དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྣ་དཀར་རྩེ་རྫོང་གི་མིང་བྱུང་ཚུལ། རྫོང་གི་ལོ་རྒྱུས།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྣ་དཀར་རྩེ་རྫོང་གི་མིང་བྱུང་ཚུལ། རྫོང་གི་ལོ་རྒྱུས།

དགུ་པ། སྣ་དཀར་རྩེ་རྫོང་།

ས་བཅད་དང་པོ། རྫོང་གི་གཞི་རིམ་ལོ་རྒྱུས།

ལེ་ཚན་དང་པོ། རྫོང་གི་མིང་བྱུང་ཚུལ།

            སྔ་མོའི་སྣ་དཀར་རྩེ་རྫོང་གི་མཚན་ཆ་ཚང་ལ་ཡར་འབྲོག་ལྷུན་པོ་རྫོང་།[1]ཞེས་འབོད་པ་དང་། དེ་མཚུངས་སྣ་དཀར་རྩེ་ལྷུན་གྲུབ་རབ་བརྟན་རྫོང་ཞེས་ཀྱང་འབོད་པར་མཐོང་།[2] དེ་ཡང་། རྫོང་དེར་སྣ་དཀར་རྫོང་ཞེས་ཐོག་དོན་ཡང་རྫོང་དེ་རི་བྱ་ཁྱུང་གི་དབྱིབས་འདྲ་བའི་མཆུ་སྣའི་རྩེར་ཆགས་སྟབས་མིང་དེ་ལྟར་ཐོགས་པ་དང་། ཕྱིས་རྫོང་ཞབས་ཁྱོན་ཡོངས་ཀྱི་མངའ་ཁུལ་གྱི་ཡུལ་མིང་ལའང་སྣ་དཀར་རྩེ་འབོད་པར་བྱུང་།

དེ་བཞིན་རྫོང་དེའི་མངའ་ཞབས་སུ་ཡར་འབྲོག་སྟག་ལུང་ལྷ་དབང་རབ་བརྟན་རྫོང་ཞེས་པ་དེ་ཡང་ཚུད་ཡོད།[3] སྟག་ལུང་ཞེས་པ་ནི་ཡུལ་མིའི་ངག་རྒྱུན་དུ་གནའ་སྔ་མོ་གནས་དེ་བཞིན་ནགས་ཚལ་ཡིན་དང་སྟག་ལ་ཞེས་པའི་ལ་སྟེང་ནས། གཅན་གཟན་སྟག་ཐོན་པས་སྟག་ལུང་ཞེས་ཐོགས་པར་གྲགས།[4] དེ་མིན་ཆོས་རྗེ་སྟག་ལུང་ཐང་པ་བཀྲ་ཤིད་དཔལ་(༡༡༤༢-༡༢༠༩)ཡར་འབྲོག་དོ་བ་ནང་ལ་ཕེབས་སྐབས་བཞུགས་པའི་གནས་ཡིན་པས་དེ་ལྟར་ཐོགས་པར་ཡིན་སྙམ།[5] ཡང་ན། གནས་དེར་ཆགས་པའི་སྟག་ལུང་མཐར་གླིང་ཆོས་སྡེ་ཞེས་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་(༡༤༠༥-)གྱིས་ཕྱག་བཏབ་པའི་ས་སྐྱ་བའི་དགོན་ཆེན་[6]དེ་ཡང་ཆགས་ཡོད་པས་ན། དེའི་མཚན་ཟུར་ཡུལ་མིང་དུ་ཐོགས་པའང་སྲིད་པས་བརྟག དེང་སྣ་དཀར་རྩེ་རྫོང་ཆགས་ཡུལ་གྱི་ལྷོ་ཕྱོགས་སུ་མཆིས།

ལེ་ཚན་གཉིས་པ། རྫོང་གི་ས་བབ་ཆགས་ཚུལ/སྣ་དཀར་རྩེ་རྫོང་ནི་བོད་ཀྱི་ལྷོ་ཕྱོགས་ཧི་མ་ལ་ཡ་རི་བོའི་དབུས་རྒྱུད་ཀྱི་བྱང་འདབས། བྱང་གི་འཕྲེད་ཐིག་ཏུའུ་གྲངས་ ༢༨.༡༚ 〜༢༩.༣༚ དང་། ཤར་གྱི་གཞུང་ཐིག་ ༩༠.༠༚ 〜༩༡.༣༚ བར་གནས་ཡོད། སྤྱིར་ཕྱོགས་བཞིའི་ས་བབ་ལས་མཐའ་རྣམས་མཐོ་པོར་འབུར་ཞིང་དབུས་ཁུལ་དམའ་སའི་གཤོང་སའི་རྣམ་པར་ཆགས་ཡོད། མངའ་ཁོངས་སུ་རི་བོ་མང་ཞིང་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་ ༦༠༠༠ ཡན་སོན་པའི་རི་བོ་ཁོ་ནར་ ༦ ཙམ་ཡོད་ལ། རི་བོ་མཐོ་ཤོས་རྒྱ་མཚོའི་ངོས་ནས་སྨི་ ༧༢༠༦ ཟིན་ཡོད།[7]

རྫོང་གི་སྤྱི་ཡོངས་གནམ་གཤིས་ནི་བོད་ཁམས་ཀྱི་ལྷོ་ཕྱོགས་རི་ཐང་མཚེའུ་གཤོང་མཐོ་སྒང་དྲོ་ཁུལ་ཕྱེད་ཐན་པའི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་ཤིང་། ལོ་རེའི་ཆ་སྙོམས་དྲོད་ཚད་ ༤༚C‚ དང་། དགུན་དུས་ཟླ་དང་པོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༥.༧༚C‚  བབ་ཅིང་། དབྱར་ཀ་ཟླ་བདུན་པའི་ཆ་སྙོམས་དྲོད་ཚད་ ༩.༨༚C‚ ཡིན།[8]  སྤྱིར་ཉི་འོད་ཕོག་འབེལ་བ་དང་འཕྲོ་ཤུགས་ཆེ་བ། དགུན་དཔྱིད་གཉིས་གྲང་རླུང་ལྡང་བ་མང་ལ་དབྱར་སྟོན་གཉིས་དྲོ་ཞིང་བསིལ་ལ་ཆར་ཆུ་འབེལ། སྐམ་རློན་དུས་ཚིགས་ཀྱི་མཚམས་གསལ་ཞིང་ལོའི་ཉི་ཕོག་དུས་ཡུན་ཆུ་ཚོད་ ༢༩༢༩.༧ དང་། ལོའི་ཆར་ཆུའི་འབབ་ཚད་ལི་སྨི་ ༣༧༦ དང་ལོའི་སད་མེ་དུས་ཡུན་ཉིན་ ༦༠ སྐོར། རང་བྱུང་གནོད་འཚེ་གཙོ་བོ་རླུང་དང་། ཐན་པ། འབུ། སེར་བ། ཆུ་ལོག གངས། སད་སོགས་ཀྱི་གནོད་སྐྱོན་མཆིས།[9] དེང་རྫོང་ཤར་ཕྱོགས་སུ་མཚོ་སྨད་རྫོང་། ལྷོ་ཕྱོགས་སུ་འབྲུག་ཡུལ། ལྷོ་ཤར་དུ་ལྷོ་བྲག་རྫོང་། ནུབ་ཕྱོགས་སུ་རྒྱལ་རྩེ་དང་ཁང་དམར། རིན་སྤུངས་རྫོང་། བྱང་ཕྱོགས་སུ་གོང་དཀར་དང་ཆུ་ཤུར་རྫོང་དང་ས་འབྲེལ་དུ་ཆགས་ཡོད།

 

ས་བཅད་གཉིས་པ། རྫོང་གི་ལོ་རྒྱུས།

ལེ་ཚན་དང་པོ། བོད་ཀྱི་སྲིད་འཛིན་འཕོ་འགྱུར་དང་སྣ་དཀར་རྩེ་རྫོང་།

ཕྱི་ལོའི་གོང་གི་ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་ནས་ཡར་འབྲོག་ཁུལ་འདིར་འགྲོ་བ་མི་གནས་ཤིང་། འཚོ་གནས་ཀྱི་དཔལ་ཡོན་ཆུ་ཚད་གང་ཙམ་འཕེལ་རྒྱས་བྱུང་ཡོད་པ་ཁུལ་དེ་དང་། དེའི་ཉེ་འཁོར་ས་གནས་ཁག་ཏུ་རྙེད་སོན་བྱུང་བའི་གནའ་བོའི་གནའ་ཤུལ་དང་དངོས་རྫས་ཁག་ལ་རྟོག་ཞིབ་བྱས་པའི་གྲུབ་དོན་ལས་ངེས་ཤེས་གསལ་པོ་རྙེད་ནུས་ལ།[10] ལྷག་པར་བོད་ཁམས་ཀྱི་ཁྱོན་དུ་རྒྱ་འབངས་ཀྱི་ལམ་ལུགས་རིམ་གྱིས་གྲུབ་པའི་དབུ་བརྩམས་པ་ནས། བོད་ཀྱི་ལོ་རྒྱུས་སྟེང་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཞེས་ཡོངས་སུ་གྲགས་པ་དེའི་དུས་སྐབས་སུ་ད་ལྟའི་སྣ་དཀར་རྩེ་རྫོང་ཁུལ་ནི་ཡུལ་གནུབས་ཀྱི་གླིང་དགུ་ན། རྗེ་གནུབས་རྗེ་སྲིད་པ། བློན་པོ་རྨེའུ་དང་གྲོ་གཉིས།[11] ཞེས་བྱུང་བ་ལྟར་རྒྱ་ཕྲན་དེ་དག་གིས་དབང་མཛད་པའི་མངའ་ཁུལ་ཞིག་ཏུ་སྣང་སྟེ།《ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བ་བོད་བཙན་པོའི་རྒྱལ་རབས།》ལས། གནུབས་ཡུལ་གླིང་དགུ་དེང་སྣ་དཀར་རྩེ་རྫོང་གི་ནུབ་བྱང་ཁུལ་དང་། རིན་སྤུངས་རྫོང་ཞེས་སྔར་གཙང་རོང་དུ་གྲགས་པའི་ཡར་ཀླུངས་གཙང་པོའི་ཆུ་རྒྱུད་ཁུལ་དུའོ།[12] ཞེས་བྱུང་ངོ་།།

དུས་རབས་བདུན་པའི་ནང་སྤུ་རྒྱལ་བཙན་པོས་བོད་ལ་དབང་ལུང་བསྒྱུར་སྐབས་དབུས་གཙང་རུ་བཞི་ལས་གཡོ་རུའི་ཁོངས་ཀྱི་ཡུལ་དཔོན་ཚན་བཅུ་དྲུག་ལས་ཡུལ་སྡེ་བཅུ་དྲུག་པ་དེ་ཡིན། དེ་ཡང་བོད་ཀྱི་གནའ་རབས་ལོ་རྒྱུས་སྨྲ་བའི་གཙུག་རྒྱན་མཁས་པ་ལྡེའུ་ཇོ་སྲས་ཀྱིས་གཡོ་རུའི་ཡུལ་དཔོན་ཚན་བཅུ་དྲུག་གསུང་སྐབས། ཡར་འབྲོག་རྣམ་གསུམ་ལ་གཅིག[13] ཅེས་བྱུང་། བོད་སིལ་བུའི་དུས་རབས་ཀྱི་ཐོག་མའི་ཆར་རྗེ་དཔོན་ཚན་པ་བཅུ་གཅིག་གིས་རུ་བཞིའི་དབང་རིས་བཅད་བཟུང་གིས་དུས་སྐབས་བྱུང་བ་ལས། ཁ་རག་ཁྱུང་བཙུན་ལྷ་ཡིས་ཞུ་བ་བྱས། སྦྲང་ཆར་སྦྲེ་ཅན་བཙན་པོའི་མཁར་ལ་བརྟེན།། མྱང་དང་སྣང་གིས་ཞུ་བ་བྱས་ནས་སུ།།[14] ཞེས་འཁོད་པ་གཞིགས་ན་ཁ་རག་ཁྱུང་བཙན་གྱི་ཁོངས་སུ་དེང་གི་སྣ་དཀར་རྩེ་ཁུལ་གྱི་ས་རིས་ལ་དབང་སྒྱུར་ཡོད་ངེས་ཤིང་། སིལ་བུའི་སྨད་ཆ་དང་ས་སྐྱ་བའི་སྲིད་དབང་གི་སྟོད་ཆའི་མཚམས་སུ་སྡེ་པ་སྟག་ལུང་པ། ཡར་འབྲོག་མངོན་དགའ་བ། དཔལ་སྡེ་བ། སྣ་དཀར་རྩེ་པ་སོགས་སྟོབས་འབྱོར་ཆེ་ལ་ས་གཞིས་གང་ཙམ་ཁྲིམས་སྒོ་རང་བཙན་ལྟ་བུའི་དབང་ལུང་བསྒྱུར་བའི་སྡེ་ཁག་ཀྱང་བྱུང་ཡོད་འདུག་གོ།

དུས་རབས་བཅུ་གསུམ་པའི་ནང་དཔལ་ལྡན་ས་སྐྱ་པས་བོད་ལ་དབང་ལུང་བསྒྱུར་སྐབས། དབུས་གཙང་ཁྲི་སྐོར་བཅུ་གསུམ་ལས་ཡར་འབྲོག་ཁྲི་སྐོར་གྱི་ཁོངས་སུ་གཏོགས་ཞིང་། ཡར་འབྲོག་སྣ་དཀར་རྩེ་པས་ཁྲི་དཔོན་གྱི་ལུང་དང་ལག་རྟགས་ལོན་པ་དང་། ཕྱི་ལོ་ལྕགས་སྟག་ ༡༢༩༠ ལོར་འབྲི་གུང་གླིང་ལོག་ཏུ་གཏོང་བའི་ས་སྐྱའི་དཔོན་ཆེན་ཨང་ལེན་ཞེས་པ་དེ་ཡང་དེའི་ཞལ་ངོ་ཡིན་པར་གསུངས།[15] གཞན་ཡང་། དུས་སྐབས་དེ་ཙམ་ནས་ཨང་ལེན་མི་རབས་ནས་མི་རབས་ཀྱི་བར་ལ་ཡར་འབྲོག་གི་ཁྲི་དཔོན་དུ་འཇགས་པའི་ལུང་ཡོད་པར་ཡང་བཤད།[16] དུས་རབས་བཅུ་བཞི་པའི་ནང་སྡེ་སྲིད་ཕག་མོ་གྲུ་པས་བོད་ལ་དབང་ལུང་བསྒྱུར་སྐབས། དབུས་གཙང་རྫོང་ཆེ་བཅུ་གསུམ་གྱི་ཡ་གྱལ་ཡར་འབྲོག་ལྷུན་པོ་རྫོང་ཞེས་པ་གསར་འཛུགས་མཛད་པའི་[17] སྲིད་འཛིན་ཁྱབ་ཁོངས་སུ་གནས་པ་དང་། སྡེ་པ་གཙང་པ་རྒྱལ་པོའི་སྐུ་དུས་སུ་《གཙང་སྟོད་རྒྱལ་པོའི་རྣམ་ཐར།》ལས། གཞིས་ཀ་བསམ་གྲུབ་རྩེས་གཙོས་པའི་རྫོང་ཆེན་བཞི། སའི་མེ་བཙའ་གནོན་པའི་རྫོང་ཕྲན་སོགས་ཞལ་འཛིན་གྱིས་སྐྱོང་ཞེས་གསུངས་པ་བཞིན།[18] དེ་སྔའི་ཡར་འབྲོག་ལྷུན་པོ་རྫོང་གི་མངའ་ཞབས་སུ་འཁྲི་བ་རྣམས་ཀྱང་དེ་མུར་རྫོང་ཆེན་གྱི་གྲས་སུ་རྒྱུད་འཛིན་མཛད་པར་སྣང་ངོ་།།

དུས་རབས་བཅུ་བདུན་པའི་ལོ་རབས་བཞི་ཅུ་པའི་ནང་དགའ་ལྡན་ཕོ་བྲང་པས་བོད་ལ་དབང་ལུང་བསྒྱུར་སྐབས། ཐོག་མའི་ཆར་ཡར་འབྲོག་ཁྲི་གཅིག་གི་ས་སྡེ་མི་གསུམ་ཁྲི་དཔོན་ཟིལ་གནོན་དབང་རྒྱལ་རྡོ་རྗེའི་དབང་རིས་སུ་རང་འཇགས་འཇོག་གནང་མཛད་པར་བཤད་ཅིང་།[19] ཕྱི་ལོ་ ༡༧༢༡ ལོར་ཡར་འབྲོག་གླིང་གི་འཛིན་དབང་རྣམས་ཇུན་གར་མཐར་སྤྲོད་ལ་བྱས་རྗེས་ཆེ་བའི་མངའ་རིས་སྒར་དཔོན་ཁཱང་ཆེན་པ་བསོད་ནམས་རྒྱལ་པོར་བསྩལ་འདུག[20] བོད་ལ་བཀའ་ཤག་གི་ལམ་ལུགས་དབུ་བརྙེས་པ་དང་སྦྲགས་ཁུལ་དེ་རྣམས་ནི་རྫོང་དཔོན་སེར་སྐྱ་གཉིས་ཀྱིས་སྐྱོང་བའི་རིམ་པ་དྲུག་པའི་རྫོང་འགོ་འབྲིང་གྲས་ཤིག་དང་།[21] ཕྱི་ལོ་ ༡༩༡༢ ལོར་རྫོང་སྡོད་རྩེ་ཐའི་ཇི་ཡབ་གཞིས་ཕུན་ཁང་པའི་ངོ་ཚབ་དཀོན་མཆོག་རྡོ་རྗེ་དང་རྫོང་ཤོད་དོན་གྲུབ་ཆོས་འཕེལ་ཞེས་པ་དང་། ཤིང་སྟག་ཕྱི་ལོ་ ༡༩༡༤ ལོར་རྫོང་སྡོད་རྩེ་དྲུང་སྐལ་བཟང་ཚུལ་ཁྲིམས་ཤོད་དྲུང་རོང་བྲག་པ་དང་།[22]  ཕྱི་ལོ་༡༩༣༢ ལོར་རྫོང་སྡོད་རྒྱལ་རྩེ་མཁན་ལོའི་ངོ་ཚབ་ཤོད་དྲུང་གནམ་དཔོན་པ་ཞུ་བ།[23] ཕྱི་ལོ་ ༡༩༣༤ ལོར་རིམ་པ་དྲུག་པའི་ཤོད་དྲུང་ལྡུམ་ཁང་པ་ཚེ་རིང་ནོར་བུ།[24] ཞེས་པ་པ་སོགས་རྫོང་དཔོན་དུ་བསྐོ་མངགས་གཏོང་གནང་འདུག་ལ། ཕྱི་ལོ་ ༡༩༤༨ ནས་ ༡༩༥༢ བར་རྩེ་དྲུང་ཡེ་ཤེས་སྨོན་ལམ་དང་ཤོད་རྫོང་རྟ་ཟུར་བ་གཉིས་ཡིན།[25] དེ་བཞིན་རྫོང་འཇུན་པ་ཟུར་པའི་ལས་ཚབ་བློ་བཟང་རྡོ་རྗེ་ཞེས་པ་དང་། རྫོང་སྡོད་མཐའ་མ་རྩེ་དྲུང་འོད་ཟེར་དཔལ་འབར་དང་ཤོད་དྲུང་ལས་ཚབ་སྐྱིད་ཟུར་བསོད་ནམས་ཆོས་གྲགས་གཉིས་ཡིན་འདུག[26] གཞན་ཡང་། ཕྱི་ལོ་ ༡༩༥༤ ལོར་བཀའ་ཤག་གིས་སྣ་དཀར་རྩེ་དང་དཔལ་ལྡི་རྫོང་བཅས་རྫོང་གཉིས་སུ་ཕྱེས་ཏེ་ལྷོ་ཁ་སྤྱི་ཁྱབ་ཀྱི་ཁྱབ་ཁོངས་སུ་བཅུག

བོད་ལ་དུས་འགྱུར་བྱུང་བ་དང་བསྟུན་ཕྱི་ལོ་ ༡༩༦༠ ལོར་སྔ་མོའི་སྣ་དཀར་རྩེ་རྫོང་དང་དཔལ་དི་རྫོང་གཉིས་[27]ཟླ་བསྒྲིལ་ནས་སྣ་དཀར་རྩེ་རྫོང་བཙུགས་པ་དང་སྦྲགས། སྟག་ལུང་དང་གླིང་གཞིས་ཀ་ཟླ་བསྒྲིལ་ནས་སྟག་ལུང་རྫོང་བཙུགས་ཏེ་རྒྱལ་རྩེ་ཁུལ་གྱི་ཁོངས་སུ་བཅུག་མོད། ཕྱི་ལོ་ ༡༩༦༤ ལོར་སྟག་ལུང་རྫོང་སྣ་དཀར་རྩེ་རྫོང་འོག་ཏུ་བསྒྲིལ་ནས་དེང་གི་སྣ་དཀར་རྩེ་རྫོང་ཞེས་པར་བསྒྱུར་ཞིང་རྫོང་སྲིད་གཞུང་ལྟེ་བ་སྣ་དཀར་རྩེར་གནས།[28] གོང་གསལ་རྫོང་ཁག་གསུམ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ ༠.༧ ཡོད།[29]

 

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] སྡེ་སྲིད་སངས་རྒྱས་རྒྱ་མཚོ། རབ་གསལ་གསེར་གྱི་སྙེ་མ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༧༠༩།

[2] ཉི་མ་བཟང་པོ། ཡར་འབྲོག་དགོན་གྲོང་གི་ལོ་རྒྱུས་ཕྱོགས་བསྡེབས། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༧། ཤོག ༦༩།

[3] སྔ་མོ་ཡར་འབྲོག་ཁྲི་ཚོ་གཅིག་གི་ཁྲི་དཔོན་༸རྒྱལ་དབང་ལྔ་པའི་སྐུ་ཞང་དུ་འགྲོ་བ་ཟིལ་གནོན་དབང་རྒྱལ་རྡོ་རྗེའི་(༡༦༤༧-)སྐབས་དགུན་དུས་སྣ་དཀར་རྩེར་ཕེབས། དབྱར་ཁ་སྟག་ལུང་ཚུར་སྤོས་ནས་རྫོང་ལྷ་དབང་རབ་བརྟན་དུ་བཞུགས་སྲོལ་ཡོད་པར་གྲགས། སྣ་དཀར་རྩེ་རྫོང་ཉེ་མཁྲིས་སུ་ཐེག་མཆོག་རིན་འཛིན་གླིང་ཞེས་རྙིང་མའི་གྲྭ་ཚང་ཕྱག་བཏབ། ཡུལ་དེའི་སྔ་མའི་ངག་རྒྱུན་དུ་སྟག་ལུང་རྫོང་ལ་སྒོ་དུད་བརྒྱད་བརྒྱ་ཟེར་སྲོལ་ཡོད་ཀྱང་། དུས་ཕྱིས་མི་རྒྱུད་རིམ་འཕེལ་གྱི་གྲོང་དུད་ཆིག་སྟོང་ལྷག་དང་། དེ་ལས་སྟག་ལུང་ཞོལ་ནི་ཡུལ་གྲོང་ཆེ་ཤོས་ཡིན་ཏེ། མདར་སྟག་ལུང་ཚོང་འདུས་སྐབས་ཀྱི་རྩྭ་སྒོ་ཟོག་འཚོ་ཡུལ་རྩྭ་ཐང་རྒྱ་ཆེ་ལ། བར་མདར་ཞིང་ས་རྒྱ་ཆེ་བར་གྲོང་ཚན་ཆེ་ཆུང་རིམ་པར་ཆགས། ཁུལ་དེའི་མི་སེར་མང་ཆེ་བ་གཞུང་རྒྱུག་དང་། སྒེར་ཆོས་གཉིས་སུ་དགོན་པ་ཤོད་སྟག་ཆོས་སྡེའི་ཆོས་གཞིས་དང་། དགོན་པ་རྩེ་སྟང་ལུང་གསང་ཆོས་གྲྭ་ཚང་གི་ཆོས་གཞིས། རྫོང་ལྷ་དབང་རབ་བརྟན་གྱི་ཁོངས་སྟག་ལུང་བླ་བྲང་དཀར་པོ་བཅས་ཚུད་ཡོད།

[4] ཆོས་འཕེལ། ལྷོ་ཁ་ས་ཁུལ་གྱི་གནས་ཡིག མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༢། ཤོག ༡༤༠།

[5] ཉི་མ་བཟང་པོ། ཡར་འབྲོག་དགོན་གྲོང་གི་ལོ་རྒྱུས་ཕྱོགས་བསྡེབས། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༧། ཤོག ༣༢།

[6] སྔར་དགོན་དེར་གྲྭ་སྟོང་ཁ་ལོན་པས་སྟོང་ཁྲོ་ཞེས་དགེ་འདུན་གྱི་ཚོགས་ཇ་བསྐོལ་སའི་ཁྲོ་ཆེན་པོ་ཞིག་ཀྱང་ཡོད་པར་གྲགས།

[7]西藏地名.国家测绘局地名研究所编.中国藏学出版社.1995.北京.Pg. 102.

[8]武振华,西藏地名.国家测绘局地名研究所编.中国藏学出版社.1995.北京.

[9]西藏地名.国家测绘局地名研究所编.中国藏学出版社.1995.北京.Pg. 102.

[10]བོད་རང་སྐྱོང་ལྗོངས་རིག་དངོས་དོ་དམ་རུ་ཁག་གིས་རྩོམ་སྒྲིག་བྱས་པའི་གནས་རྫས་རྟོག་ཞིབ་ཞེས་པ། ཕྱི་ལོ་ ༡༩༩༤ ལོའི་དུས་དེབ་ཨང་དང་པོར་གསལ།

[11]འབྲི་གུང་སྐྱབས་མགོན་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས། དྷརྨ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༥། ཤོག ༣༡།

[12]འབྲི་གུང་སྐྱབས་མགོན་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས། དྷརྨ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༥། ཤོག ༣༢།

[13] མཁས་པ་ལྡེའུ། རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༥ ཤོག ༢༥༨།

[14] མཁས་པ་ལྡེའུ། རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༥ ཤོག ༣༧༤།

[15] ངག་དབང་བློ་བཟང་རྒྱ་མཚོ། གསུང་འབུམ། པོད། ༢༢། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་།  ཕྱི་ལོ་ ༢༠༠༩། ཤོག ༡༡༣།

[16] ནོར་བྲང་ཨོ་རྒྱན། བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་པ་ཡིད་ཀྱི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༣། ཤོག ༣༠༨།

[17]西藏自治区地图册.西藏自治区测绘局.中国地图出版社出版.1995.pg 89.

[18] གཙང་སྟོད་རྒྱལ་པོའི་རྣམ་ཐར་དང་རྒྱལ་རབས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༡། ཤོག ༢༡།

[19] ཡར་འབྲོག་དགོན་གྲོང་གི་ལོ་རྒྱུས་ཕྱོགས་བསྡེབས། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༧། ཤོག ༣༦།

[20]ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། བོད་ཀྱི་སྲིད་དོན་རྒྱལ་རབས། སྟོད་ཆ། ཤེས་རིག་དཔར་ཁང་། ཕྱི་ལོ་ ༡༩༧༦། ཤོག ༥༢༤།

[21]多杰次仁,西藏封建农奴制社会形态,中国藏学出版社。2005.Pg 340.

[22] རྡ་ས་བོད་ཀྱི་དཔེ་མཛོད། ཡིག་རིགས་ཨང་། ༢༤༧།

[23] ཆུ་སྤྲེལ་ལོར་གཞུང་ས་ནས་བཏང་བའི་བཀར་འབྲུ་འདོན་སྤྲོད་ཀྱི་བཀའ་རྒྱ། རྡ་ས་བོད་ཀྱི་དཔེ་མཛོད་ཁང་། ཡིག་ཨང་། ༥༡༠།

[24]F Williammson, political officer in Sikkim. Who’s Who in Tibet .Calcutta Government of India Press  1933. Pg 19.

[25] བོད་ཀྱི་ལོ་རྒྱུས་དང་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ཐེངས། ༢༥། ཕྱི་ལོ་ ༢༠༠༥ ། ཤོག ༢༡༡།

[26] ཉི་མ་བཟང་པོ། ཡར་འབྲོག་དགོན་གྲོང་གི་ལོ་རྒྱུས་ཕྱོགས་བསྡེབས། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༧། ཤོག ༤།

[27] ཡར་འབྲོག་གཡུ་མཚོའི་ཉེ་འཁོར་དུ་ཆགས་པའི་དཔལ་དི་རྫོང་དེ་པ་སྔ་མོ་གོང་དཀར་རྫོང་གི་མངའ་ཁོངས་སུ་གཏོགས་ཤིང་། རྫོང་ཕྲན་དེ་གཞི་རྒྱ་ཆུང་རུང་ཁྲལ་རྒྱུག་སྐབས་རྫོང་སྐྱེལ་གལ་ཆེའི་ས་ཚིགས་དང་། རྒྱ་གར་ནས་ལྷ་སར་བསྐྱོད་སྐབས་ཕྱིའི་མི་སྣའི་ཞག་ཚུགས་བྱ་ཡུལ་གལ་ཆེན་ཞིག་ཀྱང་འཁེལ་ཞིང་། ཁུལ་དེའི་ཞོར་ལས་ཡོང་སྒོ་ཆེ་ཤེས་ཀྱང་གཞུང་སྒེར་ཆོས་གསུམ་དང་། ཚོང་པ་ཆེ་ཁག་གི་སོགས་ཀྱི་དོས་ཁལ་བདལ་སྐྱེལ་སོགས་དང་། དཔལ་དིའི་དུད་ཁྱིམ་ཆེ་གྲས་རེ་ལ་དྲེལ་ལག་གཉིས་ཙམ་དང་། མགྲོན་ཁང་དང་འགྲུལ་ཁང་། རྟ་དྲེལ་༤༠ཙམ་ཤོང་ཐུབ་པའི་སྒོ་ར། མེ་ཤིང་། རྟའི་ཟན་ཆག རྩྭ་ཆག གནས་གླ་བཅས་འབབ་སྒོ་ཤིན་ཏུ་ཆེ་བས། རྫོང་དེར་རྩེ་ཕྱག་ཁོངས་ནས་གཞིས་སྡོད་དུ་ཇོ་ལགས་གཉིས་མངགས་སྲོལ་མཆིས།

[28]西藏地名.国家测绘局地名研究所编.中国藏学出版社.1995.北京.Pg. 102.

[29]武振华,西藏地名.国家测绘局地名研究所编.中国藏学出版社.1995.北京.Pg. 176.

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།