རྫོང་གསར་བཤད་གྲྭའི་མཁན་རབས་བཅུ་དྲུག་པ་མཁན་པོ་འཇམ་དབྱངས་ཆོས་འཕེལ་མཆོག
༄༅། །རྫོང་སར་བཤད་གྲྭའི་མཁན་པོ་འཇམ་དབྱངས་ཆོས་འཕེལ་མཆོག་ནི། བོད་ལྗོངས་གཞིས་རྩེ་ས་ཁུལ་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་ཡུལ་གསར་གྲོང་ཚོར་ཡབ་བློ་གསལ་དང་། ཡུམ་ཚེ་རིང་གཉིས་ཀྱི་སྲས་སུ་སྤྱི་ལོ་ ༡༩༧༩ ལོར་འཁྲུངས། དགུང་ལོ་བརྒྱད་ནས་བཅུ་གཅིག་བར་བོད་ཡིག་དང་། ཨང་རྩིས། རྒྱ་ཡིག་བཅས་ལ་སློབ་གཉེར་གནང་། སྤྱི་ལོ་ ༡༩༩༢ ལོར་ལྷ་རྩེ་མང་མཁར་བསམ་གྲུབ་དགོན་གསར་དུ་ཆོས་ཞུགས་དང་། རབ་ཏུ་བྱུང་ནས་འདོན་རྟ་དབྱངས་སོགས་ལ་སྦྱངས་པ་གནང་། སྤྱི་ལོ་ ༡༩༩༨ ལོར་རྫོང་སར་བཤད་གྲྭར་འཛུལ་ཞུགས་ཀྱིས་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པར་སློབ་གཉེར་མཛད། སྤྱི་ལོ་ ༢༠༠༢ ལོར་དབུ་མ་དང་། ༢༠༠༥ ལོར་བསྟན་བཅོས། ༢༠༠༧ ལོར་སློབ་དཔོན་འཛིན་གྲྭ་བཅས་ལེགས་པར་ཐོན་པའི་ཕྱག་འཁྱེར་བཞེས།


