ནག་ཆུ་རྫོང་གི་གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ་དང་། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ། ཐོན་ཁུངས་སྐོར།

ནག་ཆུ་རྫོང་གི་གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ་དང་། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ། ཐོན་ཁུངས་སྐོར།

གསུམ་པ། གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ།

ནག་ཆུ་རྫོང་ཁུལ་གྱི་གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ་སྐོར་ལ། ཕྱི་ལོ་ ༡༨༣༠ ལོར་གཏན་ལ་ཕབ་པའི་《ལྕགས་སྟག་ཞིབ་གཞུང།》ནང་གསལ་ལྟར་ན། གསང་གཞུང་གི་གཞུང་སྡེ་དང་། ལྷོ་བྱང་བཅུ་གཉིས། ཧོར་སྨད་ཤོག་བཞི། སྒེར་པ་ཤོག་བརྒྱད་བཅས་གཞུང་ཁྲལ་དགོས་པའི་གཞུང་སྡེར་དམག་རྐང་གསུམ་བརྒྱ་ལྷག་ཙམ་ཐོབ་པར་གསལ་ཡོད་འདུག་ཅིང་། བར་མཐའི་སྒེར་ཤོག་བཞི་དང་། གསང་གཞུང་སྒེར་ཤོག་གསུམ། བླ་བྲང་གཉིས་ཀྱི་མི་སེར། བར་ཐའི་ཇིང་གིར། སྦྲ་ཆེན་ཚང་། གསང་གཞུང་སྤྱི་ཁྱབ་བཅས་སྒེར་དུད་གསུམ་དང་།

ཤོག་ཁག་དགུ་དེར་དམག་རྐང་བཅུ་ལྷག་སྐོར་ཐོབ་ཀྱི་ཡོད་པར་བཤད། ཚོ་ཤོག་གསར་རྙིང་དེ་དག་ལས་གཞུང་འོག་གི་ཤོག་ཁག་ནི་དང་པོ། བར་ཐ་སྒེར་གཞུང་དགུ་ཡོད་པ་ནི། སྦུ་ཐར་ཤོག་ལ་དུད་ཁྱིམ་དགུ་བཅུ། དབྱིས་ཆེན་ཤོག་ལ་བདུན་ཅུ། དབྱིས་ཆུང་ཤོག་ལ་ཞེ་བཅུ་ཞེ་ལྔ། རུ་ཆེན་ཤོག་ལ་བརྒྱ་དང་རེ་བཞི། སྡེ་གསར་ཤོག་ལ་བརྒྱ་དང་བརྒྱད་ཅུ་གྱ་བཞི་བཅས་གཞུང་སྡེ་ཁག་ལྔ་དང་། སྒེར་སྡེ་གུང་སྐོར་ཤོག་ལ་དྲུག་ཅུ། རིག་སྤྱི་ཤོག་ལ་སུམ་ཅུ། གཡུ་ཐོག་ཤོག་སུམ་ཅུ། སྟག་སྟེ་ཤོག་ལ་ཉེར་བརྒྱད་བཅས་ཤོག་བཞི་ཡོད། གཉིས་པ་གསང་གཞུང་ལ་སྒེར་གཞུང་དགུ་དང་གཞུང་ཤོག་དྲུག་ཡོད་པ་ནི། འ་བ་ཤོག་ཐེམ་གྲངས་ཉིས་བརྒྱ་བཅོ་བརྒྱད། རྨར་ཡོང་བརྒྱ་དང་ཉི་ཤུ། སོ་དྲུག་ཆེ་བ་ལ་བརྒྱ་དང་བདུན་ཅུ། སེམས་པ་ཤོག་ལ་ཆིག་བརྒྱ་དྲུག་ཅུ། ཐོག་རུ་ཤོག་ལ་བརྒྱད་ཅུ། བཀྲས་ལྗོངས་ཤོག་ལ་བདུན་ཅུ། སྒེར་བ་རྩེ་གསེར་གདུང་དཀར་རུ་ཉེར་གསུམ། སེམས་དཔའ་རྟ་རྫི་མ་ཤོག་ལ་བདུན་ཅུ་དོན་ལྔ་ཡོད་ཅིང་། དགའ་ལྡན་རུ་བར་བརྒྱད་ཅུ་གྱ་ལྔ་ཡོད།

གསུམ་པ་གཞུང་སོག་ལྷོ་བྱང་ཤོག་ཁག་བཅུ་གཉིས་ནི་ནག་ཆུའི་དབུས་དཀྱིལ་གྱི་ཡུལ་སྡེ་ཞིག་ཡིན་ཅིང་། ཡུལ་དེ་སྔ་མོ་གུ་ཤྲཱི་ཧན་གྱིས་མངའ་ཞབས་སོག་དུད་ཅིག་ཡིན་ཀྱང་། ཕྱིས་༸རྒྱལ་བའི་གསོལ་ལྕོག་སྟེང་གི་ཐད་ཀའི་མི་སེར་དུ་གྱུར་བ་དང་། ཚོ་ཤོག་དེའི་མིང་ལའང་གཞུང་སོག་ཅེས་ཐོགས་དོན་ཡང་དེས་ཡིན་འདུག  བཞི་པ། ཤོག་ཁག་དེར་ལྷོ་བྱང་གཉིས་ལས་ལྷོ་མ་ལ་ཤོག་དྲུག་ཡོད་པ་ནི། ལྷོ་མ་རང་ཤོག་ལ་ཐེམ་དུད་བཞི་བཅུ་ཞེ་བརྒྱད། ཨི་ནི་རུ་པ་ལ་ལྔ་བཅུ་ང་ལྔ། མེ་མདེལ་རུ་བ་ཤོག་ལ་བཞི་བཅུ་ཞེ་བརྒྱད། ལྷོ་མ་རང་ཤོག་ལ་བཞི་བཅུ་ཞེ་ལྔ། ནང་སོ་རུ་པ་ཤོག་དྲུག་ཅུ། ཤོག་རྙིང་མའི་ཤོག་ལ་ཉི་ཤུ། ཡོངས་འཛིན་རུ་པའི་ཤོག་བཅོ་བརྒྱད་བཅས་ཡོད། དེ་བཞིན་བྱང་མ་ཤོག་ལ་ཤོག་དྲུག་ཡོད་པ་ཡང་། བརྒྱ་དཔོན་རུ་པ་ཤོག་ལ་ཐེམ་དུད་སུམ་བཅུ་ཙམ། སྟག་རིང་རུ་བའི་ཤོག་ལ་ཐེམ་དུད་ཆིག་བརྒྱ་ཉི་ཤུ། སྟག་གསར་རུ་པའི་ཤོག་ལ་ལྔ་བཅུ་ཙམ། ཨ་གོང་རུ་པའི་ཤོག་ལ་ལྔ་བཅུ། བར་རིང་བའི་ཤོག་ཐེམ་དུད་ཉི་ཤུ་ལྷག་ཙམ། བྱ་རིགས་རུ་བའི་ཤོག་ལ་དགུ་བཅུ་སྐོར་བཅས་ཡོད། ཧོར་སྨད་ཤོག་བཞི་ནི། རུ་རྙིང་ཤོག་ལ་ཐེམ་དུད་ཆིག་བརྒྱ་བཞི་བཅུ། རུ་གསར་ཤོག་ལ་ཆིག་བརྒྱ། ཆེ་འབོམ་ཤོག་ལ་ཉིས་བརྒྱ་ལྷག་ཙམ། འཁོར་མང་ཤོག་ལ་བདུན་ཅུ། ལྔ་པ་བླ་བྲང་གཉིས་ཀྱི་མི་སེར་ནི། རོང་པོ་མི་སེར་ཤོག་ལ་ཐེམ་དུད་ཆིག་བརྒྱ་བཞི་བཅུ། སྒྲུབ་ཁང་མི་སེར་ཤོག་ལ་ཆིག་བརྒྱ་ལྔ་བཅུ་ཙམ། དྲུག་པ་དེ་སྔོན་ཨ་མདོ་ཤོག་བརྒྱད་ཁོངས་ཡིན་པའི་ག་ཇ་ཤོག་ལ་ཐེམ་དུད་ཆིག་བརྒྱ་སྐོར་ཡོད།[1]

སྒེར་པ་ཤོག་བརྒྱད་ནི། རྡོ་རིང་རུ་བའི་ཤོག་ལ་ཐེམ་དུད་བཅུ། བསྟན་རྒྱས་གླིང་མི་སེར་ཤོག་ལ་དྲུག་ཅུ། ཀུན་བདེ་གླིང་མི་སེར་ཤོག་ལ་ཉི་ཤུ། ཁྲི་བ་རུ་བའི་ཤོག་ལ་ཆིག་བརྒྱ་བཅུ་མེད་ལྔ། སེར་བྱེས་གྲྭ་ཚང་རུ་བའི་ཤོག་ལ་སུམ་ཅུ་ཙམ། གཟིམ་ཤག་བཙག་སེར་ཁང་མི་སེར་ཤོག་ལ་དྲུག་ཅུ། རྒྱ་མ་ཁྲི་ཁང་སྟེ་གཟིམ་ཤག་ཧོར་ཁང་པའི་ཤེ་འཛིན་སྒེར་སྡེ་རྒྱ་མ་རུ་བའི་ཤོག་ལ་བཅུ་གཅིག  ཨོ་ཐོག་དགོན་གྱི་མི་སེར་ཤོག་ལ་ཆིག་བརྒྱ་ལྔ་བཅུ་ཡོད།

གཤམ་དུ་ལྕགས་སྦྲུལ་ཕྱི་ལོ་ ༡༨༨༡ ལོར་ནག་ཆུ་གཞུང་སྒེར་མི་རྩའི་སྐོར་ཕྱོགས་ཕྱོགས་ཀྱི་ཞུ་ཐོ་འབྱོར་དོན་ཞིབ་སྦྲེལ་ནས་རྩ་ཞིབ་བྱས་ཏེ་ཕན་ཚུན་སྤྲོད་ལེན་འཁྲུན་བཅད་ཟིན་པའི་ཁྲ་མ་གཅིག་ངོ་སྤྲོད་ཞུ་རྒྱུར།

 

པར་རིས། 74: ནག་ཆུ་གཞུང་སྒེར་མི་རྩའི་སྐོར་ཕྱོགས་ཕྱོགས་ཀྱི་ཞུ་ཐོ་འབྱོར་དོན་ཞིབ་སྦྲེལ།

ནག་ཆུ་གཞུང་སྒེཪ་མི་རྩའི་སྐོཪ་ཕྱོགས་ཕྱོགས་ཀྱི་ཞུ་ཐོ་འབྱོཪ་དོན་སྦྲེལ་པོ་རྩ་བ་དཔྱོད་བཅུག་པར། གཞུང་རྒྱུག་རྣམས་ནས་རྩ་ཚིགས་(ཚིག་)སྔ་ཕྱི་དང་འདི་ཁོའི་ལག་འཁྱེཪ་བཀའ་ཤོག་གི་དགོང་(དགོངས་)དོན། ཤིང་ཡོས་ཚུན་གྱི་མི་ཐོག་ཚང་མ་ཕྱིཪ་ལོག་དགོས་འཚུལ་(ཚུལ་)སྒེཪ་ཆོས་རྣམས་ནས་ལྕགས་རྟ་དང་མེ་བྱིའི་དམག་གཞུང་དུ་ཁྲལ་འཇལ་ཁོང་(ཁོངས་)སུ་འཚུད་(ཚུད་)པའི་(པ་)ཕྱོཪ་(ཕྱིར་)སློག་བྱེད་མ་དགོས་པ་ཟེཪ་བ་འདི་སྐོཪ། ཁྱོད་གཞུང་རྒྱུག་རྣམས་ནས་རྩ་ཚིགས་(ཚིག་)སྔ་ཕྱིའི་འབྲུ་དོན་ལ་བསྙད་རྒྱུ་སྐབས་ཐོག་སོ་སོཪ་དོ་བདག་དང་། ནག་ཆུ་འགོ་པ་སོགས་ལ་བརྡཱ་(བརྡ་)སྦྱོཪ་གྱི་(གྱིས་)ཪང་ནོཪ་ཪང་བདག་ཐུབ་པ་བྱུང་ན་དང་། དེ་མིན་འདི་ཁ་(ག་)དང་བཀའ་ཤག་བཅས་སུ་རྒྱུ་རྐྱེན་མོལ་ཚེ་བབས་འབྲེལ་གྱི་རྩ་འཛིན་ཐུབ་ཪིགས་ཡིན་འདུག་ཀྱང་། ངོས་འཛིན་ལྷོད་ཡང་ཆེ་བ་མ་ཟད། སྔོན་དུ་ཡུལ་འགུགས་བཀའ་ཤོག་ལ་སྤྱིཪ་བཏང་ཤིང་ཡོས་ཚུན་གྱི་མི་རྩ་ཕྱིཪ་སློག་དགོས་པའི་ཐམ་ཀ་སོང་འདུག་ནའང་། ནག་ཆུ་ཁུལ་འདི་མངའ་ཞབས་བྱིངས་དང་མི་འདྲ་བའི་མི་ནོཪ་མ་བརྟེན་ནས་དམག་རྐང་རུ་བགོས་ཀྱི་ཁྲལ་ཪིགས་ཞིབ་གཞུང་རྩ་བ་གནན་(ནན་)སྒྲུབ་དགོས་སྟབས་བསྒྱུཪ་བཀོད་མ་བདེ་བ་དང་། དེ་མཚུངས་སྒེཪ་པའི་འགོ་བྱེད་སོ་སོས་ཀྱང་རྩ་ཚིགས་(ཚིག་)སྔ་ཕྱིའི་འབྲུ་དོན་ལ་མ་བསམ་པའི་མིག་ཅན་གཡངས་(གཡང་)འཕྱོངས་(མཆོང་)བགྱིས་པ་འོས་མིན་ཡིན་འདུག་པཪ། ཡོང་སྐྱེན་(རྐྱེན་)སྒེཪ་གཞུང་གཉིས་ཀཪ་རྒྱུ་མ་ཕུ་འདེད་ཐེཪ་འདོན་ཞིག་ཪང་དགོས་གྲས་སུ་འདུག་རུང་། དེ་ཁུལ་དུའང་བཪ་ལམ་ཪང་བསྐོས་ཀྱི་ཞིབ་དཔྱོད་གྲངས་མང་བ་བརྡབ་བསིག་(གསིག་)སྣ་ཚོགས་བྱུང་ཡོད་འདུག་པཪ་བརྟེན། ད་ལམ་ཡང་ཟོས་ཀྱི་(ཀྱིས་)རྩ་ཚིགས་(ཚིག་)དང་ཞིབ་གཞུང་ཚང་མཪ་གཞིགས་ཏེ་འདུམ་བདེའི་དཔྱད་མཚམས་ཉམས་ལེན་དགོས་པར།

ཞིབ་གཞུང་གཉིས་སུ་གསལ་བ་གང་ཡིན་མི་ཟོག་སྒེཪ་ཆོས་ལ་འཇགས་པ་དང་། ཞིབ་གཞུང་ལ་མ་གསལ་བ་གང་ཡིན་གཞུང་རྒྱུག་ལ་མི་ཟོག་རྡེའུ་ངོས་ལེན་གྱི་ཕྱིཪ་སློག ཞིབ་གཞུང་གཅིག་ལ་མ་གཏོགས་མ་གསལ་བ་རྣམས་སྒེཪ་གཞུང་གཉིས་ཪང་ནང་མོལ་གྱི་ནང་ཚགས་སྤྲོད་ལེན་ལ་དན་ན་དང་། དེ་མིན་མི་རྩ་སོ་སོའི་གནས་སུ་ཤོ་རྒྱབ་པའི་ཐོབ་སོ་སོ་སོ་ནས་མི་ཟོག་བདག་པོ་བྱས་ཏེ། སླད་ནས་སྒེཪ་གཞུང་སོ་སོའི་མི་རྩ་འགོ་(མགོ་)འོག་ལུས་འཆུག་གི་བདག་འཛིན་ལས་མགོ་བརྟགས་(བཏགས་)ལེན་བྱས་མི་ཆོག་གལ་ལྟེ་(ཏེ་)ཆུ་ངན་ལམ་བཞུགས་(ཞུགས་)ཤཪ་ན་ཁྲིམ་(ཁྲིམས་)སཪ་འཕྲལ་འཕྲལ་ཞུ་སྦྱོཪ་བྱེད་པ་ལས། ད་མུས་འཁོན་གཞིའི་ས་བོན་དུ་བཞག་མི་ཆོག་པ་བཅས་གཉིས་ལོའི་བབས་བཀོད་འདིཪ་སྒེཪ་གཞུང་ཚང་མས་བློ་བསམ་ལེགས་པཪ་བཏང་བའི་འཕྲལ་དུ་འཁྲུན་ཆོད་བྱེད་པ་ལས། ཞུ་ཪེ་དང་ཁྲ་བཟུང་ཪིགས་བྱས་མི་ཆོག་ཅིང་། ད་ལམ་ཡོང་སྐྱེན་(རྐྱེན་)ལ་གཞིགས་ན་མཁན་ནང་ངོ་ཚབ་གཉིས་ནས་ལུགས་འཐུན་(མཐུན་)བག་ཡོད་ཞིག་ཪང་བྱས་ཡོད་ཚོས་(ཚོད་)མེད་འདྲ་བ། དེ་(དེས་)ན་སྒེཪ་གཞུང་སོ་སོའི་ཞུ་བ་ཐོག་ནས་རྩ་བ་གནན་པའི་དྲི་བ་འཐཪ་(མཐར་)འཕྱིན་(ཕྱིན་)དགོས་གནས་འདུག་ནའང་ས་འཚམས་(མཚམས་)ཀྱི་ལས་དོན་བྱེད་མིཪ་སོང་གཤིས། ད་ལམ་ཪིང་ངང་འཐེན་བགྱིས་པའི་གཉིས་ཀ་ལས་ཐོག་འཕྲལ་འཇོག་དགོས་རྒྱུ། མཁན་པོའི་ངོ་ཚབ་བསེ་(སེར་)མོ་བ་ལུགས་གཉིས་ཀྱི་བྱ་བཞག་གོ་ཤེན་(ཤེས་)འཚུལ་(ཚུལ་)ལྡན་ཞིག་དང་། དེ་མཚུང་(མཚུངས་)ནག་པོའི་ངོ་ཚབ་སྐྱངས་(ཀྱང་)སྔཪ་ལུག་(ལུགས་)ལྟ་བུ་མིན་པའི་མི་བབས་ཤེད་(ཤེས་)ཡོང་(ཡོན་)ལྡན་ངེས་རྗེ་འབངས་གཉིས་སོ་སོའི་ལས་དོན་ལ་གོམ་(གོམས་)འགྲིག་(འདྲིས་)ཅན་ཕྲལ་དུ་དོ་བདག་ཕན་ཚུན་ནས་འདི་ཁཪ་(གར་)མིག་བསྟུན་(མདུན་)གན་འབུལ་ཐོག་ནས་རྫོང་བརྡ་བསྐོ་འཇོག་བྱེད་རྒྱུ་དང་། བསྟན་གླིང་ཤེ་རྙིང་ངག་དབང་ཆོས་སྦྲག་(གྲགས་)ཞེས་པའི་སྐོཪ། འདི་ལོ་གཞུང་རྟ་དཔོན་འགྲོ་ཪོག་(རོགས་)ཀྱི་འདུན་(མདུན་)དོ་བདག་ཕན་ཚུན་བཀུག་ཤེཪ་(བཤེར་)ཐོག་ནས། གནས་འཚུལ་(ཚུལ་)དང་བསྟུན་བབས་གསལ་བྱེད་རྒྱུ་བཅས། དོན་ཚན་གོང་གསལ་ལ་སོ་སོས་བླང་དོཪ་མཛོལ་(འཛོལ་)མེད་དགོས་པ་ཡོད། ལྕགས་སྦྲུལ་ཟླ་ ༨ ཚེས་ ༣ ལ།

༄༅། །གོང་གསལ་བཅད་འཚམ་(མཚམས་)དོན་བཞིན། ལྕགས་རྟ། མེ་བྱི་གཉིས་ཀྱི་དམག་གཞུང་ངོ་མ་མ་འབྱོཪ་སྐྱང་(ཀྱང་)དོ་བདག་སོ་སོས་ཪ་སྤྲོད་འཕེཪ་བ་ཡོད་འཚུལ་(ཚུལ་)ལྟཪ་མི་ཟོག་ཪང་འཇགས་གྲས། བསྟན་གླིང་ཁོང་(ཁོངས་)དུ་(སུ་)ངག་དབང་ཐཪ་པ་དུད་གཅིག ཨ་རྟོགས་དུད་གཅིག  ཨ་ཪིག་དགེ་འདུན་ཤུལ་དམན་དཔལ་འཛོམ་དུད་གཅིག  ཚེ་སྨོན་གླིང་ཁོང་(ཁོངས་)སུ་ཁམ་རྟིཪ་དུད་གཅིག  ཨ་གོང་བཟོས་པ་དུད་གཅིག གཉེཪ་པ་ཅན་དུད་གཅིག  གཞུང་བྱང་འགོ་པ་དང་ནང་དན་དཪ་འབུམ་དུད་གཅིག  ཀུན་བདེ་གླིང་ཁོངས་སུ་བསྐལ་བཟང་དགེ་ལེགས་དུད་གཅིག འཆི་ནམ་དུད་གཅིག ནམ་ཁ་དུད་གཅིག དཪ་བསྟིཪ་དུད་གཅིག  རྡོ་ཪིང་ཁོང་(ཁོངས་)སུ་ལྕགས་ཪོང་ལྷ་རྒྱལ་དུད་གཅིག  ཨ་ཪིག་ཆོས་འཕེལ་ཤུལ་ཡེ་ཤེས་མ་དུད་གཅིག

ལྕགས་རྟ། མེ་བྱི་གཉིས་ཀྱི་དམག་གཞུང་གཉིས་ཁཪ་མ་གསལ་བ། གཞུང་རྒྱུག་ལ་དུད་ཕྱིཪ་སློག་གྲས་བསྟན་གླིང་ཁོང་(ཁོངས་)ནས་གཞུང་བྱང་ལ་གོང་ཚེ་འཕེལ་དུད་གཅིག་དང་ཡེ་ཤེས་བསྟན་འཛིན་དུད་གཅིག  སྒེཪ་ཞལ་ངོ་གོང་པའི་ཁོང་(ཁོངས་)བསྟན་པ་དུད་གཅིག  ཚེ་སྨོན་གླིང་ཁོང་(ཁོངས་)ནས་གཞུང་བྱང་རྒྱ་བརྒྱ་བ་མ་གཉིས་ཁྲ་བོ་མི་གཅིག གཞུང་ལྷོའི་ཁོང་(ཁོངས་)ཁོ་བརྡིཪ་དུད་གཅིག་དང་ཤཪ་སྦུག་དུད་གཅིག  རྩེ་གཟིམ་ངག་དབང་བཀྲ་ཤིས་ཁོང་(ཁོངས་)ཧོཪ་རྨལ་རྨན་རྨེ་ཤུལ་དུད་གཅིག  གཞུང་བྱང་ཁྲ་འགུ་དུད་གཅིག  ཀུན་གླིང་ཁོང་(ཁོངས་)ནས་གཞུང་ལྷོའི་ལོ་འཆོ་མ་དུད་གཅིག རྡོ་ཪིང་ཁོང་(ཁོངས་)ནས་གཞུང་བྱང་ལེམ་ཇིའི་ཤུལ་རྨན་བ་ཡུ་མ་དུད་གཅིག  དོན་དགའ་དུད་གཅིག  ཞིབ་གཞུང་གཅིག་ཏུ་གསལ་ཞིང་གཅིག་ལ་མ་གསལ་བ་ནང་མོལ་གྱི་ཁ་དན་གྱི་ཤོ་རྒྱག་དབྱེ་བ་གཅོད་དགོས། ད་ལམ་སྒེཪ་གཞུང་ཁ་དན་དོན་ལྟཪ་བསྟན་གླིང་ཁོང་(ཁོངས་)སྨད་ཪིགས་འཛིན་དུད་གཅིག དཪ་སྐྱིད་མ་དུད་གཅིག  གཞུང་བྱང་བྱམ་(བྱམས་)པ་ཪབ་རྒྱས་དུད་གཅིག  ཪ་ཉག་རྡོ་རྗེ་དུད་གཅིག གཞུ་བསྟན་པ་དུད་གཅིག གཞུང་ལྷོའི་བཅུ་དཔོན་སྤྱི་པ་ལེམ་ཇི་དུད་གཅིག  དོན་འགྲུབ་དུད་གཅིག རྒྱ་མཚོ་དུད་གཅིག ག་མ་དུད་གཅིག  གྲོ་མ་དུད་གཅིག  ཚེ་སྨོན་གླིང་ཁོངས་སྨན་སྨན་འབུ་(བུ་)ཁྲིལ་(ཁྲིད་)དུད་གཅིག གཞུང་བྱང་ཟླ་བ་དུད་གཅིག  ཀུན་གླིང་ཁོང་(ཁོངས་)སྨན་སྨན་བློ་བཟང་དུད་གཅིག་བཅས་ད་ལམ་སྒེཪ་འགོ་པ་བླ་བྲང་ཁག་ཀྱི་ངོ་ཚབ། གཞུང་རྒྱུག་འགོ་པ་སྟོང་རྒྱ་རྡ་ཪོ་ཁ། འཐུས་མི་ཚང་འཛོམས་ཐོག་ཞིབ་བཅུག་(འཇུག་)གི་(གིས་)ཪང་ཆ་སྤྲོད་ལེན་སོགས་དོན་ཚན་ཚང་མ་འཁྲུན་ཆོད་གྲུབ་པ་འདི་དོན་སོཪ་གནས་དགོས་པ་ཡོད། ཟླ་ ༡༢ ཚེས་ ༦ ལ། ཞེས་འཁོད།

 

ལེ་ཚན་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།

དང་པོ། ཡུལ་སྡེ་ཆེ་ཁག་གི་མིང་།

ནག་ཆུ། ཨ་གོང་། བར་ཐ། སྤེན་ཆུང་མདོ། ཚ་ཆུ་བྲག་རྡོ། ཚང་ཆེན། ཁྲ་ཀྱོག་ནང་མ། ཁྲ་ལུས་གོང་། དྲེད་ལུང་། རྟ་ཆེན། རྟ་སྒ་ཕུ། སྟག་རིང་། རྟ་རྫི། ལྡང་མདོ་ལ་དམར། དབེན་ནི། ག་བྱ། གད་སོ། རྒྱབ་ལུང་། བརྒྱད་མདོ། འཇམ་ཁ། གད་ནག  གོང་ཐོག  ཁུལ་ལུང་ཕུ། ལོ་སྟོད། དམར་ཡོངས། དམའ་ཁུག  མར་ཁུ་མདོ། ན་དམར་ཆེ། ན་དམར་ཆུང་། ན་སྦུག  ནས་རི། ཉི་མ་ལུང་གོང་མ། བྱིའུ་སྐེ་ཁུག  ཆུ་མགོ་རིང་མོ། ཆུ་གྲམ་སིང་། ཆུ་ཐུར་ལུང་། རི་ཁུག  རུ་རྙིང་། རུ་གསར། ས་ཚིགས། ས་དཀར། སངས་དེའུ། གསང་ཆུ། གསང་གཞུང་། སེར་ཆེན། གསེར་གཞོང་། ཐང་གཤོངས་དཀར་པོ། འབྲོག་སའི་མིང་། དབུ་ཏོག གཤིས་ཐ། གཡང་སྦུག  ཡམ་ཇི། དབྱུག་ཕུ། ཡོས་ཕྱག  དབྱུག་ཐ། རྫ་ས། གྲོ་ལུང་གོང་མ། འཛི་རིལ། རྫོང་ཆེན།[2] སོགས་ཡོད།

 

གཉིས་པ། རི་དང། ལ། མཚོ། གཙང་པོ།

ཨ་མདོའི་སྒྲོ་གད་རྨུག་པོ་རི། བྱང་གི་ཛམ་ལྷ་རི་དམར་རི། ནམ་ར་བཙན་རྒྱལ་སྨུག་པོ་རི། སྐྱུང་གི་སྨུག་གུ་མཐོ་པོ་རི། གསང་ཕུའི་བསམ་གཏན་གངས་བཟང་རི།[3] ལྷ་རྒོད་མདུང་རྩེ་རི། དཀྱིལ་རི་བྲག་ནག་རི། མོ་ཐོ་ཞལ་དཀར་རི། རྒྱུ་འདྲེན་སྡིང་མོ་རི། གཡའ་ནག་རི། བྱེ་ལུང་སྟག་བཙན་རི། ཚ་ལུང་ཞ་དཀར་རི། གསང་སེར་རི། ལ་ནག་རི། སེ་ཐེ་རི། འཛོམ་ར་རི། རྒོད་ལུང་སྤུན་གསུམ་རི། དམར་རྩེ་གསུམ་རི། གཡའ་སྐྱ་བཙན་རྒོད་རི། ལྷ་བཙན་སྐྱེས་གཅིག་རི། གདོང་སྔོན་རི། ཁྱི་ནག[4] ཁྲི་ཡི་དམུ་རྒོད་བཙན་པོ་རི། ཁྱིམ་བདུན་རི། རྗེ་ཁུག་ཙམ་རི། ལྷ་བཙན་རི། ཕྱག་རིའི་ངང་པ་རི། རག་པ་རི། བྲག་ནག་རི། ཤིས་ཁྲ་རི། བྲུང་གི་རྫ་རྒན་ཡོལ་པོ་རི། གོ་རའི་བྲག་ཆེན་འཁོར་པོ་རི། བྱང་གི་ཙིག་གི་བྱ་ཀྱུང་རི། དཀར་གྱི་ཀེ་ལ་དར་རི། རྫ་རི་ཇོ་བོ་ནམ་ར་རི། གཅུང་རི་རྒན་རི། གོ་ར་རི། ནེ་རི་ཁྱུང་རི། ལྷ་ལྕམ་བྲག་དཀར་རི། བྲག་དམར་རི། ཀོང་གི་གངས་རི་གྭ་པ་གྭ་མ་རི། ལོ་ཡི་ཉན་པོ་ཁྱུང་རྫོང་རི། སྟོད་ཀྱི་ལོ་ཕུ་ཞལ་དཀར་རི། མདའ་ཡི་ལོ་ནག་གཡག་རྩེ་རི། བར་གྱི་ཚེ་རིང་མགོ་སྔོན་རི། ཁྲབ་ཀྱི་བཙུན་མོ་ཞལ་དཀར་རི། ཉ་ཆེན་མདུང་རྩེ་ཞལ་དཀར་རི། ཕྱག་རྫོང་ག་ཡུ་ཞལ་དཀར་རི། ཞལ་དཀར་བཅུ་གསུམ་རི། རྔམས་ཆེན་འབར་བ་རྩལ་རི། གནམ་ལྡིང་ནོར་བུ་སྨུག་ལེབ་རི། ཁང་རོང་བྲག་ནག་ཀླུ་བཙན་རི། ཀ་ཆེན་གཡུ་འཕྲུ་རི། དར་འཕྱར་ལྷ་མོ་རི། ཟི་རོ་རྒྱལ་བ་ཐོད་དཀར་རི། བསྟན་སྲུང་ཕྱུག་རི་སྨུག་མོ་རི། ལ་ཡི་རིགས་ལ་དྭངས་མོ་ལ་དང་། གླང་ལུས་ལ། ཁྲ་ཀྱོག་ལ། སྟ་རེ་ལ། སྤྱང་ཁུ་ལ་སོགས་ཡོད།

དེ་བཞིན་མཚོ་དང་གཙང་པོ་ལའང་རི་བོ་བསམ་གཏན་གངས་བཟང་གི་མཐའ་སྐོར་ཡོད་པའི་མཚོ་ནི་འབྲོང་མཚོ་ཕྱུག་མོ་དང་། འོ་མཆོ་དཀར་མོ་མཚོ། སྲས་བལ་བལ་མོ་མཚོ་དང་། གཙང་པོ་ལ་ནག་ཆུ། མོག་ཆུ་གཙང་པོ། འཇམ་ཆུ་གཙང་པོ། ཆོས་ལུང་ཆུ། ཆུ་ཧྲན་ཆུ། ཆུ་དྲོན་ཆུ་སོགས་ཡོད། དེ་དག་ལས་སྟ་རེ་ལ་ནི་ལྷ་རི་རྫོང་དང་ནག་ཆུ་རྫོང་ས་འབྲེལ་གྱི་མཚམས་སུ་ཡོད་ཅིང་ནག་ཆུ་རྫོང་ཆགས་ཡུལ་གྱི་ལྷོ་ཤར་དུ་གནས། རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༥༢༤༢ དང་ངོགས་གཉིས་སུ་སྤུས་ལེགས་ཀྱི་རང་བྱུང་འབྲོག་ས་ཡོད། ཁྲ་ཀྱོག་ལ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་ཡོད་ཅིང་ནག་ཆུ་རྫོང་གྲོང་རྡལ་ནས་དཔལ་མགོན་རྫོང་ཆགས་ཡུལ་དུ་འགྲོ་སའི་དབར་གྱི་ལ་ཞིག་ཡིན། གླང་ལུས་ལ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་གཞོགས་གཉིས་ནི་རང་བྱུང་འབྲོག་ས་རེད། དྭངས་མོ་ལ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༥༣༧༨ ཡོད། གཉན་ཆེན་ཐང་ལྷ་ནི་རི་བོའི་ལ་ཞིག་ཡིན་ཞིང་གཞོགས་གཉིས་ཀྱི་རི་ལྡེབས་ནི་རང་བྱུང་འབྲོག་ས་རེད།[5]

འབྲོང་མོ་མཚོ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་དཔལ་མགོན་རྫོང་དང་ས་འབྲེལ་གྱི་མཚེའུ་ཡིན་ཞིང་ཚྭ་ཆུའི་མཚེའུ་ཡིན་ལ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༦༦༤ དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༡༤༠ དང་མཐའ་འཁོར་དུ་རང་བྱུང་འབྲོག་ས་ཡོད། འཇམ་ཆུ་གཙང་པོ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་ལྷོ་ནས་བྱང་དུ་རྒྱུགས་རྗེས་ནག་ཆུ་གཙང་པོའི་ནང་འདྲེ་གི་ཡོད། གཙང་ཆུ་རྒྱུག་ཁུལ་དུ་རྩྭ་ཆུ་འཛོམས་ཤིང་མཛེས་སྡུག་ལྡན་པའི་རང་བྱུང་འབྲོག་ས་ཡང་ཡོད། མོག་ཆུ་གཙང་པོ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་ལྷོ་ནས་བྱང་དུ་རྒྱུགས་རྗེས་ནག་ཆུར་འདྲེས། དེ་ནི་ནག་ཆུའི་སྟོད་ཁུལ་གྱི་གལ་ཆེའི་ཆུ་ལག་གཅིག་རེད། རྒྱུག་ཁུལ་དུ་རྩྭ་ཆུ་འཛོམས་ལ་མཛེས་སྡུག་ལྡན་ཞིང་སྤུས་ལེགས་ཀྱི་རང་བྱུང་འབྲོག་ས་ཡོད།[6]

 

ལེ་ཚན་བཞི་པ། འབྲོག་ལས་ཐོན་ཁུངས་དང་ཐུན་མིན་ཐོན་ལས།

ནག་ཆུ་རྫོང་ནི་འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་ཅིང་འབྲོག་ལས་ཐོན་རྫས་རིན་ཐང་གིས་རྫོང་ཡོངས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་གི་བརྒྱ་ཆ་ ༩༠ ཡན་ཟིན་གྱི་ཡོད། སྒོ་ཕྱུགས་གཙོ་བོ་ནོར་དང་། ལུག ར། རྟ་སོགས་ཡོད། སྙན་གྲགས་ལྡན་པའི་ས་གནས་དམིགས་བསལ་ཐོན་རྫས་གཙོ་བོ་ནོར་དང་། བྱང་ལུག  མར། ཤ་སྐམ། བལ། ཀོ་བ། པགས་པ། ཚ་རུ། རྩིད་པ། ཁུ་ལུ། འོམ་བུ་སོགས་རང་ཉིད་ཀྱི་འཚོ་བའི་དགོས་མཁོ་དང་བརྗེ་ཚོང་ཐོན་རྫས་ཧ་ཅང་མང་། འབྲོག་ལས་ཐོན་རྫས་མཁོ་སྒྲུབ་དང་ལས་སྣོན་ཐད་ལུག་འཇོ་དུས་ནི་དབྱར་དུས་ཟླ་བ་ལྔ་པ་དང་བདུན་པའི་བར་གྱི་དུས་ཡུན་ཟླ་བ་གཉིས་ཡས་མས་ཡིན་ཅིང་། ཉིན་རེར་ཐེངས་གཉིས་འཇོ་མཁན་དང་ས་ཆ་འགའ་རེར་གཅིག་འཇོ་གི་ཡོད། ར་ནི་དེ་ལས་དུས་ཡུན་ཟླ་བ་གཉིས་ཙམ་གྱི་རིང་ཐོན་ཚད་ལུག་དང་ཁྱད་པར་ཆེན་པོ་མེད། འབྲོག་དུད་ཚོས་ཞོར་ལས་གཙོ་བོ་ནི་ཚྭ་བུལ་ལེན་པ་དང་རི་དྭགས་རྔོན་རྒྱག་པ། གྲོ་མ་དང་རམ་པ། འཐུ་རྩྭ་སོགས་གཅོད་འབྲེག་གི་ལས་ཀའི་རིགས་བྱེད་སྲོལ་ཡོད། ཞོར་ལས་ཀྱི་རིགས་ལས་བུད་མེད་ཚོས་སྤུ་རིགས་འཁལ་འཐག་བྱེད་པ་དང་སྐྱེས་པ་རྣམས་ཀྱིས་ཡོ་ག་ཡོག་པ། ཕྱིང་པ་བཟོ་བ་སོགས་བྱེད།

ཁུལ་དེར་ལྕགས་བཟོ་བྱེད་མཁན་ཉུང་ཤས་ཡོད་པ་དག་ལ་ཁལ་གཡག་རེ་གཉིས་ཙམ་ལས་མེད་ཅིང་། རང་གི་སྡོད་གནས་ཀྱང་གཏན་འཁེལ་མེད་པའི་དུད་ཁྱིམ་དབུལ་ཕོངས་དག་ཡིན་ལ། ཁོ་ཚོ་ནི་རིགས་དམན་པར་ཡང་བརྩི་སྲོལ་ཡོད་འདུག  མགར་བཟོའི་ལས་ཀ་ནི་སྐྱེས་པས་བྱེད་པའི་ཤུགས་ལས་ཤིག་ལས་བུད་མེད་ཀྱིས་བྱེད་སྲོལ་མེད་པ་ནི་བོད་རིགས་སྤྱི་ཡོངས་དང་མཚུངས། སྤྱིར་བཏང་པགས་པ་མཉེ་རྒྱུ་ནི་བུ་ཚང་མས་ཤེས་ཀྱི་ཡོད་པས་ལག་ཤེས་དང་ལག་རྩལ་ཁོངས་སུ་བརྩི་སྲོལ་མེད་ཀྱང་། གཉེད་མཁན་ཞེས་པགས་མཉེད་ཀྱི་ལས་ཀ་ཁོ་ནར་ཆེད་ལས་པ་དེ་འདྲ་ཡོད་པས། དུད་ཚང་མང་ཆེ་བས་མཉེད་མཁན་ལ་མཉེད་གླ་གཏོང་སྲོལ་ཡོད། པགས་རིགས་འབོར་མང་རིགས་ལ་པགས་གཉེད་དུས་ཡུན་ཟླ་ཤས་འགོར་གྱི་ཡོད། པགས་གཉེད་ཀྱི་ལག་ཆ་ནི་རུ་ཞེས་པའི་ཤིང་དང་སྐྱི་གྲི་བཅས་དང་པགས་པ་གཉེད་བྱེད་ཀྱི་རྫས་ནི་ཞག་ཚིལ་སོགས་སྣུམ་རིགས་བེད་སྤྱོད་ཀྱི་ཡོད།

 

ལེ་ཚན་ལྔ་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།

སྲོག་ཆགས་ཀྱི་རིགས་གླ་བ་དང་། ཤ་བ། འབྲོང་། རྐྱང་། གཙོད། གསའ། གཡི། གཉན། གནའ་བ། དགོ་བ། དོམ། དྲེད་མོང་། ཝ་མོ། སྲམ། སྤྱང་ཀི་སོགས་དང་། བྱ་རིགས་ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ཁྲུང་མགོ་ཁྲ། ངང་པ། བྱ་གླག་མགོ་ཁྲ། བྱ་རྒོད། ངང་པ་སོགས་བདག་ཏུ་མ་བཟུང་བའི་འདབས་ཆགས་རིགས་སུམ་ཅུ་སོ་གཉིས་ཙམ་ཡོད་པར་བཤད། སྔོ་སྨན་གྱི་རིགས་ལ་ཧོང་ལེན་དང་། སྲོ་མ་དམར་པོ། དབྱར་རྩ་དགུན་འབུ། ཨ་བྷི་ཥ། གངས་ལྷ་མེ་ཏོག  སྲོ་ལོ་དམར་པོ། སྙི་བ་སོགས་དང་། གཏེར་རྫས་རིགས་ལ་གསེར་དང་། དངུལ་དཀར་པོ། ཟངས། ལྕགས། སྤོས་ཤེལ། སྨུག་པོ་སྦལ་རྒྱབ། གངས་ཐིག  ཅོང་ཞི། ཞ་ཉེ། རྡོ་སྣུམ། རྡོ་སོལ། མུ་སི། ཆུ་ཤེལ། རྡོ་ཀ་མ་རུ། རྡོ་རྨ་བྱ། ངར་ལྕགས། རྡོ་ནག  ཞ་ཚྭ། ཏི་ཚྭ། གཟི་རྡོ། ཟེ་ཚྭ། མུ་ཟི། ཞ་ཉེ། ཟངས། ཚྭ། ཚྭ་ལ་དཀར་པོ། སྤོལ་ཤེལ། རྡོ་སྣུམ། གཡུ། རྡོ་ཤེལ། ལཱིན། བྱེ་གསེར། གཤའ། ཀེ་ལྕགས། སྣུམ་ལྡན་རྡོ་གཡམ། གཡང་ཊི། ལྷང་ཚེར། ཆུ་ཤེལ་སྨུག་པོ་སོགས་ཡོད་ཅིང་ཕྱིས་སུ་ས་ཞིབ་བརྟག་དཔྱད་ཞིབ་འཇུག་བྱས་པ་ལྟར་ན་རྫོང་ཡོངས་སུ་མདོག་ནག་པོ་དང་། མདོག་ཡོད་པ། ལྕགས་རིགས་མིན་པ། གཡུ་སོགས་སྣ་ཁ་ ༤༦ ཙམ་ཡོད་པར་བཤད།

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1].  བཅིངས་འགྲོལ་སྔོན་གྱི་ནག་ཆུ་རྫོང་ཚོ་ཤོག་ཁག་གི་ལོ་རྒྱུས་མདོར་བསྡུས། ནག་ཆུ་རྫོང་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་བསྡུ་སྒྲིག་ཚོ་ཆུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༥། ཤོག ༦-༢༨། ནང་དུ་གོང་གསལ་ཤོག་ཁག་དེ་དག་གི་དུས་སྐབས་དེའི་འགོ་དཔོན་གྱི་མིང་དང་ཁ་གྲངས། དེ་བཞིན་ཤོག་ཁག་དེ་རྣམས་ཀྱི་ས་འབབ་ཆགས་དབྱིབས་དང་ཡུལ་གྱི་བཀོད་པ་སོགས་གསལ།

[2].  (1)武振华.西藏地名.中国藏学出版社.1995年. (2)བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༡༢༧།

[3].  ཁྱད་དུ་འཕགས་པའི་བྱང་ཐང་། ངོ་མཚར་བའི་ཐོན་ཁུངས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༥། ཤོག ༢༧༤། རིའི་དེའི་ངོ་སྤྲོད་སྐོར་གསལ།

[4].  རི་བོ་དེ་དག་ནི་བསམ་གཏན་གངས་བཟང་གི་མཐའ་སྐོར་དུ་ཆགས་པའི་རི་ཚོགས་རྣམས་ཡིན།

[5]. (1)武振华.西藏地名.中国藏学出版社.1995年.

(2)བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༡༢༧།

[6].  (1)武振华.西藏地名.中国藏学出版社.1995年.

(2)བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༡༢༧།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།