བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱི་རྣམ་ཐར་དང་བསྟོད་པ།
མཛད་པ་པོ། གུང་རུ་རྒྱལ་མཚན་བཟང་པོ།
བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱི་རྣམ་ཐར།
བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ནི། རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོ་སྣྲོན་ཟླའི་ཡར་ངོའི་ཚེས་གཅིག་གི་ཉིན་ཚལ་གུང་ཐང་དུ་ཚལ་པར་གྲགས་པའི་དབོན་རིགས་ཤིག་ཏུ་སྐུ་འཁྲུངས། གཞོན་ནུ་ཉིད་ནས་སྔོན་གྱི་སྐྱེ་གནས་མང་པོ་རྗེས་སུ་དྲན་པ་སོགས་མངོན་པར་རྟོགས་པའི་ཡོན་ཏན་གྱིས་ཕྱུག་ནའང༌། བླ་མ་མཁས་པའི་དབང་པོ་དུ་མ་བསྟེན་ནས་རྒྱལ་བའི་གསུང་རབ་མཐའ་དག་ལ་མཁས་པར་སྦྱངས་ཏེ་མཐར་ཕྱིན་པར་མཛད།
ཁྱད་པར་དུ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྤྱན་སྔར་མདོ་སྔགས་ཀྱི་ཟབ་ཁྲིད་མང་པོ་གསན་ཏེ་མཁས་པའི་དབང་པོར་གྱུར། དེ་དུས་སུ་རྒྱ་ནག་གོང་མ་ཡུང་ལོ་རྒྱལ་པོས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་སྙན་པ་གསན་ནས་གོང་མའི་རྒྱལ་ཁབ་ཏུ་གདན་འདྲེན་པའི་ཕྱིར་བློན་པོ་ཧའུ་ཞེན་སོགས་ཏཱ་ཞིང་བཞིས་གཙོ་བྱས་གསེར་ཡིག་པ་མི་སྣ་མང་པོ་མངགས་ཏེ་ལུང་དང་གནང་སྦྱིན་འབུལ་བ་གྱ་ནོམ་དང་བཅས་ཁྱེར་ནས་ཙོང་ཁ་པ་ཆེན་པོ་གདན་ འདྲེན་ལ་བཏང་ཡང༌། རྗེ་རིན་པོ་ཆེ་སེ་ར་ཆོས་སྡིངས་སུ་སྐུ་མཚམས་ཤིན་ཏུ་དམ་པར་མཛད་པའི་སྐབས་སུ་གསེར་ཡིག་པ་རྣམས་སླེབས་བྱུང་བ་ལ། དང་པོར་ཅུང་ཟད་དབེན་པ་འདྲར་མངོན་ཆུང་བར་བཞུགས་ཏེ་གསེར་ཡིག་པ་རྣམས་མཇལ་དུ་མ་གནང་བ་ལ། ཞུ་བ་ནན་གྱིས་ཕུལ་བས་སེ་རར་ཕེབས་ནས་མཇལ་ཁ་གནང༌། འབུལ་བ་རྣམས་བཞེས་རྒྱ་ཡུལ་དུ་འབྱོན་པ་དགག་བྱ་ཆེ་ཞིང་དགོས་པ་ཆུང་བའི་རྒྱུ་མཚན་དང་བཅས་པའི་ཞལ་ཏ་ཏཱ་ཞིང་རྣམས་ལ་ཞིབ་རྒྱས་གནང་ནས་རྗེ་རིན་པོ་ཆེ་སྤྱན་མ་འདྲོངས་པར་རྗེ་ཉིད་ཀྱི་སྐུ་ཚབ་ཏུ་ལས་འབྲེལ་གྱི་དབང་གིས་སྤྲུལ་པའི་སྐུ་བྱམས་ཆེན་ཆོས་རྗེ་མངགས་པ་གདན་དྲངས་ཏེ་བླ་མ་གྲྭ་སློབ་ཏཱ་ཞིང་མི་བཞི་མི་སྣ་མང་པོ་དང་བཅས་ལྷོ་ཁ་ཁམས་ཕྱོགས་ལི་ཐང་བརྒྱུད་ནས་རིམ་གྱིས་རྒྱ་ནག་གོང་མའི་ཕོ་བྲང་དུ་ཕེབས་ཏེ་ཡུང་ལོ་རྒྱལ་པོ་མཇལ། གོང་མ་ཆེན་པོས་ཀྱང་སྲིད་ཞུ་བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད།
དེ་ནས་གོང་མ་རྒྱལ་པོས་བྱམས་ཆེན་ཆོས་རྗེ་ལ་རྒྱལ་ཁབ་འདིར་རྒྱལ་བ་ཙོང་ཁ་པའི་བསྟན་པའི་སྙིང་པོ་རྣམས་དར་བ་ཞིག་བྱ་འདོད་པས་མདོ་སྔགས་ཀྱི་ཆོས་སྤྱི་དང་ཁྱད་པར་རྒྱུད་སྡེ་བཞིའི་དཀྱིལ་འཁོར་ཆེན་པོ་རྣམས་བསྒྲུབ་ཅིང་མཆོད་པ་བྱེད་དགོས་པའི་བཀའ་ལུང་གནང༌། དེ་ནས་བྱམས་ཆེན་ཆོས་རྗེས་ལོ་གསར་ནས་དཔྱིད་ཟླ་འབྲིང་པོའི་ཚེས་འགོར་ཆོག་གྲྭ་གསང་འདུས་དགྱེས་རྡོར་བདེ་མཆོག་འཁོར་ཆེན་འཇིགས་བྱེད་ཞེ་དགུ་མ་སྨན་བླ་རྣམས་ཀྱི་སྒྲུབ་མཆོད་ཀྱི་སྟ་གོན་བཙུགས་ཏེ་ཚེས་དགུ་ནས་བཟུང་ཟླ་བ་གསུམ་གྱི་བར་དུ་བསྒྲུབ་མཆོད་མཛད་དོ། །གྲུབ་པའི་རྟགས་ནམ་མཁའ་ལ་ལྷའི་རོལ་མོའི་སྒྲ་དང༌། ཁ་དོག་སྣ་ལྔའི་འཇའ་འོད་འཁྱིལ་ཞིང་དབྱིབས་རྒྱལ་མཚན་ལྟ་བུ་དང༌། རྡོ་རྗེ་འཁོར་ལོ་པདྨ་སྣ་ཚོགས་རྡོ་རྗེ་ལྟ་བུ་ཤར་བ་རྣམས་སྐྱ་སེར་ཀུན་གྱིས་མངོན་སུམ་དུ་མཐོང༌། སྤྲིན་མེད་པའི་ནམ་མཁའ་ལས་ལྷས་མེ་ཏོག་གི་ཆར་འབེབས་པ་སོགས་ལྟས་ཁྱད་པར་ཅན་མང་དུ་བྱུང་ཞིང༌། རྒྱལ་པོའི་རྨི་ལམ་དུ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཧེ་ཡིན་ཟིའི་ནམ་མཁར་བཀྲ་ལམ་གྱིས་བཞུགས་པ་ཡང་ཡང་རྨིས་པ་ཡང་བྱུང་གསུངས། ཆོས་རྗེ་རང་ཉིད་ཀྱིས་ཀྱང་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཞལ་ཡང་ཡང་གཟིགས།
དེ་ནས་གོང་མ་ཆེན་པོ་ཐུགས་དད་ཚད་མེད་པ་སྐྱེས་ཏེ་གསེར་གྱི་འཁོར་ལོ་ཡོད་པའི་ཐམ་ཀ་འབུལ་བ་ཚད་མེད་པ་དང་བཅས་གནང་སྟེ་བསྔགས་བརྗོད་གཟེངས་བསྟོད་མཛད། དེ་ནས་རྒྱལ་པོའི་དགུང་ལོ་ཁྲི་ཚོ་ཁྲི་ཚོར་སྤེལ་བའི་ཕྱིར་དུ་གྲུབ་པའི་རྒྱལ་མོའི་ལུགས་ཀྱི་ཚེ་དབང་རྗེས་གནང༌། གྲུབ་ཆེན་ཏཻ་ལོ་པའི་ལུགས་ཀྱི་བདེ་མཆོག་འཆི་བ་མཐར་བྱེད་ཀྱི་དབང་བསྐུར་ཏེ་སྤྱི་བོར་བུམ་པ་བཞག་པས་བདུད་རྩིས་བུམ་པ་གང་སྟེ་འཕྱུར་བར་ཀུན་གྱིས་མཐོང་བ་བྱུང་ཞིང་ཚེ་རིལ་སོགས་ལ་འོད་འཚེར་བ་ལ་སོགས་པའི་གྲུབ་རྟགས་ཡང་མང་པོ་བསྟན། རྒྱལ་པོ་ཤིན་ཏུ་ཡ་མཚན་ཏེ་གུས་པ་ཆེར་མཛད། རིན་པོ་ཆེ་གསེར་དངུལ་གྱི་ཕྲས་བརྒྱན་པའི་བཞུགས་ཁྲི། ཡི་ཅི་མདུན་ལྕོག །ཞབས་སྟེགས་བཞུགས་སྟན་སོགས་འབུལ་བ་ཚད་མེད་པ་གནང༌། གཞན་ཡང་རྒྱ་ཧོར་གྱི་ཡུལ་གྲུ་དེ་རྣམས་སུ་རབ་བྱུང་བསྙེན་རྫོགས། ཁྱིམ་པ་རྣམས་ལ་བསྙེན་གནས་དང་དགེ་བསྙེན་གྱི་སྡོམ་པ་སྦྱིན་པ་དང༌། རང་རང་གི་བློ་དང་འཚམ་པའི་ཆོས་བསྟན་ནས་རྗེ་རིན་པོ་ཆེའི་བསྟན་པས་ཕྱོགས་དེར་ཁྱབ་པར་མཛད།
དེ་ནས་ཕྱོགས་ནས་ཆེད་དུ་འོངས་ཏེ་མཇལ་ཕྲད་བྱེད་པའི་བླ་དཔོན་སྐྱེ་བོ་སེར་སྐྱ་ཆེ་ཕྲ་ཐམས་ཅད་ཀྱིས་འབུལ་བ་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས་ཤིང་དེ་དག་སོ་སོའི་སྐལ་བ་དང་འཚམ་པར་རབ་བྱུང་བསྙེན་རྫོགས། དབང་ལུང་རྗེས་གནང་ཁྲིད་མན་ངག་བསྙེན་གནས་སྨྱུང་གནས་ཀྱི་སྡོམ་པ་སོགས་རང་རང་གི་འདོད་མོས་ལྟར་ཚིམ་པར་སྩལ་ཏེ་སྨིན་ཅིང་གྲོལ་བར་མཛད། དེ་ནས་གོང་མ་རྒྱལ་པོ་ལ་རྒྱལ་བ་ཙོང་ཁ་པ་ཞལ་མཇལ་བ་དང༌། མཆོད་ཅིང་བསྙེན་བཀུར་བ་དང༌། ཆོས་ཟབ་མོ་མང་པོའི་བཀའ་དྲིན་ཞུ་བ་སོགས་ཀྱི་ཆེད་དུ་དབུས་གཙང་དུ་ཕྱིན་ཆོག་པ་དགོས་ཞེས་དགོངས་པ་ཞུ་བར་མཛད་པས། གོང་མ་ཆེན་པོས་ཀྱང་དགོངས་པ་ཁྲོལ་ཏེ། གོང་ནས་གསེར་ཡིག་པ་སྐྱེལ་བའི་མི་སྣ་དང་བཅས་ཕེབས་ཏེ་ཤན་ཟེའི་ལམ་ཆེན་བརྒྱུད་ནས་རིམ་པས་ལི་ཐང་བྱམས་ཆེན་ཆོས་འཁོར་སོགས་ནས་བོད་ཡུལ་དབུས་ཀྱི་སེ་རར་ཕྱག་ཕེབས་ཏེ་རྗེ་རིན་པོ་ཆེ་དང་མཇལ། རྒྱལ་པོས་གནང་བའི་གནས་བཅུའི་ཐགས་སྐུ། ལྗོན་ཤིང་གི་གུར། གསེར་དངུལ་གྱི་མཚལ་ལ་རིན་པོ་ཆེའི་ཚོམ་བུ་དང་བཅས་པ། གོས་དར་སྣ་ཚོགས་གཏོས་ཆེ་བ་ཕུལ་ནས་ཞབས་བརྟན་གསོལ་འདེབས་ཀྱང་མཛད། ཇོ་བོ་ཤཱཀྱ་མུ་ནེར་གསེར་འབུལ། མགུལ་རྒྱན་མཆོད་ཆའི་རིགས། རི་བོ་དགའ་ལྡན་གྱིས་གཙོས་དགེ་འདུན་རྣམས་ལ་འགྱེད་མང་ཇ་སོགས་གནང༌། མི་སྣ་ལྡོག་དུས་རྒྱལ་པོ་ལ་ལེགས་གསོལ་ཞུ་འབུལ་བྱས། མི་སྣ་རྫོངས་པ་མཛད།
དེ་ནས་སྔ་མོ་ནས་རྗེ་རིན་པོ་ཆེ་སེ་རར་བཞུགས་དུས། རྩ་ཤེས། དྲང་ངེས་རྣམ་འབྱེད། བཞི་བརྒྱ་པ། བྱང་ཆུབ་ལམ་རིམ། གསང་བསྔགས་ལམ་རིམ་གྱི་ཁྲིད། རྩ་ལྟུང་བཅུ་བཞི་པ་དང་བླ་མ་ལྔ་བཅུ་པའི་རྣམ་བཤད་གཉིས་ལ་སོགས་པའི་ཆོས་མང་པོ་གསན་ནའང༌། སླར་ཡང་དཔལ་གསང་བ་འདུས་པའི་འགྲེལ་པ་སྒྲོན་གསལ་མཆན་བུ་དང་བཅས་པ། བཤད་རྒྱུད་འགའ་ཞིག་གི་ལུང༌། རིམ་ལྔའི་ཁྲིད། སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་རྒྱས་པ། དུས་འཁོར་གྱི་འགྲེལ་ཆེན་དྲི་མེད་འོད་ཀྱི་བཤད་པ་ཆེས་ཞིབ་པ། ནཱ་རོ་ཆོས་དྲུག །དབུ་མ་འཇུག་པ། ཚད་མ་རྣམ་འགྲེལ། བདེ་མཆོག་རྩ་བའི་རྒྱུད་ལ་སོགས་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་དཔག་ཏུ་མེད་པ་གསན།
དེ་ནས་ལོ་རེ་བཞིན་གོང་མ་ཆེན་པོར་མཚམས་ཞུ་དང་ཆོས་ཀྱི་གདམས་པ་གོང་ནས་གོང་འཕེལ་དུ་མཛད། གོང་མ་ཆེན་པོས་ཀྱང་ལོ་རེ་བཞིན་གསེར་ཡིག་འབུལ་ནོད་གྱ་ནོམ་པ་དང་བཅས་སྩལ། དེ་ནས་རྗེ་རིན་པོ་ཆེ་ཞིང་གཤེགས་པ་ལ་ཉེ་བའི་ཚེ། སྟོད་ལུང་གི་ཆབ་ཆེན་དང༌། དེ་ནས་འབྲས་སྤུངས་སུ་བྱོན། དེ་ནས་ལྷ་སར་བྱོན་པའི་ཚེ་བྱམས་ཆེན་ཆོས་རྗེ་འདི་པས་རྗེ་རིན་པོ་ཆེ་སེ་རར་གདན་འདྲེན་བྱེད་པའི་གྲབས་ཀྱང་སྒྲིགས་ཏེ་སྤྱན་དྲངས་ནས་སེ་ར་ཆོས་སྡིངས་སུ་བཞུགས། བསྙེན་བཀུར་ཚད་མེད་པས་མཆོད། དེའི་ཚེ་རྗེ་རིན་པོ་ཆེས་བྱམས་ཆེན་ཆོས་རྗེ་འདི་པ་ལ་སེ་རར་དགེ་འདུན་གྱི་སྡེ་བཙུགས་ནས་བཤད་སྒྲུབ་རྐང་ཚུགས་པ་ཞིག་བྱེད་དགོས་པའི་བསླབ་སྟོན་ཞལ་ཏ་རྒྱས་པར་གནང་ཞིང༌། ཁྱད་པར་གངས་རིའི་ཁྲོད་འདིར་སྔགས་ཀྱི་རྒྱུད་སྡེ་ལ་འཆད་ཉན་རྣམ་པར་དག་པ་ནུབ་པར་གྱུར་ནས་རིང་ཞིག་ལོན། རྗེ་རིན་པོ་ཆེ་ཉིད་ཀྱིས་བཤད་པ་རྣམ་པར་དག་པར་མཛད་པའི་གསུང་གི་བདུད་རྩི་ཉམས་སུ་མྱོང་བའི་བློ་གྲོས་ཀྱི་ལུས་ཡོངས་སུ་ཚིམ་པ་མང་དུ་བྱོན་མོད་ཀྱི། དེ་ལྟ་ན་ཡང་ད་དུང་རྒྱུད་སྡེའི་འཆད་ཉན་རྐང་ཚུགས་པའི་གྲྭ་ས་གཞི་ཐིངས་པ་སྔོན་ཆད་མེད་པས། དེ་འདྲ་བའི་འཆད་ཉན་གྱི་གཞི་རྣམ་པར་དག་པ་ཚུགས་ན་ཅི་མ་རུང་སྙམ་དུ་བསྟན་པ་འབའ་ཞིག་ལ་དགོངས་པའི་ཐུགས་ཀྱི་འདུན་པ་ཤུགས་དྲག་པོས་དེའི་ཚེ་བྱམས་ཆེན་ཆོས་རྗེ་འདི་པ་ལ་བདེ་གསང་གཉིས་ཀྱི་འཆད་ཉན་རྐང་ཚུགས་པའི་སྔགས་གྲྭ་ཞིག་འཛུགས་པའི་ཞལ་ཏ་གནང་སྟེ། བྱམས་ཆེན་ཆོས་རྗེ་འདི་པས་ཀྱང་རྗེ་རིན་པོ་ཆེའི་བཀའ་བཞིན་དུ་བསྒྲུབ་པའི་ཐུགས་ཁུར་རྒྱ་ཆེར་བཞེས་ནས། སེ་ར་ཆོས་སྡིངས་སུ་གཞི་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ཏེ་དཔལ་གསང་བ་འདུས་པ་དང༌། བདེ་མཆོག་གི་རྩ་རྒྱུད་ལ་འཆད་ཉན་རྐང་ཚུགས་པའི་གྲྭ་ས་རྣམ་པར་དག་པ་འཛུགས་པའི་ཞལ་བཀོད་དང༌། ཆོས་དཔོན་བསྐོ་བ་ལ་སོགས་པ་མཛད་ཅིང་རྟེན་འབྲེལ་ཁྱད་པར་ཅན་སྒྲིག་པའི་ཆེད་དུ་གནས་དེར་གསོ་སྦྱོང་མཛད། རྒྱུད་ཀྱི་རྒྱལ་པོ་གཉིས་ཀྱི་དབུ་ནས་ཆོས་ཐུན་རེ་གསུངས་པ་ལ་སོགས་པ་རྟེན་འབྲེལ་བསྒྲིག་པར་མཛད་པ་ལ་བརྟེན་ཏེ་སེ་ར་ཐེག་ཆེན་གླིང་བཏབ། དེ་ནས་རིང་པོར་མ་ལོན་པར་རྗེ་རིན་པོ་ཆེ་གཞན་དོན་དུ་གཤེགས་པའི་གདུང་མཇལ་མགུལ་རྒྱན་མཆོད་མེ་སོགས་གདུང་མཆོད་རྒྱ་ཆེན་པོ་མཛད།
༄༅། །བྱམས་ཆེན་ཆོས་རྗེའི་བསྟོད་པ་བཞུགས་སོ། །
༄༅། །བྱམས་པ་ཆེན་པོས་འགྲོ་ཀུན་བདེ་ལ་འགོད། །ཐུགས་རྗེ་ཆེན་པོས་འཇིགས་པ་ཀུན་ལས་སྐྱོབ། །ཡོན་ཏན་ཆེན་པོས་བཤེས་གཉེན་མཆོག་གྱུར་པ། །བྱམས་ཆེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །དཔག་ཡས་བསྐལ་པར་ཤིན་ཏུ་བྱ་དཀའ་བའི། །རླབས་ཆེན་ཚོགས་གཉིས་རྒྱ་ཆེན་བསྐྲུན་པའི་མཐུས། །བྱམས་ཆེན་གཏེར་ལས་འཁྲུངས་པའི་སྤྱན་རས་གཟིགས། །མི་ཕམ་བྱམས་ཆེན་ཆོས་རྗེ་རྒྱལ་གྱུར་ཅིག །ལེགས་ཚོགས་བྱེ་བས་བསྐྲུན་པའི་རབ་མཛེས་སྐུ། །ཡིད་རབ་ཚིམ་བྱེད་ལེགས་པར་འདོམས་པའི་གསུང༌། །དྲི་མེད་མཁྱེན་དང་བརྩེ་བའི་རྣམ་དག་ཐུགས། །ཡོན་ཏན་ཕུང་པོ་བྱམས་ཆེན་ཆོས་ཀྱི་རྗེ། །ལྷ་མིའི་སྤྱི་གཙུག་རྒྱན་དུ་རྟག་བཞུགས་ནས། །ལུས་ཅན་འཁོར་བའི་འཇིགས་ལས་སྐྱོབ་མཛད་ཅིང༌། །ཕུལ་བྱུང་ཡོན་ཏན་བླ་མེད་གསེར་གྱི་གཞི། །བྱམས་ཆེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །རྨད་བྱུང་ཤཱཀྱའི་བསྟན་པའི་རྒྱལ་མཚན་འཛིན། །རྣམ་དག་མཁྱེན་པའི་ཡེ་ཤེས་ཀུན་ལ་ཁྱབ། །མི་དམིགས་མཁྱེན་པས་འགྲོ་བ་འཇིགས་ལས་སྐྱོབ། །བྱམས་ཆེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །སེར་སྣ་དོར་བའི་སྦྱིན་པ་རླབས་པོ་ཆེ། །ཉེས་སྤྱོད་ཀུན་སྡོམ་ཚུལ་ཁྲིམས་འཕགས་པའི་ནོར། །དམ་པ་དགའ་སྐྱེད་བདེ་ལེགས་ཀུན་གྱི་གཞི། །བྱམས་ཆེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །བློ་གྲོས་སྐྱོན་གྱིས་མི་གོས་བཟོད་པ་དང༌། །རྨད་བྱུང་དགེ་ཚོགས་སྡུད་པའི་བརྩོན་འགྲུས་ཀྱི། །ཡོན་ཏན་ཚོགས་ཀྱིས་མངོན་པར་འཕགས་གྱུར་པ། །བྱམས་ཆེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །བསམ་གཏན་སེམས་ལ་དབང་སྒྱུར་བདེ་ཆེན་འདྲེན། །ཤེས་རབ་རྣམ་ཐར་ཟབ་མོའི་དེ་ཉིད་གཟིགས། །རྣམ་གྲོལ་ལམ་གྱི་མཐར་ཐུག་ཡིད་བཞིན་ནོར། །བྱམས་ཆེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །བླ་མེད་ཤཱཀྱའི་བསྟན་པའི་དཔག་བསམ་ཤིང༌། །སྐྱེས་ཐོབ་བློ་གྲོས་གཞན་ལས་མི་དམན་ཞིང༌། །སྦྱངས་སྟོབས་ལེགས་བཤད་ཡེ་ཤེས་མཁྱེན་པའི་གཏེར། །བྱམས་ཆེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །བསྐྱེད་རིམ་རྡོ་རྗེའི་རྣལ་འབྱོར་ཐབས་ཀྱི་མཆོག །རྫོགས་རིམ་ལམ་གྱི་མཐར་ཐུག་ཕྱག་རྒྱ་ཆེ། །མི་འགྱུར་བདེ་བ་མཆོག་གི་ལམ་བརྙེས་པ། །བྱམས་ཆེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །ཕུན་ཚོགས་ཡོན་ཏན་གཏེར་དུ་གྱུར་པ་ན། །ཐུགས་ཀྱི་ཆུ་གཏེར་དགའ་བདེའི་རླུང་གིས་བསྐྱོད། །ཞི་བའི་གནས་སུ་མི་རྟོག་ཏིང་འཛིན་གསལ། །བྱམས་ཆེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཚུངས་མེད་སྙིང་རྗེས་ཀུན་ཏུ་ཁྱབ་པ་དང༌། །ཡོན་ཏན་ཚོགས་ཀྱིས་བརྒྱན་པར་བྱིན་གྱིས་རློབས། །འགྲོ་བ་དགའ་སྐྱེད་གཏོང་བ་རྒྱས་པ་དང༌། །སྐྱོན་བྲལ་ཚུལ་ཁྲིམས་ལྡན་པར་བྱིན་གྱིས་རློབས། །རྣམ་དག་བཟོད་པ་མཁས་པའི་རྒྱན་གྱིས་མཆོག །རླབས་ཆེན་དགེ་ཚོགས་འཕེལ་བར་བྱིན་གྱིས་རློབས། །རྣམ་གཡེང་སྐྱོན་གྱིས་མ་གོས་བསམ་གཏན་དང༌། །རྣམ་དཔྱོད་ཤེས་རབ་རྒྱས་པར་བྱིན་གྱིས་རློབས། །ཐབས་ཤེས་ཟུང་དུ་འབྲེལ་བའི་ཉམས་ལེན་གྱིས། །དཔག་མེད་གཞན་དོན་བྱེད་པར་བྱིན་གྱིས་རློབས། །ཀུན་རྟོག་རྙོག་པའི་དྲི་མ་དག་པ་དང༌། །བདེ་ཆེན་ལམ་མཆོག་ཐོབ་པར་བྱིན་གྱིས་རློབས། །པད་དཀར་འཕྲེང་བ་དགོད་པ་དང་བའི་མཚོར། །རྒྱུ་སྐར་བཀྲ་བའི་མཚན་མོའི་མགོན་པོ་བཞིན། །རྒྱལ་ཡུམ་དོན་ལྡན་སྤྲོས་བྲལ་ཆོས་ཀྱི་དབྱིངས། །སྒྱུ་མའི་ཏིང་འཛིན་མངོན་དུ་འགྱུར་བར་ཤོག །དེ་ལྟར་གུས་པའི་ཡིད་ཀྱིས་གསོལ་བཏབ་པས། །རྒྱལ་བ་ཀུན་གྱིས་བསྔགས་པའི་རྨད་བྱུང་ལམ། །ཐེག་མཆོག་ཟབ་ལམ་སྟོན་པའི་བཤེས་གཉེན་གྱིས། །སྐྱེ་བ་ཀུན་ཏུ་རྗེས་སུ་འཛིན་པར་ཤོག །ཚོགས་གཉིས་མཐར་ཕྱིན་དུས་གསུམ་རྒྱལ་བ་ཡི། །འཕྲིན་ལས་སྒྲུབ་ཅིང་ཡོན་ཏན་རྣམ་དབྱེར་མེད། །སྐལ་བ་མཉམ་པའི་གདུལ་བྱ་སྨིན་མཛད་པ། །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །མི་དབང་གཙུག་གི་ནོར་བུ་བྱམས་ཆེན་ཆོས་ཀྱི་རྗེ་ཤཱཀྱ་ཡེ་ཤེས་ལ་བསྟོད་པ་བསམ་ཤིང་གི་འདོད་འཇོ་འབྲས་བུ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་འདི་ནི་མདོ་སྟོད་པ་རྒྱལ་མཚན་བཟང་པོས་སྦྱར་བའོ།། །།བཀྲ་ཤིས་ཤོག །