བླ་མ་རྡོ་རྗེ་གདན་པས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས།
༄༅། །གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་བཞུགས་སོ། ། ༄༅༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང༌། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །གསོལ་བ་འདེབས་སོ། །ཐུགས་རྗེས་སུ་དགོངས་ལ་བྱིན་གྱིས་བརླབ་ཏུ་གསོལ། །དགེ་སློང་ལུས་ལ་དངོས་གྲུབ་བརྙེས། །ནགས་ཀྱི་ལྷ་མོས་བདུད་རྩི་ཕུལ། །ཀླུ་སྒྲུབ་སྙིང་པོ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །བླ་མ་ལ་གུས་དངོས་གྲུབ་བརྙེས། །པདྨ་ལས་འཁྲུངས་ལུས་མཆོག་འཛིན། །ཨཱཪྻ་དེ་བ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཡིག་མཁན་རིགས་ལ་སྐལ་བར་ལྡན། །ཉ་ལྟོ་ཟ་ཞིང་དངོས་གྲུབ་བརྙེས། །ལཱུ་ཡི་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཁྱིམ་པའི་ལུས་ལ་ཐར་བུའི་རིགས། །ཤིང་ཐོག་ཟ་ཞིང་ལམ་མཆོག་བརྙེས། །པདྨ་བཛྲ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །




