དཔལ་གསང་བ་འདུས་པ་དང་གསང་བ་སྙིང་པོའི་རྒྱུད་གཉིས་ཀྱི་འབྲེལ་བ།

དཔལ་གསང་བ་འདུས་པ་དང་གསང་བ་སྙིང་པོའི་རྒྱུད་གཉིས་ཀྱི་འབྲེལ་བ།

ར་སེ་བས།

སྔགས་གསར་མར་གྲགས་ཆེ་བའི་གསང་འདུས་དང་། སྔགས་རྙིང་མར་གྲགས་ཆེ་བའི་གསང་བ་སྙིང་པོའི་རྒྱུད་གཉིས་ནི། རྒྱུད་ཡོངས་སུ་ཐ་དད་པ་ཅིག་མ་ཡིན་པར་གཞི་གཅིག་ལས་གྱེས་པའམ། ཕ་བུ་ལྟར་སྔ་ཕྱིར་འབྲེལ་བ་ཅིག་ཡིན་འདུག་པ་ནི་རྩ་བ་ནི་གསང་བ་འདུས་པ་ཡིན་པ་དང་། དེའི་སྙིང་པོ་ཡིན་པས་གསང་བ་སྙིང་པོར་གྲགས་པའི་གནས་ལུགས་ཟབ་མོའི་ལོ་རྒྱུས་ངེས་པ་ཅན་ཡོད་པ་ཡིན་པར་ཤེས་དགོས།

 

གཅིག རིག་འཛིན་འཇིགས་མེད་གླིང་པའི་རང་རྣམ་ངོས་༢༤༣ལས། དཔལ་ལྡན་འདུས་པ་རིམ་ལྔའི་ཆོས་སྐད་རྣམས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བའི་སྙིང་པོ་ལ་སོགས་ཡོ་ག་གསུམ་གྱི་ལམ་རིམ་དང་ཡང་སྦྱར། དེ་ཡང་རིམ་པ་དང་པོ་བསྐྱེད་རིམ་ལ། འཆི་བ་ཆོས་སྐུ། བར་དོ་ལོངས་སྐུ། སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་ལམ་བྱེད། དེ་བཞིན་དབེན་པ་གསུམ་གྱི་རིམ་པ་དང་། ཐིམ་ལུགས་བཞི། བདེ་སྟོང་ལྷན་ཅིག་སྐྱེས་པའི་དཔེའི་ཡེ་ཤེས་གོམས་པ་ལས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཉིས་སུ་སྣང་བའི་བག་ཆགས་བཅོམ་སྟེ། རིམ་པ་བཞི་པའི་འོད་གསལ་སྐྱེ་ཚུལ་དབང་ལྔའི་ཆུ་བོ་དང་ལྟོས་གྲུབ་ཅན་དུ་འདོད་པའི་ཚུལ་ཡང་བརྗོད་པའི་སྐབས་རྙེད་པས་རྒྱུད་སྡེ་རང་སའི་ས་ལམ་བགྲོད་ཚུལ་ལ་མཐའ་གཅིག་ཏུ་ཞེན་པ་དག་ཀྱང་ཚིམ་པ་ཐོབ།ཅེས་བཀོད་འདུག་པས། གཞི་གཅིག་ཡིན་པར་རྟོགས་ཐུབ་པར་སྣང་།

གཉིས། མཁས་དབང་ཁང་དཀར་ལགས་ཀྱིས་ནང་པའི་གསང་སྔགས་ཆོས་འབྱུང་ངོས་༣༤༤ལས། སྒྱུ་འཕྲུལ་དྲྭ་བ་དང་གསང་འདུས་གཉིས་ལ་ལྟ་གྲུབ་ཐུན་མོང་བ་ཡང་མང་ཙམ་ཡོད། དཔེར་ན་སྒྱུ་འཕྲུལ་དྲ་བའི་ལེའུ་བདུན་པའི་དབུ་དང་། ཅིག་ཤོས་གསང་འདུས་ལེའི་གཉིས་པའི་དབུ་་་ཁག་གཉིས་བསྡུར་ན་གཅིག་ནས་གཅིག་ཤོས་བྱུང་བ་ནི་ཤོད་ཅི་ལ་དགོས། ་་་ཡང་བསམ་དགོས་པ་ཞིག་ནི་གསང་འདུས་འགྲེལ་བ་རྙིང་ཤོས་རྡོ་རྗེ་བཞད་པའི་གསང་འདུས་རྣམ་བཤད་ལས། ལུང་ལས་ཀྱང་། ཤིན་ཏུ་ཕྲ་ལ་སྦྱངས་པ་ཡིས།།བསམ་ཡས་དག་ལའང་དེ་བཞིན་བྱ།།རིག་པས་དཔག་པ་ཙམ་དུའོ།།ཞེས་ལུང་དྲངས་པའི་ཚིགས་བཅད་འདི་རྙིང་མའི་རྒྱུད་གལ་ཆེ་ཤོས་གསང་བ་སྙིང་པོའི་ནང་བཞུགས་ཤིང་། གསང་བ་སྙིང་པོ་ནི་སྒྱུ་འཕྲུལ་དྲྭ་བ་རྩ་བར་བྱས་ཏེ་བརྩམས་པ་ནི་རྒྱུད་གཉིས་བསྡུར་ནས་བརྟག་དཔྱད་བྱས་ན་ཤེས། རྒྱུ་མཚན་དེ་ལ་བརྟེན་ནའང་གསང་འདུས་དང་སྒྱུ་འཕྲུལ་དྲ་བ་འབྲེལ་བ་དམ་པོ་ཡོད་པ་མཚོན། ཞེས་སོགས་བཀོད་འདུག་པས་འབྲེལ་བའི་སྐོར་རགས་རིམ་རྟོགས་ཐུབ་པར་སྣང་ངོ་།།

 

གསུམ། དེའི་ངོས་༣༤༢ལས། གང་ལྟར་གསང་འདུས་ཀྱི་སྔོན་འགྲོའི་རྒྱུད་ནི་དེ་ཉིད་བསྡུས་པ་ཡིན་པ་ལྟ་གྲུབ་དང་ཆོ་ག་སོགས་གང་ལ་དཔྱད་ཀྱང་ར་འཕྲོད། འོན་ཀྱང་དེ་རྗེས་གསང་འདུས་བརྩམས་པ་མིན་པར་དེ་གཉིས་བར་དུ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་བརྩམས་ཡོད། འདིའི་ལེགས་སྦྱར་ཕྱི་མོ་མ་བཞུགས་མོད། རྒྱ་ནག་སྐད་དུ་ལོ་ཙཱ་བ་ཆོས་མཁས་ཀྱིས་བསྒྱུར་བའི་སྒྱུ་འཕྲུལ་དྲྭ་བའི་འགྱུར་གཅིག་དང་། བོད་སྐད་དུ་ལོ་ཆེན་རིན་ཆེན་བཟང་པོས་བསྒྱུར་བའི་སྒྱུ་འཕྲུལ་དྲྭ་བའི་གསར་འགྱུར་གཅིག་དང་། ཝི་མ་ལ་མི་ཏྲས་བསྒྱུར་བའི་སྒྱུ་འཕྲུལ་དྲྭ་བ་གསང་བ་ཐམས་ཅད་ཀྱི་མེ་ལོང་ཞེས་པའི་མཚན་ཅན་སྔ་འགྱུར་གཉིས་བཞུགས། གསར་འགྱུར་དང་རྒྱ་ནག་འགྱུར་གཉིས་འདྲ། སྔ་འགྱུར་སྒྱུ་འཕྲུལ་དྲ་བར་་་་གསལ་བའི་བྱང་ཆུབ་སེམས་དཔའ་བརྒྱད་པོ་ཐམས་ཅད་ཀྱི་མཚན་གསང་འདུས་སུ་མི་གསལ་བ་སོགས་ཀྱི་རྒྱུ་མཚན་གྱིས་གསར་འགྱུར་ལས་སྔ་འགྱུར་རྗེས་སུ་བརྩམས་ཡོད། ཅེས་བཀོད་པ་ལས་འཕེལ་འགྱུར་གྱི་བརྒྱུད་རིམ་གསལ་པོར་རྟོགས་ཐུབ་པར་སྣང་ངོ་།།

 

བཞི། གཞན་ཡང་དེའི་ངོས་༣༢༩ལས། དེའི་རྒྱུ་མཚན་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐུ་དུས་ཀྱི་ལོ་ཆེན་བཻ་རོ་ཙ་ནས་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་སྲོལ་ཕྱེ་པའི་གསང་འདུས་ཡེ་ཤེས་ཞབས་ལུགས་བོད་དུ་གདན་དྲངས་ཡོད་པ་མ་ཟད། རྡོ་རྗེ་བཞད་པའི་གསང་འདུས་རྣམ་བཤད་ཀྱང་བསྒྱུར་ཡོད། ཕྱི་ལོ་༨༢༤ལོར་ཕྱོགས་བསྒྲིགས་བྱས་པའི་དཀར་ཆག་ལྡན་མར་ཡེ་ཤེས་ཞབས་ཀྱི་གཞུང་གི་མཚན་ཡོད། ཅེས་བཀོད་འདུག་ལ། ཏུན་ཧོང་ཡིག་རྙིང་ནང་དུའང་སྔ་འགྱུར་གྱི་གསང་འདུས་ལེའུ་བཅུ་བདུན་པ་བཞུགས་ཡོད་པ་དང་། གསང་འདུས་ནི་སྔ་འགྱུར་ཏན་ཏྲ་ཆེན་པོ་བཅོ་བརྒྱད་གྲས་ཡིན་པར་གྲགས་པ་སོགས་ཀྱི་རྒྱབ་ལྗོངས་ལས་གསང་བ་འདུས་དང་། གསང་བ་འདུས་པའི་སྙིང་པོར་གྱུར་པ་ལྟ་བུའི་གསང་སྙིང་བར་དམིགས་བསལ་གྱི་འབྲེལ་བ་ཟབ་མོ་ཡོད་པར་རྟོགས་ཐུབ་པར་སྣང་ངོ་། །འདིར་གུས་པས་མཛུབ་མོས་རི་སྟོན་ཙམ་ཞུས་པའི་དམིགས་པའང་། གཟུ་གནས་དག་གིས་ཞིབ་ཆ་གོང་གསལ་ཡིག་ཆ་ཁག་གཞིར་བཟུང་ནས་ཞིབ་འཇུག་རིག་པའི་ལམ་གྱིས་གཞལ་བར་གནང་ནས།  སྔགས་གསར་རྙིང་བར་ཧེ་བག་དང་། མི་མཐུན་པ་གང་ཡང་མེད་པ་གཞི་གཅིག་ཏུ་བབས་པ་སོགས་རང་གཞན་ལ་ངེས་པ་སྦྱིན་པར་རིགས་སོ།།

 

༡འཇིགས་གླིང་རང་རྣམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།།

༢ ཁང་དཀར་གསུང་རྩོམ་དེབ་གསུམ་པ། སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

 

བརྒྱུད་སྐུལ།

མཆན་སྤེལ།