ཆོས་རྗེ་འདུལ་བ་འཛིན་པའི་རྣམ་ཐར་དང་། འཁྲུངས་ཁང་སོགས་ཀྱི་གནའ་ཤུལ།
ཆོས་རྗེ་འདུལ་བ་འཛིན་པ་ནི། དབུ་སྟོད་སྦྲང་དུ་ཀུན་དགའ་ཞེས་པ་ཤིང་ཕོ་སྟག་ལ་སྐུ་འཁྲུངས། རྗེ་འཁྲུངས་ནས་ལོ་བཅོ་བརྒྱད་དང་། རྒྱལ་ཚབ་ཆོས་རྗེ་འཁྲུངས་ནས་བཅུ་གཅིག་སོང་བ་དེ་ཡིན། དང་པོར་འབྲི་ཁུང་ཉེར་གཉིས་རིན་པོ་ཆེ་བསྟེན་ནས་ཆོས་གསན། དེ་ནས་བྲག་ཚབ་ཏུ་འདུལ་བ་མཁས་པར་སྦྱངས་ཤིང་། གསང་སྔགས་ཀྱི་བླ་མ་ཡང་ཁ་ཡར་བསྟེན་པས། བུ་སྟོན་རིན་པོ་ཆེའི་སྔགས་གཞུང་མཐའ་དག་མི་མཁྱེན་པ་མེད་པ་ལྟ་བུ་ཡིན་སྣང་། ཕྱིས་རྗེ་ཐམས་ཅད་མཁྱེན་པའི་ཞབས་ལ་གཏུགས་པས་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་མཐའ་ཡས་པ་ལ་དབང་འབྱོར་བའི་བདག་ཉིད་ཆེན་པོར་གྱུར་པ་སྟེ། བསླབ་བྱ་ཆེན་མོ་གསུང་དུས་ཤིག་འདུལ་འཛིན་འདི་ལྟ་བུ་རྒྱ་གར་ནའང་དཀོན་ཞེས་རྗེ་རིན་པོ་ཆེས་བསྔགས་པ་ཆེན་པོ་མཛད་པ་ཞིག་གོ །




