མཁས་དབང་རྒན་སྙན་གྲགས་ལགས་ཀྱི་སྙན་རྩོམ། རྣམ་རྟོག

མཁས་དབང་རྒན་སྙན་གྲགས་ལགས་ཀྱི་སྙན་རྩོམ། རྣམ་རྟོག

ཕ་བླ་མ་མཁྱེན་ནོ་ལམ་རིམ་པ།།
ཡང་སྐྱབས་གཅིག་མཁྱེན་ནོ་འབྲོག་མིའི་ཞབས།།
བུ་བློ་ཁ་ཆོས་ལ་ཕྱོགས་པ་དང་།།
ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས།།འདི་ན་ཀུན་གྱིས་འཚོལ་བའི་རྙེད་དཀའི་གནས།།
ཐོག་མེད་དུས་ནས་ད་བར་སྟོར་བ་ཡི།།
དབྱིངས་རིག་འདྲེས་པའི་ལྷ་མོའི་འཛུམ་ཆུང་དེར།།
ཡིན་ཡིན་མིན་མིན་བཤད་བཤད་སྣ་ཚོགས་བྱེད།།སྒྲ་རྟོག་བརྗོད་པ་བྱ་བྱེད་ལས་འདས་པའི།།
ལྷ་མོ་འདི་ཡི་མཛེས་པའི་ཞལ་རས་ལ།།
རང་ཤེད་ཅན་གྱིས་རྣམ་རྟོག་གཡེར་ཅན་འདིས།།
དཀར་དམར་ཚོན་གྱིས་སྣ་ཚོགས་བྱུགས་པར་བྱས།དེ་ཚེ་ལྷ་མོ་མི་བཟོད་བྲོས་བྱས་ཏེ།།
མི་མངོན་གཉུག་མའི་དབྱིངས་སུ་ཡིབ་པ་ལས།།
ལྷ་མོའི་གསང་བ་སུ་ཡིས་མི་ཤེས་པའི།།
གནད་འགག་མ་ཐིག་བཤད་བཤད་དེ་ནས་བྱུང་།།སེར་སྐྱའི་རྣམ་རྟོག་དབང་ཕྱུག་ཉིད་ལ་ཟུག །
དོལ་པོའི་རྣམ་རྟོག་ཆོས་ཉིད་སྒྲུབ་པར་ཟུག །
རྣམ་རིག་རྣམ་རྟོག་གཞན་དབང་སེམས་ལ་ཟུག །
རང་རྒྱུད་རྣམ་རྟོག་སྐྱེ་དགག་གནས་ལ་ཟུག །

དེ་ལྟར་ཀུན་གྱི་རྐང་པ་ཐོགས་ས་རེས།།
སྤྲོས་པའི་ཚོན་གྱིས་མ་གོས་ལྷ་མོའི་ཞལ།།
ཤིན་ཏུ་མཇལ་དཀའི་གནས་དེ་གཟིགས་ནས་ནི།།
མི་ཡི་སེང་གེས་ཕུང་ཁམས་ཟློས་ཏེ་གསུངས།།

རང་རེའི་ཤེས་རབ་རྣམ་རྟོག་དབྱིངས་ལས་ཐོན།།
རྣམ་རྟོག་རྒྱབ་རྟེན་སྒྲོ་སྐུར་ཉིད་ལ་ཐུག །
སྒྲོ་སྐུར་རྒྱབ་རྟེན་རྣམ་རྟོག་སྔ་མའི་ཤུལ།།
དེ་ལྟར་འཛར་མེད་འཁོར་བའི་ཆོས་འདི་གྲུབ།།

རང་རང་རྣམ་རྟོག་འཕྲུལ་གྱི་བཟོ་གྲྭ་ནས།།
ཐོན་པའི་གྲུབ་མཐའ་གྲངས་ཀྱིས་མི་ལངས་མོད།།
ལྷ་མོ་དེ་ཡི་འཛུམ་པའི་ཞལ་དཀྱིལ་ན།།
དེ་འདྲའི་རྣམ་གྲངས་ཡོད་པའི་བཟོ་མ་མཆིས།།

ལྷ་མོ་མཇལ་ཏེ་དབྱིངས་རིག་འདྲེས་པ་ལས།།
བྱུང་བའི་མི་འགྱུར་བདེ་བའི་དགའ་སྟོན་དེ།།
རྣམ་རྟོག་ཕྲ་མའི་དབྱེན་གྱིས་བཅོས་པ་ལས།།
ནམ་མཁའི་འཇའ་ཚོན་བཞིན་དུ་ཀུན་ནས་ཡལ།།

ང་དང་ལྷ་མོའི་མ་བཅོས་སེམས་ཀྱི་འབྲེལ།།
རྣམ་རྟོག་བཅོས་མས་སོ་སོར་སྟོར་བ་ན།།
སྣང་ཞེན་ཨ་འཐད་འཛིན་པའི་གྲང་ངད་ཀྱིས།།
སྙིང་གི་དབུས་ནས་ཁོང་འདར་ལན་མང་ཤོར།།

རྣམ་རྟོག་ཁྱོད་ཙ་སྦྲང་བུའི་ཁྱུ་ཚོགས་ཏེ།།
འདི་ནས་ཕུད་ན་གཞན་དུ་བབས་པར་བྱེད།།
ད་ལྟ་རིགས་དྲུག་ཡངས་པའི་རྒྱལ་ཁམས་ན།།
ཁྱོད་ཀྱིས་བསླུས་པ་གྲངས་ཀྱིས་ག་ལ་མཆིས།།

བརྩེ་བའི་དབང་འགྱུར་ཀུན་གྱི་གཉེན་གཅིག་པུ།།
འགྲོ་བའི་བླ་མ་ཤཱཀྱ་སེང་གེ་ཡིས།།
སེམས་ཅན་རང་བཞིན་བཟང་པོ་ཡིན་པས་ན།།
ཕན་ཚུན་མི་བརྩེའི་རྒྱུ་མཚན་མེད་ཅེས་གསུངས།།

འོན་ཏེ་རྣམ་རྟོག་འདི་ཡི་སྒྱུ་འཕྲུལ་ལས།།
རང་གཞན་བར་དུ་བཟང་ངན་སྣ་ཚོགས་ཀྱི།།
གཟུགས་བརྙན་འདྲ་མིན་རི་བོའི་ལྟོས་ལྟར་བརྩིགས།།
མཛའ་མཐུན་བྱམས་བརྩེའི་གཏམ་དེ་གླེང་མེད་བཏང་།།

རྣམ་རྟོག་འདི་ཡི་ཡོལ་བའི་རྒྱབ་ལྗོངས་ན།།
ཆགས་སྡང་དོགས་པ་འཇིགས་སྔངས་ཞུམ་པ་དང་།།
སྒྲོ་སྐུར་ཆོས་སྤོང་ལ་སོགས་རུང་མིན་གྱི།།
ལས་ཀྱི་བྱེད་གཏེ་ལག་གདངས་སྦྲེལ་ནས་གདའ།།

དེ་ལྟར་རྣམ་རྟོག་གཅིག་ལ་གཅིག་བརྟེན་ནས།།
ལས་ངན་སྣ་ཚོགས་ཕྱུག་པོའི་མཛོད་བཞིན་བསགས།།
དེ་ལྟར་མ་རིག་པ་ནས་མ་རིག་བར།།
འཁོར་བའི་ཚུལ་ལས་གྲོལ་དུས་ཅང་སྲིད་དམ།།

ད་སྟེ་གསན་དང་ཇོ་ཇོ་རྟེན་འབྱུང་ལགས།།
ཡིན་ལུགས་དངོས་ཀྱི་བྱ་ཞིག་མ་བཏང་ན།།
རྒྱུ་འབྲས་ཁྲིམས་གཞིའི་བཅས་རྒྱ་རལ་ཉེན་གདའ།།
ཨ་ཕ་ཐུགས་རྗེ་ཡིད་ཐང་ཆད་ཉེན་གདའ།།

ད་ནི་ཇོ་ཇོ་སྙིང་སྟོབས་བསྐྱེད་ཅིག་ཀྱེ།།
མན་ངག་བདུན་པའི་དཔུང་དང་བསྡེབས་བྱས་ནས།།
རྒྱུ་འབྲས་བསླུ་མེད་བདེན་པའི་ཁྲིམས་བརྡར་ཏེ།།
རྣམ་རྟོག་ཆམ་ལ་འབེབས་པའི་དུས་ལ་བབ།།

དེ་ལྟར་དངོས་ཡོད་བདེན་པའི་ཁྲིམས་གཞི་ལས།།
འགལ་མི་རུང་བའི་བདེ་སྡུག་བྱ་བྱེད་ཚུལ།།
རང་མྱོང་ཚད་མ་དངོས་ཀྱི་ཁ་གྲགས་པས།།
རྟེན་འབྱུང་ཇོ་ཇོའི་གསང་བ་གང་ཡིན་ཤེས།།

མྱོང་བས་གྲུབ་པའི་བདེ་དང་སྡུག་བསྔལ་ཚུལ།།
རང་རང་རྒྱུ་རྐྱེན་གདགས་གཞི་སྣ་ཚོགས་ལ།།
ལྟོས་པའི་གནད་འདི་ཡང་ཡང་བསམ་པ་ལས།།
ཆོས་ཉིད་མཛེས་མ་བསུ་བའི་དུས་ཡོད་སྙམ།།

རྟེན་འབྱུང་ཇོ་ཇོས་སྟོང་པའི་བྱ་ཞིག་བཏང་།།
སྟོང་པའི་མཛེས་མས་ལྟོས་པའི་བྱ་ཞིག་བཏང་།།
དེ་ལྟར་སྟོང་དང་རྟེན་འབྱུང་གཉེན་སྡེབ་པས།།
རྣམ་རྟོག་ཁྱོད་ཙ་གང་དུ་གནས་གཞི་བཟུང་།།

རྒྱུ་འབྲས་བསླུ་མེད་ཚད་ཐུབ་འཇོག་པ་འདིས།།
སྤྱོད་ཕྱོགས་ཞེ་རྩིས་མ་བརླག་སྐལ་པ་བཟང་།།
ཚུགས་ཐུབ་རང་དབང་བྲལ་བའི་ཚུལ་འདི་ཡིས།།
སེམས་ཀྱི་འཇིགས་པ་སྤོང་བ་ཤིན་ཏུ་རྨད།།

བཀའ་དྲིན་ཆེའོ་རྗེ་བཙུན་བློ་བཟང་གྲགས།།
ཐུགས་རྗེ་ཆེའོ་ཡོངས་འཛིན་རྣམ་པ་གཉིས།།
མོས་བུའི་སྐྱིད་སྡུག་ལེགས་ཉེས་ཅི་མཆིས་པའི།།
ས་མཁན་མཐའ་དག་ཐུགས་རྗེས་མཛད་དུ་གསོལ།།

 

ཡོང་ཁུངས། ལུག་ཚང་དཔལ་ཡོན།

བརྒྱུད་སྐུལ།

མཆན་སྤེལ།