དུས་ཚིགས་ཀྱི་རྣམ་གཞག་མདོར་བསྡུས་ཤིག་དང་འབྲེལ་ནས་རབ་བྱུང་གི་ལོ་གསར་ངོས་བཟུང་བ།

དུས་ཚིགས་ཀྱི་རྣམ་གཞག་མདོར་བསྡུས་ཤིག་དང་འབྲེལ་ནས་རབ་བྱུང་གི་ལོ་གསར་ངོས་བཟུང་བ།

དུས་ཚིགས་ཀྱི་རྣམ་གཞག་མདོར་བསྡུས་ཤིག་དང་འབྲེལ་ནས་རབ་བྱུང་གི་ལོ་གསར་ངོས་བཟུང་བ།

     རྩོམ་པ་པོ།  མདོག་གཞུང་བ།  བཟོད་པ་ཆོས་འཕེལ།

 

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་བསྙེན་པར་རྫོགས་པའི་དུས་གོ་བརྗོད་པའི་སྐབས་སུ། འདུལ་བ་མདོ་རྩ་ལས། ཉིན་མཚན་གྱི་ཆ་སྔ་དྲོ་ལ་སོགས་པ་དང་། དུས་ཚོད་ཀྱང་ངོ་། །ཞེས་པའི་སྐབས་ནས། དུས་ཚིགས་ཀྱི་རྣམ་གཞག་མདོར་བསྡུས་ཤིག་དང་འབྲེལ་ནས་རབ་བྱུང་གི་ལོ་གསར་དེ་ངོས་བཟུང་བ་ལ། སྤྱིར་བསྟན་བཅོས་དག་ལས་དུས་ཚིགས་ཀྱི་དབྱེ་བ་གསུངས་ཚུལ་དང་། དེ་ལས་ལོ་འགོ་གང་ནས་འཛིན་ཚུལ། ཞར་བྱུང་དུ་རབ་བྱུང་ལོ་གསར་ངོས་བཟུང་བ་དང་གསུམ། དང་པོ། བསྟན་བཅོས་དང་གསུང་རབ་དག་ལས་དགོས་པའི་དབང་གིས་དུས་ཚིགས་དེར་དབྱེ་བ་མི་འདྲ་བ་བཞི་ཙམ་ཞིག་གསུངས། དེ་ཡང་དུས་ཚིགས་སུ་བཅད་པའི་ཕྱག་དར་ཁྲོད་ཀྱི་ཚད་དེ་བདེ་བླག་ཏུ་རྟོགས་པའི་ཕྱིར་དུ། ཟླ་འཇོག་གི་སྤང་ལྟུང་སྐབས་སུ་མདོ་རྩ་ལས། དུས་ཚིགས་སུ་སྤྱད་པ་ལས་ནི་ཞེས་པ་ནས་ཟླ་བ་བཞི་རེར་དུས་ཚིགས་རེར་བྱས་པའི་དགུན་དང་། དཔྱིད་དང་། དབྱར་བཅས་ལོ་གཅིག་ལ་དུས་གསུམ་དུ་གསུངས། དེ་ཡང་མགོ་ཟླ་བ་དང་། རྒྱལ་ཟླ་བ་དང་། མཆུ་ཟླ་བ་དང་། དབོ་ཟླ་བ་དང་བཞི་ནི་དགུན་དང་། ནག་པ་ཟླ་བ་དང་། ས་ག་ཟླ་བ་དང་། སྣྲོན་ཟླ་བ་དང་། ཆུ་སྟོད་ཟླ་བ་དང་བཞི་དཔྱིད་དང་། གྲོ་བཞིན་ཟླ་བ་དང་། ཁྲུམས་སྟོད་ཟླ་བ་དང་། ཐ་སྐར་ཟླ་བ་དང་། སྨིན་དྲུག་ཟླ་བ་དང་བཞི་དབྱར་གྱི་དུས་ཡིན་པའོ། །

ཡང་གསུང་རབ་དག་ལས་དབྱར་དགུན་སྟོན་དཔྱིད་ཀྱི་ཟླ་བ་དག་ལ་རལ་བ། འབྲིང་པོ། ཐ་ཆུང་སོགས་ཀྱི་ཐ་སྙད་གསུམ་གསུངས་པ་དེ་རྟོགས་པའི་ཕྱིར་དང་། འཇིག་རྟེན་པ་རྣམས་ཀྱི་ཐ་སྙད་དང་མཐུན་པར་བྱ་བའི་ཕྱིར་དུ་དབྱར་གྱི་གཞིའི་སྐབས་སུ་མདོ་རྩ་ལས། དབྱར་གནས་པར་ཁས་བླང་བར་བྱའོ། །ཟླ་བ་གསུམ་དུའོ། །ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་བོ་ཉའི་ཕྱི་དེ་ཉིན་པར་གྱིའོ། །ཞེས་པ་ནས་ཟླ་བ་གསུམ་རེ་ལ་དུས་ཚིགས་རེ་བྱས་པའི་ལོ་གཅིག་ལ་དགུན་དང་། དཔྱིད་དང་། དབྱར་དང་། སྟོན་བཅས་དུས་ཚིགས་བཞི་རུ་གསུངས། དེ་ཡང་མགོ་ཟླ་བ་དང་། རྒྱལ་ཟླ་བ་དང་། མཆུ་ཟླ་བ་དང་གསུམ་དགུན་དང་། དབོ་ཟླ་བ་དང་། ནག་པ་ཟླ་བ་དང་། ས་ག་ཟླ་བ་དང་གསུམ་དཔྱིད་དང་། སྣྲོན་ཟླ་བ་དང་། ཆུ་སྟོད་ཟླ་བ་དང་། གྲོ་བཞིན་ཟླ་བ་དང་གསུམ་དབྱར་དང་། ཁྲུམས་སྟོད་ཟླ་བ་དང་། ཐ་སྐར་ཟླ་བ་དང་། སྨིན་དྲུག་ཟླ་བ་དང་གསུམ་སྟོན་གྱི་དུས་ཡིན་པའོ། །

ཡང་དབྱར་ཐུང་ངུ་ཤི་བ་དང་འདྲ་བ་དེ་བདེ་བླག་ཏུ་རྟོགས་པའི་ཕྱིར་དུ་དང་། གདུལ་བྱ་ལྔ་ཚན་ལ་དགའ་བ་རྣམས་ཀྱི་ངོར། བསྙན་པར་རྫོགས་པའི་དུས་གོ་བརྗོད་སྐབས་མདོ་རྩ་ལས། དུས་ཚོད་ཀྱང་ངོ་། །དེ་དག་ནི་ལྔའོ། །ཞེས་པ་ནས་ལོ་གཅིག་ལ་དགུན་གྱི་དུས་དང་། དཔྱིད་ཀྱི་དུས་དང་། དབྱར་གྱི་དུས་དང་། དབྱར་ཐུང་ངུའི་དུས་དང་། དབྱར་རིང་པོའི་དུས་བཅས་དུས་ཚིགས་ལྔར་གསུངས། དེ་ཡང་མགོ་ཟླ་བ་དང་། རྒྱལ་ཟླ་བ་དང་། མཆུ་ཟླ་བ་དང་། དབོ་ཟླ་བ་དང་བཞི་ནི་དགུན་དང་། ནག་པ་ཟླ་བ་དང་། ས་ག་ཟླ་བ་དང་། སྣྲོན་ཟླ་བ་དང་། ཆུ་སྟོད་ཟླ་བ་དང་བཞི་ནི་དཔྱིད་དང་། ཁྲུམས་སྟོད་ཟླ་བའི་ཚེས་བཅུ་དྲུག་གི་ཉིན་ཞག་གཅིག་དེ་དབྱར་ཐུང་ངུ་དང་། ཉིན་ཞག་གཅིག་པོ་དེས་མ་ཆོག་པའི་ཁྲུམས་སྟོད་ཟླ་བ་དང་། ཐ་སྐར་ཟླ་བ་དང་། སྨིན་དྲུག་ཟླ་བ་དང་གསུམ་ནི་དབྱར་རིང་པོའི་དུས་ཡིན་པའོ། །

ཡང་གསོ་སྦྱོང་བཅུ་བཞི་པ་དག་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དུ། གསོ་སྦྱོང་གི་གཞིའི་སྐབས་སུ་མདོ་རྩ་ལས། ཉིན་ཞག་གཅིག་གིས་མི་ཆོག་པར་བྱའོ། །དུས་ཚིགས་རྣམས་ཀྱི་ཟླ་བ་ཕྱེད་ལུས་པ་ཉིད་ལའོ། །ཞེས་པ་ནས་ཟླ་བ་གཉིས་རེ་ལ་དུས་ཚིགས་རེར་བྱས་པའི་ལོ་གཅིག་ལ་དགུན་སྟོད་དང་། དགུན་སྨད་དང་། དཔྱིད་དང་། སོས་ཀ་དང་། དབྱར་དང་། སྟོན་དང་བཅས་དུས་ཚིགས་དྲུག་ཏུ་གསུངས། དེ་ཡང་མགོ་ཟླ་བ་དང་། རྒྱལ་ཟླ་བ་གཉིས་དགུན་སྟོད་དང་། མཆུ་ཟླ་བ་དང་། དབོ་ཟླ་བ་གཉིས་དགུན་སྨད་དང་། ནག་པ་ཟླ་བ་དང་། ས་ག་ཟླ་བ་གཉིས་དཔྱིད་དང་། སྣྲོན་ཟླ་བ་དང་། ཆུ་སྟོད་ཟླ་བ་གཉིས་སོས་ཀ་དང་། གྲོ་བཞིན་ཟླ་བ་དང་། ཁྲུམས་སྟོད་ཟླ་བ་གཉིས་དབྱར་དང་། ཐ་སྐར་ཟླ་བ་དང་། སྨིན་དྲུག་ཟླ་བ་གཉིས་སྟོན་གྱི་དུས་ཡིན་པའོ། །གོང་དུ་བཤད་པའི་དུས་ཚིགས་ཀྱི་དབྱེ་བ་དེ་ལྟར་དུ་ཕྱེ་བའི་དགོས་པ་སོགས་ལ་རྒྱས་བཤད་མང་དུ་ཡོད་རུང་དེ་ཙམ་གྱིས་ཆོག་པ་ལས་སྤྲོས་བཤད་མ་བྱས་པའོ། །

གཉིས་པ། འོ་ན་དེ་དག་ལས་ལོ་འགོ་དེ་དུས་གང་ནས་འཛིན་ཞེ་ན། དེ་ལ་སྤྱིར་ཡར་ངོའི་དུས་སུ་ཟླ་བ་འཕེལ་བ་དང་མར་ངོའི་དུས་སུ་འགྲིབ་པ་ལྟར། འཇིག་རྟེན་པ་རྣམས་དང་པོར་ལོངས་སྤྱོད་སོགས་འཕེལ་བ་ལྟར་སྣང་ཡང་མཐར་རྒུད་པའི་ཆོས་ལས་མ་འདས་པའི་རྒྱུ་མཚན་གྱིས་ཟླ་བའི་ཡར་ངོ་སྔོན་འགྲོར་བྱས་ནས་བཤད་ཚུལ་གཅིག་དང་། མར་ངོའི་དུས་སུ་ཟླ་བ་འགྲིབ་པ་དང་ཡར་ངོའི་དུས་སུ་གོང་དུ་འཕེལ་བ་ལྟར། རབ་ཏུ་བྱུང་བ་རྣམས་དང་པོར་ལུང་རྟོགས་ཀྱི་ཡོན་ཏན་འཕེལ་བའི་ཆེད་དུ་དཀའ་སྤྱད་ཀྱི་གདུང་བས་འགྲིབ་པ་ལྟར་སྣང་ཡང་། ཕྱིས་ལུང་རྟོགས་ཀྱི་ཡོན་ཏན་གོང་དུ་འཕེལ་ནས་འབྲས་བུ་ཕུན་ཚོགས་མངོན་དུ་འགྱུར་བའི་རྟེན་འབྲེལ་ཡོད་པའི་རྒྱུ་མཚན་གྱིས་ཟླ་བའི་མར་ངོ་སྔོན་འགྲོར་བྱས་ནས་བཤད་ཚུལ་གཅིག་དང་བཅས་གཉིས་ཡོད་པ་ལས། སྐབས་འདིར་བཤད་ཚུལ་ཕྱི་མའི་དབང་དུ་བྱའོ། །

དེ་ལ་སྤྱིར་གསེར་འོད་དམ་པ་ནས། དབྱར་གྱི་དུས་ནས་ལོ་འགོ་འཛིན་པ་དང་། དུས་འཁོར་རྒྱུད་འགྲེལ་སོགས་ནས་ནག་པ་ཟླ་བ་ནས་ལོ་འགོ་འཛིན་ཞེས་མཁས་པ་འགས་གསུངས། འོན་ཀྱང་སྐབས་འདིར་འདུལ་མངོན་གཞིར་བཞག་གི་དབང་དུ་བྱས་ན་དགུན་གྱི་དུས་ནས་ལོ་འགོ་འཛིན་པར་འདོད་དེ། དེ་ཡང་མདོ་རྩ་ལས། དུས་ཚོད་ཀྱང་ངོ་། །དེ་དག་ནི་ལྔའོ། །དགུན་གྱི་དུས་དང་ཞེས་དུས་གོ་བརྗོད་པའི་ཚེ་ཐོག་མར་དགུན་ནས་བརྗོད་པར་གསུངས་པ་དང་། དེ་བཞིན་འདུལ་བ་མེ་ཏོག་ཕྲེང་རྒྱུད་ལས་ཀྱང་། དགུན་དུས་དང་ནི་དཔྱིད་ཀ་ཉིད། །ཅེས་དང་། མཛོད་འགྲེལ་ལས། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཞེས་དང་། མཛོད་འགྲེལ་རྒྱལ་སྲས་མ་ལས། སངས་རྒྱས་པ་རྣམས་ཀྱི་དུས་ཀྱི་དང་པོ་ནི་དགུན་དག་ཡིན་ལ་ཞེས་སོགས་དགུན་ཉིད་དང་པོར་གསུངས་པའི་ཕྱིར་རོ། །

འོ་ན་དུས་ཀྱི་དང་པོའམ་ལོ་འགོ་དེ་དགུན་དུས་ནས་འཇོག་ན་དགུན་ཟླ་དེ་ལའང་དང་པོ་གཉིས་པ་སོགས་ཡོད་པའི་ནང་ནས་ལོ་འགོ་དེ་གང་ནས་འཛིན་ཞེ་ན།

འདི་ལ་བཞེད་པ་མི་འདྲ་བ་གསུམ་ཙམ་ཞིག་བྱུང་ངོ་། །

དེ་ལ་དང་པོ་མཆིམས་མཛོད་ལས། འོན་ཀྱང་འདིར་ནི་སྒྲོག་ཁྲུམས་ཀྱི་ཉ་པའི་ཟླ་བ་ནི་སྟོན་ཟླ་ཐ་ཆུང་ཡིན་ལ་དེའི་ཚེས་བཅུ་དྲུག་ནས་ཐ་སྐར་གྱི་ཟླ་བ་ཡིན་པས་དེའི་མར་ངོ་དང་ཐ་སྐར་གྱི་ཟླ་བའི་ཡར་ངོ་བསྡོམས་པ་ནི་དགུན་ཟླ་དང་པོ་དང་ཐ་སྐར་གྱི་ཟླ་བའང་ཡིན་པར་ཤེས་ཏེ་སོགས་གསུངས་པའི་རྗེས་སུ་འབྲངས་ཏེ་ཐ་སྐར་ཟླ་བའི་ཚེས་གཅིག་སྟེ་ཧོར་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ནས་ལོ་འགོ་འཛིན་པར་འདོད་པའི་ཚུལ་གཅིག་དང་།

ཡང་མཆིམས་མཛོད་ལས་དབྱུག་གུའི་ཟླ་བ་ཉིད་སྟོན་ཟླ་ཐ་ཆུང་ཡིན་པས་དེ་ཉིད་ཀྱི་ཚེས་བཅུ་དྲུག་ནས་དགུན་ཟླ་དང་པོ་ཡིན་ནོ་ཞེས་འདོད་མོད་ཀྱི་ཞེས་གཞན་ལུགས་བཀོད་པའི་སྐབས་ནས་མཁས་པ་ཁ་ཅིག་ནི་སྨིན་དྲུག་ཟླ་བའི་ཚེས་གཅིག་སྟེ་ཧོར་ཟླ་དགུ་པའི་ཚེས་བཅུ་དྲུག་ནས་ལོ་འགོ་འཛིན་པར་འདོད་པའི་ཚུལ་གཅིག་དང་།

ཡང་མདོ་སྡེ་ཉི་མའི་སྙིང་པོ་སོགས་ནས་མགོ་ཟླ་བའི་ཚེས་གཅིག་སྟེ་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་ལོ་འགོ་འཛིན་པར་འདོད་པའི་ཚུལ་གཅིག་དང་བཅས་གསུམ་མོ། །

འོ་ན་སྐབས་འདིར་གསུམ་པོ་དེ་དག་ནས་འཐད་པའི་ཕྱོགས་གང་ཡིན་ནམ་ཞེ་ན། དང་པོ་དེ་མི་འཐད་དེ། ཁྱེད་ལྟར་ན་ཧོར་ཟླ་དགུ་པའི་གསོ་སྦྱོང་བཅུ་བཞི་པ་དེ་ཆོས་ཅན། ལོ་གཅིག་གི་གསོ་སྦྱོང་བཅུ་བཞི་པའི་ཐོག་མ་ཡིན་པ་ཐལ། ཧོར་ཟླ་དགུ་པ་དགུན་ཟླ་དང་པོ་ཡིན་པ་གང་ཞིག་དེའི་གསོ་སྦྱོང་བཅུ་བཞི་པ་ཡིན་པའི་ཕྱིར། རྟགས་ཁྱབ་དོན་གྱིས་གྲུབ། འདོད་ན། དགེ་ཚུལ་གྱི་ལོ་དྲི་བ་ལས། རྒྱལ་དང་དབོ་དང་ས་ག་དང་། །ཆུ་སྟོད་ཁྲུམས་སྨད་སྨིན་དྲུག་བཅས། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པའོ། །ཞེས་རྒྱལ་ཟླ་བ་ནས་ལོ་གཅིག་གི་གསོ་སྦྱོང་བཅུ་བཞི་པའི་ཐོག་མ་ངོས་བཟུང་བ་དང་འགལ་ལོ། །གཞན་ཡང་ཁྱེད་ལྟར་ན། དབྱར་སྔ་མ་ཆོས་ཅན། ཧོར་ཟླ་བཞི་པའི་ཚེས་བཅུ་དྲུག་ནས་ཁས་ལེན་དགོས་པ་ཐལ། ཧོར་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ནས་ལོ་འགོ་བཟུང་ན་དེ་དགུན་ཟླ་ར་བའི་ཚེས་གཅིག་ཡིན་དགོས་ལ་དེ་ལྟར་ན་ཧོར་ཟླ་བཞི་པའི་ཚེས་བཅུ་དྲུག་དེ་དབྱར་ཟླ་འབྲིང་བོ་ཉའི་ཕྱི་དེའི་ཉིན་པར་ཡིན་དགོས་པའི་ཕྱིར། མ་ཁྱབ་ཟེར་ན། མདོ་རྩ་ལས། དབྱར་གནས་པར་ཁས་བླང་བར་བྱའོ། །ཟླ་བ་གསུམ་དུའོ། །ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་བོ་ཉའི་ཕྱི་དེ་ཉིན་པར་བགྱིའོ། །ཞེས་དབྱར་སྔ་མ་དབྱར་ཟླ་འབྲིང་བོ་ཉའི་ཕྱི་དེའི་ཉིན་པར་ཁས་བླང་དགོས་པ་གསུངས་པ་དང་འགལ་ལོ། །རྩ་བར་འདོད་ན། འདུལ་བ་ཚིག་ལེའུར་བྱས་པ་ལས། གྲོ་བཞིན་ཟླ་བའི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །ཞེས་གྲོ་བཞིན་ཟླ་བའི་ཚེས་གཅིག་སྟེ་ཧོར་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་དབྱར་སྔ་མ་ཁས་ལེན་པར་གསུངས་པ་དང་འགལ་ལོ། །

འདོད་ཚུལ་གཉིས་པ་དེ་ཡང་མི་འཐད་དེ། དེ་ལྟར་ན་ཧོར་ཟླ་དགུ་པའི་མར་ངོའི་གསོ་སྦྱོང་བཅུ་བཞི་པ་ཆོས་ཅན། དགུན་སྟོད་ཀྱི་གསོ་སྦྱོང་བཅུ་བཞི་པ་ཡིན་དགོས་པ་ཐལ། ཧོར་ཟླ་དགུ་པའི་ཚེས་བཅུ་དྲུག་ནས་བཅུ་པའི་བཅོ་ལྔའི་བར་གྱི་སྨིན་དྲུག་ཟླ་བ་དེ་དགུན་ཟླ་དང་པོ་ཡིན་པ་གང་ཞིག དེའི་གསོ་སྦྱོང་བཅུ་བཞི་པ་ཡིན་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་དོན་གྱིས་གྲུབ། འདོད་ན། མདོ་རྩ་ལས། ཉིན་ཞག་གཅིག་གིས་མ་ཆོག་པར་བྱའོ། །དུས་ཚིགས་རྣམས་ཀྱིས་ཟླ་བ་ཕྱེད་ལུས་པ་ཉིད་ལའོ། །ཞེས་དང་། མཛོད་འགྲེལ་ལས། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ཤིང་། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པར་དོར། །ཞེས་གསུངས་ནས་དགུན་སྟོད་ཀྱི་གསོ་སྦྱོང་བཅུ་བཞི་པ་དེ་དགུན་སྟོད་ཀྱི་ཟླ་བ་ཕྱེད་དང་གཉིས་འདས་ཤིང་། ཟླ་བ་ཕྱེད་ལུས་པའི་མཚམས་དེར་འཁེལ་བར་གསུངས་པ་དང་འགལ་ལོ། །གཞན་ཡང་ཁྱེད་ལྟར་ན། དབྱར་སྔ་མ་དེ་ཆུ་སྟོད་ཟླ་བའི་ཚེས་གཅིག་ནས་ཁས་ལེན་དགོས་ལ། དེ་ལྟར་ན། འདུལ་བ་ཚིག་ལེའུར་བྱས་པ་ལས། དབྱར་སྔ་མ་གྲོ་བཞིན་ཟླ་བའི་ཚེས་གཅིག་ནས་ཁས་ལེན་དགོས་པ་གསུངས་པ་དང་འགལ་བ་དང་། གཞན་ཡང་དབྱར་གྱི་རས་ཆེན་བཙལ་སྔས་པའི་ཉེས་པ་སོགས་འབྱུང་བ་འགྱུར་རོ། །

འོ་ན་རང་ལུགས་ལ་ལོ་འགོ་དེ་ཟླ་བ་གང་ནས་འཛིན་ཞེ་ན། འདོད་ཚུལ་གསུམ་པའི་རྗེས་སུ་འབྲངས་ཏེ་མགོ་ཟླ་བའི་ཚེས་གཅིག་སྟེ་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་ལོ་འགོ་འཛིན་པར་འདོད་དོ། །དེ་ཡང་ཡར་ངོའི་ཚེས་གཅིག་ལ་སྐར་མ་ལྷ་མཚམས་དང་། གནམ་གང་ལ་སྣྲོན། ཉ་ལ་སྨིན་དྲུག་ཡོད་པའི་ཟླ་བ་དེ་ཡར་ངོ་སྔོན་འགྲོ་བྱས་པའི་སྟོན་ཟླ་ཐ་ཆུང་ཡིན་པར་མདོ་སྡེ་མིག་བཅུ་གཉིས་པ་ལས་བཤད་པར་རྒྱལ་བ་དགེ་འདུན་གྲུབ་སོགས་མཁས་པ་མང་པོས་གསུངས་པ་གང་ཞིག་དེ་འདྲའི་ཟླ་བ་དེ་ཧོར་ཟླ་བཅུ་པ་ཡིན་པ་དང་།

དེ་བཞིན་མདོ་སྡེ་ཉི་མའི་སྙིང་པོ་ལས། བདག་གིས་སྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེ་ཟླ་རངས་འགྱུར། །སྟོན་ཟླ་ཐ་ཆུང་ཞེས་བྱ་བ། །འདིར་ནི་རབ་དུ་བརྗོད་པ་ཡིན། །ཞེས་སྨིན་དྲུག་ཟླ་བ་དེ་སྟོན་ཟླ་ཐ་ཆུང་ཡིན་པར་གསུངས་ན། མགོ་ཟླ་བ་དེ་དགུན་ཟླ་ར་བའམ་དང་པོ་ཡིན་པར་གྲུབ་པའི་ཕྱིར། སྔོན་མའི་ཟླ་བ་དེ་སྨིན་དྲུག་ཟླ་བ་ཡིན་ལ་སྨིན་དྲུག་ཟླ་བ་དེ་སྟོན་ཟླ་ཐ་ཆུང་ཡིན་ན་མགོ་ཟླ་བ་དགུན་ཟླ་ར་བའམ་དང་པོ་ཡིན་པའི་ཁྱབ་པའི་ཕྱིར་ཏེ། སྨིན་དྲུག་ཟླ་བའི་རྗེས་དེ་མ་ཐག་ཏུ་མགོ་ཟླ་བ་འབྱུང་བ་དང་ལོ་སྔོན་མའི་སྟོན་ཟླ་ཐ་ཆུང་རྫོགས་པའི་རྗེས་དེ་མ་ཐག་ཏུ་ལོ་ཕྱི་མའི་དགུན་ཟླ་ར་བའམ་དང་པོ་འབྱུང་བར་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར་རོ། །

གཞན་ཡང་དེ་ལྟར་གསོ་སྦྱོང་བཅུ་བཞི་པའི་དུས་ལ་བརྟེན་ནས་ཀྱང་གྲུབ། དབྱར་ཁས་ལེན་པའི་དུས་ལ་བརྟེན་ནས་ཀྱང་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ་དགེ་ཚུལ་གྱི་ལོ་དྲི་བ་ལས། རྒྱལ་དང་དབོ་དང་ས་ག་དང་། །ཞེས་ལོ་གཅིག་གི་གསོ་སྦྱོང་བཅུ་བཞི་པའི་ཐོག་མ་རྒྱལ་ཟླ་བ་ནས་བཤད་པ་དང་། མཛོད་འགྲེལ་ལས། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཞེས་པ་ནས། མཁས་པས་ཞག་མི་ཐུབ་པ་དོར། །ཞེས་དགུན་སྟོད་ཀྱི་གསོ་སྦྱོང་བཅུ་བཞི་པའི་དུས་སུ་དགུན་སྟོད་ཀྱི་ཟླ་བ་ཕྱེད་དང་གཉིས་འདས་ཤིང་། ཕྱེད་སླད་དུ་ལུས་པ་ཞིག་དགོས་པ་གསུངས་པ་གང་ཞིག ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་ལོ་འགོ་བཟུང་ན་བཅུ་པའི་བཅུ་དྲུག་ནས་བཅུ་གཅིག་པའི་གནམ་གང་གི་བར་ལ་ཟླ་བ་ཕྱེད་དང་གཉིས་ལེགས་པར་ཚང་བའི་ཕྱིར་རོ། །རྩ་རྟགས་གཉིས་པའང་གྲུབ་སྟེ། འདུལ་བ་ཚིག་ལེའུར་བྱས་པ་ལས། གྲོ་བཞིན་ཟླ་བའི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །ཞེས་གྲོ་བཞིན་ཟླ་བའི་ཚེས་གཅིག་ནས་དབྱར་སྔ་མ་ཁས་ལེན་པར་གསུངས་པ་དང་། དེ་ལ་ལྟོས་ན་གྲོ་བཞིན་ཟླ་བ་དེ་དབྱར་ཟླ་ཐ་ཆུང་ཡིན་པར་གྲུབ་སྟེ། མདོ་རྩ་ལས། དབྱར་གནས་པར་ཁས་བླང་བར་བྱའོ། ཟླ་བ་གསུམ་དུའོ། །ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་བོ་ཉའི་ཕྱི་དེ་ཉིན་པར་བགྱིའོ། །ཞེས་གསུངས་པ་ནས་དབྱར་སྔ་མ་དབྱར་ཟླ་འབྲིང་བོའི་ཉིའི་ཕྱི་དེར་ཁས་ལེན་དགོས་པར་གསུངས་པ་ནས་གྲུབ་པའི་ཕྱིར། དེ་ལྟར་བརྩིས་པས་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་དགུན་ཟླ་ར་བའམ་དང་པོའི་ཚེས་གཅིག་ཡིན་པར་གྲུབ་པའི་ཕྱིར་རོ། །

གསུམ་པ། དུས་ཚིགས་གསུངས་ཚུལ་དང་ལོ་འགོ་འཛིན་ཚུལ་གོང་དུ་བཤད་པ་དེ་ལྟར་ཡིན་ན་འོ་ན་རབ་བྱུང་ལོ་གསར་གྱི་ཚེས་གཅིག་དེ་དུས་གང་ལ་ཡིན་ནམ་ཞེ་ན། དེ་མགོ་ཟླ་བའི་ཚེས་གཅིག་སྟེ་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན་མོ་དེ་ཡིན་པའི་ཕྱིར། དེ་ཡང་།ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔའི་མཚན་མོའི་མཐའི་སྐད་ཅིག་མ་དེ་ལ་རྫོགས་པ་རྣམ་པ་གསུམ་འབྱུང་སྟེ། ལོ་སྔ་མ་རྫོགས། སྟོན་གྱི་དུས་རྫོགས། སྨིན་དྲུག་གི་ཟླ་བའང་རྫོགས་པའི་ཕྱིར་རོ། །དེ་ཡང་ཉི་མའི་སྙིང་པོ་ལས། བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེས་ཟླ་རངས་འགྱུར། །སྟོན་ཟླ་ཐ་ཆུང་ཞེས་བྱ་བ། །འདི་ནི་རབ་ཏུ་བརྗོད་པ་ཡིན། །ཞེས་གསུངས་པའི་ཕྱིར། གཞན་ཡང་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་གི་སྐྱ་རེངས་དང་པོ་ཤར་བ་དང་མཉམ་དུ། འཛིན་པ་རྣམ་པ་གསུམ་འབྱུང་སྟེ། ལོ་ཕྱི་མའི་འགོ་འཛིན། དགུན་ཟླ་ར་བའམ་དང་པོའི་འགོ་འཛིན། མགོ་ཟླ་བའི་འགོ་ཡང་འཛིན་པའི་ཕྱིར། དེས་ན་རབ་ཏུ་བྱུང་བ་རྣམས་ཟླ་བའི་མར་ངོ་སྔོན་འགྲོར་འཇོག་པའི་ཕྱིར་ན་མགོ་ཟླ་བའི་ཚེས་གཅིག་སྟེ་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན་རབ་བྱུང་ལོ་གསར་གྱི་ཚེས་གཅིག་ཡིན་པའོ། །

མེ་བྱ་ལོའི་སྨིན་དྲུག་ཟླ་བའི་ཚེས་བཟང་པོར་༧དཔལ་ཆེན་ཧའོ་དགོན་ཐར་ལམ་དམ་ཅན་མཚན་ཉིད་གླིང་དུ་མདོག་གཞུང་བ་བཟོད་པ་ཆོས་འཕེལ་ནས་རྩོམ་སྦྱོང་དུའོ། །དགེའོ། བཀྲིས།

བརྒྱུད་སྐུལ།

མཆན་སྤེལ།