དབུས་གཙང་ལོ་རྒྱུས་ཆེན་མོ་ལས། བཞི་པ། ཨེ་ལྷ་རྒྱ་རི། རྫོང་གི་གཞི་རིམ་ལོ་རྒྱུས། ལྷ་རྒྱ་རི་འམ་ཆུ་གསུམ་རྫོང་གི་མིང་ཐོགས་ཚུལ།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། བཞི་པ། ཨེ་ལྷ་རྒྱ་རི། རྫོང་གི་གཞི་རིམ་ལོ་རྒྱུས།  ལྷ་རྒྱ་རི་འམ་ཆུ་གསུམ་རྫོང་གི་མིང་ཐོགས་ཚུལ།

བཞི་པ། ཨེ་ལྷ་རྒྱ་རི།

ས་བཅད་དང་པོ། རྫོང་གི་གཞི་རིམ་ལོ་རྒྱུས།

ལེ་ཚན་དང་པོ། ལྷ་རྒྱ་རི་འམ་ཆུ་གསུམ་རྫོང་གི་མིང་ཐོགས་ཚུལ།

དེ་སྔའི་ཨེ་ལྷ་རྒྱ་རི་འམ་དེང་གི་ཆུ་གསུམ་རྫོང་ཁུལ་རྣམས་སྔ་དུས་སྡེ་དཔོན་ཨེ་ལྷ་རྒྱ་རི་བའི་མངའ་ཁོངས་ཡིན་ཞིང་། དེ་སྔའི་སྡེ་དཔོན་བཞུགས་ཡུལ་ཕོ་བྲང་གཉིས་ཡོད་པར་གཅིག་གི་མཚན་ལ་ཕོ་བྲང་བཀྲ་ཤིས་ཆོས་འཛོམས་དང་། གཅིག་ཤོས་སུ་ཕོ་བྲང་དགའ་ལྡན་ལྷ་རྩེ་ཞེས་ཞུ་བ་ཡིན།[1] ཨེ་ནི་ཁུལ་དེའི་ཡུལ་ལུང་སྤྱིའི་མིང་ཡིན་ཞིང་ལ།

ཡུལ་མིང་དེ་བཞིན་ཡིག་ཐོག་ཏུ་འཁོད་སྔ་ཤོས་ཀྱང་སྤུར་རྒྱལ་བཙན་པོའི་སྔ་རོལ་དུ་བྱུང་བྱུང་བའི་བོད་ཁམས་ཀྱི་རྒྱལ་ཕྲན་ཁག་གི་མིང་བགྲང་སྐབས། 《ཏུན་ཧོང་ཡིག་རྙིང་།》ལས། ཡུལ་དབྱེ་མོ་ཡུལ་བཞི་ན། རྗེ་དབྱེ་རྗེ་མཁར་བ། བློན་པོ་དབོ་དང་རྟུག་གཉིས།[2] ཞེས་བྱུང་བའི་དབྱེ་མོ་ཡུལ་ཞེས་པ་དེ་ཨེ་ཡུལ་ལ་གོ་བར་སྙམ། དེ་ཡང་མིང་ཚིག་དེ་གཉིས་ཀྱི་དག་ཆ་ཐ་དད་ཡིན་པ་ཙམ་ལས་སྒྲའི་བྱེད་རྩོལ་དང་གདངས་དབྱངས་བཅས་ཤིན་ཏུ་ཉེ་ལ། དེ་དང་ཕྱོགས་མཚུངས་པའི་སྒྲ་གཡེ་ཡུལ་ཞེས་པའང་ཡུལ་དེའི་མིང་དུ་འབོད་སྲོལ་འདུག་པས།[3] དུས་ཀྱི་འཕོ་འགྱུར་གྱི་འགྲོས་དང་བསྟུན་ནས་ཡུལ་མིང་གི་དག་བསྡེབས་ཅི་རིགས་སུ་བཀོལ་སྲོལ་བྱུང་བར་སྣང་།

དེ་བཞིན་ལྷ་ཞེས་པའང་སྡེ་པ་དེ་ནི་བོད་ཆོས་རྒྱལ་གྱི་གདུང་རྒྱུད་དྲི་མ་མེད་པ་གནམ་ལྡེ་འོད་སྲུངས་ཀྱི་སྲས་མངའ་བདག་དཔལ་འཁོར་བཙན་གྱི་སྲས་ཁྲི་བཀྲ་ཤིས་བརྩེགས་པའི་སྲས་སྨད་ཀྱི་ལྡེ་གསུམ་གྱི་ཡ་གྱལ་འོད་ལྡེའི་བརྒྱུད་ལས་རིམ་པར་བྱུང་བ། འོད་སྐྱིད་འབར་གྱི་སྲས་གཅུང་གཙང་ཚ་སྤུན་དྲུག་ལས་བརྒྱུད་པའི་གདུང་ཡིན་པས་ན།[4] བཙན་པོའི་གདུང་རྒྱུད་ལ་ཆེ་བསྟོད་ཀྱི་ཚུལ་དུ་ལྷ་ཞེས་མཚན་དུ་གསོལ་བ་དང་། རྒྱ་རི་ཞེས་པ་ནི་ནང་སོ་མདའ་སྨད་པས་ཨེ་སྟོད་ཆུ་ཚན་ཁ་ཞབས་སུ་རི་ལ་རྩ་རྒྱ་བོ་[5] སྐྱེས་པ་ཞིག་ན་གཞིས་ཀ་བརྩིགས་པས་རྒྱ་རི་ཞེས་མིང་དུ་ཆགས།[6] ཅེས་བྱུང་བ་ལྟར་གནས་ཡུལ་གྱི་མིང་ཁྱིམ་རྒྱུད་ལ་ཐོགས་པ་ནས་བཟུང་། ཨེ་ལྷ་རྒྱ་རི་བ་ཞེས་གདུང་རྒྱུད་ཁྲི་ཐོག་རིམ་པར་དེ་ལྟར་འབོད་སྲོལ་བྱུང་། གཞན་ཡང་། དེང་གི་ཆུ་གསུམ་ཞེས་པའི་ཡུལ་མིང་གི་སྒྲ་བཤད་ནི་ཆུ་བོ་གསུམ་ཞེས་པའི་བསྡུས་མིང་ཡིན་ཏེ། རྫོང་ཁོངས་སུ་སི་ཆུ་དང་། ཀོང་པུ་ཕུ་ཆུ། ལྕང་ར་ཕུ་ཆུ་བཅས་གཙང་ཆུ་གསུམ་རྒྱུག་པས་དེ་ལྟར་བཏགས་པའོ།།

 

ལེ་ཚན་གཉིས་པ། རྫོང་གི་ས་བབ་ཆགས་ཚུལ།

ཨེ་ལྷ་རྒྱ་རི་ཁུལ་ནི་བོད་ཀྱི་ལྷོའི་ཕྱོགས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ལྷོ་ངོགས་ཀྱི་གཤོང་སར་ཆགས་ཤིང་། གོ་ལའི་བྱང་གི་འཕྲེད་ཐིག་ཏུའུ་གྲངས་ ༢༨.༦༚ 〜༢༩.༣༚ དང་། ཤར་གྱི་གཞུང་ཐིག་ཏུའུ་གྲངས་ ༩༡.༩༚ 〜༩༢.༤༩༚ བར་གནས། ཁུལ་དེའི་ས་བབ་སྤྱིར་བྱང་ཕྱོགས་དང་དབུས་ཕྱོགས་ཏེ་ཡར་ཀླུང་གཙང་པོའི་ས་རྒྱུད་རྣམས་ས་བབ་དམའ་ལ་བདེ་བ་དང་། གནམ་གཤིས་ཀྱང་དྲོ་ཞིང་འཇམ། ལྷོ་ངོས་མཐོ་ལ་ཕྱོགས་བཞིའི་ཁོ་ར་ཁོར་ཡུག་ཐམས་ཅད་རི་ལ་རི་བརྒྱུད་ཀྱིས་བསྐོར་བས་འཕྲང་ལམ་དོག་པ་བཅས་ཀྱི་ཆགས་འབབ་ལྡན། ཁུལ་དེའི་ས་བབ་སྤྱིའི་ཆ་སྙོམས་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་སྨི་ ༤༢༠༠ ཡན་ཟིན་ཞིང་།[7] མངའ་ཁོངས་ཀྱི་རི་རྒྱུད་རྣམས་རི་བོ་ཧི་མ་ལ་ཡའི་བྱང་ཟུར་གྱི་རི་ལག་ཡིན་ཞིང་བྱང་ནས་ལྷོ་རུ་བརྐྱངས་བས། ཆུ་གསུམ་དང་དེའི་ཤར་ནུབ་ཀྱི་ཁྱིམ་མཚེས་རྫོང་སྒོ་རྣམས་སོ་སོར་འབྱེད་ཡོད། རྫོང་ཁུལ་ཁྱོན་དུ་གནམ་ཁའི་ཀ་བ་ལྟར་མཁའ་ལ་ཟུག་པ་ལྟ་བུའི་རི་ཚོགས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ ༤༥༠༠ ཡན་ལ་འགྱིང་བའི་རི་བོ་ ༡༥༠ ལྷག་མཆིས་ཤིང་། དེ་རྣམས་ལས་རི་བོ་མཐོ་ཤོས་ནི་རྒྱ་མཚོའི་ངོས་ནས་སྨི་ ༥༩༤༨ ཡན་ཡིན་འདུག དེང་རྫོང་དེའི་ཤར་རྒྱ་ཚ་དང་། ལྷོར་ལྷུན་རྩེ། ནུབ་ཏུ་འཕྱོངས་རྒྱས། བྱང་ཕྱོགས་སུ་ཟངས་རི་རྫོང་བཅས་དང་འདབས་འབྲེལ་དུ་ཆགས་ཡོད།

རྫོང་སྤྱིའི་གནམ་གཤིས་ནི་མཐོ་སྒང་དྲོ་ཁུལ་ཕྱེད་ཐན་པའི་དུས་རླུང་ཆེ་བའི་ཁོངས་སུ་གཏོགས་ཤིང་། ལོ་རེའི་ཆ་སྙོམས་དྲོད་ཚད་ ༤༚C‚ དང་། ཟླ་དང་པོའི་ཆ་སྙོམས་དྲོད་ཚད་ ༠༚C‚ ཡིན་པས་གྲང་ངར་ཆེ་ལ། ཟླ་བདུན་པའི་ཆ་སྙོམས་དྲོད་ཚད་ ༡༢༚C‚བཅས་ཡིན།[8] དབྱར་ཁ་ཉི་ཕོག་འབེལ་ལ་འཕྲོ་ཤུགས་ཆེ་བ་དང་ཉིན་དྲོ་ཁྱད་ཆེ། དགུན་དཔྱིད་གཉིས་ཀྱི་དུས་སུ་རླུང་ཆེན་མང་བ་དང་དབྱར་དུས་ཆར་ཆུ་འགྲིལ་ཞིང་མཚན་འབབ་མང་བ་བཅས་ཀྱི་ཁྱད་ཆོས་ལྡན། ལོའི་ཆར་ཆུ་འབབ་ཚད་ལི་སྨི་ ༤༧༠ བཅས་རེད། དེ་བཞིན་ལོའི་ཉི་ཕོག་དུས་ཡུན་ཆུ་ཚོད་ ༣༠༧༠ དང་སད་མེད་དུས་ཡུན་ཉིན་ ༡༡༠ ཡས་མས་ཡིན། རྫོང་དེའི་རང་བྱུང་གནོད་འཚེ་གཙོ་བོ་ཐན་པ་དང་། སད། སེར་བ། ཆུ་ལོག འདམ་རྡོའི་ཆུ་རུད། ས་ཡོམ་བཅས་ཡོད་པར་གསལ།[9]

 

ས་བཅད་གཉིས་པ། རྫོང་གི་ལོ་རྒྱུས།

ལེ་ཚན་དང་པོ། བོད་ཀྱི་སྲིད་འཛིན་འཕོ་འགྱུར་དང་ཨེ་ལྷ་རྒྱ་རི་འམ་ཆུ་གསུམ་རྫོང་།

ས་ཁུལ་དེར་རིག་དངོས་ཞིབ་བཤེར་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བའི་ཁུངས་སྣེར་གཞིགས་ན། རྫོང་དེའི་ཤར་ལྷོའི་ཨོ་རྒྱན་གུ་རུ་གྲོང་ཚོ་ནས་གནའ་བོའི་རྡོའི་དུར་སྒམ་ཤུལ་བཞག་གི་གནས་ཤིག་གསར་རྙེད་བྱུང་ཞིང་། དུར་སྒམ་དེའི་རྡོ་སྒམ་གྱི་དབྱིབས་གཟུགས་དང་། དེ་ལས་ཐོན་པའི་རྫ་ཆས་(ཆག་ཧྲུག)བཅས་ཚང་མར་ཅུང་གདོད་མའི་རིག་གཞུང་གི་ཁྱད་ཆོས་མངོན་པ་ནི། ཉེ་འཁྲིས་རྫོང་ལྷུན་རྩེ། མཚོ་སྣ། རྒྱ་ཚྭ་སོགས་ཀྱི་ཤུལ་བཞག་དང་ཅུང་འདྲ། གནའ་རྫས་དེ་རྣམས་ལ་ཞིབ་འཇུག་རགས་ཙམ་བྱས་པ་ལས་རྡོའི་དུར་སྒམ་དེ་རིགས་བྱུང་བའི་དུས་ཚོད་སྔ་ཤོས་ཀྱང་། ད་ནས་བརྩིས་པའི་ལོ་ངོ་སྟོང་ཚོའི་ཡར་སྔོན་གྱི་རྡོ་ཆས་གསར་པའི་དུས་རབས་བར་མའི་དུས་སྐབས་ཀྱི་དངོས་རྫས་སུ་བསྙེགས་ཐུབ་པས། དེས་ར་སྤྲོད་བྱེད་ཆོག་པ་ནི་ཆུ་གསུམ་ས་ཁུལ་གྱི་གནའ་བོའི་དཔལ་ཡོན་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་གནའ་བོའི་དཔལ་ཡོན་གྱི་གལ་ཆེའི་གྲུབ་ཆའི་ཆ་ཤས་ཤིག་ཡིན་པ་དེ་རེད། འགྲོ་བ་མིའི་ལོ་རྒྱུས་ཀྱི་ཀྱོག་མཚམས་སུ་སླེབས་པའི་དུས་སྐབས་སུ་ཆུ་གསུམ་ཁུལ་གྱི་ས་རྒྱུད་རྣམས། རྩ་བའི་ཆ་ནས་བོད་བཙན་པོའི་གོང་གི་རྒྱལ་ཕྲན་བཅུ་གཉིས་ཀྱི་ཡ་གྱལ་དྭགས་ཡུལ་ཁྱབ་ཁོངས་སུ་ཚུད།[10] ཅེས་གསལ།

དུས་རབས་བདུན་པའི་ནང་སྤུར་རྒྱལ་བཙན་པོས་བོད་ལ་དབང་ལུང་བསྒྱུར་སྐབས། དབུས་གཙང་རུ་བཞིའི་ཡ་གྱལ་གཡོན་རུའི་ཁོངས་ལས། གཡོ་རུའི་ཡུལ་དཔོན་ཚན་བཅུ་དྲུག་གི་ཡུལ་སྡེ་བཞི་པའི་མངའ་ཁོངས་ཡིན།[11] བོད་སིལ་བུར་ཐོར་བའི་དུས་སྐབས་གོང་མའི་འཆར་ཁུལ་དེ་དང་ཉེ་བའི་ཡར་ལུང་སྟོད་ཕྱོགས་ནི་མཆིམས་དང་སྙགས་ཀྱི་རུས་རྒྱུད་ཚོ་ཁག་གིས་དབང་བསྒྱུར་བྱས་ཡོད་པ། བོད་ཀྱི་ལོ་རྒྱུས་ཡིག་ལམ་ཁག་ཏུ་གསལ་བ་ལྟར་ཁུལ་དེ་དག་ལའང་རྗེ་དཔོན་ཚན་པ་དེའི་དབང་ཤུགས་ཡོད་ངེས་ལ། ཁྱད་པར་མངའ་བདག་དཔལ་འཁོར་བཙན་གྱི་སྲས་ཁྲི་བཀྲིས་བརྩེགས་པར་གདུང་སྲས་སྨད་ཀྱི་ལྡེ་གསུམ་ལས། བར་པ་འོད་ལྡེ་ལ་སྲས་བཞི་བྱུང་བའི་ཐ་ཆུང་མངའ་བདག་ཁྲི་ཆུང་གིས་ཡར་ལུང་དུ་འབངས་ཀྱིས་དང་བླངས་ཀྱིས་བརྩིགས་ནས་ཕུལ་བའི་ཕོ་བྲང་འབངས་བརྩིགས་དང་། སྐུ་མཁར་ཕྱིང་ང་སྟག་རྩེ་བཟུང་ནས་ཁུལ་དེ་རྣམས་རིམ་བཞིན་དབང་བསྒྱུར་མཛད། དེ་ལས་གདུང་རྒྱུད་རིམ་པར་མཆེད་པ་དག་ལས་ཡར་ལུང་ཇོ་བོའི་རྒྱལ་རྒྱུད་བྱུང་ཞིང་། གདུང་རྒྱུད་དེ་དག་གི་ཁྲོད་ལས་གཙང་ཚ་སྤུན་དྲུག་ལས་རྒྱུད་པའི་གདུང་རབས་རྣམས་ཀྱི་ཁུལ་དེར་དབང་བསྒྱུར་ཡོད་ངེས་པའང་།《ཡར་ལུངས་ཆོས་འབྱུང་།》ལས། གཙང་ཚ་སྤུན་དྲུག་གི་གདུང་རྒྱུད་རིམ་པ་འཆད་སྐབས་དེའི་སྲས་ཁྲི་བཙན། དེའི་སྲས་ཤ་ཁྲི། དེའི་སྲས་ལྷ་ཁྲི་ལ་སོགས་ཡར་མདའ་[12]ན་ཡོད་པ་རྣམས་ཡིན་ནོ་ཞེས་དང་།[13] ༸གོང་ས་ལྔ་པ་ཆེན་པོའི་ཞལ་སྔ་ནས་ཀྱང་གཙང་ཚ་སྤྲུན་དྲུག་ལས་བརྒྱུད་དེ་གདན་ས་ཐེལ་གྱི་མདར་བཙད་པོ་ཚ་བ་རོང་པ་ཞེས་མི་དཔོན་ཞིག་དཔལ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་(༡༡༡༠-༡༡༧༠)དུས་བྱུང་ཞིང་། དེ་ནས་རིམ་པར་བརྒྱུད། ནང་སོ་མདའ་སྨད་པས་ཨེ་སྟོད་ཆུ་ཚན་ཁ་ཞབས་སུ་རི་ལ་རྩ་རྒྱ་བོ་སྐྱེས་པ་ཞིག་ན་གཞིས་ཀ་བརྩིགས་པས་རྒྱ་རི་ཞེས་མིང་དུ་བཏགས་ཞེས་གསུངས།[14]

དེ་བཞིན་《དེབ་ཐེར་དམར་པོ།》ལས། ཕག་མོ་གྲུ་པ་དགུང་ལོ་བཞི་བཅུ་རྩ་གཉིས་བཞེས་པའི་སྐབས་སུ་ཚ་རོང་བཙད་པོས་དགོན་གནས་འདེབས་པའི་ཡོན་བདག་མཛད་པ་སོགས།[15] དུས་སྐབས་དེ་རྣམས་སུ་བཙན་པོའི་རྒྱུད་དེ་དག་གིས་ཨེ་ཁུལ་དབང་ལུང་བསྒྱུར་ཡོད་པ་ཙམ་མ་ཟད། ཆོས་གནས་ཀྱི་ཡོན་བདག་མཛད་ནུས་པ་སོགས་མངའ་ཐང་ཡང་གང་ཙམ་ཡོད་པ་རྟོགས་ནུས་ལ། ཡང་སྒོས་བཙད་པོ་ཚ་རོང་པའི་གདུང་ནས་བྱུང་ཞིང་ལྷ་རྒྱ་རིའི་ནང་སོ་མདའ་པའི་དུས་སྐབས་ནས་རིམ་པར་ཨེ་ཡུལ་དེ་བཞིན་བཙད་པོའི་གདུང་རྒྱུད་དེ་རྣམས་ཀྱི་མངའ་རིས་སུ་གཏོགས་པའི་ཡུལ་ལུང་ཞིག་ཡིན། ཁྱད་པར་ཡར་ལུང་ཇོ་བོའི་གདུང་རྒྱུད་ཀྱིས་གཙོ་བོར་མངའ་མཛད་པའི་ས་ཁུལ་ཞིག་ཡིན་པ་གོང་འོག་ཡིག་ཆ་དག་ལས་ལམ་ཙམ་ངེས་ཤེས་དྲོངས་ནུས། དུས་རབས་བཅུ་གསུམ་པའི་ནང་་དཔལ་ལྡན་ས་སྐྱ་བས་བོད་ཆོལ་ཁ་གསུམ་ལ་དབང་ལུང་མཛད་པའི་སྐབས་སུའང་། ཁུལ་དེ་དག་གོང་གསལ་བཙན་པོའི་གདུང་རྒྱུད་དེ་རྣམ་པས་སྔར་རྒྱུན་ལྟར་ཁྲིམས་འགོ་རང་བཙན་དུ་སྐྱོང་བཞིན་ཡོད་པའང་། དཔལ་བོ་གཙུག་ལག་ཕྲེང་བས་བཙན་པོ་ལྡེ་པོས་འབངས་བརྩིགས་བཟུང་། དེའི་སྲས་ཇོ་བོ་ཤཱཀྱ་དཔལ་གྱིས་འབངས་བརྩིགས་སུ་རྒྱལ་སྲིད་བཟུང་། གཡེ་ཆེ་ཆུང་དང་བཅས་པ་ལ་དབང་མཛད།[16] ཞེས་དང་། དེ་མཚུངས་ཡར་ལུངས་ཇོ་བོའི་ཆོས་འབྱུང་ལས་ཀྱང་གཡེ་ཆེ་ཆུང་དང་བཅས་པར་དབང་བསྒྱུར་ཞིང་། དེའི་སྲས་ཇོ་བོ་ཤཱཀྱ་དཔལ་གྱིས་འགྲོ་མགོན་ཆོས་ཀྱི་རྒྱལ་པོའི་(༡༢༣༥-༡༢༨༠)དྲུང་དུ་རབ་ཏུ་བྱུང་ཞེས་དང་། དེ་བཞིན་ཆོས་རྗེ་ས་སྐྱ་པཎྜི་ཏ་གདན་དྲངས་ནས་དབྱར་གནས་ཀྱི་སྦྱིན་བདག་མཛད། ཆོས་ཀྱི་འཁོར་ལོ་བསྐོར། ཆབ་སྲིད་ལ་དབང་མཛད་ཅེས་སོགས་འཁོད་པ་ལས། དུས་སྐབས་དེ་རྣམས་སུ་ཡར་ལུངས་ཇོ་བོའི་གདུང་རྒྱུད་རྣམས་ཀྱིས་ཁུལ་དེ་རྣམས་སུ་ཁྲིམས་འགོ་རང་བཙན་པའི་ཚུལ་གྱིས་དབང་མཛད་བཞིན་པ་མ་ཟད། སྟོབས་འབྱོར་ཡང་ཚད་མཐོར་གསོན་ཡོད་པ་མཐོང་ཐུབ།

དུས་རབས་བཅུ་བཞི་པ་སྡེ་སྲིད་ཕག་མོ་གྲུ་པའི་སྲིད་དབང་དུས་སུ་དབུས་གཙང་འཛིན་མའི་ཁྱོན་ལ་རྫོང་ཆེན་ས་ཚིགས་གསར་བཙུགས་དང་། གོང་མ་ཏིའི་སི་ཏུ་བྱང་ཆུབ་རྒྱལ་མཚན་དང་དེའི་རྗེས་དབང་གྲགས་པ་རྒྱལ་མཚན་ལ་སོགས་པ་ཕག་གྲུ་སྡེ་སྲིད་རིམ་བྱུང་གིས། རང་འོག་མངའ་ཞབས་ཀྱི་དེ་སྔའི་སྡེ་པ་དང་དཔོན་ཆེན་སོགས་ཆེ་བཙན་ཕལ་མོ་ཆེར་ལུང་དང་འཇའ་ས་བསྩལ་ནས་རྫོང་དཔོན་དུ་བསྐོས་པ་སོགས་ལུང་དང་ལས་ཀ་གནང་བ་ཤ་སྟག་ཡིན་ནའང་། དུས་སྐབས་སྔ་ཕྱི་ཀུན་ཏུ་ཨེ་ཁུལ་གྱི་ས་སྐྱོང་ལྷ་རྒྱ་རི་བ་ཁྲི་པ་རིམ་བྱོན་གྱིས་ཕག་གྲུ་གོང་ས་ནས་ལུང་དང་འཇའ་ས་ཆེད་དུ་མ་བླངས་པར། རང་ཞབས་ས་ཁུལ་དེ་རྣམས་ཁྲིམས་འགོ་རང་བཙན་གྱིས་དབང་བསྒྱུར་ཡོད་པའང་། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།》 ལས། དེ་ལྟར་གོང་མ་ཏའི་སི་ཏུ་བཟུང་སྟེ། བོད་གཉན་ཞན་གྱི་གོ་རིམ་སིལ་བུར་མ་གྱུར་གྱི་བར། སྲིད་ཀྱིས་མངོན་པར་མཐོ་བའ་ཕལ་ཆེར་ནི་སྡེ་སྲིད་གོང་མའི་ཐུགས་ལ་བཏགས་ཤིང་། ལུང་དང་ལས་ཀ་གནང་བ་ཤས་ཆེ་ནའང་། ས་སྐྱོང་ལྷ་རྒྱ་རི་བ་ནི། གོང་ས་ནས་ལུང་དང་འཇའ་ས་ཆེད་དུ་མ་བླངས་པར། ཉི་འོག་གི་རྒྱལ་པོར་གྱུར་པ་ཞིག་སྟེ་ཞེས་གསལ་བ་ལྟར་དང་།[17] ཁྱད་པར་ཨེ་ལྷ་རྒྱ་རི་ཁྲི་ཐོག་བཞི་པ་ལྷ་དགྲ་ལས་རྣམ་རྒྱལ་(-༡༤༩༨)སྐབས་དེ་སྔའི་ནང་སོ་མདའ་སྨད་པས་དུས་ནས་བཞེངས་པའི་རྒྱ་རི་རྫོང་དུ་བཞུགས་གནས་མཛད་ཅིང་། ཨེ་ཆེན་རི་སྒོ་ཞེས་པའི་རི་སྟེང་དུ་བཀྲ་ཤིས་ཆོས་རྫོང་དུ་ཕོ་བྲང་གི་ལྟེ་བ་མཛད།[18] ཅེས་བྱུང་ལྟར། ཁྲི་ཐོག་བཞི་པ་ལྷ་དགྲ་ལས་རྣམ་རྒྱལ་ནས་བཟུང་སྡེ་པ་ལྷ་རྒྱ་རིའི་མངའ་ཐང་རྒྱས་འགོ་ཚུགས་ལ། སྡེ་པ་དེའི་སྐབས་༸རྒྱལ་མཆོག་དགེ་འདུན་རྒྱ་མཚོ་(༡༤༧༦-༡༥༤༢)དང་ཆོས་ཡོན་དུ་འབྲེལ་ནས་བཀུར་བསྟི་བླ་མེད་དུ་མཛད་ཅིང་། སྡེ་པ་དེ་སྐུ་གྲོངས་སྐབས་༸རྒྱལ་བ་སྐུ་དངོས་འདས་མཆོད་དུ་ཕེབས་འདུག་པ་དང་། དེའི་གདུང་སྲས་ལྷ་འཇིག་རྟེན་དབང་ཕྱུག་གི་ཁྲི་སྟོན་མཛད་སྒོར་ཡང་ཆེད་ཕེབས་མཛད་པ་༸རྒྱལ་བ་དེ་ཉིད་ཀྱི་རང་རྣམ་དུ་གསལ།

འོན་ཀྱང་། 《དུང་དཀར་ཚིག་མཛོད།[19]》 དང་། 《བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། 》སོགས་ཀྱི་ནང་། ལྷ་དགྲ་ལས་རྣམ་རྒྱལ་གྱི་དུས་སྐབས་སུ་རྒྱ་རི་དགོན་བཏབ་པ་དང་། དེ་ལས་ལྷ་རྒྱ་རི་ཞེས་མིང་ཐོགས་ཤིང་ཁྱིམ་ཚང་དང་དགོན་སྡེ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བའི་ཆོས་སྲིད་བཟུང་འབྲེལ་གྱི་བདག་པོར་གྱུར་ཞེས་སོགས་གསུངས་པ་ནི་བདེན་པར་མ་མཐོང་། གང་ལགས་ཤེ་ན། ལྷ་རྒྱ་རི་ཞེས་པའི་མཚན་ནི་༸གོང་ས་ལྔ་པའི་བཞེད་པ་ལྟར་ནང་སོ་མདའ་སྨད་པས་ཁུལ་དེར་གཞིས་ཀ་གསར་བཙུགས་མཛད་པ་ནས་ཐོགས་པ་ཡིད་རྟོན་ཆེ་ལ། དེ་བཞིན་ལྷ་རྒྱ་རིའི་ཆོས་སྲིད་ཟུང་འབྲེལ་གྱི་སྟོབས་ཤུགས་རྩེ་མོར་སོན་པའི་དུས་ཀྱང་། དུས་རབས་བཅུ་དྲུག་པའི་སྐབས་ཏེ་སྡེ་པ་རིན་སྤུངས་པས་བོད་ཁམས་སུ་དབང་ལུང་བསྒྱུར་སྐབས་ཏེ། ཁྲི་ཆེན་ལྔ་པ་བྱམས་པ་རབ་བརྟན་དང་ལྷ་ཡུལ་དབང་ཕྱུག་སྐུ་མཆེད་གཉིས་ཀྱི་དུས་སུ་མངའ་ཐང་གོང་དུ་འཕེལ་ཞིང་། འོལ་ཁ་སྟག་རྩེའི་མངའ་འབངས་དང་བཅས་པར་རང་དབང་དུ་མཛད་པ་[20] སོགས། ཨེ་ཡུལ་ཙམ་མ་ཟད་ཁད་ཉེའི་ཡུལ་སྡེ་གཞན་དག་ཀྱང་མངའ་ཞབས་སུ་བཅུག་ཡོད། དུས་རབས་བཅུ་དྲུག་པའི་སྨད་ཆར་གཙང་པ་རྒྱལ་པོས་ཆོས་སྲིད་དབང་ལུང་གིས་དུས་སྐབས་སུ། སྔར་མུས་བཞིན་ལྷ་རྒྱ་རི་ཁྲི་ཐོག་རིམ་བྱོན་ལས་ལྷ་བསོད་ནམས་རབ་བརྟན་སྐུ་མཆེད་གསུམ། ལྷ་དགའ་ལྡན་དཔལ་འབར། ལྷ་བློ་བཟང་མཐུ་སྟོབས་ཆོས་རྒྱལ་ལ་སོགས་པས་ཁུལ་དེ་དང་། དེང་གི་ཟངས་རི་རྫོང་ཁོངས་རོགས་པ་རྩ་ས་ཁུལ་བཅས་ཀྱི་མངའ་ཞབས་ལ་ཁྲིམས་འགོ་རང་བཙན་གྱིས་དབང་ལུང་བསྒྱུར།

འདིར་ངེས་དགོས་པ་ཞིག་ལ་སྡེ་པ་ཕག་གྲུ་དང་། རིན་སྤུངས། གཙང་པ་སོགས་བོད་ཀྱི་སྲིད་དབང་འཕོ་འགྱུར་རིམ་པར་བྱུང་ཡོད་ཀྱང་། ལྷ་རྒྱ་རིའི་སྡེ་པ་དེ་བཞིན་བོད་རྗེ་ཆོས་རྒྱལ་གྱི་གདུང་རྒྱུད་དུ་དགོངས་ནས་ཆེ་མཐོང་བཀུར་བཟོས་ཀྱིས། བོད་ཀྱི་སྲིད་དབང་འགྱུར་འགྲོས་ཇི་ཙམ་བྱུང་མོད་ཀྱང་། སྡེ་དཔོན་དེ་པའི་བདག་དབང་ལ་ཡོ་འཁྱོམ་ཆེན་པོ་གང་ཡང་བྱུང་མེད་པ་དེ་ཡིན། འོན་ཀྱང་། དུས་སྐབས་དེར་ལྷ་རྒྱ་རི་ཁྲི་རྒྱུད་སྲས་གསུམ་བྱུང་བའི་གདུང་རྒྱུད་བགྲེས་གཞོན་ནང་ཁུལ་ཁྲི་འཛིན་གྱི་འགན་བཞེས་ལ་ཐུགས་སྣང་མ་གཤིན་པས། ཐོབ་ཐང་འཐེན་རྩོད་ཀྱིས་དབང་ལས་གཟིམ་ཤག་ལྷོ་བྱང་གཉིས་སུ་ཞལ་གྱེས་པའི་ནང་ཁུལ་གྱི་གནད་དོན་བྱུང་བས། དེང་གི་ཆུ་གསུམ་རྫོང་གནས་ཡུལ་དང་། ཤག་བྱང་། ཤག་ལྷོ་བཅས་ཀྱི་ས་རིས་མི་སེར་གསུམ་དུ་བགོ་བགྲེམས་ཀྱིས་ཁྱིམ་ཚང་གསུམ་དུ་གྱེས།[21] ལྷ་རྒྱ་རིའི་ཁྲི་ཆེན་གྱི་འཛིན་ཁོངས་ལ་དམིགས་བསལ་དབང་ཆ་དང་ཁྱིམ་ཚང་རྒྱུ་ནོར་གྱི་བརྒྱ་ཆ་བདུན་བཅུ་དང་། ཤག་ལྷོ་དང་ཤག་བྱང་ལ་བརྒྱ་ཆ་ཉེར་བརྒྱད་ཐོབ་ཅེས་གསལ་བ་ལྟར།[22] རིགས་སྲས་སྐུ་བགྲེས་ཤག་ལྷོ་དཀོན་མཆོག་དར་རྒྱས་(༸རྒྱལ་བ་ལྔ་པ་དང་དུས་མཉམ།)ནས་ཟུར་གྱེས་ཐོབ་སྐལ་དུ་དཀྱིལ་གསུམ་(ས་ཞིང་དཀྱིལ། ན་ཁའི་དཀྱིལ། ཁང་པའི་དཀྱིལ།)གྱི་ས་རིས་ཀྱི་བདག་དབང་ཐོབ་པ། བྲག་དཀར་ཕུ་མདའ་བར་གསུམ་དང་། ཆུ་མདོ་བྱང་། བར་སྨད། རྨ་ར་སོགས་ཀྱི་ས་ཁུལ་རྣམས་ལ་ད་ལྟའང་དཀྱིལ་གསུམ་ཞེས་པའི་ས་མིང་རྒྱུན་ཆགས་སུ་གནས་ཡོད་འདུག

དེ་དང་ཕྱོགས་མཚུངས་དུས་རབས་བཅུ་བདུན་པའི་ལོ་རབས་བཞི་བཅུ་པ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་པའི་ཆོས་སྲིད་ཟུང་ལྡན་གྱི་རྒྱལ་ཁབ་དབུ་བརྙེས་པའི་དུས་སྐབས་སྔ་ཕྱིར། ཨེ་ཁུལ་གྱི་སྲིད་དབང་ནི་ལྷ་རྒྱ་རི་ཁྲི་ཐོག་བློ་བཟང་མཐུ་སྟོབས་ཆོས་རྒྱལ་གྱིས་སྐྱོང་བའི་དུས་སྐབས་སུ་འཁེལ་ཞིང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་དངོས་སུ་དབུ་མ་བརྙེས་གོང་ནས་༸གོང་ས་ལྔ་པ་ཆེན་པོ་མཆོག་དང་། ལྷ་རྒྱ་རི་བ་ཁྲི་ཆེན་བློ་བཟང་མཐུ་སྟོབས་དབར་ཆོས་ཡོན་གྱི་འབྲེལ་བ་ཟབ་ལ།[23] ཡང་སྒོས་གནམ་བསྐོས་དགའ་ལྡན་ཕོ་བྲང་གི་གཞུང་ས་ཆེན་མོའི་ཆོས་སྲིད་ལུགས་གཉིས་ཀྱི་སྲིད་དབང་དབུ་བརྙེས་མ་ཐག སྡེ་པ་ལྷ་རྒྱ་རི་ནས་དམིགས་བསལ་ལེགས་འབུལ་འབྲུ་ཁལ་འབུམ་གཅིག་དང་། གན་མཛོད་ནས་ཨེ་གསེར་ཕོན་ཆེ་དད་འབུལ་ཐོག་ལོ་ལྟར་གསེར་ཕུད་ཀྱང་འབུལ་སྲོལ་ཡོད་ལ། ལྷ་རྒྱ་རི་བ་བོད་རྗེ་ཆོས་རྒྱལ་རིམ་བྱོན་གྱི་གདུང་རྒྱུད་མངོན་པར་མཐོ་བར་རྟེན་༸རྒྱལ་མཆོག་ལྔ་པ་ཆེན་པོས་ཁྱད་པར་ཆེ་མཐོང་གཟིགས་བསྐྱངས་ཀྱིས་ཤེ་བམ་བཀའ་ཤོག་སྩལ་བའི་ནང་དོན། ཕྱིན་ཆད་ལྷ་རྒྱ་རི་ཉམ་ཐག་གི་འཛིན་དབང་སྐྱོང་མ་ཐུབ་པའི་གནད་དོན་འདྲ་བྱུང་ན། དགའ་ལྡན་ཕོ་བྲང་དང་འདོད་པ་གཅིག་སྒྲིལ་ལྟར་སྐྱོང་མཐར་བྱེད་རྒྱུ་ཡིན་ཞེས་སོགས་ཀྱི་བཀའ་གཏན་སྩལ་འདུག་ལ།[24] ང་དགུ་ལོར་བོད་ལ་དུས་འགྱུར་མ་བྱུང་བར་དུ་གཞུང་འཛིན་རིམ་པས་བཀའ་གཏན་དེ་རྣམས་ཆེ་བཀུར་གྱིས། གཞུང་སར་འབུལ་ཚན་ཁྲལ་རིགས་སྒྲུབ་འཇགས་ཕྲན་བུ་ལས། དེ་མིན་རང་ཁོངས་ཁྲལ་བསྡུ་ཁྲིམས་གནོན་གྱི་བགྱི་སྒོ་ཐམས་ཅན་རང་བཙན་ལྟ་བུ་ཡིན་པ་མ་ཟད། ལྷ་རྒྱ་རི་ཁྲི་ཆེན་ལྷ་སར་གནས་མཇལ་ནམ་ཕེབས་ལ་བཀའ་ཤག་གིས་རྟག་ཏུ་ལྷ་གདོང་ཤན་ཁར་མི་སྣ་ཕེབས་བསུ་དང་། ལྷ་རི་ཕོ་བྲང་དུ་རྒྱལ་པོ་གསར་པའི་ཁྲི་འཛིན་པའམ་ཡང་ན་ལྕམ་ལེན་པ་སོགས་མཛད་སྒོ་ཆེ་རིགས་སྐབས། གཞུང་ནས་རིམ་བཞི་ཡན་གྱི་དཔོན་རིགས་མངག་གཏོང་གིས་རྟེན་འབྲེལ་ཞུ་ལམ་མཆིས་པར་གསལ།[25] ཁྱད་པར་༸གོང་ས་སྐུ་ན་རིམ་བྱོན་གྱི་སྐུའི་དགུང་སྐེག་སྐབས་རྒྱ་རི་ཁྲི་ཆེན་གྱི་བརྟན་བཞུག་འབུལ་བཅར་དང་། ཁྲི་ཆེན་སྐུ་དངོས་ནས་མཎྜལ་ལྗགས་བཤད་གནང་ལམ་སོགས་ཡོད་འདུག

གཞན་ཡང་། བོད་གཞུང་དགའ་ཕོ་བྲང་གི་སྲིད་དབང་ཐོག་མའི་ཆར་ཏེ་ལྷ་རྒྱ་རི་ངག་གི་དབང་ཕྱུག་དགའ་ལྡན་རབ་ཏུ་བརྟན་པ་མི་འགྱུར་རྣམ་པར་རྒྱལ་བ་ཁྲི་ཐོག་ཏུ་བྱོན་ཏེ་ཕུན་སུམ་ཚོགས་པའི་མངའ་ཐང་འགོག་པ་མེད་པའི་སྣང་བ་རབ་ཏུ་རྒྱས་ཞེས་གསུངས་པ་ལྟར།[26] ཁོང་གི་དུས་སྐབས་སྔ་ནུབ་ཏུ་ཨེ་དགོན་རི་སྒོ་ཆོས་སྡེ། གདོང་མཁར་ཆོས་སྡེ། སྟོད་སྲིད་ཆོས་སྡེ། བླ་འབྲིང་ཆོས་སྡེ། ཀློགས་ཆོས་སྡེ། འཆད་དཀར་ཆོས་སྡེ་སོགས་ཨེ་དགོན་ཆེ་བ་ཁག་དྲུག་དར་རྒྱས་མཛད་པར། ཆོས་གཞིས་ས་ཁང་མི་གསུམ་རི་ཀླུང་རྩྭ་ཆུ་ཤིང་གསུམ་གྱི་དགེ་བེད་ཤེ་བམ་དང་འབྲེལ་བ་སྩལ་ཞིང་། དེ་མིན་ཤར་དྭགས་པོ་ཕྱོགས་ཀྱི་དྭགས་པོ་གྲྭ་ཚང་ལའང་ཆོས་ཡོན་གཙོ་སྐྱོང་གིས་བཤད་སྒྲུབ་འཆད་ཉན་སོགས་གོང་འཕེལ་མཚན་སྙན་ཇེ་རྒྱས་སུ་འགྲོ་བར་མཐུན་རྐྱེན་རྒྱ་ཆེར་སྒྲུབ་པའི་ལོ་རྒྱུས་མཆིས། དེ་མཚུངས་ལྷ་རྒྱ་རི་ཁྲི་འཛིན་བཅུ་པ་ས་སྐྱོང་ཚེ་རིང་དཔལ་འབར་ཁྲི་ཐོག་ཏུ་འཁོད་སྐབས་ཨེ་ཁུལ་དུ་གསེར་གྱི་གཏེར་ཁ་ཕོན་ཆེ་བསྔོག་འདོན་དང་། གསེར་བྲིས་ཀྱི་བཀའ་འགྱུར་བསྟན་འགྱུར་ཆ་ཚང་གསར་བཞེངས་མཛད་འདུག ཁྲི་ཐོག་བཅུ་གཅིག་པ་ལྷ་བདེ་ཆེན་འཕྲིན་ལས་རོལ་པ་ནི་༸རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་(༡༧༥༨-༡༨༠༤)དང་དུས་མཉམ་དུ་ཡིན་ལ། ཕྱི་ལོ་ ༡༧༩༣ ལོའི་གོར་བོད་དམག་འཁྲུག་སྐབས་ལྷ་རྒྱ་རི་ནས་རྟ་དམག་བདུན་བརྒྱ་ཐམ་པ་དང་བླངས་ཀྱིས་དམག་སྣོན་ཞབས་འདེགས་ཞུས་པར་བཤད། དེ་རྗེས་ཁྲི་ཐོག་བཅུ་གཉིས་པ་ལྷ་ཟིལ་གནོན་དབང་ཕྱུག བཅུ་གསུམ་པ་ལྷ་ཁྲི་སྲོང་དབང་རྒྱལ་སྲས་སྲོས་བཅས་ཁུལ་དེའི་དབང་འཛིན་པ་རིམ་པར་བྱུང་བ་རྣམས་ཀྱི་གཙོ་བོ་གཞིས་ཀ་ཡར་རྒྱས་དང་ཆོས་ཕྱོགས་ཀྱི་ཡོན་བདག་ཞུས་ཚུལ་སོགས་ཞིབ་པ། ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོས་བརྩམས་པའི་《ལྷ་རྒྱ་རིའི་གདུང་རབས་ལོ་རྒྱུས།》སུ་གསལ་བས་འདིར་མ་སྤྲོས།

ཉེ་བའི་ལོ་རྒྱུས་ཁྲོད་ལྷ་རྒྱ་རི་ཁྲི་ཐོག་བཅུ་བཞི་པ་ལྷ་སྟོབས་འབྱོར་དབང་ཕྱུག་ནི་རྒྱུན་དུ་རྒྱ་ནག་གི་ལུགས་སྲོལ་ལ་དབྱིངས་ཤིན་ཏུ་ཆེ་བས། ཕོ་བྲང་ལྟེ་བའི་གཤམ་འོག་གཞུང་ཆུའི་ཉེ་འཁོར་དུ་རྒྱ་ནག་གོང་མའི་ཕོ་བྲང་གི་རྒྱན་སྤྲོས་བཟོ་བཀོད་ལ་དཔེ་ལེན་གྱི་སྤྲོ་ཁང་གསར་རྒྱག་དང་། ཁང་པའི་སྒྲིག་ཆས་པར་རིས་ཡན་ཆད་ཀྱང་རྒྱ་བྲིས་ཁོ་ནར་བཀོད་ཅིང་། ལྷ་རྒྱ་རི་དང་འབའ་སྡེ་པ་གཉིས་དབར་ཚོང་འབྲེལ་འགྲོ་འོང་གིས་དར་རྩེ་མདོ་དང་། འབའ། ཡུན་ནན་སོགས་ནས་རྒྱ་ཟོག་ཕོན་ཆེ་ཚོང་འཁོས་འཐབ་ལེན་བྱེད་སྲོལ་དང་། རྒྱ་རིར་རྒྱ་བོད་གཉིས་ཀའི་སྐད་ཡིག་སློབ་གྲྭ་འཛུགས་གཉེར་གནང་བ་སོགས། ཁྲི་ཆེན་དེ་པ་རྒྱ་མིར་དགའ་མཁན་ཡིན་པའི་སྦིར་གཏམ་བྱུང་། ལྷག་པར་ཆུ་བྱི་ཕྱི་ལོ་ ༡༩༡༢ ལོའི་རྒྱ་ནག་ལུའུ་ཅུན་དམག་ལ་རྒྱབ་སྐྱོར་གནང་ལུགས་ཀྱི་གླེང་ཕྱོགས་གིས་རྐྱེན་པས་གཞུང་ས་ནས་བརྩད་ཞིབ་དང་། ད་སྒོས་ལྷ་རྒྱ་རི་ནང་ཁུལ་ཤག་ལྷོ་བྱང་དབར་མ་མཐུན་པའི་རྐྱེན་རྩ་སོགས་ཀྱིས་དབང་ལས། ཁྲི་ཆེན་སྟོབས་འབྱོར་དབང་ཕྱུག་ཐབས་ཟད་འུ་ཐུག་གིས་ཕ་ལམ་བཞེས་ཏེ་སྐུ་གཤེགས་པར་བཤད་ཅིང་།[27] དེ་ཙམ་ནས་ལྷ་རྒྱ་རིའི་དེ་སྔའི་ཁྲིམས་འགོ་རང་བཙན་གྱི་འཛིན་དབང་ལ་དོ་ཕོག་དང་། སྣོད་བཅུད་ཀྱི་ས་རིས་ཀྱི་བདག་དབང་སོགས་ཀྱང་ཉམས་རྒུད་འགྲོ་འགོ་བརྩམས་པར་མཐོང་ལ། དེ་སྔའི་ཁྲལ་བསྡུ་ཁྲིམས་གནོན་གོ་དབང་བསྐོ་འཇོག་སོགས་རིམ་འགྱུར་གྱིས་ལྷོ་ཁ་སྤྱི་ཁབ་མཁན་ཆུང་གི་འོག་ཏུ་རྫོང་གཞིས་སྤྱི་མཚུངས་ཀྱི་གནས་བབས་སུ་གྱུར་བར་སྣང་།

སྐབས་དེ་དང་དུས་མཉམ་དུ་ཁྲི་ཆེན་དེའི་སྐུ་མཆེད་དུ་གྱུར་བ་སྲས་ཆུང་རྣམ་རྒྱལ་དབང་ཕྱུག་ཞུ་བས་༸གོང་ས་བཅུ་གསུམ་པ་ཆེན་པོ་ལུའུ་ཅུན་དམག་ལ་ཉེན་ཡོལ་སླད་རྒྱ་གར་དུ་ཆིབས་ཁ་བསྒྱུར་བའི་ལམ་བར་གྲོ་མོར་ཞབས་སོར་འཁོད་སྐབས། ལྷ་རྒྱ་རི་སྲས་ཆུང་རྣམ་རྒྱལ་དབང་ཕྱུག་(ཁོང་ལྷ་རྒྱ་རིའི་ཁྲི་ཆེན་གྲས་སུ་མེད།)སྒེར་གྱི་ཚོང་དོན་ཆེད་གྲོ་མོར་ཡོད་པ་བཀའ་འགུག་མཛད་ཅིང་། གཞུང་སའི་མདའ་དཔོན་གྱི་གོ་མིང་ཆེད་སྩལ་གྱིས་ལྷོ་ཁ་དང་དྭགས་ཀོང་གི་དམག་བསྐུལ་རྒྱབ་སྟེ་རྒྱ་དམག་མཐར་བསྐྲོད་ཀྱི་ལས་འགན་བཀུར། སྲས་ཆུང་དེ་པས་ཀྱང་བཀའ་གསུང་ཅི་སྒྲུབ་ཀྱིས་དམག་ལ་ཆས་ནས་ཐོག་མར་སྤོ་བོ་ཁུལ་གྱི་རྒྱ་དམག་ཕམ་ཉེས་སུ་བཏང་ཞིང་། རྒྱ་མིའི་མགོ་ལག་མང་པོ་དར་ལྡིང་བཏང་བ་དང་། རྣ་བ་གཡས་པ་རྣམས་བྲེགས་པ་རྣམས་སྐུད་པར་བརྒྱུས་པའི་དཔལ་རྟགས་རྒྱལ་མཚན་ལྟ་བུར་བསྒྲེངས་པ་དང་། རྒྱ་མི་བཟུང་དམག་རྣམས་རྒྱངས་ཤིང་བསྐྲད་དེ་མེ་མདའ་དགུ་ཤོག་བརྒྱབ་ནས་བསད་པའི་ལོ་རྒྱུས་དང་། གཞུང་སའི་བཀའ་བཀོད་བཞིན་དམག་དཔུང་ལྷ་སར་བཏེགས་ཏེ། གཞུང་དམག་དང་སེར་དམག་གི་ལྷན་དུ་ནུས་དཔུང་གཅིག་བསྒྲིལ་གྱིས་རྒྱ་དམག་རྩ་མེད་བཏང་ཞིང་། རྒྱ་བོད་དམག་འཁྲུག་དེའི་སྐབས་སུ་སྲས་ཆུང་རྣམ་རྒྱལ་དབང་ཕྱུག་གིས་དགྲ་འཐབ་ནུས་རྩལ་གཞན་འདྲིང་མི་འཇོག་པ་བསྟན་པས། དམག་འཐབ་ཀྱི་བརྒྱུད་རིམ་ནང་དགྲ་ཕྱོགས་ཀྱི་མཐོང་སྣང་བྱུང་བའི་བཤད་རྒྱུན་ལ་མགོ་ནས་དུ་བ་ཐོན་པའི་མི་དེ་ཡོད་ན། བྲོས་རྒྱུ་མ་གཏོགས་ཡ་ལན་སློག་ཐབས་མི་འདུག་ཅེས་སྙན་གྲགས་ཕྱོགས་བཞིར་ཁྱབ་པ་མ་ཟད། མཐར་རང་ཉིད་སྐུ་སྲོག་ཀྱང་རྒྱལ་བསྟན་ཆེད་གཏོང་གནང་མཛད། སྤྱིར་ཁོང་ལྷ་རྒྱ་རིའི་ཁྲི་ཐོག་པའི་གྲས་སུ་མེད་ཀྱང་བོད་ཀྱི་བྱུང་རབས་ཐོག་སྙན་པ་ཆེ་བས། འདིར་ལོ་རྒྱུས་དཀྱུས་སུ་རགས་ཙམ་བཀོད་པའོ།།

ལྷ་རྒྱ་རི་ཁྲི་ཐོག་བཅོ་ལྔ་པ་འཇིགས་མེད་དབང་ཕྱུག་ནི་ཁྲི་ཆེན་བཅུ་བཞི་པ་ལྷ་སྟོབས་འབྱོར་དབང་ཕྱུག་གི་སྲས་ཡིན་ཞིང་། སྔར་ལམ་ལྟར་ཁྲི་ཐོག་ཏུ་འཁོད་ཀྱང་ཆོས་སྲིད་མཛད་སྤྱོད་གོང་མའི་བཞེད་སྲོལ་ལས་ལྡོག་ཏེ། ཐུགས་གཤིས་རྩུབ་ལ། གཏུམ་དྲག་ཆེ་བས་འབངས་མིར་གདུག་རྩུབ་ཆེ་བས། མངའ་འབངས་མགྲིན་གཅིག་ནས་གཞུང་སར་ཁྲི་ཆེན་ཁྲི་ལས་བཤོལ་དགོས་པའི་ཞུ་སྙན་ཕུལ་བ་དང་། ལྷག་པར་ལྷ་ལྕམ་སྐུ་དངོས་དང་མ་མཐུན་པས་བཀའ་ཤག་ལ་ཁྲིམས་གཏུགས་མཛད་པ་ཞུ་དོན་ར་སྤྲོད་ཀྱིས་ཁྲི་ལས་བཤོལ་རྒྱུ་དང་ཆུ་བོ་གཞིས་སུ་བཞུགས་རྒྱུའི་ཐུགས་མོས་ལྟར། ས་དེའི་ས་ཞིང་དགེ་བེད་ཟུར་སྐལ་དུ་ཕུལ་ནས་བཞུགས་སུ་བཅུག་པས་ཆུ་བོ་ཁྲི་ཟུར་ཞེས་ཀྱང་འབོད་སྲོལ་བྱུང་འདུག  ཁོང་ལ་རིགས་སྲས་གཅིག་ཡོད་མོད་ཀྱང་ཡབ་ཀྱི་མཛད་སྤྱོད་ཀྱིས་དབང་ལས་ཁྲི་ཚབ་ཏུ་མ་བཀོད་པས། ལྷ་རྒྱ་རི་ཁྲི་ཐོག་བཅུ་དྲུག་པར་ལྷ་རྒྱ་རི་སྲས་ཆུང་རྣམ་རྒྱལ་དབང་ཕྱུག་གི་རིགས་སྲས་ལྷ་སྐལ་བཟང་སྙན་གྲགས་ཁྲིར་ཕེབས། ཁོང་གུང་ན་ཆུང་དུས་ནས་༸གོང་ས་བཅུ་གསུམ་པས་མདའ་དཔོན་གྱི་ཕོགས་ཐོབ་སྩལ་སྟེ། རྒྱལ་རྩེར་དབྱིན་སློབ་ཏུ་གཏོང་གནང་མཛད་པས་ཕྱི་རྒྱལ་གྱི་གོམ་གཤིས་ཤུགས་འཇགས་ཏེ་དམ་པའི་ཆོས་ཕྱོགས་ཀྱི་མཛད་བཟང་ཇི་བཞིན་བསྐྱངས་མ་ཐུབ་པའི་ཁར། རྒྱས་སྤྲོས་བག་ཡངས་ཆེ་ཙམ་གནང་ཚོད་འདུག དགུང་ལོ་བཅོ་བརྒྱད་ནས་སུམ་ཅུ་སོ་ལྔ་བར་ཁྲི་འཛིན་མཛད། དེ་མཚམས་ནས་ཁྲི་ཆེན་ལས་འགན་དགོངས་པ་ཞུས་འཁྲོལ་བྱུང་འདུག་ཅེས་བྱུང་བ་ལྟར།[28] ཁྲི་ཆེན་ཁོང་ཆང་འཐུང་རོལ་རྩེད་འཁྱམས་ཉུལ་སོགས་ཚུལ་མིན་འདོད་སྲེད་བག་གཡེངས་ལ་དགའ་བས། མངའ་འབངས་ནས་གཞུང་སར་སྙན་ཞུ་ཕུལ་བ་བཞིན་ཁྲི་བཤོལ་གྱིས་རོང་ཀླུ་ཁང་དུ་སྐུ་སྐལ་དང་བཅས་བཞུགས་ཤིང་། རིགས་སྲས་རྣམ་རྒྱལ་རྒྱ་མཚོ་(༡༩༢༧-༢༠༠༣)མཆོག་དགུང་ན་མ་སོན་བར་དུ་སྐུ་མཆེད་རྗེ་བཙུན་ཡེ་ཤེས་དབང་མོས་རྒྱ་རིའི་ཐུགས་འགན་བཞེས། དེ་ནི་བུད་མེད་ཅིག་ལྷ་རྒྱ་རིའི་ཆོས་སྲིད་ཀྱི་དབང་འཛིན་པར་བསྒྱུར་བ་དང་པོ་ཡིན་ལ། རྗེ་བཙུན་ཁོང་གིས་ཁྲི་ཚབ་ལོ་བཅུ་ཙམ་མཛད་རིང་དགོན་སྡེ་ཁག་གི་ཆོས་རྒྱུན་ཉམས་མེད་རྒྱུན་འཁྱོངས་དང་མངའ་འབངས་ལ་གཟིགས་སྐྱོང་ཟབ་པ། དགྲ་གཉེན་ལ་བྱམས་སྡང་ཐོན་པ་སོགས་ཁྱད་ཡོན་མངའ་ཞིང་། ཁོང་གི་ཐུན་མོང་མིན་པའི་མཛད་སྤྱོད་ཅིག་ནི་རྒྱ་རིའི་ཞབས་གྲས་གཞིས་ཁག་འཛིན་སྐྱོང་མི་འགྲོ་ཁག་གིས་བཟའ་ཟླ་མཉམ་ཁྲིད་མི་ཆོག་པ་དང་། ཁོང་ཉིད་ཉེ་འགྱངས་གང་དུ་ཕེབས་ཀྱང་ཞབས་གྲས་མང་ཞིང་ཆིབས་རགས་རྒྱས་སྤྲོས་ཆེ་བར་གྲགས།

ཁྲི་ཆེན་བཅུ་བདུན་པ་ལྷ་རྒྱ་རི་རྣམ་རྒྱལ་རྒྱ་མཚོ་ཕྱི་ལོ་ ༡༩༤༧ ལོར་ཁྲི་ཐོག་ཕེབས་པ་ནས་ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་གྱིས་རྒྱ་མིའི་བཙོན་དུ་མ་ཚུད་པར། སྔར་ལམ་ཁྲི་ཆེན་གྱི་གོ་དབང་ཐོག་གཞུང་སའི་གནས་རིམ་གོ་ཐོབ་ཀྱང་སྔ་ཕྱིར་སྩལ་གསོལ་བྱུང་བ་སོགས་གོང་གསལ་ཁྲི་ཆེན་དེ་པས་བརྩམས་པའི་《གདུང་རབས་རིན་ཆེན་ཕྲེང་བ།》སོགས་སུ་ཞིབ་པར་གསལ། བོད་ལ་དུས་འགྱུར་བྱུང་བ་དང་བསྟུན་ཕྱི་ལོ་ ༡༩༥༩ ལོར་ལྷ་རྒྱ་རི་མི་དམངས་སྲིད་གཞུང་བཙུགས་པ་དང་། ཕྱི་ལོ་ ༡༩༦༥ ལོར་ཨེ་ལྷ་རྒྱ་རི་སྲིད་འཛིན་ལས་ཁུངས་དེ་བཞིན་ད་ལྟའི་ཆུ་གསུམ་རྫོང་ཞེས་པར་མིང་བསྒྱུར་བྱས་ཅིང་། རྫོང་གི་སྲིད་འཛིན་ལྟེ་བའི་གནས་ཡུལ་དེ་སྔའི་ལྷ་རྒྱ་རི་དང་ཉེ་བའི་གྲོག་ཤུལ་དུ་ཆགས་སོ།།

 

ས་བཅད་དྲུག་པ། སྲོག་ཆགས། སྐྱེས་དངོས། གཏེར་ཁ་དང་།

ཁུལ་དེར་གཅན་གཟན་དུ་སྤྱང་ཀི ཁྱི་གཟིག གཟིག ཝ་མོ། གཡི། དོམ། རི་ཞུམ། ཆུ་སྲམ། དྲེད་མོང་། སྲམ། ཕ་ར། གྲུམ་པ་སོགས་དང་། རི་དྭགས་སུ་རྐྱང་། དགོ་བ། གཙོད། ཤ་བ་ཁྲ་ཁྲ། གནའ་བ། གཉན། གླ་བ། འཕྱི་བ།  ཏི་ཕུ། རི་བོང་། འཕྱི་ཕིག་སོགས། འདབས་ཆགས་ལ་གོང་མོ། སྲེག་པ། རྒོད་པོ། གོ་གླས་དཀར། ཕོ་རོག སྐྱུང་ཀ ཁྲུང་ཁྲུང་། ངང་པ་དཀར་སེར། ཆུ་བྱ། བྱ་ལོང་། ཕུག་རོན། བྱ་རྒོད། ཁྱིམ་བྱ། སྤུ་ཤུད། སྐྱ་ཀ འུག་པ། བྱ་རོག བྱ་གླག གོ་བོ། འཇོལ་མོ། ཁང་བྱེའུ་སོགས་ཡོད། སྐྱེ་དངོས་ཤུག་པའི་རིགས་འདྲ་མིན་དང་། བ་ལུ། སུ་ལུ། གཡའ་ཚན། གངས་དཀར། ཤ་ཕྲུག འཁན་པ། ཆུ་ཤིང་འོམ་བུ། ཐང་ཤིང་རིགས་སྣ་ཚོགས། སྟག་པ། བླ་མ་ཤིང་། ཚར་མ་ཤིང་། གདུང་ཤིང་། གླང་མ་དང་། སྦྱར་དཀར། མྱང་རྩི་སྤྲས། སྡོང་ཕུང་སོགས་སྐྱེ་བ་དང་། མེ་ཏོག་གི་རིགས་བ་ལུའི་མེ་ཏོག སུ་ལུའི་མེ་ཏོག ཚར་མའི་མེ་ཏོག ཁྲག་ཤ་མེ་ཏོག སེར་ཆེན་མེ་ཏོག ཧ་ལོའི་མེ་ཏོག སྤང་རྒྱན་མེ་ཏོག ཁྱུང་ལུང་མེ་ཏོག སྐལ་བཟང་མེ་ཏོག ཞོ་སྟོན་མེ་ཏོག འབྲས་སིལ་མེ་ཏོག གོས་ཆེན་མེ་ཏོག གང་ཟང་མེ་ཏོག དཀར་ཡོལ་མེ་ཏོག། མ་རྨོས་ལོ་ཏོག གཡའ་སྐྱ་རི། གངས་ལྷ་མེ་ཏོག་དང་། དེ་བཞིན་དབྱར་རྩ་དགུན་འབུ་སོགས་སྨན་རྩྭའི་རིགས་ཀྱང་མི་ཉུང་བ་ཞིག་སྐྱེ་བ་ཡིན། ཁུལ་དེར་སྔ་མོ་ནས་བོད་མི་ཚོས་གསེར་གྱི་གཏེར་ཁ་སྔོགས་འདོན་བྱེད་སྲོལ་ཡོད་མུས་སུ། དེང་གསར་རྙེད་བྱུང་ཟིན་པའི་གཏེར་རིགས་གཙོ་བོ་ཀེ་ལྕགས་དང་གསེར་བྱེའི་རིགས་ཕོན་ཆེ་ཐོན་གྱི་ཡོད་འདུག

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཕྱི་ལོ་ ༡༩༥༩ ལོའི་སྔ་རྗེས་མང་གཙོ་བཅོས་བསྒྱུར་དང་རིག་གནས་གསར་བརྗེ་བཅས་ཀྱི་དུས་སྐབས་སུ། ལྷ་རྒྱ་རི་ཕོ་བྲང་དགའ་ལྡན་ལྷ་རྩེར་གཏོར་སྐྱོན་ཚབས་ཆེན་ཕོག་ནས་གྱང་གོག་ཞིག་རོ་ཙམ་དུ་གྱུར་ཡང་ཕྱི་ལོ་ ༢༠༠༡ ནས་ཉམས་གསོའི་ལས་འགོ་ཚུགས་སྐད།

[2] འབྲི་གུང་ཆེ་ཚང་། ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བ་བདོ་བཙན་པོའི་རྒྱལ་རབས། དྷརྨ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༥། ཤོག ༣༢།

[3] ཤཱཀྱ་རིན་ཆེན། ཡར་ལུང་ཇོ་བོའི་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༨། ཤོག ༧༦།

[4] དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༨། ཤོག ༡༨༦།

[5] གཞི་སྤུ་མདོག་ནག་པོར་ཁམས་སེར་གྱི་བཅད་པའི་ཁ་དོག་ཅན་གྱི་འཇག་རྩྭ་ཞིག

[6] དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༨། ཤོག ༡༨༦།

[7]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 93.

[8]错那 隆子 加查曲 松县文物志. 西藏人民出版社.1993.176.

[9]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 93.

[10] 错那 隆子 加查曲 松县文物志. 西藏人民出版社.1993.176.

[11]  ལྡེའུ་ཇོ་སྲས། རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༧། ཤོག ༢༥༧།

[12] ཡར་ལུངས་གཙང་པོའི་སྨད་རྒྱུད་དམ་ཡར་ལུངས་མདའ་ཡི་ས་ཆ་ཨེ་ཁུལ་རྣམས་ཡིན།

[13] ཤཱཀྱ་རིན་ཆེན། ཡར་ལུང་ཇོ་བོའི་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༨། ཤོག ༧༦།

[14] དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༨། ཤོག ༡༨༦།

[15] ཚལ་པ་ཀུན་དགའ་རྡོ་རྗེ། དེབ་ཐེར་དམར་པོ། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༡། ཤོག ༡༢༡།

[16]ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༦། ཤོག ༤༤༨།

[17] དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༨། ཤོག ༡༨༦།

[18] ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ། བོད་རྗེ་ཆོས་རྒྱལ་གྱི་གདུང་རྒྱུད་སྡེ་དཔོན་ལྷ་རྒྱ་རིའི་གདུང་རབས་རིན་ཆེན་ཕྲེང་བ། དཔལ་འབྱོར་དཔར་སྐྲུན་ཁང་། ཕྱི་ལོ་ ༡༩༩༩། ཤོག ༢༠།

[19] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༢། ཤོག ༢༢༠༡ །

[20] དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༨། ཤོག ༡༨༧།

[21]错那 隆子 加查曲 松县文物志. 西藏人民出版社.1993.176.

[22]西藏山南机巧和乃东琼结社会历史调查资料,中国藏学出版社,1992.Pg 186.

[23] ༸ལྔ་པ་ཆེན་པོའི་རང་རྣམ་དུ་ཀུ་ལའི་གོས་བཟང་དུ་བྱུང་བ་ལྟར། ཕྱི་ལོ་ ༡༦༣༡ ཙམ་གྱི་སྔ་རྗེས་སུ་༸གོང་ས་མཆོག་ལྷ་རྒྱ་རིར་ལན་མང་ཆིབས་བསྒྱུར་མཛད་ནས་ཆོས་འབྲེལ་རིམ་པར་བསྐྱངས་འདུག་ལ། ལྷ་རི་རྒྱ་རི་ཁྲི་ཆེན་བློ་བཟང་མཐུ་སྟོབས་ཆོས་རྒྱལ་སོགས་ཁུལ་དེའི་དབང་འཛིན་བྱེད་པོ་དག་གིས་ཀྱང་ཕེབས་སྟོན་ཟབ་རྒྱས་ཀྱིས་བསྙེན་བཀུར་བསྟི་སྟངས་ཤིན་ཏུ་ཟབ་རྒྱས་ཞུ་པ་སོགས་ཀྱི་བྱུང་བ་ལས། སྡེ་པ་འདི་དང་དགའ་ལྡན་ཕོ་བྲང་གཉིས་ཀྱི་དབར་ལ་འབྲེལ་འདྲིས་དམ་ཚིག་ཟབ་མོ་མཆིས་པ་མཐོང་བ་ཡིན།

[24] ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ། བོད་རྗེ་ཆོས་རྒྱལ་གྱི་གདུང་རྒྱུད་སྡེ་དཔོན་ལྷ་རྒྱ་རིའི་གདུང་རབས་རིན་ཆེན་ཕྲེང་བ། ཤོག ༢༣-༢༤།

[25]错那 隆子 加查曲 松县文物志. 西藏人民出版社.1993.176.

[26] གོང་གསལ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། ཤོག ༡༨༨།

[27] བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ ༡༩། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༣༤།

[28] ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ། བོད་རྗེ་ཆོས་རྒྱལ་གྱི་གདུང་རྒྱུད་སྡེ་དཔོན་ལྷ་རྒྱ་རིའི་གདུང་རབས་རིན་ཆེན་ཕྲེང་བ། ཤོག ༣༥།

བརྒྱུད་སྐུལ།

མཆན་སྤེལ།