དོན་གྱི་སྨན་པ་འཚོ་བྱེད་དཔོན་ཚང་ཡེ་ཤེས་ཀྱི་རྣམ་ཐར་མདོར་བསྡུས།
རྩོམ་པ་པོ། བྱམས་པ་ཕྲིན་ལས། དཔོན་ཚང་ཡེ་ཤེས་ནི་འཁྲུངས་ཡུལ་(དབུ་རུ་སྟོད་)འབྲི་གུང་ཀ་ཚལ་(དབུ་རུ་བཀའ་སྩལ་)ཡིན་ཅིང་། དཀོན་མཆོག་འགྲོ་ཕན་དབང་པོའམ་ཚེ་དབང་བརྟན་པ་ཞེས་སུ་གྲགས་པ་དེའི་སློབ་མའི་ཐུ་བོ་དེ་ཡིན། དཔོན་ཚང་ཡེ་ཤེས་དགུང་ལོ་ཆུང་ངུའི་དུས་ནས་སྨན་མཆོག་ཨ་རུ་ར་དང་། ལི་ཤི་སོགས་གཟིགས་ན་དངོས་པོ་གཞན་ལས་ཀྱང་དགའ་སྤྲོ་ཆེ་བ་དང་། ཐལ་བ་དཀར་ནག་སོགས་སྨན་གྱི་མཚོན་བྱེད་ཀྱི་ཚུལ་གནང་ནས་མི་ལ་སྟེར་བ་སོགས་བག་ཆགས་བཟང་ཞིང་། སྨན་གྱི་ཚིག་རེ་རེ་གཉིས་རེ་ཙམ་ཐུགས་ལ་ཆུད་པས་སྨན་དཔྱད་སྦྱོང་རྒྱུར་གཞན་དང་མི་འདྲ་བའི་དགའ་ཞེན་ལྷན་སྐྱེས་སུ་ཡོད།



