ཐུབ་པའི་དབང་པོའི་རྣམ་པར་ཐར་པ་ལ་བསྟོད་པ་བདུད་དཔུང་ཕྱེ་མར་འཐག་པ།

ཐུབ་པའི་དབང་པོའི་རྣམ་པར་ཐར་པ་ལ་བསྟོད་པ་བདུད་དཔུང་ཕྱེ་མར་འཐག་པ།

༄༅། །བཅོམ་ལྡན་འདས་ཐུབ་པའི་དབང་པོའི་རྣམ་པར་ཐར་པ་ལ་བསྟོད་པ་བདུད་དཔུང་ཕྱེ་མར་འཐག་པ་ཞེས་བྱ་བ་བཞུགས་སོ།།[1]

 

བདུད་དཔུང་ཕྱེ་མར་འཐག་པ་ཞེས་བྱ་བ། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ལ་ཕྱག་འཚལ་ལོ། །གསེར་གྱི་ལྷུན་པོ་ཉིན་བྱེད་འབུམ་གྱི་འོད། །ཀུན་ནས་འཕྲོ་བ་བས་ཀྱང་མདངས་གསལ་ཞིང་། །མཚན་དཔེའི་དཔལ་འབར་གཟི་བརྗིད་ཕུང་པོའི་སྐུ། །ཐུབ་པའི་ཞབས་པད་བདག་གི་སྤྱི་བོར་ཞོག །ཐེ་ཚོམ་དྲ་བ་མ་ལུས་གཅོད་པའི་མཚོན། །ཁམས་གསུམ་དབུགས་འབྱིན་བདུད་དཔུང་སྐྲག་མཛད་པའི། །ཐུབ་པའི་གསུང་དབྱངས་ཡན་ལག་དྲུག་ཅུའི་སྒྲས། །འགྲོ་ཀུན་མ་རིག་གཉིད་ལས་ད་ལོངས་ཤིག །

ཤེས་དང་ཤེས་བྱའི་སྤྲོས་པ་མི་མངའ་ཡང་། །ཤེས་བྱ་མ་ལུས་པ་ལ་གང་གི་ཐུགས། །སྐད་ཅིག་གཅིག་གིས་མངོན་སུམ་ཁྱབ་མཛད་པ། །ཐུབ་པའི་མཁྱེན་བརྩེས་འགྲོ་འདི་རྟག་ཏུ་སྐྱོངས། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །གྲངས་མེད་གསུམ་དུ་རྒྱལ་བ་རྒྱ་མཚོའི་ཚོགས། །བསྟེན་པས་ས་ལམ་མཐར་ཕྱིན་རྩོད་དུས་འདིར། །མངོན་པར་སངས་རྒྱས་ཁྱོད་ལ་བསྟོད་པར་བགྱི། །སྐྱེ་བ་གཅིག་གིས་ཐོགས་པར་དགའ་ལྡན་དུ། །དམ་པ་ཏོག་དཀར་ཉིད་དུ་སྐུ་འཁྲུངས་ཏེ། །གྲངས་མེད་ལྷ་རྣམས་དམ་ཆོས་བདུད་རྩིའི་རོས། །ཀུན་ཏུ་ཚིམ་པར་མཛད་ལ་ཕྱག་འཚལ་ལོ། །དེ་ཚེ་ཚིགས་སུ་བཅད་པའི་སྒྲས་བསྐུལ་ཞིང་། །འདུལ་བའི་ཡུལ་དུས་གླིང་དང་རིགས་མཁྱེན་ནས། །ང་ནི་འཛམ་བུའི་གླིང་དུ་འཕོ་བས་ན། །བག་ཡོད་བསྟེན་ཅེས་ལྷ་ཡི་ཚོགས་ལ་གདམས། །ལྷ་རྣམས་མགོན་དང་བཅས་པར་བྱ་ཕྱིར་དུ། །ཉིད་ཀྱི་ཅོད་པན་བྱམས་པའི་དབུ་ལ་བཅིང་། །ཁྱོད་ནི་ང་ཡི་འོག་ཏུ་འཚང་རྒྱ་ཞེས། །ལུང་བསྟན་རྒྱལ་ཚབ་མཆོག་ཏུ་དབང་ཡང་བསྐུར། །ལྷ་ལས་བབས་ནས་སྟོང་གསུམ་འོད་ཀྱིས་བཀང་། །ཕུན་ཚོགས་གླང་ཆེན་དཀར་པོ་ལྟར་གཤེགས་ཏེ། །ལྷ་མོ་ལས་ལྷག་ལྷ་མོ་སྒྱུ་འཕྲུལ་ནི། །གསོ་སྦྱོང་མཛད་པའི་ལྷུམས་སུ་ཞུགས་པར་གྱུར། །འདམ་ལས་སྐྱེས་པ་འདམ་གྱིས་མ་གོས་ལྟར། །ལྷུམས་སུ་བཞུགས་ཀྱང་མངལ་གྱི་དྲི་མས་དབེན། །མངལ་དུ་ལྷ་ཡི་ཕོ་བྲང་ཡིད་འཕྲོག་པར། །མཚན་དང་དཔེ་བྱད་བཟང་པོའི་རྒྱན་གྱིས་སྤྲས། །དེ་ཚེ་ལྷ་རྣམས་ཀུན་གྱིས་སོ་སོ་ནས། །ལྷ་ཡི་གཞལ་མེད་ཁང་ཆེན་ཡུམ་ལ་ཕུལ། །ཉིད་ཀྱི་མཐུ་ཡིས་བདག་གི་ཁྱིམ་ཁོ་ནར། །ཡུམ་ནི་བཞུགས་སོ་སྙམ་དུ་རིག་པར་གྱུར། །རྒྱལ་བ་ཡུམ་གྱི་ལྷུམས་ན་བཞུགས་པའི་ཚེ། །ཚངས་དང་དབང་པོ་འཇིག་རྟེན་སྐྱོང་བ་རྣམས། །ཉིན་བཞིན་ཉིད་ཀྱི་དྲུང་དུ་ལྷགས་གྱུར་ཏེ། །མཆོད་སྤྲིན་རྒྱ་མཚོས་མཆོད་ཅིང་ཆོས་ཀྱང་ཉན། །དེ་ནས་སྐྱེད་མོས་ཚལ་དུ་མེ་ཏོག་རྒྱས། །གཏེར་རྣམས་ཁ་བྱེ་རིན་ཆེན་མྱུ་གུ་འཐོན། །རིན་པོ་ཆེ་ཡི་ལྗོན་ཤིང་འཁྲུངས་པ་སོགས། །ངོ་མཚར་སྔ་ལྟས་སུམ་ཅུ་རྩ་གཉིས་བྱུང་། །གཞོན་ནུ་བཙལ་བའི་དུས་ལ་བབ་པ་ན། །ལྷ་མོ་ལུམྦིའི་ཚལ་དུ་ཆས་པ་ལ། །ཚངས་དབང་འཇིག་རྟེན་སྐྱོང་བས་ཞམ་རིང་བྱས། །འཆི་མེད་བུ་མོས་ནམ་མཁའི་དཀྱིལ་ནས་མཆོད། །ལུམྦིའི་ཚལ་དུ་བླཀ་ཤའི་སྡོང་པོ་ལ། །སྤྲིན་དཀར་དཀྱིལ་ནས་གློག་འཕྲེང་འཁྱུག་འདྲ་བའི། །ལག་པ་གཡས་པས་ཡལ་ག་བཟུངས་པའི་ཚེ། །རྩིབས་ལོགས་གཡས་ནས་གཞོན་ནུ་བདེ་བར་འཁྲུངས། །བལྟམས་མ་ཐག་ཏུ་ཚངས་དང་དབང་པོས་བླངས། །དྲི་མེད་སྤོས་ཆུས་བཀྲུས་ཏེ་མེ་ཏོག་གཏོར། །ས་ལ་པདྨ་ཆེན་པོ་རྡོལ་གྱུར་ཅིང་། །མཁའ་ལ་རིན་པོ་ཆེ་ཡི་གདུགས་ཀྱང་བྱུང་། །དེ་ཚེ་བདག་དང་མཚུངས་པ་མ་མཐོང་བས། །ས་ཆེན་དྲུག་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་ཀུན་གྱི་མཆོག་ཡིན་ཅེས། །སྟོང་གསུམ་ཀུན་ཏུ་དབྱངས་ཀྱིས་གོ་བར་མཛད། །བལྟམས་ཚེ་ཡབ་ཀྱི་དོན་ཀུན་གྲུབ་གྱུར་ཅིང་། །ལྷ་རྣམས་ཀུན་གྱིས་ཁྱོད་ལ་ཕྱག་བཙལ་བས། །གཞོན་ནུ་དོན་རྣམས་ཐམས་ཅད་གྲུབ་པ་དང་། །ལྷ་ཡི་ལྷ་ཞེས་མཚན་མཆོག་བཏགས་པ་ལགས། །ཚངས་དང་མངོན་ཤེས་ལྔ་ལྡན་དྲང་སྲོང་གིས། །འདི་ནི་འཁོར་ལོས་སྒྱུར་བའམ་རྒྱལ་བར་ངེས། །རྩོད་དུས་འཁོར་ལོས་སྒྱུར་བ་མི་འབྱུང་བས། །སངས་རྒྱས་ཉིད་དུ་འགྱུར་ཞེས་ལུང་ཡང་བསྟན། །ཚངས་པའི་ཡི་གེ་ལ་སོགས་ཡི་གེའི་རིགས། །དྲུག་ཅུ་རྩ་བཞིའི་ཕ་རོལ་ཕྱིན་གྱུར་ཅིང་། །གྲངས་དང་རྩིས་ལ་ཤིན་ཏུ་མཁས་ན་ཡང་། །གཞན་ལ་ཕན་ཕྱིར་ཡི་གེའི་གྲར་ཡང་ཞུགས། །འཛམ་བུའི་ཤིང་དྲུང་བསམ་གཏན་མཛད་པའི་ཚེ། །འཛམ་བུའི་གྲིབ་མས་ཉིད་སྐུ་མ་བཏང་ཞིང་། །རྫུ་འཕྲུལ་ལྡན་པའི་དྲང་སྲོང་མཁའ་ལ་ཐོགས། །དྲང་སྲོང་ལྔ་དང་ཡབ་ཀྱིས་བསྟོད་ཕྱག་འཚལ། །དེ་ནས་ཤཱཀྱ་རྣམས་ཀྱིས་འདི་སྐད་གླེང། །གཞོན་ནུ་བཙུན་མོའི་འཁོར་གྱིས་དགྱེས་རོལ་ན། །ཁབ་ནས་མི་འབྱུང་འཁོར་ལོས་སྒྱུར་བ་འཐོབ། །དེ་ཕྱིར་འདི་ལ་བཙུན་མོ་བླང་བར་བགྱི། །གཞོན་ནུས་སྨྲས་པ་འདོད་པ་སྐྱོན་ཅན་ཏེ། །འཐབ་མོ་དང་བཅས་མྱ་ངན་སྡུག་བསྔལ་རྩ། །འཇིགས་བྱེད་དུག་གི་ལོ་མ་འདྲ་བ་སྟེ། །མེ་དང་འདྲ་ཞིང་རལ་གྲིའི་སོ་དང་འདྲ། །འོན་ཀྱང་སྔོན་གྱི་དམ་པའི་རྣམ་ཐར་བཞིན། །ཆགས་དང་བྲལ་ཡང་བཙུན་མོའི་འཁོར་དང་བཅས། །ཚུལ་བཞིན་རྒྱལ་སྲིད་བསྐྱངས་པས་ལུས་ཅན་རྣམས། །ཐར་པའི་གྲོང་ཁྱེར་མཆོག་ཏུ་བཀྲི་བར་བྱ། །བདག་ལ་བུད་མེད་ཕལ་པས་དགོས་པ་མེད། །གཟུགས་བཟང་སྐྱེས་པ་གཞན་ལ་ཆགས་བྲལ་ཞིང་། །གཡོ་དང་སྒྱུ་སྤངས་དྲང་པོའི་ངང་ཚུལ་ཅན། །རྟག་ཏུ་ཆོས་ལ་སྤྱོད་པ་དེ་འདྲ་འཚལ། །དེ་ནས་ཤཱཀྱ་ལག་ན་བེ་ཅོན་གྱིས། །གཞོན་ནུའི་བཙུན་མོར་འོས་པ་ས་འཚོ་མ། །རྒྱལ་དུ་ཚུགས་ལ་སྒྱུ་རྩལ་འགྲན་པར་གྱིས། །དེ་སྐད་སྐྱེ་བོ་མང་པོའི་དབུས་སུ་སྨྲས། །ལྷས་བྱིན་དྲེགས་པས་བསད་པའི་གླང་ཆེན་རོ། །གཞོན་ནུའི་ཞབས་ཀྱི་མཐེ་བོང་རྩེ་ལ་བླངས། །ཕྱི་རོལ་རྒྱང་གྲགས་གཅིག་ཏུ་འཕངས་པས་ལས། །ས་ཕྱོགས་དེ་ནི་གཤོང་ཆེན་ཞིག་ཏུ་གྱུར། །ང་རྒྱལ་སྟོབས་ཀྱི་མཐོ་བའི་ལུས་ཅན་རྣམས། །འཁོར་བའི་གྲོང་ལས་ཕྱི་རོལ་རྒྱང་རིང་དུ། །འདི་ཡི་ཤེས་རབ་སྟོབས་ཀྱིས་འཕེན་ནོ་ཞེས། །ནམ་མཁའི་དཀྱིལ་ནས་ལྷ་རྣམས་ཚིགས་བཅད་སྨྲ། །དེ་ནས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་ཙམ། །སྒྱུ་རྩལ་སྟོན་པའི་ཕྱོགས་དེར་སོང་བ་ལས། །ཤཱཀྱ་རྣམས་དང་སྐྱེ་བོ་ཕལ་པོ་ཆེ། །འདུས་ནས་སྒྱུ་རྩལ་འགྲན་པར་བརྩམས་པ་ན། །ལྷ་དང་ལྷ་མིན་དྲི་ཟའི་འཇིག་རྟེན་ན། །ཡིག་རིགས་ཀུན་ལ་གཞོན་ནུ་ཕ་རོལ་ཕྱིན། །འདི་ཡིས་མཁྱེན་པའི་ཡི་གེའི་མིང་ཙམ་ཡང་། །གཞན་གྱིས་ཤེས་པར་བྱ་བའི་ཡུལ་ལས་འདས། །བློ་གྲོས་མྱུར་བའི་གཞོན་ནུ་ལྔ་བརྒྱ་དང་། །སྲིད་སྒྲུབ་ཆེན་པོ་རྩིས་ཀྱི་ལམ་ལ་རྡུགས། །འཇིག་རྟེན་ཁམས་ཀྱི་རྡུལ་ཕྲན་ཇི་སྙེད་པ། །འདི་ཡིས་དབུགས་གཅིག་ལ་ཡང་རྩི་བར་ནུས། །སྟོབས་ཀྱིས་བསྙེམས་པའི་གཞོན་ནུ་ཐམས་ཅད་ཀྱིས། །ཅིག་ཅར་ཉིད་ཀྱི་སྐུ་ལ་རུབ་པ་ན། །ཉིད་དང་དཔལ་དང་གཟི་བརྗིད་མ་བཟོད་པར། །རེག་པ་མ་གྱིས་དེ་དག་ས་ལ་འགྱེལ། །ནམ་མཁའི་དཀྱིལ་ནས་ལྷ་རྣམས་འདི་སྐད་དུ། །སེམས་ཅན་ཐམས་ཅད་སྟོབས་ཆེན་གྱད་དུ་གྱུར། །ཅིག་ཅར་སྐྱེས་བུ་མཆོག་ལ་རུབ་གྱུར་ཀྱང་། །རེག་པ་ཙམ་གྱིས་ས་ལ་འགྱེལ་བར་འགྱུར། །ལག་པས་རི་བོ་ཕྱེ་མར་འཐག་བྱེད་ཅིང་། །ནག་པོའི་རྩ་ལག་སྡེ་དང་བཅས་པ་ཀུན། །སྐད་ཅིག་གཅིག་གིས་ཕམ་པར་བྱེད་ནུས་ན། །འདི་དག་བསྒྱེལ་བ་ཙམ་ལ་མཚར་ཅི་ཡོད། །གཞན་གྱིས་བདུང་བ་ཙམ་ཡང་མི་ནུས་པའི། །མེས་ཀྱི་གནམ་རུ་ཕྱག་ཏུ་ཕུལ་བ་ན། །སྟན་ལས་མ་བཞེངས་སྐྱིལ་ཀྲུང་ཕྱེད་བཅས་ཏེ། །རྩོལ་བ་མེད་པར་སོར་མོ་གཅིག་གིས་བདུངས། །སྟན་ལས་མ་བཞེངས་རྩོལ་བ་མ་མཆིས་པར། །ཐུབ་པས་གནམ་རུ་འདི་འདྲ་བདུངས་པ་ལས། །ངེས་པ་ཐུགས་ཀྱི་བཞེད་པ་གྲུབ་གྱུར་ཏེ། །མྱུར་དུ་བདུད་ཀྱི་སྡེ་རྣམས་ཆོམས་པར་འགྱུར། །གཞུ་དེ་དང་སྦྱར་མདའ་ནི་འཕངས་པ་ལས། །ལྕགས་ཀྱི་སླ་ང་ལྔ་དང་ཏ་ལ་བདུན། །ཕག་པའི་གཟུགས་རྣམས་ཕུག་ནས་ས་འོག་ཐིམས། །དེ་ལས་མདའ་ཆུ་ཁྲོན་པ་ཞེས་བྱ་བྱུང་། །འདི་ནི་མྱུར་དུ་རྡོ་རྗེའི་གདན་ལ་བཞུགས། །ཞི་གནས་གཞུ་ལ་ཤེས་རབ་མདའ་སྦྱར་ཏེ། །ཐོགས་པ་མེད་པར་ཉོན་མོངས་དགྲ་བཅོམ་ནས། །འཆི་མེད་བདུད་རྩི་དམ་པ་བརྙེས་པར་འགྱུར། །དེ་བཞིན་ཕྱི་དང་ནང་དུ་བསྣུར་བ་དང་། །བཟུང་དང་འཛིན་སྟངས་གོམས་སྟབས་ལ་སོགས་པ། །སྒྱུ་རྩལ་ཀུན་ལ་མཆོག་ཏུ་གྱུར་པ་ན། །ཤཱཀྱའི་བུ་མོ་མཆོག་དེ་ཡབ་ཀྱིས་ཕུལ། །འཇིག་རྟེན་ཆོས་ཀྱི་དྲི་མས་མ་གོས་ཀྱང་། །འཇིག་རྟེན་ཆོས་དང་མཐུན་པའི་ཚུལ་ཙམ་དུ། །བཙུན་མོའི་འཁོར་བཅས་ལྷ་མི་སྟོང་ཕྲག་བརྒྱ། །ཡོངས་སུ་སྨིན་པར་མཛད་ལ་ཕྱག་འཚལ་ལོ།། །།

༈ དེ་ནས་དུས་གཞན་ཞིག་ན་ལྷ་རྣམས་ཀྱིས། །གཞོན་ནུ་བཙུན་མོའི་གནས་སུ་ཡུན་རིངས་ན། །གདུལ་བྱ་སྔར་སོང་ཕྱི་ནས་བྱང་ཆུབ་འཐོབ། །དེ་ཕྱིར་ཁབ་ནས་མྱུར་དུ་བྱུང་ཞེས་བསྐུལ། །ཁབ་ནས་འབྱུང་བའི་དུས་ལ་འདི་མཁས་མོད། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་འདི་སྐད་བསྐུལ། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག་ཅིག་ཅེས། །སྔོན་གྱི་སྨོན་ལམ་བཏབ་པ་དགོངས་པར་མཛོད། །གང་དུ་དོན་དུ་ཡུན་རིང་སྡུག་བསྔལ་བཟོད། །ཡིད་འོང་བུ་དང་ཆུང་མ་སྲོག་བཏང་བའི། །བླ་མེད་བྱང་ཆུབ་གོ་འཕང་དམ་པ་དེ། །ཐོབ་ནས་འགྲོ་བ་བསྒྲལ་ཕྱིར་རབ་བྱུང་མཛོད། །དེ་ནས་སྐྱེད་མོས་ཚལ་དུ་ཞུགས་པ་ན། །ན་རྒ་འཆི་བའི་སྡུག་བསྔལ་སྣ་ཚོགས་ཀྱིས། །ཤིན་ཏུ་ཉམ་ཐག་འགྲོ་ལ་གཟིགས་ནས་ནི། །འཁོར་བས་ཐུགས་ཕྱུང་ཐར་པའི་དོན་ལ་དགོངས། །སླར་ཡང་ཞི་ཞིང་དུལ་བའི་དགེ་སློང་གཟིགས། །རབ་ཏུ་བྱུང་བ་མཁས་པ་རྣམས་ཀྱིས་བསྔགས། །འཚོ་བ་བདེ་ཞིང་འཆི་མེད་ཐོབ་པར་འགྱུར། །རང་གཞན་ཕན་ཕྱིར་ང་ཡང་འདི་བཞེད་གསུང་། །བསྐུལ་བའི་ཚུལ་ནི་ཡབ་ཀྱིས་མཐོང་ཞིང་ཐོས། །རྒྱལ་པོའི་ཁབ་ནས་འབྱུང་བ་དགག་པའི་ཕྱིར། །ན་ཆུང་མཛེས་མའི་སྒྱུ་ཐབས་སྟོན་དུ་བཅུག།།དཔའ་བའི་དམག་གིས་ཕྱོགས་རྣམས་ཀུན་ནས་བསྐོར། །དེ་ནས་གཞོན་ནུ་མཆོག་གི་མནལ་ལམ་ན། །ས་འདིར་མལ་བཅས་ལྷུན་པོས་སྔས་སུ་བཅུག །འོད་ཀྱིས་འཇིག་རྟེན་གསུམ་པོ་ཁྱབ་པ་སོགས། །ངོ་མཚར་ཅན་གྱི་རྨི་ལམ་དུ་མ་རྨིས། །དེ་ཚེ་དེ་ཡིས་ཡབ་ལ་འདི་སྐད་གསོལ། །བདག་ནི་མངོན་པར་འབྱུང་བའི་དུས་ལ་བབ། །ན་རྒ་འཆི་དང་རྒུད་པ་མི་འབྱུང་ན། །ཁབ་ནས་མི་འབྱུང་རྟག་ཏུ་གནས་པར་བྱ། །འདི་ནི་ཁྱིམ་ནས་བྱུང་ན་མི་རུང་ཞེས། །ཤཱཀྱ་རྣམས་ཀྱིས་གྲོང་ཁྱེར་ཆེན་པོའི་སྒོར། །དཔའ་བའི་དཔུང་ཚོགས་སྟོང་ཕྲག་འཇོག་པ་སོགས། །གཞོན་ནུ་སྲུང་བའི་ཐབས་ལ་ནན་ཏན་བྱས། །ནམ་ཕྱེད་སྐྱེས་པ་བུད་མེད་གཉིད་ཀྱིས་མྱོས། །ལྷ་རྣམས་ལྷགས་ནས་མཁའ་ལ་འཁོད་པའི་ཚེ། །འདུན་པས་རྟ་མཆོག་བརྒྱན་ཏེ་ཕུལ་བ་ན། །ཆིབས་ནས་ཐོགས་པ་མེད་པར་མཁའ་ལ་གཤེགས། །ང་ནི་བླ་མེད་བྱང་ཆུབ་མ་ཐོབ་པར། །སེར་སྐྱའི་གནས་སུ་ནམ་ཡང་མི་འཇུག་ཅེས། །དཔག་ཚད་དྲུག་གི་ཕ་རོལ་ཕྱིན་པ་ན། །རྟ་མཆོག་རྒྱན་བཅས་འདུན་པའི་ལག་ཏུ་གཏད། །ཨུཏྤལ་མཐིང་ཁའི་མདོག་ཅན་རལ་གྲི་ཡིས། །རང་གི་གཙུག་ཕུད་བཅད་ནས་མཁའ་ལ་བོར། །ལྷ་ཡིས་ཁྱེར་ནས་སུམ་ཅུ་གསུམ་དུ་མཆོད། །གནས་དེར་གཙུག་ཕུད་བླངས་པའི་མཆོད་རྟེན་བརྩིགས། །ངུར་སྨྲིག་བགོས་པའི་གཙང་མའི་ལྷ་ཞིག་ལ། །ཀ་ཤིའི་གོས་བྱིན་དེ་ལས་ངུར་སྨྲིག་བླངས། །ལྷ་དེས་གུས་པས་ན་བཟའ་སྤྱི་བོར་བླངས། །གུས་པས་མཆོད་ཕྱིར་ལྷ་ཡི་འཇིག་རྟེན་སོང་། །ཀུན་ལ་ཕན་ཕྱིར་སྐྲ་བྲེགས་ངུར་སྨྲིག་བགོས། །བདག་ཉིད་རབ་ཏུ་བྱུང་བར་མཛད་པའི་ཚེ། །གཞོན་ནུ་དོན་གྲུབ་རབ་ཏུ་བྱུང་ངོ་ཞེས། །ལྷ་རྣམས་དགའ་ནས་འོག་མིན་བར་དུ་བསྒྲགས། །བསོད་ནམས་ལས་གྲུབ་རིན་ཆེན་གཞལ་མེད་ཁང་། །ལྷ་ཡི་ཕོ་བྲང་མཆོག་ལ་འགྲན་པ་ཡང་། །རབ་འབར་དམྱལ་བའི་གྲོང་ཁྱེར་ལྟར་དགོངས་ནས། །ཁབ་ནས་ཁབ་མེད་པར་ནི་རབ་ཏུ་བྱུང་། །རིན་ཆེན་བདུན་ལྡན་གླིང་བཞིར་དབང་སྒྱུར་བའི། །མི་བདག་དཔལ་དེ་ལག་ན་འདུག་བཞིན་དུ། །མི་རྟག་སྙིང་པོ་མེད་པར་ཐུགས་ཆུད་ནས། །གཅིག་པུར་དབེན་པའི་གནས་སུ་གཤེགས་པ་ལགས། །ཡིད་འོང་གཟུགས་མཛེས་ལང་ཚོའི་དཔལ་ཡོན་ཅན། །འཆི་མེད་བུ་མོའི་དཔལ་འཕྲོག་བཙུན་མོ་རྣམས། །མི་གཙང་གཡོགས་པའི་དུར་ཁྲོད་ལྟར་དགོངས་ནས། །ཆགས་མེད་ཞི་བའི་ནགས་སུ་བྱོན་ལ་འདུད། །དེ་ནས་ནཻ་རཉྫཱ་ནའི་ཆུ་འགྲམ་དུ། །ལམ་མིན་ལམ་དུ་འཁྲུལ་བ་བཟློག་པའི་ཕྱིར། །མཁའ་ཁྱབ་བསམ་གཏན་མཆོག་ལ་སྙོམས་ཞུགས་ནས། །ལོ་དྲུག་བར་དུ་དཀའ་སྤྱད་དྲག་པོ་བསྟེན། །དེ་ཚེ་མགོན་པོའི་སྐུ་ནི་ཤིན་ཏུ་རིད། །དབུགས་ཀྱི་རྒྱུ་བ་འགགས་པར་གྱུར་པ་ན། །ལྷ་མི་ཕལ་གྱིས་གྲོངས་པ་ལྟ་བུར་མཐོང་། །ལྷ་མོ་སྒྱུ་འཕྲུལ་ཡིད་ལ་ཐེ་ཚོམ་སྐྱེ། །ཉི་ཟླ་སྐར་སོགས་ས་ལ་ལྷུང་བ་སྲིད། །དོན་མ་གྲུབ་པར་ང་ནི་མི་འཆི་ཞིང་། །མྱུར་དུ་སངས་རྒྱས་ཐོབ་པ་མཐོང་འགྱུར་བས། །ཡུམ་ཁྱོད་མ་འཇིགས་ཞེས་ནི་དབུགས་དབྱུང་མཛད། །དཀའ་ཐུབ་དྲག་པོས་བརྡུངས་པའི་ལུས་སེམས་ཀྱི། །བླ་མེད་བྱང་ཆུབ་འཐོབ་པར་མ་གཟིགས་པར། །ཁ་ཟས་རགས་པས་ལུས་ཀྱི་སྟོབས་བསྐྱེད་ནས། །བྱང་ཆུབ་ཤིང་དབང་དྲུང་དུ་འགྲོ་ཞེས་གསུངས། །དེ་ཐོས་ཞིང་པའི་བུ་མོ་ལེགས་སྐྱེས་མས། །བ་མཆོག་སྟོང་གི་འོ་མ་ལན་བདུན་དུ། །ཉིང་ཁུར་བྱས་པའི་འོ་ཐུག་སྦྲང་རྩི་ཅན། །བཀྲ་ཤིས་གཡུང་དྲུང་འཁྱིལ་བས་མཚན་པ་ཕུལ། །དེ་ནས་ཉིད་ཀྱི་བསོད་ནམས་གཟི་བྱིན་གྱིས། །སྐུ་ལུས་གསེར་གྱི་གཏན་པ་ཕྱིས་པ་བཞིན། །མཚན་དཔེའི་དཔལ་འབར་འོད་ཀྱི་དྲ་བས་བསྐོར། །ལྟ་བས་མི་ངོམས་དགེ་སྦྱོང་ཆེན་པོར་གྱུར། །བདུད་སྡེ་འཇོམས་དང་བྱང་ཆུབ་ཐོབ་བྱའི་ཕྱིར། །བྱང་ཆུབ་ཤིང་དབང་དྲུང་དུ་ཆས་པ་ནི། །ཤིང་དང་རི་རྣམས་ཕྱོགས་དེར་འདུད་པ་སོགས། །ངོ་མཚར་བཀོད་པས་ས་དང་བར་སྣང་གང་། །ཕྱོགས་བཅུའི་ཕུན་ཚོགས་ཐམས་ཅད་གྲོས་བྱས་ནས། །བྱང་ཆུབ་སྙིང་པོར་འདུས་ཏེ་འཁོད་འདྲ་ལ། །ཨེ་མ་བསོད་ནམས་འབྲས་བུ་བསམ་མི་ཁྱབ། །ཅེས་བརྗོད་ལྷ་རྣམས་ངོ་མཚར་མཆོག་ཏུ་འཛིན། །མགོན་པོ་བྱང་ཆུབ་སྙིང་པོར་གཤེགས་པའི་ཚེ། །ལུས་ཀྱི་འོད་ཀྱིས་ངན་སོང་ཐམས་ཅད་ཞི། །འགྲོ་ཀུན་བདེ་བས་ཚིམ་ཞིང་ཉོན་མོངས་མེད། །ཕན་ཚུན་བྱམས་པའི་སེམས་དང་ལྡན་པར་གྱུར། །དེ་ནས་རྒྱལ་བས་རྩྭ་འཚོང་བཀྲ་ཤིས་ལ། །སྔོ་འཇམ་འཁྱིལ་ལེགས་རྨ་བྱའི་མགྲིན་འདྲའི་རྩྭ། །བསླངས་ནས་བྱང་ཆུབ་ཤིང་དྲུང་ལེགས་པར་བཏིང་། །དྲན་པ་མངོན་དུ་བཞག་ནས་སྐྱིལ་ཀྲུང་མཛད། །བདག་གི་ལུས་འདི་བསྐམས་སམ་ཞིག་ཀྱང་རུང་། །བླ་མེད་བྱང་ཆུབ་མཆོག་དེ་མ་ཐོབ་པར། །སྟན་ལས་མི་གཡོ་སྐྱིལ་ཀྲུང་མི་གཞིག་ཅེས། །རི་རབ་ལྟ་བུའི་དམ་བཅའ་བརྟན་པོ་མཛད། །དེ་ཚེ་ཉིད་ཀྱི་སྨིན་མཚམས་མཛོད་སྤུ་ནས། །བདུད་ཀྱི་དཀྱིལ་འཁོར་འཇོམས་པའི་འོད་ཟེར་གྱི། །སྟོང་གསུམ་འཇིག་རྟེན་ཐམས་ཅད་འོད་ཀྱིས་བཀང་། །བདུད་ཀྱི་གནས་རྣམས་མུན་པར་བྱས་ཤིང་གཡོས། །འོད་ཟེར་དེ་ལས་ཟས་གཙང་སྲས་པོ་ནི། །རྒྱལ་སྲིད་སྤངས་ནས་བྱང་ཆུབ་ཤིང་དྲུང་གཤེགས། །མངོན་པར་སངས་རྒྱས་ཆོས་འཁོར་སྐོར་བའི་ཚེ། །བདུད་ཀྱི་གནས་རྣམས་སྟོངས་པར་འགྱུར་ཞེས་བསྒྲགས། །ཡིད་སྲུབས་བདག་པོ་གཉིད་ཀྱིས་ལོག་པ་ན། །རང་གནས་སྡུག་བསྔལ་མུན་པས་ཁྱབ་པ་དང་། །བདུད་རྣམས་སྐྲག་ནས་ཕྱོགས་བཅུར་འབྲོས་པ་སོགས། །བདུད་ལ་རྨི་ལྟས་ངན་པ་སོ་གཉིས་བྱུང་། །བདུད་དེ་ཤིན་ཏུ་སྐྲག་ནས་འཁོར་ལ་སྨྲས། །ལྟས་དང་རྨི་ལམ་འཇིགས་པ་དེ་མཐོང་བས། །དགེ་སྦྱོང་དེ་ནི་མངོན་པར་སངས་རྒྱས་ནས། །བདུད་ཀྱི་གནས་འདི་མྱུར་དུ་སྟོངས་པར་ངེས། །དེས་ན་ཡན་ལག་བཞི་པའི་དཔུང་ཚོགས་རྣམས། །ཤིང་དབང་དྲུང་གི་དགེ་སྦྱོང་གཅིག་པུ་དེ། །ད་ལྟ་གཞོམ་པར་བྱ་ཕྱིར་རབ་ཏུ་བསྒྲིམས། །ང་ལ་སེམས་རྣམས་ཕྱི་བཤོལ་མ་བྱེད་ཟེར། །དེད་དཔོན་ཞེས་བྱའི་བདུད་ཀྱིས་འདི་སྐད་སྨྲས། །རྨི་ལྟས་དེ་འདྲ་བྱུང་ན་བཤོལ་བ་ལེགས། །མཐུ་ཆུང་དཔུང་རྣམས་དཔའ་བོ་གཅིག་གིས་འཇོམས། །ཉི་འོད་གཅིག་གིས་སྲིན་བུ་མེ་ཁྱེར་བཞིན། །དེ་ནས་འཇིག་རྟེན་ཁམས་ཀྱི་བདུད་ཀྱི་སྡེ། །རབ་འཇིགས་ལུས་ཀྱི་རྣམ་འགྱུར་སྣ་ཚོགས་ཅན། །མཚོན་ཆ་མཐའ་ཡས་ཐོགས་པར་སྤྲུལ་པ་རྣམས། །འཇིགས་མེད་དཔའ་བོ་དེ་ཡི་དྲུང་དུ་ལྷགས། །འཇིགས་པའི་གཟུགས་ཅན་དེ་དག་མཐོང་བ་ན། །སྒྱུ་མ་སྨིག་རྒྱུ་རྨི་ལམ་ལྟ་བུ་དང་། །ངོ་བོ་ཉིད་ཀྱིས་མེད་པར་ཐུགས་ཆུད་ནས། །ཐུབ་པའི་བ་སྤུའི་རྩེ་ཡང་གཡོ་མ་ནུས། །བདུད་ཀྱི་བ་སྤུ་ཐམས་ཅད་ལག་པར་གྱུར། །ལག་པ་རེ་རེར་མཚོན་ཆ་བརྒྱ་ཐོགས་ཀྱང་། །བྱམས་ལྡན་ཐུབ་ལྡན་མཆོག་གི་སྐུ་ལ་ནི། །མཚོན་ཆ་འཕངས་པ་ཐམས་ཅད་མེ་ཏོག་གྱུར། །ས་འདི་རིར་བཅས་མ་ལུས་སྲེག་ནུས་ཀྱང་། །རྡོ་རྗེའི་ཐུགས་མངའ་ཁྱོད་ནི་སྲེག་མི་ནུས། །སྲིད་གསུམ་ལག་པས་གཞན་དུ་འཕེན་ནུས་ཀྱང་། །ཐུབ་པའི་བ་སྤུ་གཡོ་བར་ག་ལ་ནུས། །རབ་ཏུ་རྣོ་བའི་མཚོན་ཆ་མ་བསྣམས་ཤིང་། །རྟ་གླང་ཤིང་རྟ་རྐང་ཐང་མ་མཆིས་པར། །རང་ཉིད་གཅིག་པུས་བདུད་ཀྱི་དཔུང་ཚོགས་རྣམས། །སྐད་ཅིག་ཙམ་ལ་ཕམ་པར་མཛད་པ་ལགས། །བདུད་ཀྱི་རླུང་ཤུགས་ཇི་ལྟར་ཆེ་ན་ཡང་། །ཁོར་ཡུག་རི་བོའི་བར་དུ་གཡོ་བ་སྲིད། །བསོད་ནམས་མཚོ་ཆེན་ལས་འཁྲུངས་ལྷུན་པོ་ཁྱོད། །བྱང་ཆུབ་སྙིང་པོའི་གནས་ལས་བསྐྱོད་མི་ནུས། །ས་འདི་དུག་གིས་ཡོངས་སུ་གང་གྱུར་ལ། །གདུགས་པ་སྟོང་གསུམ་འབར་བར་བྱེད་ནུས་ཀྱང་། །ཉིད་ཀྱིས་གཟིགས་པ་ཙམ་གྱིས་དུག་མེད་འགྱུར། །དུག་གསུམ་རྩ་བ་མ་ལུས་སྤངས་ཕྱིར་རོ། །ནགས་ཚལ་ཁྲོད་ན་ཝ་སྐྱེས་མང་པོ་རྣམས། །སེང་གེའི་སྒྲ་སྐད་གཅིག་གིས་ཕྱོགས་བཅུར་འབྲོས། །དེ་བཞིན་བྱུང་རྒྱལ་སྨྲ་བ་བདུད་ཀྱི་དཔུང་། །མི་ཡི་སེང་གེའི་དབྱངས་ཀྱིས་བྲོས་པར་གྱུར། །བདུད་ཀྱིས་རི་རབ་ཙམ་གྱི་རྡོ་བ་རྣམས། །འཕངས་པ་ལྷ་ཡི་གཞལ་མེད་ཁང་དུ་གྱུར། །དབུགས་ཀྱི་ཁ་རླངས་མེ་ལྕེའི་དཀྱིལ་འཁོར་ཡང་། །རྒྱལ་པོའི་འོད་ཀྱི་དཀྱིལ་འཁོར་ལྟ་བུར་གྱུར། །ཐུབ་པས་བསྐལ་པ་གྲངས་མེད་དུ་མར་ཡང་། །གཏན་པ་མེད་པའི་མཆོད་སྦྱིན་མཛད་པ་ལ། །ས་ཡི་ལྷ་མོ་བརྟན་མ་དཔང་དུ་གྱུར། །དེ་ནས་བདུད་རྣམས་སྔངས་ནས་ཕྱོགས་བཅུར་བྲོས། །བདུད་ཀྱི་ན་ཆུང་མཛེས་མས་བུད་མེད་ཀྱི། །སྒྱུ་ཐབས་སུམ་ཅུ་རྩ་གཉིས་ཉེར་བསྟན་ཀྱང་། །ཅུང་ཟད་ཙམ་ཡང་འབྲིད་པར་མ་ནུས་པར། །ཐུབ་པའི་ཞབས་ལ་ཕྱག་འཚལ་མངོན་པར་བསྟོད། །ཐུབ་པ་གཡུལ་ལས་རྣམ་པར་རྒྱལ་བའི་ཚེ། །ལྷ་མོ་བརྒྱད་ཀྱིས་དཔལ་ནི་བཅུ་དྲུག་གིས། །བསྟོད་ཅིང་གཙང་མའི་རིགས་ཀྱི་ལྷ་རྣམས་ཀྱིས། །བདུད་ལ་རྣམ་པར་སྨད་པ་བཅུ་དྲུག་བྱས། །དེ་ལྟར་བྱམས་པའི་དཔུང་གིས་བདུད་རྣམས་བཏུལ། །བསམ་གཏན་མཐར་ཕྱིན་མངོན་པར་ཤེས་པ་ཐོབ། །ཐོ་རངས་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བླ་མེད་བྱང་ཆུབ་བརྙེས་ལ་ཕྱག་འཚལ་ལོ། །དཔུང་དང་མཚོན་ཆ་མེད་པར་དགྲ་ལས་རྒྱལ། །དག་བྱེད་མེད་པར་དྲི་མ་ཀུན་དང་བྲལ། །མ་བཅོལ་བར་ཡང་ཀུན་གྱི་སྐྱབས་མཛད་པའི། །སྔོན་མེད་འགྲོ་བའི་མགོན་ཞིག་དེང་འདིར་བྱོན། །ཡིད་འོང་ནོར་དང་ལུས་སྲོག་གཏོང་བ་སོགས། །གཞན་གྱི་བློ་ཡུལ་དུ་ཡང་ཤོང་དཀའ་བའི། །དཀའ་བ་བརྒྱ་ཕྲག་དུ་མས་བསྒྲུབས་པ་ཡི། །རྣམ་དག་སྨོན་པའི་གནས་དེ་གྲུབ་པར་གྱུར། །

༈ བྱང་ཆུབ་བརྙེས་ནས་བདུན་ཕྲག་བདུན་པ་ལ། །ཐུབ་དབང་སྒྲོལ་རྒྱུའི་ཤིང་དྲུང་བཞུགས་པའི་ཚེ། །ཚོང་དཔོན་ག་གོན་བཟང་པོ་འཁོར་བཅས་ཀྱིས། །མཚན་དཔེས་བརྒྱན་པ་དེ་མཐོང་ངོ་མཚར་གྱུར། །ཅི་འདི་ཚངས་པའམ་འོན་ཏེ་བརྒྱ་བྱིན་ནམ། །རྣམ་ཐོས་བུའམ་ཉི་མའམ་ཟླ་བའམ་ཅི། །ངུར་སྨྲིག་རྒྱལ་མཚན་ཐོགས་པས་རབ་བྱུང་དུ། །ངེས་ནས་གུས་པས་ཕྱག་འཚལ་ཞལ་ཟས་དྲངས། །རྒྱལ་ཆེན་བཞི་ཡིས་རྡོ་བའི་ལྷུང་བཟེད་བཞི། །ཕུལ་བ་དེ་དག་གཅིག་ཏུ་བྱིན་གྱིས་བརླབས། །ཚོང་པ་དེ་ལ་ཕན་ཕྱིར་ཞལ་ཟས་གསོལ། །དོན་ཀུན་གྲུབ་པའི་བཀྲ་ཤིས་རྒྱས་པར་གསུངས། །

༈ འཇིག་རྟེན་ཆོས་ལ་གུས་པ་བསྐྱེད་པ་དང་། །ཡང་ཡང་སྐུལ་རྣམས་དགེ་བ་སྤེལ་བ་དང་། །ཆོས་ཀྱང་ཤིན་ཏུ་རྟོགས་པར་དཀའ་བའི་ཕྱིར། །དམ་ཆོས་གསུང་བ་རེ་ཞིག་བཏང་སྙོམས་མཛད། །དེ་ནས་ལྷ་རྣམས་སྟོན་པའི་དྲུང་དུ་ལྷགས། །འགྲོ་བ་བླ་ན་མེད་པའི་བདེ་བ་ལ། །མགྲོན་དུ་གཉེར་ནས་བྱང་ཆུབ་བརྙེས་པའི་ཚེ། །བཏང་སྙོམས་མཛད་པ་འདི་ནི་རིགས་མ་ཡིན། །འགྲོ་བ་ལོང་བ་གཡང་སར་ལྷུངས་པ་ལ། །འདི་ན་སྐྱབས་དང་སྐྱོབ་པ་གཞན་མ་མཆིས། །ཐུགས་རྗེའི་གཏེར་ཆེན་མྱུར་དུ་བཞེངས་མཛོད་ལ། །ཆོས་ཀྱི་འཁོར་ལོ་དམ་པ་སྐོར་དུ་གསོལ། །གང་དུ་ཉིད་ཀྱིས་མཆོད་སྤྲིན་གྲངས་མེད་དང་། །སངས་རྒྱས་བྱེ་བ་ཁྲག་ཁྲིག་བསྙེན་བཀུར་ཅིང་། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་བསྟེན་པའི་གནས། །ཝཱ་ར་ཎཱ་སཱི་ཞེས་བྱའི་གནས་དེར་བྱོན། །དེར་ནི་རིན་ཆེན་བདུན་གྱི་ཁྲི་ལ་བཞུགས། །ལྷ་རྣམས་ཀུན་དང་ལྔ་སྡེ་བཟང་པོ་ལ། །བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །ཆོས་མིག་དྲི་མེད་བསྐྱེད་ནས་གྲོལ་བར་མཛད། །

༈ མངོན་པར་སངས་རྒྱས་རང་བྱུང་ཆོས་ཀྱི་རྗེ། །རྣམ་པར་འདྲེན་པ་དེད་དཔོན་ཆོས་ཀྱི་རྒྱལ། །ཉོན་མོངས་སྤངས་པ་དཔའ་བོ་གཡུལ་ལས་རྒྱས། །ཆོས་ཀྱི་སྦྱིན་བདག་ཆེན་པོ་ཁྱོད་ལ་འདུད། །དགོངས་པ་ཡོངས་རྫོགས་དབུགས་ཕྱིན་དོན་ཀུན་གྲུབ། །རབ་རིབ་མི་མངའ་ཀུན་མཁྱེན་སྟོབས་བཅུ་པ། །སྨན་པའི་རྒྱལ་པོ་ཟུག་རྔུ་འབྱིན་པའི་མཆོག །སྐྱོབ་པ་ཀུན་ཏུ་བཟང་པོ་དེ་ལ་འདུད། །འགྲོ་བའི་བླ་མ་མགོན་དང་སྐྱབས་ཀྱི་མཆོག །ཆོས་ཀྱི་སྒྲོན་མེ་ཀུན་གྱི་གཉེན་གཅིག་པུ། །རྟག་ཏུ་མཉམ་གཞག་བསོད་ནམས་ཞིང་གི་མཆོག །ཀུན་གྱིས་མཆོད་འོས་བསྟོད་འོས་ཁྱོད་ལ་འདུད། །ཉེས་པའི་དྲི་མས་ནམ་ཡང་མ་གོས་ཤིང་། །མཁྱེན་བརྩེ་ནུས་པ་གཞན་ལས་ཁྱད་ཞུགས་པས། །མཐོང་ཐོས་དྲན་པ་ཙམ་གྱིས་བདེ་སྟེར་བ། །ཁྱོད་ལ་རྣམ་པ་ཀུན་ཏུ་ཕྱག་འཚལ་ལོ། །

༈ མཁྱེན་བརྩེ་རྣམ་པ་ཀུན་ཏུ་གོམས་པའི་མཐུས། །སྲིད་དང་ཞི་བའི་མཐའ་ལ་མི་གནས་ཀྱང་། །ཐབས་ལ་མཁས་པས་མྱ་ངན་འདའ་བ་དང་། །སྐུ་གདུང་རིང་བསྲེལ་བཞག་པའང་སྟོན་པར་མཛད། །

༈ ཐུབ་པའི་ཡོན་ཏན་མཁའ་ལྟར་མཐའ་ཡས་པ། །མ་ལུས་བརྗོད་པའི་ནུས་པ་སུ་ལ་མཆིས། །འོན་ཀྱང་ཅུང་ཟད་བརྗོད་པར་སྤོབས་པ་འདི། །ཨེ་མ་བདག་གིས་བློ་གྲོས་སྐལ་བ་བཟང་། །དེ་ལྟར་བསྟོད་པའི་དགེ་བས་བདག་གཞན་ཀུན། །ཡིད་འོང་རྒྱལ་བའི་སྐུ་མཆོག་སྒྲུབ་པ་ལ། །ཕྱི་དང་ནང་གི་བར་གཅོད་ཞི་བ་དང་། །མཐུན་རྐྱེན་མ་ལུས་ཡིད་བཞིན་འགྲུབ་པར་ཤོག།།བདག་ཀྱང་ཐུབ་པའི་དབང་པོའི་བཀའ་དྲིན་ལས། །འགྲོ་བའི་དོན་དུ་རྒྱལ་བའི་དམ་ཆོས་ཀུན། །ཕྱོགས་དུས་ཀུན་ཏུ་རྒྱས་པར་བྱེད་པ་ལ། །བློ་ཆེན་རྒྱལ་སྲས་ཀུན་དང་མཚུངས་པར་ཤོག།།ཅེས་བཅོམ་ལྡན་འདས་ཐུབ་པའི་དབང་པོའི་རྣམ་པར་ཐར་པ་ལ་བསྟོད་པ་བདུད་དཔུང་ཕྱེ་མར་འཐག་པ་ཅེས་བྱ་བ་འདི་ནི། རྒྱ་ཆེར་རོལ་པའི་མདོའི་རྗེས་སུ་འབྲངས་ཏེ་ཤཱཀྱའི་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོས་བྱང་ཆུབ་ཆེན་པོའི་དབེན་གནས་ཐེག་ཆེན་ཕོ་བྲང་དུ་སྦྱར་བའོ།། །།མངྒ་ལཾ།། །།

 

 

[1] དགེ་འདུན་གྲུབ་པའི་གསུང་འབུམ། ༼ཅ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༡ ནས་ ༡༡ བར།

བརྒྱུད་སྐུལ།

མཆན་སྤེལ།