དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྟོད་ལུང་བདེ་ཆེན་རྫོང་གི་གཞི་རིམ་ལོ་རྒྱུས། ༡༽

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྟོད་ལུང་བདེ་ཆེན་རྫོང་གི་གཞི་རིམ་ལོ་རྒྱུས། ༡༽

སྟོད་ལུང་བདེ་ཆེན་རྫོང་།

ས་བཅད་དང་པོ། རྫོང་གི་གཞི་རིམ་ལོ་རྒྱུས།

ལེ་ཚན་དང་པོ།  རྫོང་གི་མིང་ཐོགས་ཚུལ།

སྟོད་ལུང་ཞེས་པ་བོད་སྐད་དུ་སྟོད་ཕྱོགས་ཀྱི་ལུང་པ་ལ་གོ་བ་དང་བདེ་ཆེན་གྱི་བོད་སྐད་ཚིག་དོན་ནི་བདེ་བ་ཆེས་ཆེ་བ་ཞེས་པའོ། ཡུལ་འདིའི་མིང་ལ་གནའ་དེང་གི་ལོ་རྒྱུས་ཡིག་ཚགས་དང་རྒྱུན་སྲོལ་འབོད་སྲོལ་དུ་སྟོང་ལུང་ཞེས་གྲགས། དེ་ཡང་《ཏུན་ཧོང་ཡིག་རྙིང་》ལས།

སྟག་གི་ལོ་ (༦༥༤) ལ། བཙན་པོ་ཁྲི་མང་སྲོང་མང་བཙན་མེར་ཁེ་ན་བཞུགས་ཤིང་། བློན་མགར་སྟོང་རྩན་གྱིས་འདུ་ཚོགས་སྟོད་ལུང་མོང་ཕུ་སྲལ་འཛོང་དུ་བསྡུས།[1] ཞེས་བྱུང་བ་དེ་ནི་སྟོད་ལུང་ཞེས་པའི་ཡུལ་མིང་ཡིག་ཐོག་ཏུ་འཁོད་པ་སྔ་ཤོས་སུ་སྣང་། དེ་བཞིན་《ལྡེའུ་ཆོས་འབྱུང་》ལས། སྤུར་རྒྱལ་བཙན་པོ་སྲོང་བཙན་སྒམ་པོས་དབུ་རུའི་དཔོན་ཚན་བཅུ་དྲུག་དབྱེ་བའི་སྐབས། སྟོད་ལུང་ལ་ཡུལ་དཔོན་གཅིག[2] ཅེས་དང་། ཕྱིས་བོད་གཞུང་དགའ་ལྡན་ཕོ་བྲང་པའི་གཞུང་ཡིག་《ལྕགས་སྟག་ཞིབ་གཞུང་》ལས། སྟོད་ལུང་ཚལ་བདེ།[3] ཞེས་གསལ་བ། དེ་མིན་སྤུར་རྒྱལ་གཉིས་པ་མུ་ཁྲི་བཙན་པོས་དབུས་གཙང་གཉིས་ལ་བོན་གྱི་འདུ་གནས་སོ་བདུན་བཞེངས་པར་གྲགས་པའི། དབུ་རུའི་འདུ་གནས་བཅུ་གསུམ་བགྲངས་བའི་སྐབས་འདུ་གནས་གཅིག་བཙུགས་ཡུལ་སྟོད་རིས་ལུང་གསུམ།[4] ཞེས་སྟོད་ལུང་དང་ཚིག་སྣེ་གཅིག་མི་འདྲ་བ་ཙམ་ལས་དབུ་རུའི་ཁོངས་སུ་སྟོད་ལུང་ཞེས་པའི་ས་མིང་ཡོད་པ་སོགས་གོང་འོག་གི་ཡིག་ཚགས་ཁག་ལ་གཞིགས་ན། དབུ་རུའི་ཁོངས་སུ་སྟོད་ལུང་ཞེས་པའི་ས་མིང་ཡོད་པ་མ་ཟད། སྟོད་ལུང་ཞེས་པའི་ས་མིང་དེར་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའང་རྟོགས་ཐུབ།

དགའ་ལྡན་ཕོ་བྲང་གི་གཞུང་ཡིག་ནང་སྟོད་ལུང་ཚལ་བདེ་ཞེས་འབོད་དོན་ནི། སྟོད་ལུང་མ་ཆུ་སྟེ་སྐྱ་བ་ཆུ་ཟེར་བའི་ཆུ་གཞུང་གི་སྟོད་དུ་ཆགས་པའི་ལུང་པ་ཡིན་པས་སྟོད་ལུང་དང་། ཚལ་བདེ་ཞེས་པ་ནི་མཚོ་སྨད་ཤང་ཁོངས་ཚལ་པོ་ཞེས་པར་སྔོན་དུས་ཤིང་གླ་བའི་ཚལ་ཡོད་པའི་ས་ཆ་ཞིག་ལ་ཐོག་མར་རྫོང་མཁར་ཆགས་པར་བརྟེན། སྟོད་ལུང་ཚལ་པོ་རྫོང་ཞེས་འབོད་པ་དང་། དེ་རྗེས་བདེ་ཆེན་དགོན་པ་སྟོངས་ཤུལ་དུ་རྫོང་སྤོས་པ་ནས་བཟུང་སྟོད་ལུང་ཚལ་བདེ་རྫོང་ངམ་གཞིས་སྡོད།[5] ཅེས་ཡོངས་སུ་གྲགས། རྫོང་དང་གཞིས་སྡོད་གཉིས་ལ་རིམ་པའི་ཁྱད་པར་ཅུང་ཡོད་ནའང་། དེ་སྔའི་བོད་གཞུང་གི་བྱེད་སྒེའི་བཀའ་རྒྱ་འགྲོ་ཡུལ་ཡིན་ཕྱིན་རྩ་བའི་ཁྲིམས་གནོན་གྱི་བྱེད་སྒོ་སོགས་ལ་དབྱེ་བ་མེད།[6] ཅེས་བྱུང་།

 

ལེ་ཚན་གཉིས་པ། ས་བབ་ཆགས་ཡུལ།

སྟོད་ལུང་བདེ་ཆེན་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ནུབ་ངོས་ལེ་དབར ༣༥[7] ས། ཡར་ཀླུང་གཙང་པོའི་དབུས་རྒྱུད་རོང་སའི་ཁུལ་སྐྱིད་ཆུ་ལྷོ་ངོས་སུ་ཁ་ཕྱོགས་ཁུལ་དང་སྟོད་ལུང་གཙང་པོ་གཉིས་ཀྱི་འགྲམ། གོ་ལའི་བྱང་གི་འཕྲེད་ཐིག་ཏུའུ་གྲངས་ ༢༩༚ ༥’ 〜 ༣༠༚ ༡’ བར་དང་། ཤར་གྱི་གཞུང་ཐིག་ཏུའུ་གྲངས་ ༩༠༚ ༥’ 〜 ༩༡༚ ༢’ བར་གནས།  རྒྱ་མཚོའི་ངོས་ལ་ཆ་སྙོམས་མཐོ་ཚད་མཐོ་ཤོས་སྨི་ ༥༥༠༠ ནས་དམའ་ཐོས་ ༣༦༤༠ བར་ཡིན། སྟོད་ལུང་གཙང་པོའི་རྒྱུད་དུ་རི་འབུར་སྒང་གཤོང་དང་རི་ཚོགས་མུ་འབྲེལ་དུ་ཆགས་པ་དང་། གཉན་ཆེན་ཐང་ལྷ་རི་བོའི་རི་ལག་གཉིས་རྫོང་ཁོངས་ལྷོ་བྱང་དུ་འཁྱོག་པོར་མུ་འབྲེལ་དུ་གནས། ནུབ་བྱང་ཁུལ་ནི་སྟོད་ལུང་ལུང་གཞུང་ཁུལ་ཡིན་ཞིང་། མཐོ་སྒང་ལུང་གཞུང་ཁུལ་ཐད་དཔྱང་གནམ་གཤིས་ཀྱི་ཁྱད་ཆོས་མངོན་པར་གསལ། ལྷོ་ཤར་ཕྱོགས་ལྷ་སའི་ལུང་གཞུང་ཁུལ་ཁོངས་སུ་གཏོགས་ཤིང་། ས་བབ་ནུབ་མཐོ་ཞིང་ཤར་དམའ་ལ་བདེ་ཞིང་རྒྱ་ཆེ་བ་། མཐོ་སྒང་དྲོ་ཁུལ་ཕྱེད་ཐན་པའི་དུས་རླུང་གནམ་གཤིས་ཁུལ་ཁོངས་སུ་གཏོགས།[8]

ལོ་རེའི་ཆ་སྙོམས་དྲོད་ཚད་ ༧.༥༚C‚ ཡིན་ཞིང་ཟླ་དང་པོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༢.༣༚C‚ དང་། ཟླ་བདུན་པའི་ཆ་སྙོམས་དྲོད་ཚད་ ༡༤.༩༚C‚ རེད། ཆར་དུས་སུ་ཆར་ཆུ་འདུ་བ་དང་འཚོ་རླུང་ཉུང་བ། ཉི་འོད་འཕྲོ་ཤུགས་ཆེ་བ་ཞིང་དྲོ་ཚད་དམའ་བ། སད་མེད་སུས་ཡུན་ཐུང་ཞིང་ལོའི་ཉི་ཕོག་དུས་ཡུན་ཆུ་ཚོད་ ༣༠༠༠ ཡན་མན་ཡིན་ཞིང་། ལོའི་སད་མེད་དུས་ཡུན་ཉིན་ ༡༢༠ དང་ལོའི་ཆར་ཆུ་འབབ་ཚད་ལི་སྨི་ ༤༤༠ mm རེད། མངའ་ཁོངས་སུ་རྒྱུན་མཐོང་གི་རང་བྱུང་གནོད་འཚེ་ཐན་སྐྱོན་དང་། སེར་བ། སད། གངས་སྐྱོན། འབུ་སྐྱོན། ཆུ་ལོག་སོགས་ཡོད།[9]  ཕྱོགས་བཞིའི་སྲིད་འཛིན་ས་མཚམས་དེང་གི་དབྱེ་སྟངས་ལྟར་བྱས་ན་ཤར་ཕྱོགས་སུ་ལྷ་ས་དང་། ལྷུན་གྲུབ་རྫོང་། ལྷོ་ཕྱོགས་སུ་ལྷོ་ཁ་གོང་དཀར་རྫོང་དང་། ཆུ་ཤུར་རྫོང་། ལྷོ་ནུབ་ཏུ་སྙེ་མོ་རྫོང་། ནུབ་དང་བྱང་ངོས་སུ་འདམ་གཞུང་རྫོང་བཅས་ཀྱི་ཁྱབ་ཁོངས་དང་འབྲེལ་ཞིང་།[10]

 

ས་བཅད་གཉིས་པ། རྫོང་གི་ལོ་རྒྱུས།

ལེ་ཚན་དང་པོ། བོད་ཀྱི་སྲིད་འཛིན་འཕོ་འགྱུར་དང་སྟོད་ལུང་རྫོང་།

         སྟོད་ལུང་ཁུལ་གྱི་དེ་བཞིན་རྒྱལ་ཕྲན་སིལ་མའི་སྐབས་སྟོད་ལྷ་བའི་ཀྱེ་རྗེ་སོགས་དབང་བསྒྱུར་བའི་ཁུལ་ཡིན་བཟོ་འདུག་པ་ནི། 《ཏུན་ཧོང་ཡིག་ཆ་ལས་བྱུང་བའི་བོད་བཙན་པོའི་རྒྱལ་རབས། 》ལས། ཡུལ་སྟོད་རོ་ལུང་གསུམ་ན་(སྟོད་ལུང་བདེ་ཆེན་རྫོང་ཁོངས།)སྟོད་ལྷ་བའི་ཀྱེ་རྗེ། སྟོད་རྗེ་འབྲོང་ལོམ། རྟ་སྣར་འབྲང་དང་བརྒྱ་སྟོང་རེ་ཐམ་པ།[11] ཞེས་བྱུང་བ་བཞིན་དང་། དུས་རབས་བདུན་པའི་ནང་སྤུར་རྒྱལ་བཙན་པོས་བོད་ལ་དབང་ལུང་བསྒྱུར་སྐབས། བོད་དབུས་གཙང་རུ་བཞི་ལས་དབུ་རུའི་ཁོངས་གཏོགས་དང་། དུས་རབས་དགུ་པའི་ནང་བོད་སིལ་བུར་འཐོར་བའི་སྐབས། རྗེ་དཔོན་སུ་ཞིག་གིས་དབང་ལུང་བསྒྱུར་གྱི་ཡོད་པ་ཆ་མ་འཚལ་ཞིང་། དུས་རབས་བཅུ་གསུམ་པའི་ནང་དཔལ་ལྡན་ས་སྐྱ་པས་བོད་ལ་དབང་ལུང་བསྒྱུར་སྐབས། དབུས་གཙང་ཁྲི་སྐོར་བཅུ་གསུམ་ལས་ཚལ་པ་ཁྲི་སྐོར་གྱི་མངའ་ཁོངས་ཡིན་པ་དང་། དུས་རབས་བཅུ་བཞི་པའི་ནང་སྡེ་སྲིད་ཕག་མོ་གྲུ་པ་དང་སྡེ་པ་གཙང་པའི་སྐབས། སྐྱོར་མོ་ལུང་དང་གདོང་དཀར་རྫོང་ཁོངས་ཡིན་འདུག

དུས་རབས་བཅུ་བདུན་པའི་ལོ་རབས་བཞི་བཅུ་པའི་ནང་དགའ་ལྡན་ཕོ་བྲང་པས་བོད་ལ་དབང་ལུང་བསྒྱུར་སྐབས། སྟོད་ལུང་ཁུལ་དུ་སྟོད་ལུང་ཚལ་བདེ་གཞིས། ཞེས་གཞུང་འོག་རིམ་དྲུག་རྫོང་སྒོ་འབྲིང་གྲས་རྫོང་སྡོད་སེར་མོ་གཅིག་གིས་སྐྱོང་བའི་རྫོང་དང་།[12] ཚལ་བདེ་གཞིས་ཀྱི་ས་ཁོངས་ནི་བྱང་ཡངས་ཅན་ཟམ་གསར་ནས་ལྷོ་ལ་བ་འཕྲང་བར་ཡིན། ཕྱི་ལོ་ ༡༩༥༤ ལོར་བོད་གཞུང་གིས་རྒྱ་ཁྱབ་རྫོང་གཞིས་ཁག་གཞུང་འཛིན་བུམ་པ་སིབ་བླུགས་བཟོས་རྗེས། རྩེ་ཤོད་རེ་འཁོར་འགྲོ་ལམ་བྱུང་བ་བཞིན་ཕྱི་ལོ་ ༡༩༥༩ གོང་སྟོད་ལུང་ཚལ་བདེ་རྫོང་སྡོད་དུ་ཤོད་དྲུང་ཉ་སྨོན་བསོད་ནམས་དབང་ཕྱུག[13] ཅེས་པ་ཁོང་ཡིན་འདུག སྟོད་ལུང་ཚལ་བདེ་གཞིས་ཀྱི་རྒྱ་ཁྱོན་ནི་བྱང་ཡངས་ཅན་ཟམ་གསར་ནས་ལྷོ་ལ་བ་འཕྲང་བར་ཡིན། བོད་ས་ཤོར་རྗེས་དེ་སྔའི་སྟོད་ལུང་ཚལ་བདེ་གཞིས་དང་། གདོང་དཀར་རྫོང་སྡོད། སྣེའུ་གཞིས་སྡོད་བཅས་ཟླ་བསྒྲིལ་གྱིས་ད་ལྟའི་སྟོད་ལུང་བདེ་ཆེན་རྫོང་གསར་འཛུགས་བྱས།

ལེ་ཚན་གཉིས་པ། རྫོང་གཞིས་འགྲོ་སྟངས་དང་། ཁྲལ་འུ་ཁྲིམས་འགོ།

 

དང་པོ། རྫོང་གཞིས་འགྲོ་སྟངས།

༡ སྟོད་ལུང་ཚལ་བདེ་གཞིས།

ད་ལྟའི་སྟོད་ལུང་རྫོང་གི་ཁྱབ་ཁོངས་སུ་དེ་སྔོན་གཞུང་འཛིན་དགའ་ལྡན་ཕོ་བྲང་པས་མཛད་སྐབས་ཀྱི་སྟོད་ལུང་ཚལ་བདེ་གཞིས་དང་། གདོང་དཀར་རྫོང་སྡོད། སྣེའུ་གཞིས་སྡོད་བཅས་རྫོང་གཞིས་གསུམ་འདུས་ཡོད་པ་ལས། སྟོད་ལུང་ཚལ་བདེ་གཞིས་ཀྱི་ས་ཁོངས་ནི་བརྒྱ་ཚོ་སྟོད་སྨད་བར་གསུམ།[14] ཞེས་ཁག་གསུམ་ཞེས་ཁག་གསུམ་དུ་དབྱེ་བ་ལས་བརྒྱ་ཚོ་སྟོད་དུ་ངང་དཀར་ནས། ཕྱིར་མིག་ལུང་། བདེ་ཆེན། ཆུ་བཟང། སྡིངས་ཁ། གཡུ་ཐོག ནང་པ། དོལ་པོ། དཀར་པོ་སྲས། ས་མཚམས། ལམ་པ། སྨོན་མཁར་བར་དང་། བརྒྱ་ཚོ་བར་པ་ནི། གྲམ་ནས་ལྕང་གསར། ཉང་རྩེ། ཟུར་པ། ཚལ་པོ། མཚོ་སྨད། སྒང་སྐྱིད། རིན་སྒང་། ཟས་ཞིམ། ཉན། དམར་བར་དང་། བརྒྱ་ཚོ་སྨད་ནི། མཚུར་ཕུ་ནས་སྣ་དཀར། རྣམ་པར། དགེ་བོ། སྤ་ར། གྲུ་སྟོད། གྲུ་སྨད། གནམ་སྟོད། ཞང་སྟོན། བྲག་ཁུག ཐང་ཕུ། ལྕགས་རི། སྣང་རྩེ། དགའ་གྲོང། གད་པོ། རྒུ་རུམ། ལྕགས་རྡོ། སྐྱོང་པ་བར་བཅས་ཡིན། གོང་གསལ་བརྒྱ་ཚོ་སོ་སོར་བརྒྱ་ཚོ་རྒན་པོ་རེ་ཡོད་ལ་གྲོང་ཚོ་སོ་སོར་རྒན་པོ་ཡང་ཡོད། བརྒྱ་ཚོ་རྒན་པའི་ལས་འགན་ནི་བཀའ་ཤག་དང་། རྩེ་ཡིག་ཚང་ལས་ཁུངས། ཞོལ་ལས་ཁུངས་སོགས་གོང་རིམ་གྱི་བཀའ་རྒྱ་དང་ཡིག་ཆུང་ཁག་ཁུངས་སུ་འཕྲོད་གཏོང་བྱ་རྒྱུ་དང་། དེ་བཞིན་དཔོན་རིགས་ཆེ་ཆུང་སོགས་ཕར་ཚུར་གཞུང་དོན་དུ་འགྲུལ་བཞུད་བྱེད་སྐབས་རྟ་ཁལ་ལ་དཔྱད་མཚམས་བརྡལ་གླ་བསྡུ་ལེན་གྱིས་ཟླ་དྲུག་སོང་ཁྲར་བཀོད་དེ་བཀའ་ཤག་ལ་སྙན་ཞུ་འབུལ་སྲོལ་བཅས་ཡིན།[15]

 

༢ གདོང་དཀར་རྫོང་།

གདོང་དཀར་རྫོང་ནི་ད་ལྟའི་སྟོད་ལུང་བདེ་ཆེན་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་ཡོད་ཅིང་། དེ་སྔ་པོ་ཏ་ལའི་ཞོལ་པ་ལས་ཁུངས་འོག་རྫོང་སྡོད་སྐྱ་བོ་གཅིག་བསྐྱོངས་བའི་རྫོང་ཞིག་ཡིན། གདོང་དཀར་རྫོང་སྡོད་ཀྱི་མངའ་འོག་ཤར་གདོང་དཀར་སྒྲོལ་མ་རི་ཟུར་ནས་ཐད་དྲངས། ལྷོ་སྐྱིད་ཆུའི་ཆུ་རགས་ཁ་བར་གྱི་ནོར་སྟོད་གླིང་ཁའི་ས་རྒྱུད། ནུབ་ལ་བ་འཕྲང་གི་ཐད་དྲངས་ལྷོ་ངོས་ཞང་སྟོན་རི་ཟུར་དང་། སྐྱིད་ཆུའི་འགྲམ། མཉེས་ཐང་རྡོ་ནག་བྲག་ཁུག་བར་བཅས་ཡིན། ཤར་དུ་ཞོལ་འོག་ཐད་སྐྱོང་དང་། ལྷོར་མཉེས་ཐང་དང་སྣེའུ། ནུབ་བྱང་དུ་ཚལ་བདེ་བཅས་དང་ས་འབྲེལ་ཡོད་པ་རེད། རྫོང་འདི་ནི་བོད་གཞུང་གི་མངའ་ཁོངས་འོག་རྫོང་ཆེན་གྱི་གྲས་མིན་སྟབས། རྫོང་དཔོན་གཅིག་རང་ལས་གོ་གནས་གཞོན་པ་བཙུགས་གནང་མེད། འདིའི་མངའ་ཁོངས་སུ་གཞིས་ཀ་ཆེ་ཆུང་བདུན་བཅུ་དོན་གཉིས་ཡོད་པ་ལས་བརྒྱ་ཆ་བརྒྱ་ཅུ་གྱ་གཉིས་ཆོས་གཞིས་དང་། ལྷག་འཕྲོས་རྣམས་སྒེར་གཞིས་ཡིན་པ་ལས་གཞུང་གཞིས་གཅིག་ཀྱང་མེད་ཟེར། མི་སེར་གྱི་འཚོ་བ་སྐྱེལ་སྟངས་གཙོ་བོ་ཞིང་ལས་ལ་བརྟེན་ཡོད། གདོང་དཀར་རྫོང་ལ་ལོ་ངོ་སུམ་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ཡོད་ལ། ྋརྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐབས་སུ་རྫོང་འདིའི་གནས་གཞི་བྱང་ཕྱོགས་ཀྱི་ཨ་མ་རྫི་མོའི་རི་སྒང་དུ་ཆགས་ཡོད། ཕྱི་ལོ་ ༡༧༡༧ ལོར་སོག་པོ་ཇུན་གར་ཚེ་དབང་རབ་བརྟན་གྱིས་རྫོང་འདི་གཏོར་བཅོམ་བྱས་པ་མ་ཟད་གནས་གཞི་རི་ཞོལ་དུ་སྤོས་པས། ད་སྔའི་མཁར་ཤུལ་ད་ཡང་མཇལ་རྒྱུ་ཡོད། ཕྱིས་ཞོལ་ལས་ཁུངས་ཀྱི་སྐྱ་བོའི་དཔོན་རིགས་ཤིག་མངག་གཏོང་གནང་ལམ་དང་། དེས་ཉིན་རེ་ལས་དོན་ལས་རྫོང་དཔོན་ངོ་མ་བསྐོ་གཞག་གནང་མེད་ཟེར། དུས་ཕྱིས་སུ་བོད་གཞུང་གིས་དགའ་གདོང་ཆོས་རྗེ་ཞེས་པ་རྫོང་འདིའི་རྫོང་དཔོན་དུ་ལོ་ངོ་བདུན་བརྒྱད་རིང་ལ་བཞག་འདུག ཕྱི་ལོ་ ༡༩༥༤ རྒྱ་ཁྱབ་རྫོང་གཞིས་གཞུང་རྫོང་དུ་བསྒྱུར་སྐབས་རྩེ་དྲུང་བླ་སྤྱི་དཔོན་རིགས་ཞིག་ཡིན་དགོས་པ་ཐག་བཅད་གནང༌།[16]

གདོང་དཀར་རྫོང་གི་སྲིད་འཛིན་སྒྲིག་གཞིའི་ཐད་གདོང་དཀར་རྫོང་སྡོད་འོག་ཆུ་ལྷོ་བྱང་གཉིས་ལ་ཕྱོགས་རེར་རྒན་པོ་གསུམ་རེ་དང་། བརྒྱ་ཚོ་རྒན་པོ་གཅིག་ཡོད་པ་དེས། གོང་གསལ་རྒན་ཁག་དྲུག་ལ་ཁྲལ་རིགས་ཆ་གསེས་བཀོད་གཏོང་སོགས་བྱེད་ཀྱི་ཡོད་པ་དང་། གདོང་དཀར་རྫོང་སྡོད་འོག་གཙོ་དྲག་གཉིས་ཏེ་ཆོས་གཞིས་ཀྱི་གཙོ་དྲག་བྲག་ཁུག་གཞིས་དང་། སྒེར་གཞིས་ཀྱི་གཙོ་དྲག་ལྷ་ཀླུའི་ཡབ་མདའ་གཞིས་ཡིན། གདོང་དཀར་རྫོང་དེ་དེ་སྔ་ཞོལ་ཁུངས་ཀྱིས་འཛིན་སྐྱོང་བྱས་ནས་མི་འགྲོ་ཞོལ་དྲུང་རེ་གཏོང་སྲོལ་ཡོད། རྫོང་གཞིས་གཞུང་འཛིན་རྗེས་བོད་གཞུང་ནས་སེར་སྐྱ་རེ་མོས་ཀྱིས་གཏོང་སྲོལ་བཞིན་བོད་མ་ཤོར་གོང་རྩེ་དྲུང་སྐལ་བཟང་ཀུན་དགའ་ཞེས་པ་ཁོང་རྫོང་སྡོད་རེད་འདུག ཞིབ་ཁྲའི་གནས་ཚུལ་གཤམ་གསལ་ལྟར་རོ། དེ་ཡང་རྫོང་དཔོན་གཅིག་དང༌། དེའི་འོག་བརྒྱ་ཚོ་རྒན་པོ་གཅིག དེའི་འོག་རྒན་པོ་དྲུག རྒན་པོ་རེ་རེའི་མངའ་ཁོངས་སུ་གཞིས་ཀ་ཆེ་ཆུང་བཅུ་ལྷག་ཡོད། ད་དུང་རྫོང་འདིར་གཙོ་དྲག་གཉིས་བཅས་ཡོད། རྫོང་དཔོན་གྱི་འགན་ཁུར་ཡུན་ཚད་ནི་དེ་སྔོན་ལོ་གསུམ་ཡིན་མོད་ཕྱིས་ལོ་བཞིར་བསྒྱུར། འགན་ཁུར་ཡུན་ཚད་ཐིམ་པ་དང་བོད་གཞུང་ནས་རྩེ་དྲུང་གཞན་ཞིག་མངག་གཏོང་གནང་ལམ་ཡོད། ཡིན་ནའང་རྫོང་དཔོན་སྔོན་མ་དེའི་ལས་དོན་ལེགས་འགྲུབ་བྱུང་ཡོད་ན་རྒན་པོ་དང་གཞིས་སྡོད། མི་སེར་བཅས་ཐུན་མོང་ནས་བོད་གཞུང་ལ་སྙན་སེང་ཞུ་སྟེ་ལས་ཁུར་བསྟུད་འཛིན་བྱ་ཆོག རྫོང་དཔོན་གྱི་ལས་འགན་ནི་གཙོ་བོ་བོད་སྲིད་གཞུང་གི་བཀའ་རྒྱ་ཁྱབ་བསྒྲག་དང༌། རྫོང་ནང་གི་གྱོད་གཞི་ཉེས་དོན་གཏུག་བཤེར་ཐག་གཅོད། ཁྲལ་འུ་ལག་སྡུད་ལེན་སོགས་ཡིན། གདོང་དཀར་རྫོང་ལ་ཆོས་གཞིས་མང་པོ་ཡོད་སྟབས། རྫོང་དཔོན་ལ་ཡང་དེ་ལྟ་བུ་དབང་ཆ་ཆེན་པོ་མེད་ཟེར། ཕྱི་ལོ་ ༡༩༥༦ ལོར་རྫོང་དཔོན་དུ་རྩེ་དྲུང་སེར་སྨད་སྐལ་བཟང་ཀུན་དགའི་ཚབ་ཏུ་སྤུན་མཆེད་ཡེ་ཤེས་ཕྲིན་ལས་བཏང་འདུག

རྫོང་དཔོན་འོག་གི་བརྒྱ་ཚོ་རྒན་པོ་ནི་རྫོང་དཔོན་གྱི་ཕྱག་རོགས་གཙོ་བོ་ཡིན་ཞིང༌། ཁོས་འོག་གི་རྒན་པོ་རྣམས་ལ་བཀའ་རྒྱ་བརྒྱུད་བསྒྲགས་བྱེད་ཀྱིན་ཡོད། བརྒྱ་ཚོ་རྒན་པོ་ནི་བོད་གཞུང་གིས་མངག་གཏོང་གནང་བ་མིན་ལ། ས་གནས་དེའི་མི་སེར་རྣམས་གྱིས་བཤད་པ་ལྟར་ན། གདོང་དཀར་རྫོང་གི་བརྒྱ་ཚོ་རྒན་པོ་ནི། སྔོན་རྫོང་འདིའི་གཞིས་ཀ་རྣམས་ལ་ཁྲལ་འུ་ལག་བགོ་འགྲམ་ཆ་སྙོམས་མ་ཡིན་པའི་གནས་ཚུལ་འོག་མི་སེར་ཐུན་མོང་ནས་གོ་བསྡུར་ཐག་གཅོད་བྱས་ཏེ། མི་དྲག་མིང་བཏོན་འདེམས་སྒྲུག་བྱས་པ་ཞིག་ཀྱང་རེད་ཟེར། དང་ཐོག་བདམས་པའི་བརྒྱ་ཚོ་རྒན་པོ་ནི་ཐང་སྐྱ་གཞིས་ཀའི་གཞིས་མགོ་ཡིན་པར་བཤད། ཁོང་ལ་རྒན་པོ་དྲུག་གིས་གྲོས་བསྡུར་བྱས་ཏེ་ཁྲལ་འུ་ལག་གི་འགན་ཁུར་མི་དགོས་མ་ཟད། ཕོགས་ཞིང་ཡང་གང་འཚམས་གནང་ཡོད། ཕྱིས་སུ་རིམ་གྱིས་བརྒྱ་ཚོ་རྒན་པོའི་གོ་གནས་འདི་ཡང་གོ་ས་རྒྱུད་འཛིན་གྱི་ལམ་ལུགས་ལྟ་བུ་ཆགས། ཕྱི་ལོ་ ༡༩༥༦ ལོའི་སྔོན་དུ་རྫོང་འདིའི་བརྒྱ་ཚོ་རྒན་པོ་ནི་བསམ་བརྟན་ཞེས་པ་དེ་ཡིན་ཞིང༌། ཁོང་ནི་དེ་སྔོན་གདོང་དཀར་རྫོང་གི་ཚོང་པ་ཞིག་ཡིན་འདུག[17] གཙོ་དྲག་ནི་བརྒྱ་ཚོ་རྒན་པོ་ལས་གོ་གནས་མཐོ་བ་ཡོད་ཅིང་འདིའི་ལས་འགན་གཙོ་བོ་ནི། གྱོད་གཞི་གཏུག་བཤེར་ཐག་གཅོད་དང་ཁྲལ་འུ་ལག་གི་སྐོར་ཞིབ་བཤེར་གཏོང་བ་བཅས་ཡིན། རྫོང་གི་ཚོགས་འདུ་ཚོགས་སྐབས་གཙོ་དྲག་གཉིས་ངེས་པར་དུ་ཕེབས་དགོས། གལ་ཏེ་གཙོ་དྲག་གཅིག་ཕེབས་མ་ཐུབ་པ་བྱུང་ནའང་ཚོགས་འདུ་ཕྱིར་འགྱངས་བྱ་རྒྱུ་ལས་གཞན་གང་ཡང་བྱེད་མི་ཆོག གཙོ་དྲག་ཀྱང་གོ་གནས་རྒྱུད་འཛིན་གྱི་ལམ་ལུགས་ཡིན་ཞིང་དང་ཐོག་གཙོ་དྲག་མི་སེར་རྣམས་ཀྱིས་འདེམས་བསྐོ་བྱས་ཐོན་པ་ཡིན་ཞིང༌། ཕྱིས་སུ་བོད་གཞུང་གིས་རྒྱུད་འཛིན་བསྐོ་གཞག་བྱེད་ཀྱི་ཡོད། གདོང་དཀར་རྫོང་གི་གཙོ་དྲག་གཉིས་ལས་གཅིག་ལྷ་ཀླུ་གཞིས་ཀའི་གཞིས་སྡོད་བསོད་ནམས་ཚེ་བརྟན་ཟེར་ཞིང༌། གཞན་ནི་འབྲས་སྤངས་དགོན་པའི་སྤྱི་སོ་ཡོན་ཏན་ཞེས་པ་གནིས་རེད་འདུག

གདོང་དཀར་རྫོང་གི་ཁྲལ་འུ་ལག་དང་ཁྲིམས་ཀྱི་སྐོར་ལ་འཕྲིན་སྐྱེལ་གྱི་ཁྲལ། རྟ་གསོ་བའི་ཁྲལ། ཐབ་ལས་ཀྱི་ཁྲལ། བོང་བུའི་ཁྲལ། ཁལ་མའི་ཁྲལ། ས་ཚིགས་ཀྱི་ཁྲལ། དཔོན་རིགས་ཕྱིར་འགྲོ་ནང་ཕེབས་ཀྱི་ཁྲལ། གློག་སྡོང་སྲུང་སྐྱོང་ཀྱི་ཁྲལ། མི་མགོ་ཡི་ཁྲལ་ལམ་མི་ཁྲལ། གཞན་ལག་ཤེས་པའི་རིགས། དཔེར་ན། མགར་བ་དང་ཤིང་བཟོ། སྣམ་བུ་འཐག་མཁན། འཚེམ་བཟོ། བཤན་པ་སོགས་ལ་ས་ཞིང་མེད་ནའང་མི་ཁྲལ་འཇལ་དགོས་པའི་འགན་ཡོད། ཁྲིམས་འཛིན་ལམ་ལུགས། གྱོད་གཞི་ཐག་གཅོད་པ་ལ་གནད་དོན་ཚབས་ཆེ་ཆུང་ལ་ལྟ་དགོས། གནད་དོན་ཚབས་ཆེན་གྱི་རིགས་རྫོང་ནས་བོད་སྲིད་གཞུང་གི་ཞོལ་ལས་ཁུངས་ལ་དགོངས་སྐོར་སྙན་སེང་ཞུ་པ་ལས་གང་བྱུང་ཐག་གཅོད་མི་རུང༌། གནད་དོན་ཚབས་ཆུང་རིགས་རྫོང་རང་ནས་ཐག་གཅོད་བྱེད་ཆོག དེ་ཡང་མང་ཆེ་བ་ཉེས་གཏག་རྟ་ལྕག་འགའ་གཞུ་སྟེ་གློད་འགྲོལ་གཏོང་བ་ཡིན།

རྫོང་ནང་ཉེས་གཏག་གཏོང་བྱེད་ཀྱི་ཁྲིམས་ཆས་རིགས་གསུམ་ཡོད་དེ། དབྱུག་པ་དང་རྟ་ལྕག ཀོ་ལྕག་བཅས་ཡིན། རྫོང་ལ་དམིགས་བསལ་གྱི་བཙོན་ཁང་མེད་ཅིང༌། ཁྲིམས་འཛིན་མི་སྣ་ཡང་རྫོང་དཔོན་གྱིས་གཅིག་ལྕོགས་བྱེད་རྒྱུ་ལས་གཞན་མེད། གཞུང་གཡོག་ཀྱང་ཁྲལ་པ་རྣམས་ལས་རེས་མོས་བྱེད་དགོས། གྱོད་གཞི་འདྲི་རྩད་བྱེད་སྐབས། རྫོང་དཔོན་བཞུགས་ཁྲི་མཐོ་བོ་སྟེང་བཞུགས་ཏེ། ཞུ་སྦྱོར་སྔ་མ་དང་ཕྱི་མ་གཉིས་མདུན་དུ་པུས་མོ་སར་བཙུགས་ཏེ་བསྡད་དགོས། རྒྱུག་ཤན་པ་རྣམས་ཀྱིས་ལག་ཏུ་ཁྲིམས་ཆས་ཐོགས་ཏེ་གམ་དུ་ལངས། གྱོད་དོན་ཁྲིམས་གཏུག་བྱས་ན་འགྲོ་ལུགས་ལྟར་བོད་དངུལ་སྲང་ཕྱེད་ཙམ་ཕྱོགས་གཉིས་ནས་ཕུལ་དགོས། ཡིན་ནའང་འདིའི་སྔོན་དུ་ཞུ་སྦྱོར་སྔ་མ་དང་ཕྱི་མ་གཉིས་ཀྱིས་རྫོང་དཔོན་ལ་ལྐོག་རྔན་སྤྲོད་དགོས་པའི་ལུགས་སྲོལ་ཡོད་ལ། ལྐོག་རྔན་གྱི་མང་ཉུང་ལ་བལྟས་ཏེ། ཉུང་པ་སྤྲོད་མཁན་གྱིས་རྟ་ལྕག་ཉོ་དགོས་པ་དང༌། མང་བ་དེ་ཁ་མཆུ་རྒྱལ་ཁ་ཐོབ་པར་བརྩིས།[18]

 

༣ སྣེའུ་གཞིས།

སྣེའུ་གཞིས་ནི་ད་ལྟའི་སྟོད་ལུང་བདེ་ཆེན་རྫོང་ཆགས་ཡུལ་གྱི་ལྷོ་ཤར་དུ་གནས་པའི་དེ་སྔའི་པོ་ཏ་ལའི་ཞོལ་འོག གཞུང་རྒྱུག་རིམ་བདུན་གྱི་རྫོང་གཞིས་ཆུང་གྲས་རྫོང་སྡོད་སེར་མོ་བ་གཅིག་གིས་བསྐྱོང་བའི་སྣེའུ་གཞིས་ཀ་ཞིག་ཡིན་ཞིང་། དེ་སྔོན་རྩེ་སྐོར་གྱི་འགྲོ་ཁུངས་ཡིན་པ་ནས་ཕྱི་ལོ་ ༡༩༡༢ རྗེས་༸གོང་ས་སྐུ་ཕྲེང་བཅུ་གསུམ་པས་ཁོང་ཉིད་རྒྱ་གར་དུ་སྐུ་བཞུགས་གནང་རིང་། རྒྱ་གར་དུ་སྡོད་པའི་བོད་མི་རྣམ་རྒྱལ་བཟའ་ཚོ་གཉིས་ཀྱི་ཞབས་འདེགས་ཞུས་པའི་བྱས་རྗེས་སུ་བཟའ་ཚོ་གཉིས་ལ་རྩེ་སྒེར་གྱི་དྲུང་གཏོགས་བསྐོ་གཞག་དང་འབྲེལ་སྣེའུ་གཞིས་སྡོད་ཁ་འཛིན་ཚེ་གང་རིང་བསྩལ། ཁོང་གཉིས་འདས་རྗེ་སསླར་ཡང་རྩེ་སྐོར་གྱི་འགྲོ་ཁུངས་རང་འཇགས་སུ་གནས། ཕྱི་ལོ་ ༡༩༤༠ ལོའི་རྗེས་སུ་སྣེའུ་གཞིས་སྡོད་ཀྱི་བདག་དབང་དེ་༸གོང་ས་སྐུ་ཕྲེང་བཅུ་བཞི་པའི་ཡབ་གཞིས་སྟག་འཚེར་གྱི་འཁྱོངས་ཐེབས་ཁོངས་གནང་ཞིང་། དེ་རྗེས་ཡབ་གཞིས་ནས་ཕྱི་ལོ་ ༡༩༥༧ ལོར་བོད་གཞུང་མཆོད་སྦྱིན་ལས་ཁུངས་སུ་ཕུལ་སྟབས། མཆོད་སྦྱིན་ལས་ཁུངས་ནས་དགའ་ལྡན་དགོན་པའི་གྲྭ་མཁྱེན་རབ་བསམ་འཕེལ་སྣེའུ་གཞིས་སྡོད་ལ་བསྐོ་གཏོང་གནང་འདུག གཞིས་ཀ་དེའི་ཁྱབ་ཁོངས་ནི་ཤར་བྱ་སྐྱག་དཀར་པོའི་རི་ཟུར་ནས་ནུབ་ནོར་བུ་དགེ་འཕེལ་་ས་བར། ལྷོ་གསང་ཕུའི་ལྷོ་ངོས་རི་རྒྱུད་ནས། བྱང་སྐྱིད་ཆུའི་འགྲམ་བཅས་ཀྱི་བར་ཡིན།

སྣེའུ་གཞིས་ཀྱི་འགྲོ་སྟངས་ནི་རྒྱུན་གཏན་སྣེའུ་གཞིས་སུ་རྒན་པོ་གཅིག་དང་། ལས་དཔོན་གཅིག་ལས་མེད། རྒྱ་ཡིག་འཁོད་པའི་དེབ་དེའི་ནང་(སྣེའུ། སེར་མོ་བ་གཅིག སྟོད་ལུང་།)ཞེས་གསལ། རྒན་པོ་དང་ལས་དཔོན་གྱི་ལས་འགན་ནི་ཁྲལ་འགོ་འདོན་རྒྱུ་དང་། གཞིས་ཀྱི་ས་ཞིང་འདེབས་སྐུལ་བྱེད་རྒྱུ། གཞིས་འབྲུའི་ཐོན་འབབ་ཐོག་ནས་ལོ་རེ་བཅུ་བརྒྱད་བཀར་འཇུག་རྒྱག་དགོས་ཀྱི་ཡོད། གོང་གསལ་རྫོང་གཞིས་གསུམ་གྱི་ས་སོའི་ནང་གྱོད་དོན་ཆུང་རིགས་བྱུང་ན་རྫོང་སྡོད་དང་ཁོངས་ནས་ཐག་གཅོད་བྱེད་པ་དང་། གྱོན་དོན་ཆེ་རིགས་བྱུང་ཚེ་བཀའ་ཤག་དང་ཞོལ་ལས་ཁུངས་སོགས་ལ་སྙན་ཞུ་འབུལ་སྲོལ་ཡོད།[19]

 

༤ སྒེར་གནམ་མཁའ་དགོས་གཞི།

         སྟོད་ལུང་བདེ་ཆེན་རྫོང་ཁོངས་སྒེར་པའི་གྲས་སུ། བྱང་ངོས་པ་དང་། རིན་སྒང་པ། གསར་བྱུང་པ། ནམ་མཁའ་དངོས་གཞི་བ། ཡབ་གཞིས་ཕུན་ཁང་ཁོངས་མཛེས་པ་གྲོང་། ཡབ་གཞིས་གཡུ་ཐོག་ཁོངས་ཕུག་པོ་ཆེ། ཡབ་གཞིས་གླང་མདུན་ཁོངས་ཆོས་ཁང་དམར་པོ། ཡབ་གཞིས་སྟག་འཚེར་ཁོངས་ཟས་ཞིམ་དང་དམར། སྒེར་བཀྲས་མཐོང་ཁོངས་ལྕང་ར་སྐོར། སྒེར་ལྷ་ཀླུ་དགའ་ཚལ་བའི་ཁོངས་ཡབ་མདའ་སྨོན་མཁར་བཅས་ཡོད་པའི་ནང་ནས་སྟོད་ལུང་ཁུལ་འཛིན་ཁོངས་གཞི་རྒྱ་ཆེ་ཤོས་ནི་ནམ་མཁའ་དངོས་གཞི།[20] ཡིན་ཞེས་གསལ། དེ་ཡང་ནམ་མཁའ་དངོས་གཞི་དང་ལྷོ་ཁ་འཕྱོངས་རྒྱས་ཆང་ཁྱིམ་གཉིས་ཟླ་སྒྲིལ་གྱིས་ཕོ་བྲང་པོ་ཏཱ་ལའི་ཞོལ་བཀྲ་ཤིས་ཁང་གསར་དུ་སྡོད་ཤག་ཡིན་སྟབས་བཀྲས་ཁང་ཞེས་འབོད་ཅིང་། རྩེ་སྐོར་སྒེར་རྙིང་ཤག་ཚང་ཆེ་གྲས་ཤིག་ཡིན། དེ་གའི་མི་ངོ་རྩེ་དྲུང་གཉིས་ཡོད་པར་གཞུང་གི་མཚན་ཐོར་གཅིག་ལ་ཆང་ཁྱིམ་དང་། གཅིག་ལ་དངོས་གཞི་ཞེས་འགོད་སྲོལ་ཡོད་ཀྱང་། དོན་དུ་ཤག་ཚང་གཅིག་ཡིན། སྒེར་ནམ་མཁའ་དངོས་གཞིའི་རྩེ་སྐོར་བྱུང་རིམ་ནི་༸གོང་ས་བརྒྱད་པའི་སྐུ་དུས་སུ་རྩེ་གཉེར་དངོས་གཞི་ཞེས་དང་། ༸གོང་ས་བཅུ་གསུམ་པའི་སྐུ་དུས་སུ་སྲིད་བློན་ཆང་ཁྱིམ་པ་མཁྱེན་རབ་དཔལ་བཟང་དང་བླ་སྨན་དང་སྤྱི་ཁྱབ་མཁན་པོ་གཅིག་ལྕོགས་དངོས་གཞི་བྱམས་པ་ཐུབ་དང་། དེ་རྗེས་བཀའ་བློན་ཆང་ཁྱིམ་པ་ཐུབ་བསྟན་ཤཱཀྱ། མཁན་དྲུང་དངོས་གཞི་ཐུབ་བསྟན་ཀུན་མཁྱེན། མཁན་ཆུང་ཆང་ཁྱིམ་པ་ཐུབ་བསྟན་ཚེ་དཔལ། དངོས་གཞི་མཁན་ཆུང་ཐུབ་བསྟན་བསམ་མཆོག་སོགས་བྱུང་ཡོད།

ནམ་མཁའ་དངོས་གཞི་འམ་ཆང་ཁྱིམ་པའི་མ་གཞིས་ཆེ་ཤོས་ལྷོ་ཁ་འཕྱོངས་རྒྱས་ཆང་ཁྱིམ་གཞིས་ཡིན་ཡང་། སྟོད་ལུང་བདེ་ཆེན་རྫོང་ཁོངས་རང་དུ་ནམ་མཁའ་དངོས་གཞི་གཞི་ཁྱོན་ཆེ་ཤོས་ཡིན་པ་དང་། དེ་འོག་གཞིས་ལག་ཁག་བཏགས་གཞིས་ཡིན་འདུག་པ་དེའི་ས་ཞིང་རྒྱ་ཁྱོན་སོན་འགྲོ་ཁལ་ ༣༦༠ སྐོར་དང་། ཁྲལ་པ་ཐེམ་གྲངས་ ༡༣ མི་གྲངས་ ༡༥༠ སྐོར། ནང་ཟན་ ༡༢ བོང་བུ་ ༢༠ རྨོས་དོར་ ༤ རྟ་ ༥ བ་ཕྱུགས་ ༢༠ ར་ལུག་ ༢༠༠ གོང་གསལ་ཁྲལ་པ་རྣམས་རྒྱུན་དུ་གཞིས་ཀའི་ཞིང་ལས་བྱས་ནས་སྡོད་ཀྱི་ཡོད་པ་དང་། ཁྲལ་རྟེན་ཐད་ས་ཞིང་སོན་ཁལ་ ༡༥༠ ཙམ་ཡོད་པ། ཁྲལ་རྐང་ ༡༣ གནངས་ཆགས་རྐང་ ༤ ཁྱོན་ཐེམ་གྲངས་༡༥ ཡོད་པ། གོང་གི་ནང་ཟན་ ༡༢ ནང་ནས་མི་ཟ་༣ ལ་ལོ་རེ་ཕོགས་འབྲུ་ཁལ་ ༡༨ རེ་དང་གཡོག་གོས་བཅས་སྤྲོད་པ་དང་། དེ་བྱིངས་མི་རྣམས་ལ་ཉིན་རེ་རྩམ་བྲེ་གང་ཕུལ་གསུམ་རེ། བོང་རྗེས་ལ་རྩམ་ཟླ་ཟོ་གང་རེ་དང་། གཡོག་གོས་བཅས་སྤྲོད་ཀྱི་ཡོད། གཞི་ཀ་དང་མི་སེར་ཁག་གཅིག་ནས་ལོ་རེ་འབྲས་བླ་མ་རི་གྲྭ་དང་། ཞོལ་ལས་ཁུངས། སྒེར་རྡོ་རིང་། འབྲས་སྒོ་མང་གྲྭ་ཚང་སོག་སལ་ས་ཞིང་བོགས་མར་བླངས་པའི་བོགས་འབྲུ་ཁལ་ ༡༠༠༠ སྐོར་སྤྲོད་ཀྱི་ཡོད་འདུག

ནམ་མཁའ་དངོས་གཞིར་དམག་རྐང་ ༢ ལ་སྐུ་སྲུང་གཅིག་དང་། རྒྱ་སྦྱོང་དམག་གཉིས་འཁྲི་བར་ལོ་རེ་དམག་གླ་ཕོགས་ཁལ་ ༡༨ རེ་སྤྲོད་དགོས་ཀྱི་ཡོད་པ་རེད། རྒྱུན་དུ་གཞིས་སྡོད་མི་སེར་ནས་རྣམ་ཀུན་ཁྲིམས་འགལ་རིགས་བྱུང་ན་གདོང་དཀར་རྫོང་ལ་བསྟུན་མ་དགོས་པར་གཞིས་ཀ་རང་ནས་ཁྲིམས་གཅོད་ཀྱིས་ཐག་གཅོད་བྱེད་ཀྱི་ཡོད་འདུག བཀར་འཇུག་རྒྱག་སྐབས་བཀྲས་ཁང་གི་ཞབས་གྲས་གཅིག་ཆེད་དུ་ཡོང་ནས་བཀར་འཇུག་རྒྱག་པ་སོགས་བྱེད་ཀྱི་ཡོད་པ་རེད། ཁ་བཏགས་གཞིས་ཁོངས་ལ་ཁྱོན་སོན་ཁལ་ ༤༠༠ སྐོར་དང་། གཞིས་གཡོག་རྒྱུག་མཁན་ཐེམ་གྲངས་ ༡༠ ལ་མི་གྲངས་ཕྲུ་གུ་ཐེ་བས་ ༨༠ ཙམ་དང་། ནང་ཟན་ ༡༠ རྟ་ ༤ བོང་བུ་ ༨ རྨོས་མཛོ་ ༡༠ ར་ ༢༠༠ བ་ཕྱུག ༦ གོང་གི་གཞིས་གཡོག་རྒྱུག་མཁན་གྱི་ཁོངས་ནས་ཐེམ་གྲངས་ ༦ ལ་མི་རེར་ལོ་རེར་འབྲུ་ཕོགས་ཁལ་ ༢༡ རེ་དང་། སྟོད་དཔྱིད་གཉིས་ཀར་ཁ་ལག་དང་། ཆང་སྟེར་གྱི་ཡོད་པ་དང་། ལས་ཀ་ལྕོགས་མིན་སྐབས་མོ་བྲན་ཐེམ་གྲངས་བཞི་ཡོང་བར་ཉིན་རེར་རྩམ་བྲེ་དོ་རེ་དང་། ནང་ཟན་རྣམས་ལ་ཉིན་རེ་ཕོགས་རྩམ་བྲེ་རེ་དང་། ལོ་རེ་གྱོན་ཆས་བཟོ་བ། ཁ་བཏགས་གཞིས་སྡོད་བཀྲས་ཁང་ནས་གཏོང་བ་བཅས་བྱེད་ཀྱི་ཡོད་འདུག[21]

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དབང་རྒྱལ་དང་བསོད་ནམས་སྐྱིད། བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༣། ཤོག ༡༠༣།

[2] མཁས་པ་ལྡེའུ་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༧། ཤོག ༢༥༧།

[3] ལྕགས་སྟག་ཞིབ་གཞུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༡༨༡།

[4] ཐུབ་བསྟན་ཕུན་ཚོགས། བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གོའི་ལྡེ་མིག  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༣༥།

[5] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་གསུམ་པ། སྟོད་ལུང་བདེ་ཆེན་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༥། ཤོག ༡།

[6] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་གསུམ་པ། སྟོད་ལུང་བདེ་ཆེན་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༥། ཤོག ༡།

[7] རྒྱ་དེབ་ཡིག་རྙིང་དཔེ་གཟུགས་ཅན་ལག་ན་སོན་པ་དེར་གསལ།

[8]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 34.

[9]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 34.

[10] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་གསུམ་པ། སྟོད་ལུང་བདེ་ཆེན་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༥། ཤོག ༢།

[11] འབྲི་གུང་སྐྱབ་མགོན་ཆེ་ཚང་། ཏུན་ཧོང་ཡིག་ཆ་ལས་བྱུང་བའི་བོད་བཙན་པོའི་རྒྱལ་རབས། སྲོང་བཙན་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༠། ཤོག ༤༠།

[12]多杰次仁,西藏封建农奴制社会形态,中国藏学出版社。2005.Pg 339.

[13] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་གསུམ་པ། སྟོད་ལུང་བདེ་ཆེན་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༥། ཤོག ༥།

[14] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་གསུམ་པ། སྟོད་ལུང་བདེ་ཆེན་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༥། ཤོག ༥།

[15] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་གསུམ་པ། སྟོད་ལུང་བདེ་ཆེན་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༥། ཤོག ༥།

[16]藏族社会历史调查,(一)西藏人民出版社.1985,Pg 1-40.

[17]藏族社会历史调查,(一)西藏人民出版社.1985,Pg 1-40.

[18]藏族社会历史调查,(一)西藏人民出版社.1985,Pg 1-40.

[19] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་གསུམ་པ། སྟོད་ལུང་བདེ་ཆེན་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༥། ཤོག ༧།

[20] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་གསུམ་པ། སྟོད་ལུང་བདེ་ཆེན་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༥། ཤོག ༢༡།

[21] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་གསུམ་པ། སྟོད་ལུང་བདེ་ཆེན་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༥། ཤོག ༢༡ ནས་ ༢༤།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས།

བརྒྱུད་སྐུལ།

2 བསམ་ཚུལ། “དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྟོད་ལུང་བདེ་ཆེན་རྫོང་གི་གཞི་རིམ་ལོ་རྒྱུས། ༡༽

  1. ཉེ་འཆར་གསར་དུ་ཐོན་པའི་སྟོད་ལུང་གི་སྔོན་བྱུང་ལོ་རྒྱུས་ཞེས་པ་དེ་དྲ་ཐོག་ནས་མཇལ་རྒྱུ་ཨེ་ཡོད།

    ལན།

མཆན་སྤེལ།