགས་པ་ལྷས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་མིན་བདག་ཉིད་དུ་ཡང་མེད། །མཐའ་བཞི་ལས་ནི་ངེས་གྲོལ་བའི། །དེ་ཉིད་དབུ་མ་པ་ཡིས་རྟོགས། །ཞེས་བཤད་དོ། །དེ་འདྲའི་དགག་པ་སྣ་ཚོགས་པ། །རིགས་པའི་ངོར་ནི་བྱས་པ་ཡིན། །ཀུན་རྫོབ་ཏུ་ནི་མི་འགོག་པས། །ཆད་པའི་ལྟ་བར་འགྱུར་མ་ཡིན། །འདི་ལ་འབའ་བྱ་ལ་སོགས་པ་དོན་དམ་པར་འགོག་པར་འདོད་ལ། །སློབ་དཔོན་ཟླ་གྲགས་ལ་སོགས་པ་ཀུན་རྫོབ་དུའང་འགོག་པར་འདོད་དོ། །དེ་ལ་སྤྲོས་པ་མེད་པའི་དོན་དམ་པ་ནི་དགག་སྒྲུབ་གང་གིའང་གནས་མ་ཡིན་ལ་སྣང་བ་ཙམ་དུ་བཀག་ན་ནི་ཆད་པ་ཉིད་དུ་འགྱུར་རོ། །དེས་ན་གཞན་གྱིས་བདེན་པར་བརྟགས་པ་རིགས་པའི་ངོར་དགག་པ་བྱེད་པ་ཡིན་ཏེ་བདེན་གཉིས་ལས། །སྣང་བའི་ངོ་བོ་གང་ཡིན་པ། །དེ་ནི་འགོག་པ་མ་ཡིན་ཉིད། །ཉམས་སུ་མྱོང་ལ་འགའ་ཡང་ནི། །དགག་པར་རིགས་པ་མ་ཡིན་ནོ། །ཞེས་བྱ་བ་དང་གཞན་གྱིས་ཡོངས་སུ་བརྟགས་པ་འགོག་ཅེས་བཤད་དོ། །སྤྱོད་འཇུག་ལས་ཀྱང་། ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་བཟློག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པའི། །བདེན་པར་རྟོག་པ་བཟློག་བྱ་ཡིན། །ཞེས་བྱ་བ་དང་དབུ་མ་རྒྱན་ལས་ཀྱང་། བདག་ནི་སྣང་བའི་ངང་ཅན་གྱི། །དངོས་པོ་དགག་པར་མི་བྱེད་དེ། །དེ་ལྟ་བས་ན་བསྒྲུབ་པ་དང་། །སྒྲུབ་པ་གཞག་པ་འཁྲུགས་པ་མེད། །རྒྱུ་དང་འབྲས་བུའི་དངོས་པོ་འདི། །ཀུན་རྫོབ་ཏུ་ནི་མ་བཟློག་པས། །ཀུན་ནས་ཉོན་མོངས་རྣམ་བྱང་སོགས། །རྣམ་པར་གཞག་པ་འཁྲུགས་པ་མེད། །དོན་དམ་པའི་ཚུལ་ལ་སྡང་བས་དབང་སྒྱུར་བྱེ་བྲག་སྨྲ་བ་ལ་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་འདི་ནི་མེད་པ་བར་སྤྱི་བོ་ནས་དབང་བསྐུར་བ་ཡིན་ནོ། །ཞེས་སྨྲ་བ་དང་། དེ་ལྟར་རྒྱུ་དང་འབྲས་བུ་སྐུར་འདེབས་པ། །ལོག་ལྟས་དཀར་ཕྱོགས་དྲུངས་འབྱིན་དམ་ཆོས་ཀྱི། །ལོ་ཏོག་སེར་བ་ནམ་མཁའི་མེ་ཏོག་འདི། །ལེགས་འདོད་རྣམས་ཀྱིས་རྒྱང་སྤྲིང་སྤང་བར་བྱ། །ཞེས་སྨྲ་བ་དག་གི་ཕྱིར་འདི་བརྗོད་ཞེས་བཤད་དོ། །དེ་ཁོ་ན་ཉིད་ལ་འཇུག་པ་ལས་ཀྱང་། ཡང་དག་ལྟ་བ་ཕྲ་རབ་ཀྱི། །ངོ་བོ་ཡང་ནི་མི་དམིགས་སོ། །དེ་ཕྱིར་རང་བཞིན་མེད་སྨྲ་བའི། །སྣང་བ་བསལ་ཕྱིར་མ་ཡིན་ནོ། །ཞེས་བཤད་དོ། །དོན་དེ་དག་ཀྱང་ལང་ཀར་གཤེགས་པ་ལས། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། །དམ་པའི་དོན་དུ་ཡོད་མ་ཡིན། །ཆོས་རྣམས་ངོ་བོ་ཉིད་མེད་པ། །དམ་པའི་དོན་དུ་ཉེ་བར་བསྟན། །ཞེས་སངས་རྒྱས་ཉིད་ཀྱིས་གསལ་བར་བཤད་དོ། །དེ་ཕྱིར་ཐེག་པ་ཆེན་པོ་ཡི། །བཞོན་པ་སེམས་ཙམ་དབུ་མ་ལ། །ཞོན་ནས་ཐར་པར་གང་འགྲོ་བ། །སངས་རྒྱས་མྱུར་དུ་འཐོབ་ཅེས་གསུངས། །དབུ་མ་རྒྱན་ལས། ཚུལ་གཉིས་ཤིང་རྟ་ཞོན་ནས་སུ། །རིགས་པའི་སྲབ་སྐྱོགས་འཇུག་བྱེད་པ། །དེ་དག་དེས་ཕྱིར་ཇི་བཞིན་དོན། །ཐེག་པ་ཆེན་པོ་ས་ཉིད་འཐོབ། །ཚུལ་གཉིས་བརྗོད་པས་བསྡུས་པ་དེ་བཞིན་གཤེགས་པ་རྣམས་གཤེགས་ཤིང་རྗེས་སུ་གཤེགས་པའི་ཐེག་པ་ཆེན་པོས་དངོས་པོ་མཐའ་དག་རང་བཞིན་མེད་པར་ཁོང་དུ་ཆུད་པར་བྱེད་དེ་ཤིང་རྟ་ཆེན་པོ་ཞོན་པ་དག་རྟ་ཁ་བསྡམས་པའི་སྲབ་སྐྱོགས་ལེགས་པར་བཟུང་བ་བཞིན་དོན་དང་ལྡན་པའི་ཐེག་པ་ཆེན་པོ་ཡང་དག་པར་མཐོང་བར་བྱེད་དོ་ཞེས་བཤད་དོ། །སློབ་དཔོན་ཟླ་བ་གྲགས་པས་ཀྱང་། ལྷའི་ཐེག་དང་ཚངས་པའི་ཐེག །ཉི་ཚེ་བའི་ཐེག་པ་གང་། ཐམས་ཅད་ཐེག་པ་ཆེན་པོ་ཡི། །གནས་ཆེན་འདིར་ནི་འདུ་བར་འགྱུར། །དེ་ཕྱིར་འདི་ནི་ཐེག་ཆེན་ནམ། །གང་ཕྱིར་ཆེ་རྣམས་ཀྱིས་བསྟེན་པའི། །ཡོན་ཏན་ཆེན་པོ་ཉིད་ཀྱི་ཕྱིར། །ཆེ་རྣམས་ཀྱིས་འདི་བཟུང་བ་ཡི། །ཡོན་ཏན་ཕུང་པོ་ཆེན་པོར་ནི། །མྱ་ངན་འདས་རྣམས་ཕན་འདོགས་པའམ། །དམ་པ་རྣམས་ཀྱིས་མཆོད་པའི་ཕྱིར། །འདི་ནི་ཐེག་པ་ཆེན་པོར་འདོད། །ཅེས་བཤད་དོ། །གལ་ཏེ་ཚུལ་གཉིས་པོ་འདི་ནི་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་དང་སེར་སྐྱས་ཀྱང་བཤད་པ་མ་ཡིན་ནམ་ཞེ་ན། དེ་དག་གིས་ནི་འདི་དང་ཆ་མཐུན་པ་ཙམ་བཤད་པ་མ་ཡིན་ཏེ་བདག་རྟག་པར་ལྟ་བའི་སེམས་ཙམ་དང་དབུ་མ་བཤད་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་གི་ཚུལ་གཉིས་ཀྱིས་ནི་ཐར་པ་མི་འཐོབ་ཏེ་ཏིང་ངེ་འཛིན་རྒྱལ་པོ་ལས། ཆོས་ཀུན་རྟག་ཏུ་རང་གི་ངོ་བོས་སྟོང་། །རྒྱལ་བའི་སྲས་པོ་དངོས་པོ་རྣམ་པར་འཇིག །སྲིད་པ་ཐམས་ཅད་ཡོང་ཡེ་སྟོང་པ་སྟེ། །ཉི་ཚེའི་སྟོང་པ་མུ་སྟེགས་ཅན་རྣམས་ཀྱི། །ཞེས་གསུངས་སོ། །དེའི་ཕྱིར་ཉི་ཚེ་བ་མ་ཡིན་པའི་སྟོང་པ་ཉིད་ནི་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པ་ཡིན་ཏེ། དབུ་མ་རྒྱན་ལས། ཁྱབ་དང་དབང་ལ་སོགས་མ་མྱོང་། །དཔག་ཏུ་མེད་པ་གནས་པའི་རྒྱུ། །འཇིག་རྟེན་སྤྱི་བོར་གྱུར་པས་ཀྱང་། །ཤིན་དུ་མྱོང་བ་མ་ཡིན་པ། །ཡང་དག་བདུད་རྩི་དག་པ་འདི། །ཐུགས་རྗེ་དག་པའི་རྒྱུ་ཅན་གྱི །དེ་བཞིན་གཤེགས་པ་མ་གཏོགས་པ། །གཞན་གྱི་ལོངས་སྤྱོད་མ་ཡིན་ནོ། །ཞེས་འབྱུང་ངོ་། །གལ་ཏེ་ཚུལ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་པར་གང་ཡིན་ཞེ་ན། །གཉིས་མེད་སེམས་ནི་དོན་དམ་དུ། །འདོད་དང་མི་འདོད་ཁྱད་པར་ཡིན། །དབུ་མ་པ་ནི་གཉིས་མེད་ཀྱི་ཤེས་པ་དོན་དམ་གྱི་ཡོད་པར་མི་འདོད་དེ་འཕགས་པའི་ལྷས་རྣམ་ཤེས་དམ་པའི་དོན་ལྡན་པ། །དེ་ཡང་བརྟན་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་ཕྱིར་ནམ་མཁའི་པད་མ་བཞིན། །ཞེས་བཤད་དོ། །དེའི་ཕྱིར་འདི་གཉིས་ཀྱི་ཁྱད་པར་ཀུན་གཞི་དང་སེམས་ཙམ་འདོད་མི་འདོད་ལ་སོགས་པ་གཞན་དུ་སྨྲ་བ་དེ་དག་གིས་ནི་འདི་གཉིས་ཀྱི་ལུགས་ཡོངས་སུ་རྫོགས་པ་མ་ཤེས་པ་ཡིན་ནོ། །དེས་ན་ཀུ་མཱ་ར་རི་ལས། དོན་སྟོང་རྣམ་པར་ཤེས་དེ་ལ། །རྣལ་འབྱོར་སྤྱོད་པ་ཡང་དག་བརྟེན། །དབུ་མར་སྨྲ་བ་གང་ཡིན་པ། །དེའི་དངོས་པོའང་མེད་པར་འདོད། །ཅེས་གང་སྨྲས་པ་དེའང་དེ་ཁོ་ན་ལྟར་ཡིན་ནོ། །འདི་དག་རྒྱས་པ་ནི་དབུ་མ་རྒྱན་གྱི་མེ་ཏོག་ན་ཡོད་དོ། །གྲུབ་པའི་མཐའ་བཤད་པ་ལས་དབུ་མའི་ལུགས་བཤད་པའི་རབ་ཏུ་བྱེད་པ་སྟེ་ཉི་ཤུ་པའོ།།  །།

 

 

གཞན་དུ་འཆད་པའི་ལུགས་བརྟག་པ།

 

ད་ནི་སངས་རྒྱས་པ་རྣམས་ཀྱི་གྲུབ་པའི་མཐའ་རྣམ་པ་གཞན་དུ་འཆད་པའི་ལུགས་བརྟག་པར་བྱ་སྟེ། ཁ་ཅིག་ཐེག་པ་རིམ་པ་དགུ །སངས་རྒྱས་པའི་གྲུབ་མཐར་འདོད། །ཐེག་པ་རིམ་དགུ་གྲུབ་པའི་མཐའ། །མཁས་པ་རྣམས་ཀྱིས་བཤད་པ་མེད། །འདི་ལ་ཁ་ཅིག་ནི་སངས་རྒྱས་པའི་གྲུབ་མཐའ་བཞི་དང་རྒྱུད་སྡེ་བཞི་དང་དགྱེས་པའི་རྡོ་རྗེ་སྟེ་དགུ་ལ་འདོད་ལ། གཞན་དག་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟེ་ཕ་རོལ་དུ་ཕྱིན་པ་གསུམ་དང་། བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་དང་རྗེས་སུ་རྣལ་འབྱོར་དང་ཤིན་དུ་རྣལ་འབྱོར་ཏེ་གསང་སྔགས་ལ་དྲུག་འདོད་དོ། །དེ་ནི་དེ་ལྟར་མ་ཡིན་ཏེ་མདོ་རྒྱུད་ཟབ་མོ་རྣམས་ལས་འདིའི་གསུང་རབ་གཞན་ཐམས་ཅད་ལས་ཁྱད་པར་འཕགས་པ་ཡིན་ནོ། །ཞེས་གསུངས་པ་དེ་ནི་དེ་ཤིན་དུ་བསྔགས་པས་གདུལ་བྱ་རྣམས་དེ་ལ་གུས་པར་བྱ་བའི་ཕྱིར་ཡིན་གྱི་དེ་ལ་ཐེག་པའི་རིམ་པ་ཐ་དད་དུ་སྟོན་པས་ཁྱབ་པ་ནི་མེད་དོ། །གང་ཡང་བྱ་བའི་ཀུན་ཏུ་སྤྱོད་པ་དང་རྣལ་འབྱོར་གྱི་སྒོམ་པ་ལ་སོགས་པ་ཅུང་ཟད་ཐ་དད་པས་ནི་ཐེག་པ་ཐ་དད་དུ་བརྟག་པར་མི་བྱ་སྟེ་དེ་འདྲ་བ་ནི་མདོ་དང་རྒྱུད་དང་བསྟན་བཅོས་དང་སྒྲུབ་ཐབས་སྣ་ཚོགས་པ་རྣམས་ནས་མཐའ་ཡས་པ་འབྱུང་བའི་ཕྱིར་དགུར་ཆ་ཤས་ཙམ་ཡང་འདུས་པ་མེད་དོ། །དེ་ལྟ་མ་ཡིན་ན་རྡོ་རྗེ་རྣམ་འཇོམས་དང་ཡི་གེ་དྲུག་པ་ལ་སོགས་པའང་ཐེག་པའི་རིམ་པ་གཞན་དུ་ཐལ་བར་འགྱུར་ཏེ། རྣམ་འཇོམས་ནི་རྒྱུད་ཐམས་ཅད་ཀྱི་རྩ་བར་བཤད་ལ་ཟ་མ་ཏོག་བཀོད་པ་ལས་རྣལ་འབྱོར་གཞན་རྣམས་ནི་ཕུབ་མ་དང་འདྲ་ལ་ཡི་གེ་དྲུག་པ་ནི་འབྲས་བུ་སྣེའུ་དང་འདྲའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ། མ་བྱུང་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་དང་བདེ་མཆོག་ལ་སོགས་པ་ལས་ཀྱང་ཁྱད་པར་སྣ་ཚོགས་པ་བཤད་པ་ཡོད་དོ། །དེས་ན་ལྟ་དང་སྤྱོད་པ་དང་། །སྒོམ་པ་དང་ནི་དབང་ལ་སོགས། །དབྱེ་བ་ཐ་དད་མེད་པ་ལ། །ཐ་དད་བྱས་པ་འཁྲུལ་པ་ཡིན། །གསང་སྔགས་ཀྱི་ལྟ་བ་རྣམས་ནི་དབུ་མ་དང་སེམས་ཙམ་གཉིས་སུ་མ་འདུས་པ་ཅུང་ཟད་ཀྱང་མེད་དོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡོད་པ་མ་ཡིན་ནམ་ཞེ་ན་ཡེ་ཤེས་དེའང་སྟོང་པར་འདོད་ན་ནི་དབུ་མའི་ལྟ་བ་ཡིན་ལ། གཉིས་མེད་ཀྱི་ཤེས་པ་བདེན་པར་འདོད་ན་ནི་སེམས་ཙམ་གྱི་ལྟ་བ་ཡིན་ནོ། །གསང་སྔགས་ཀྱི་དོན་རྒྱས་པ་ནི་རྒྱུད་སྡེ་རྒྱན་གྱི་མེ་ཏོག་ན་ཡོད་དོ། །ཡེ་ཤེས་མྱུར་དུ་སྐྱེ་བས་ནི་ཐེག་པ་ཐ་དད་དུ་བརྟག་པར་མི་བྱ་སྟེ། མདོ་ལས་ཆོས་ཅུང་ཟད་བསྟན་པས་ལྷ་དང་མི་དུ་མ་གྲོལ་བར་བཤད་པ་རྣམས་ཀྱང་ཐེག་པ་ཐ་དད་དུ་ཐལ་བའི་ཕྱིར་རོ། །སེམས་ཅན་ཡེ་ནས་སངས་རྒྱས་སུ་སྟོན་པ་ལ་སོགས་པ་ནི་རིགས་ལ་དགོངས་པ་ཡིན་ལ་དེའང་ཏིང་ངེ་འཛིན་རྒྱལ་པོ་ལས། བདེ་གཤེགས་སྙིང་པོ་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་བཤད་དོ། །སྤྱོད་པ་གཞན་དང་མི་འདྲ་བ་ནི་དོན་ཡོད་ཞགས་པའི་རྒྱུད་ལས་ཀྱང་བཤད་དོ། །སྒོམ་སྤང་དང་དབང་གི་ཚུལ་ཀྱང་མཐའ་ཡས་པ་ལས་རྒྱུད་སྡེ་མ་ལུས་པ་ལ་མཁས་པ་རྣམས་ཀྱིས་དེ་གཉིས་ཀྱི་ཚུལ་འདི་ལས་མི་འདའ་ཞེས་བསྡུས་པ་རྡོ་རྗེའི་ཕྲེང་བ་ལ་སོགས་པའི་རྗེས་སུ་འབྲང་དགོས་པ་ཡིན་གྱི་བོད་བླུན་པོ་རང་རིགས་ཀྱི་རྒན་པོའི་ལུགས་ལ་ཆགས་པ་ཅུང་ཟད་ཤེས་པ་རྣམས་ཀྱིས་རྒྱུད་ཚིག་ཅུང་ཟད་ལ་བརྟེན་ནས་ཐ་དད་སྣ་ཚོགས་བྱས་པ་དེ་ནི་རང་དགའ་ཁོ་ན་ཡིན་ནོ། །དཔེར་ན་ལུང་སྡེ་བཞི་ནས་འདུལ་བའི་ཆོ་གའི་རིམ་པ་མཐའ་ཡས་པ་བཤད་པ་དེའང་བཙུན་པ་ཡོན་ཏན་འོད་ཀྱིས་ཀར་མ་ཤ་ཏམ་དུ་བསྡུས་པ་ལ་ཐམས་ཅད་བསྟེན་པ་བཞིན་ནོ། །བསྟན་པ་དགུ་ཞེས་གང་གསུངས་པ། སྡེ་སྣོད་གསུམ་གྱི་དབྱེ་ཚུལ་ཡིན། །དམ་པའི་ཆོས་པདྨ་དཀར་པོ་ལས། །ང་ཡིས་བསྟན་པ་རྣམ་པ་དགུ་པོ་ཡང་། །སེམས་ཅན་དག་གི་མཐུ་དང་མོས་པས་བཤད། །ཅེས་བྱ་བ་དང་། ཚིག་གསལ་ལས་སངས་རྒྱས་རྣམས་ཀྱི་བསྟན་པ་རྣམ་དགུ་ཞེས་འབྱུང་བ་དེ་ནི་མདོ་སྡེ་རྒྱན་ལས་བསྡུས་པའི་ཕྱིར་ཏེ་རྒུ་ནའི་དགུས་འདོད་དོ་ཞེས་བཤད་པའི་སྡེ་སྣོད་གསུམ་ལ་རྣམ་པ་དགུར་འབྱེད་པའི་ཚུལ་ཡིན་ཏེ་དེའི་འགྲེལ་པ་བསྟན་པ་རྒྱན་གྱི་མེ་ཏོག་ན་ཡོད་དོ། །རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་ལ་སོགས་པ་ནི་སྒོམ་པའི་རིམ་པར་སློབ་དཔོན་ཟླ་བའི་ན་བཟའ་ཅན་དང་ཀུན་དགའ་སྙིང་པོ་ལ་སོགས་པ་མཁས་པ་རྣམས་ཀྱིས་བཤད་དོ། །དེས་ན་རྒྱུ་ཆོས་རྣམ་གཉིས་ལ། །འབྲས་བུ་ལྷག་བཅས་ལྷག་མེད་གཉིས། །དེར་ནི་ཐར་པའི་ཆོས་ཀུན་འདུས། །ཞེས་ནི་རྒྱལ་སྲས་རྣམས་ཀྱིས་གསུངས། །མཐོ་རིས་ལའང་ངན་སོང་ལས་ཐར་བས་ཐར་པ་ཞེས་བརྗོད་དོ། །དེ་ལ་ཀུན་རྫོབ་ཏུ་སེམས་ཅན་ལ་འཚེ་བ་སྤོང་བ་དང་དོན་དམ་པར་བདག་མེད་གཉིས་ལ་གོམས་པར་བྱེད་པ་ནི་མཐོ་རིས་དང་ཐར་པ་ཐོབ་པར་བྱེད་པའི་ཐབས་ཐམས་ཅད་འདུས་པ་ཡིན་ཏེ་འཕགས་པ་ལྷས། མདོར་ན་ཆོས་ནི་མི་འཚེ་སྟེ། །མྱ་ངན་འདས་པ་སྟོང་པ་ཉིད། །འདི་ལ་དེ་གཉིས་འབའ་ཞིག་ཞེས། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་བྱ་བ་དང་དཔལ་ངག་གི་དབང་ཕྱུག་གྲགས་པས་ཀྱང་། མི་འཚེ་བ་ནི་ཆོས་ཀྱི་མཆོག་ཡིན་པར། །གྲུབ་པའི་མཐའ་ནི་ཀུན་ལ་འདོད། །རྟག་ཏུ་དེ་ཉིད་ལ་བསླབས་ན། །འཆི་བདག་རིམ་གྱིས་ཐག་བསྲིངས་ཡིན། །ཞེས་བཤད་དོ། །འབྲས་བུ་ནི་དགྲ་བཅོམ་པ་དང་རང་སངས་རྒྱས་དང་སངས་རྒྱས་རྣམས་འཁོར་བའི་འཆིང་བ་ལས་ཕུང་པོ་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་གཉིས་ཡོན་ཏན་སྣ་ཚོགས་པའི་ཁྱད་པར་དང་བཅས་པ་ཡིན་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོས་སྤེལ་མར་བསྟོད་པ་ལས། བསེ་རུའི་རྭ་དང་འདྲ་གང་དང་། །གང་ཡང་ཁྱོད་ཀྱི་རྗེས་འགྲོ་སློབ། །ཞི་བ་ཙམ་གྱིས་ཁྱོད་དང་མཚུངས། །བསམ་ཡས་ཡོན་ཏན་ཚོགས་ཀྱིས་མིན། །ཞེས་བཤད་དོ། །དེ་ལ་རང་སངས་རྒྱས་རྣམས་ཀྱི་ལམ་གྱི་བགྲོད་ཚུལ་ནི་ཉན་ཐོས་དང་ཆ་མཐུན་པའི་ཕྱིར་དང་། གང་ཟག་འདི་གྲུབ་མཐའ་སྨྲ་བ་མ་ཡིན་པའི་ཕྱིར་མཁས་པ་རྣམས་ཀྱིས་འདིའི་གྲུབ་མཐའ་མ་བྱས་སོ། །དེས་ན་ཐེག་པ་ནི་གཉིས་སམ་གསུམ་ཡིན་ལ་དེ་དག་གི་བྱེ་བྲག་གི་དབྱེ་བ་ཡང་སྔར་བཤད་པ་ཁོ་ན་ལྟར་ཡིན་ནོ་ཞེས་གནས་སོ། །གྲུབ་པའི་མཐའ་བཤད་པ་ལས་གཞན་དུ་འཆད་པའི་ལུགས་བརྟག་པའི་རབ་ཏུ་བྱེད་པ་སྟེ་ཉི་ཤུ་རྩ་གཅིག་པའོ།།  །།

གང་ཞིག་རང་གཞན་འདོད་ཚུལ་སྣ་ཚོགས་རྣམས། །ལེགས་པར་ཤེས་ནས་ཐར་པའི་ལམ་དུ་འཇུག །དེ་ནི་ལོག་ལྟའི་ཐང་ལ་མི་འཁྱམ་ཞིང་། །མཐོ་རིས་ཐར་པའི་གྲོང་དུ་ཕྱིན་པར་འགྱུར། །རང་གཞན་གྲུབ་མཐའ་ལེགས་པར་མི་ཤེས་པར། །མཁས་པར་རློམ་ཞིང་མཁས་ཞེས་གང་སྨྲ་བ། །དགའ་བའི་དབྱངས་རྣམས་འགྱིང་ཞིང་སྒྲ་སྒྲོགས་ཀྱང་། །རབ་བརྗིད་སེང་གེའི་ང་རོར་འགྲོ་མི་སྲིད། །ཤེས་བྱའི་གནད་ཀུན་མཁས་ལ་མ་བསླབས་པར། །བཀླགས་པ་ཙམ་གྱིས་གཞུང་བརྒྱ་ཤེས་ཟེར་བ། །དེས་ནི་གཞུང་བརྒྱ་དེ་ཉིད་མི་ཤེས་ཏེ། །ཕ་ཝང་བྱ་རྒྱལ་ཡིན་ཞེས་ཟེར་དང་མཚུངས། །མཁས་པའི་གསུང་རབ་རྒྱ་མཚོ་མི་ཤེས་པར། །ཆུ་ཐིགས་ཙམ་ཞིག་ཤེས་པས་སེམས་ཁེངས་པ། །དེ་ཀུན་ཁྲོན་པར་གནས་པའི་རུས་སྦལ་རྣམས། །རྒྱ་མཚོའི་བདག་པོར་རློམ་དང་འདྲ་བ་ཡིན། །རང་གཞན་གཞུང་ལ་སྦྱངས་པའི་གཤོག་པ་ཡིས། །གནས་གསུམ་ཤེས་བྱའི་ནམ་མཁའ་རབ་ཡངས་པ། །གཞན་གྱིས་མ་བགྲོད་བགྲོད་དཀའི་མཐར་འགྲོ་བ། །དེ་ནི་བྱའི་རྒྱལ་པོ་འདྲ་ཞེས་གསུངས། །དེ་ལྟར་ཤེས་བྱའི་གནས་ལ་རང་གཞན་གྱིས། །ལེགས་བཤད་ཉེས་བཤད་རྣམ་པར་ཕྱེ་བ་ལས། །བྱུང་བའི་བསོད་ནམས་དྲི་མེད་འོད་ཟེར་གྱིས། །འགྲོ་བའི་མ་རིག་མུན་པ་སེལ་བར་ཤོག །ཕྱི་ནང་བསྟན་པའི་པད་མོའི་ཚལ། །དགག་སྒྲུབ་བུང་བའི་ཕྲེང་བས་འཁྲིགས། །ཁོ་བོའི་བློ་གྲོས་ཉི་མས་ཕྱེ། །མཁས་པ་འདོད་རྣམས་འདི་གཟིགས་མཛོད། །གྲུབ་པའི་མཐའ་རྣམ་པར་དབྱེ་བ་རྒྱན་གྱི་མེ་ཏོག་ཅེས་བྱ་བ་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ལ་བློའི་ཉི་མའི་འོད་གསལ་བ་མང་དུ་ཐོས་པའི་དགེ་སློང་བཅོམ་ལྡན་རལ་གྲིས་སྦྱར་བ་འདི་རྫོགས་སོ། །དགེའོ།། །།

བརྒྱུད་སྐུལ།

མཆན་སྤེལ།