ཕུན་ཚོགས་བཀྲ་ཤིས་ལགས་ཀྱི་བརྩམས་པའི་དེབ་གསར་༼ཤུལ་འཚོལ་༽གླེང་བ།

ཕུན་ཚོགས་བཀྲ་ཤིས་ལགས་དང་ཁོང་གི་རིག་གནས་ལྷུག་རྩོམ ༼   ཇོ་མོ་གླང་མའི་འདབས་རོལ་དུ་ཤུལ་འཚོལ   ༽  ཞེས་པའི་དཔེ་དེབ་འདི་ཇི་ལྟར་རྩོམ་ཚུལ་ཐད་ཀྱི་བགྲོ་གླེང་།   རྩོམ་པ་པོ་ངོ་སྤྲོད།       ཕུན་ཚོགས་བཀྲ་ཤིས་ལགས་ནི་བོད་ལྗོངས་ཀྱི་དེང་རབས་རྩོམ་པ་པོའི་ཁྲོད་གྲུབ་འབྲས་ཆེས་ཆེར་ཐོབ་པའི་གྲས་ཤིག་ཡིན་ཞིང་། ཁོང་གིས་ད་ཕན་བོད་ཡིག་གི་བརྩམས་སྒྲུང་དང་། བོད་ཡིག་གི་འཁྲབ་གཞུང་། རྒྱ་ཡིག་གི་ལྷུག་རྩོམ་སོགས་རྩོམ་ཡིག་ཕྱོགས་བསྒྲིགས་དེབ་བཞི་ཙམ་དཔར་འགྲེམས་ཡོད་པ་དང་། སྔ་ཕྱིར་བོད་ལྗོངས་ཀྱི་ལོ་བཅུའི་རྩོམ་རིག་བྱ་དགའ་དང་། བོད་ལྗོངས་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ། ཇོ་མོ་གླང་མའི་རྩོམ་རིག་བྱ་དགའ། ཀྲུང་གོའི་ཛའོ་གཡུས་འཁྲབ་གཞུང་བྱ་དགའ་སོགས་བྱ་དགའ་རབ་དང་རིམ་པ་ཐོབ་ཡོད།    ཕུན་ཚོགས་བཀྲ་ཤིས་ལགས་ནི་སྤྱི་ལོ་༡༩༥༩ལོར་གཞིས་རྩེ་གྲོང་ཁྱེར་དུ་འཁྲུངས་ཤིང་། སྤྱི་ལོ་ ༡༩༨༡ ལོར་གཞིས་རྩེ་ས་ཁུལ་དགེ་འོས་སློབ་གྲྭ་ནས་ཐོན་རྗེས་གཞིས་རྩེ་ས་ཁུལ་སློབ་འབྲིང་དུ་རྒྱ་ཡིག་དགེ་རྒན་གནང་། ཁོང་ཆུང་དུས་ནས་རིག་རྩལ་ལ་མཉེས་ཤིང་། ཁྱད་པར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩོམ་ཡིག་འབྲི་ཀློག་ལ་དེ་བས་མཉེས།
བླ་མ་རིན་པོ་ཆེ་དགེ་འདུན་ཡར་འཕེལ་གྱི་རྣམ་ཐར།

༄༅།  ། སྐྱབས་མཆོག་འཁོར་ལོའི་མགོན་པོ་བླ་མ་རིན་པོ་ཆེ་དགེ་འདུན་ཡར་འཕེལ་གྱི་རྣམ་ཐར་བཞུགས། རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་ཆོས་ཀྱི་རྗེ།  ། དམ་པའི་ཚུལ་དགོས་ཡོན་ཏན་འགྲན་ཟླ་བྲལ།  ། བསྟན་དང་འགྲོ་བའི་མགོན་སྐྱབས་བླ་མ་མཆོག  ། དགེ་འདུ་ཡར་འཕེལ་ཞབས་ལ་གསོལ་བ་འདེབས།  །   ཞེས་པའི་མཆོད་བརྗོད་སྔོན་དུ་སོང་ནས།  འདིར་གྲུབ་ཆེན་ཐང་སྟོང་རྒྱལ་པོས་རྣམ་སྤྲུལ། གྲུབ་པའི་དབང་ཕྱུག་ངག་དབང་རིན་ཆེན་མཆོག་གི་སྐུ་སྐྱེ་༧དཔལ་ས་སྐྱའི་སྐྱབས་མགོན་༸་གོང་མ་ཕུན་ཕོའི་བདག་ཆེན་འཇིགས་བྲལ་རིན་པོ་ཆེའི་སྐུའི་རྒྱལ་ཚབ་ཏུ་དབང་བསྐུར་བ་༸སྐྱབས་རྗེ་དམ་པ་བཀའ་དྲིན་འགྲན་ཟླ་ཀུན་བྲལ་བླ་མ་རིན་པོ་ཆེ་དགེ་འདུན་ཡར་འཕེལ་མཆོག་གང་དུ་སྐུ་འཁྲུངས་པའི་ཡུལ་ནི། བོད་དབུས་གཙང་རུ་བཞིའི་ཡ་གྱལ་གངས་ལྗོངས་གཙང་གི་གཡས་རུ་དཔལ་ས་སྐྱའི་གདན་ས་འོག་མག་ས་སྐྱ་རྩེ་གདོང་ཆོས་སྡེ་དགོན་གྱི་ཆོས་ཁོངས་སུ་གཏོགས་པ། རིགས་རུས་ཕུན་སུམ་ཚོགས་པ་འོག་མག་ས་སྐྱ་རྩེ་ཚང་༼རྩེ་གདོང་རྒྱ་མཁར་འོ་མ༽ཞེས་དཔོན་ཐོབ་ཆེ་ཞིང་།  སྔོན་བྱོན་བླ་མའི་བརྒྱུད་པ་ཡང་དཔལ་ལྡན་གྲུབ་ཐོབ་མདའ་འཆར་ནས་བླ་མའི་བརྒྱུད་པ་བར་མ་ཆད་པ་བྱོན་མྱོང་བའི་ཁྱིམ་བརྒྱུད་དུ་བོད་རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ་སྟེ་ཕྱི་ལོ་ ༡༩༠༥ ལོར་ཡབ་བཙན་མཆོད་དང་། ཡུམ་ལྷ་མོ་སྒྲོལ་མ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་རྟགས་མཚན་དང་བཅས་སྐུ་འཁྲུངས།
ཚོར་བ་རིས་སུ་ཕབ་པ། ཞེས་པའི་ཆེད་དེབ་གསར་ཐོན་གྱི་གཏམ་བཟང་།

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས་ངོ་སྤྲོད། རྩོམ་པ་པོ་བཙུན་མ་བློ་བཟང་བྱང་ཆུབ་བམ། དྲ་མིང་ཟླ་འོད་ལགས་ནི། ཕ་ཡུལ་གཙང་ལྗོངས་རིག་པའི་གནས་ཀྱི་ཆར་གཏོགས་ངམ་རིང་མདོག་གཞུང་གི་གྲོང་ཁུག་མདོག་ལྷོ་ཞེས་པའི་གྲོང་གསེབ་ཀྱི་ཞིང་ཁྱིམ་ཞིག་ཏུ་ཕ་དོན་གྲུབ་བཀྲ་ཤིས་དང་། མ་བློ་བཟང་གཉིས་ཀྱི་བུ་མོར་འཁྲུངས་ཤིང་། ཆུང་དུས་ཕ་མ་དང་ལྷན་དུ་ཞིང་ལས་སོགས་ཀྱིས་དུས་བཟང་འདས་པ་ལས། ཤེས་ཡོན་སློབ་སྦྱོང་གི་གོ་སྐལ་མ་ཐོབ། ཕྱི་ལོ་ ༢༠༠༡ ལོར་གཙང་གི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་སྔགས་ཆེན་རིན་པོ་ཆེ་བློ་བཟང་ཆོས་གྲགས་མཆོག་གི་དྲུང་ནས་དགེ་ཚུལ་བསྒྲུབས། ཕ་མ་གཉིས་ཀྱི་དྲུང་ནས་དབུ་ཆེན་ཀློག་ལ་སྦྱངས་པ་གནང་བ་དང་། ཕྱི་ལོ་ ༢༠༠༡ ལོའི་ལོ་མཇུག་ཏུ་རྒྱ་གར་འཕགས་ཡུལ་དུ་བཙན་བྱོལ་གྱི་ལམ་བུར་ཞུགས་ཏེ་བཞུགས་སྒར་དྷ་རམ་ས་ལའི་བཙུན་དགོན་དགེ་ལྡན་ཆོས་གླིང་དུ་ཆོས་ཞུགས་ཀྱིས་བོད་ཀྱི་བརྡ་སྤྲོད་སུམ་རྟགས་དག་གསུམ་དང་། རིགས་ལམ། ཨིན་སྐད་སོགས་ལ་སློབ་གཉེར་གནང་།
གཏམ་བཟང་། གཙང་གི་སྲོལ་རྒྱུན་ཞིབ་འཇུག་དང་ལོ་རྒྱུས་ཀྱི་སྟོང་ཆ་ཁ་སྐོང་། གསར་ཐོན།

དཔེ་དེབ་གསར་ཐོན་གྱི་གཏམ་བཟང་། དེང་རབས་བོད་ཀྱི་ན་གཞོན་བསམ་བློ་བ་དང་རྩོམ་པ་པོ་ཨ་མའི་བུ་བསྟན་འཛིན་ཚེ་རིང་གིས་ཁ་སང་བཞུད་ཟིན་པའི་མི་ལོ་བཞི་ཙམ་གྱི་ནང་མཐོ་སློབ་ཀྱི་སྦྱོང་གཞིའི་སློབ་ཞོར་དུ་བྲིས་པའི་ <<གཙང་གི་སྲོལ་རྒྱུན་ཞིབ་འཇུག་དང་ལོ་རྒྱུས་ཀྱི་སྟོང་ཆ་ཁ་སྐོང་།>> ཞེས་པའི་དཔེ་དེབ་དེ། དེ་རིང་སྤྱི་ལོ་ ༢༠༡༩ ཟླ་བ་ ༡༡ ཚེས་ ༡༠ ཉིན་མཧཱ་པཎྜི་ཏ་ཟམ་གདོང་བླ་མ་བློ་བཟང་བསྟན་འཛིན་མཆོག་གིས་དབུ་འབྱེད་གནང་བ་ནི་དགའ་བ་སྒོམ་དགོས་པའི་གཏམ་བཟང་ཞིག་ཡིན་པ་མ་ཟད། རྩོམ་པ་པོ་རང་ཉིད་ལ་ཆ་མཚོན་ན། བཀྲ་ཤིས་གཉིས་བརྩེགས་སྒང་ལ་བཀྲ་ཤིས་གསུམ་བརྩེགས་ཞེས་པའི་དཔེ་ལྟར། རྟེན་འབྲེལ་བཟང་པའི་ཉིན་མོ་ཞིག་ཡིན་པར་སྨོས་ཅི་དགོས་ཨང་། དཔེ་དེབ་དེ་ནི་གཙང་གཞིས་རྩེ་རྫོང་ཁག་བཅོ་བརྒྱད་ཀྱི་ཕྱིའི་སྣོད་ཀྱི་འཇིག་རྟེན་དང་དེ་བཞིན་ནང་བཅུད་ཀྱི་འགྲོ་བ་མིའི་སྲོལ་རྒྱུན་རིག་གནས་སྣ་ཚོགས་པ་ཞིག་གི་ཐོག་ཞིབ་འཇུག་གང་ལྕོགས་ཤིག་བྱས་ཏེ། འདས་པའི་ལོ་རྒྱུས་དང་། ཐ་སྙད་སྒྲུབ་ཚུལ། རིག་གནས་ཀྱི་བྱུང་བ། ནང་བསྟན་གྱི་དགོན་རྙིང་། མི་གཞིའི་སློབ་གསོ། གནས་རྙིང་ཞིབ་འཇུག གནའ་བོའི་ཤུལ་བཞག གནའ་རྫས་རྟོག་ཞིབ། རླབས་ཆེན་གྱི་མི་སྣ། རིགས་རུས་ཀྱི་གནས་བབས། ཞིང་འབྲོག་གི་ཐོན་སྐྱེད། རྒྱན་གོས་ཀྱི་སྒྱུ་རྩལ། རོལ་མོའི་འཕེལ་རིམ། སྲོལ་རྒྱུན་གྱི་རྩེད་རིགས་ལ་སོགས་གཙང་གི་སྲོལ་རྒྱུན་དང་འབྲེལ་བའི་བརྗོད་བྱ་དྲུག་ཅུ་ལྷག་ཙམ་གྱི་ཐོག་ཞིབ་འཇུག་གི་དཔྱད་རྩོམ་ཤ་སྟག་བྲིས་ཡོད། རྩོམ་པ་པོའི་ཐོག་མའི་ཀུན་སློང་ནི། ཕྱི་ཡུལ་དུ་འཚར་ལོངས་བྱུང་བའི་བོད་མིའི་གཞོན་སྐྱེས་ཚོས་རང་གི་རིགས་གཞུང་ལ་རྒྱུས་ལོན་བྱེད་སའི་མ་དེབ་ཅིག དེ་ནི་འབྱུང་འགྱུར་གྱི་མི་རབས་ལ་བཞག་པའི་ཕྱོགས་སྟོན་འཁོར་ལོ་བཞིན་ལོ་རྒྱུས་ལ་ཆ་རྒྱུས་སླེབས་ས་ཞིག དེ་ནི་གཙང་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཡིན། དེ་ནི་བདག་གི་ཨ་མའི་ནུ་རིན་ཡིན་པ་མ་ཟད། རྒྱལ་སྤྱིའི་མི་མང་ལ་རང་ཉིད་ཀྱི་ཕ་ཡུལ་ངོ་སྤྲོད་དང་འགྲེལ་བཤད་ཀྱི་མེ་ལོང་ཡིན། མདོར་ན། དེ་ནི་བོད་མི་རིགས་ཀྱི་སྣོད་བཅུད་ཀྱི་དཀའ་གནད་སེལ་ཐབས་དང་ལོ་རྒྱུས་ཀྱི་གསལ་ཁ་སྟོན་ཐུབ་པའང་ལྟ་ཅི་སྨོས། བཏབ་ས་རུ་ལོ་ཏོག་སྨིན་པ་དང་། བརྩམས་པ་དེ་ཕན་པའི་རེ་སྨོན་ཞུ། གལ་སྲིད།…
རྫོང་ཆེན་བཅུ་གསུམ་གྱི་ཡ་གྱལ་རིན་སྤུངས་རྫོང་།

དེ་ཡང་རིན་སྤུངས་ནི་དུས་རབས་བཅུ་དྲུག་པའི་ནང་བོད་ཀྱི་རྒྱལ་ས་ཡིན་ལ། རྫོང་འདི་ནི་སྐབས་དེར་བོད་ཀྱི་རྒྱལ་པོའི་ཕོ་བྲང་ཡིན། དེ་ལྟའི་རིན་སྤུངས་རྫོང་འདི་ཕལ་ཆེར་1353-1355 བར་བརྩིགས་པ་འདྲ་པོ་འདུག །ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་དམག་དཔུང་འཁྲིད་དེ་དཔོན་ཆེན་རྒྱལ་བ་བཟང་པོ་ས་སྐྱའི་བཙོན་ནས་བཏོན་སྐབས། གཙང་ཕྱོགས་འདི་ཞི་བདེ་མ་བྱུང་བར་རིན་སྤུངས་འདི་ངེད་ཀྱིས་ཉ་ར་བྱེད་ཀྱི་ཡིན། ཞེས་མཁར་འདི་བརྩིགས་སུ་བཅུག་འདུག །དཔོན་ཆེན་རྒྱལ་བ་བཟང་པོས། ལུང་པ་ཆུང་ཆུང་ལ་མཁར་ཆེན་པོ་འདི་འདྲ་ཅི་ཡིན་ཞེས་དྲིས་པར། བྱང་རྒྱལ་གྱིས། ཆུ་ཞལ་མགུར་གསུམ། ལ་སྟོད་ལྷོ་བྱང་ཕྱིན་གྱི་རྐང་པ་ལ་འཇུ་བར་གདའ། ཞེས་ལན་བཏབ།
སྣར་ཐང་དགོན།

སྣར་ཐང་དགོན།   ཆོས་སྡེ་འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་ཕྱོགས་ཆུ་མིག་ཆུས་ཁོངས་ཀྱི་གཞུང་ལམ་འགྲམ་དུ་ཆགས་ཤིང་། གཞིས་རྩེ་གྲོང་ཁྱེར་ནས་ཆོས་སྡེ་དེ་བར་སྤྱི་ལེ་ ༢༠ ཙམ་བསྐྱོད་དགོས་ཀྱི་ཡོད། དེ་ནི་སྤྱི་ལོ་ ༡༩༦༢ ལོ་ནས་བཟུང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏོགས། དེ་ཡང་རི་བོ་གླང་པོ་ཆེའི་སྣ་ཞགས་བརྐྱངས་འདྲའི་འདབས་སུ་བཏབ་པ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་སྣར་ཐང་དགོན་ཞེས་མཚན་ཐོགས་པར་གྲགས།