དཀར་ཆག་མཐོང་བ་འཛུམ་ཤོར་མ་རིག་མུན་སེལ།

དཀར་ཆག་མཐོང་བ་འཛུམ་ཤོར་མ་རིག་མུན་སེལ།
༄༅། །དཀར་ཆག་མཐོང་བ་འཛུམ་ཤོར་མ་རིག་མུན་སེལ་སྐྱེས་བུ་ཚིམ་བྱེད་གསལ་བའི་མེ་ལོང་འདི་ལ་ཚར་ཁ་རྒྱ་མོའི་དར་ཁ་གང་ཞུ་འཚལ་ཤོག
༄༅། །ཨོཾ་སྭ་སྟི་སཇ་སྟཱི་ཧཱུྃ། ཨེ་མ་ཧོ། ཆོས་དབྱིངས་ལྷུན་གྲུབ་ཕོ་བྲང་དམ་པ་ནས། །ཇི་སྙེད་གདུལ་བྱའི་ཁམས་དང་བསམ་པ་བཞིན། །དེ་སྙེད་རང་རང་གཟུགས་དང་སྐད་དེ་ལྟར། །བསྟན་མཛད་ཐུབ་དབང་གསེར་མདོག་ཅན་ལ་བསྟོད། །མུ་ཁྱུད་རྩིབས་ཀྱི་འཁོར་ལོ་སྐྱེ་མཐའི་མཆོག །འོད་དཔག་མེད་མགོན་དེ་ཡི་ཐུགས་རྗེ་ལས། །
མཚུངས་མེད་སྤྲུལ་སྐུ་པདྨ་བྱུང་གནས་ཞེས། །གྲགས་པའི་དཔལ་འབར་གྷུ་(གུ་)རུའི་ཞབས་ལ་འདུད། །རྒྱ་གར་འཕགས་ཡུལ་ཐུབ་དབང་ཞབས་དྲུང་དུ། །ཉན་ཐོས་མཆོག་གྱུར་རབ་འབྱོར་མཚན་གསོལ་བ། །གངས་ཅན་ལྗོངས་འདིར་བློ་བཟང་ཆོས་རྒྱལ་ཞེས། །བསྟན་པའི་རྒྱལ་མཚན་དེ་ལ་གུས་ཕྱག་འཚལ། །
ཀྱཻ། ཐམས་ཅད་མཁྱེན་དང་བདེ་གཤེགས་སྨན་གྱི་བླ། །ཉིད་ལས་རྣམ་སྤྲུལ་རིག་པའི་ཡེ་ཤེས་དང་། །དཔལ་ལྡན་རྒྱུད་ཀྱི་ཞུ་ཅན་ཡིད་ལས་སྐྱེས། །སྤྲུལ་པའི་དྲང་སྲོང་རིག་འཛིན་རྣམས་ལ་བསྟོད། །མཁྱེན་བརྩེའི་འོད་འབར་གདུལ་བྱ་མཐའ་ཡས་ཀྱི། །བློ་མུན་སེལ་མཛད་ཐོན་མི་སམྦྷོ་ཊས། །རྒྱ་གར་ཡུལ་བྱོན་ཡི་གེའི་དངོས་གྲུབ་ཐོབ། །བཀའ་དྲིན་ཅན་གྱི་ལོ་ཆེན་ཁྱེད་ལ་བསྟོད། །མི་ཉམས་བྱིན་རླབས་བརྒྱུད་པའི་བླ་མ་དང་། །དངོས་གྲུབ་ཀུན་སྩོལ་བླ་མ་ཡི་དམ་ལྷ། །བར་ཆད་སེལ་བའི་ཆོས་སྐྱོང་སྲུང་མ་ལ། །སྒོ་གསུམ་དང་བའི་ཡིད་ཀྱིས་ཕྱག་འཚལ་བསྟོད། །རང་སེམས་གཤིས་ཀྱི་གནས་ལུགས་ངོ་སྤྲོད་པའི། །ལྟོ་གོས་བསྐྱངས་ཤིང་འཇིག་རྟེན་སྟོན་པ་དང་། །མཐོ་རིས་ཐར་པའི་གྲུ་བཟང་སྦྱིན་མཛད་པའི། །དུས་གསུམ་ཕ་མ་རྣམས་ལ་ཕྱག་འཚལ་ནས། །ཚིགས་སུ་བཅད་པའི་དཀར་ཆག་མདོར་བསྡུས་འདི། །ཀུན་གྱི་རྣ་བའི་དབང་པོ་ཚིམ་ཕྱིར་བཤད།།
ཀྱཻ། འཇིག་རྟེན་ཆགས་དང་སྟོན་པའི་བྱོན་ཚུ་ལ་དང་། །དམ་ཆོས་གསུངས་དང་ཆོས་འཁོར་བསྐོར་ཚུལ་སོགས། །གསུང་རབ་འདི་ཡིས་རབ་སྟོན་མཛད་ཚུལ་རྣམས། །བློ་གྲོས་པདྨོའི་དཀྱིལ་འཁོཪ་ཁ་ཕྱེ་ནས། །མ་གཡེངས་གུས་པས་བཤད་དོ་ཡིད་ཀྱིས་ཉོན། །སྙན་གྱི་དབང་པོ་མ་གཡེངས་གསན་པར་འཚལ།།
ཀྱཻ། སྣོད་ཀྱི་འཇིག་རྟེན་རླུང་གི་དཀྱིལ་འཁོར་སྟེང་། །བྱེ་བ་ཕྲག་བརྒྱའི་ཆུ་ཆགས་དེ་ཡི་སྟེང། །གསེར་གྱི་ས་གཞི་ལྷུན་པོ་གླིང་བཞིར་བཅས། །ཉི་ཟླ་གཟའ་སྐར་ཚོགས་ཀྱིས་ཡོངས་སུ་བཀྲ། །དེ་ནི་ཕྱི་སྣོད་ཆགས་ཚུལ་ཟུར་ཙམ་མོ། །ནང་བཅུད་སེམས་ཅན་འོད་གསལ་ལྷ་ལས་ཆད། །དེ་ཡང་རྒྱ་གར་འཕགས་ཡུལ་ཆེན་པོ་ཡི། །མང་པོས་བཀུར་བའི་རྒྱལ་པོ་ནས་བཟུང་སྟེ། །རྒྱལ་པོ་ཟས་གཙང་བར་དུ་རྒྱལ་བརྒྱུད་ནི། །མང་དུ་ཡོད་དེ་ཡི་གེར་བཀོད་མི་ལང་།།
ཀྱཻ། ད་ནི་བདག་ཅག་སྟོན་པ་ཤཱཀྱའི་ཏོག །དགའ་ལྡན་ནས་འཕོས་ལྷུམས་ཞུགས་བལྟམས་པ་ནས། །བཟུང་སྟེ་འཁོར་བར་ཡིད་འབྱུང་བྱང་ཆུབ་ཀྱི། །ཤིང་དྲུང་ལོ་དྲུག་དཀའ་བ་སྤྱད་པའི་མཐར། །སྲོད་ལ་ཡིད་སྲུབ་སྡེ་བཅོམ་ནམ་གུང་ཆར། །ཏིང་འཛིན་ལ་བཞུགས་སྐྱ་རེངས་མངོན་སངས་རྒྱས། །བྱ་རྒོད་ཕུང་རི་ཝཱ་རཱ་ཎ་སཱི་སོགས། །བདེན་བཞི་མཚན་ཉིད་དོན་དམ་རྣམ་ངེས་ཀྱི། །བཀའ་ཡི་འཁོར་ལོ་རིམ་པ་གསུམ་དུ་བསྐོར། །གདུལ་བྱའི་བདག་པོ་སྨིན་ཅིང་འགྲོལ་བར་མཛད། །རྒྱ་གར་འཕགས་ཡུལ་བསྟན་པའི་ཉི་མ་ཤར། །དེ་ཡི་འོད་ཟེར་ཁ་བ་ཅན་ལ་འཕྲོས། །
ཀྱཻ། བོད་རྗེར་སྔ་བ་གཉའ་ཁྲི་བཙན་པོ་དེ། །བྱང་སེམས་སྒྲིབ་པ་རྣམ་སེལ་སྤྲུལ་པ་སྟེ། །དེ་བཞིན་དུ་ནི་ཀུན་བཟང་རྣམ་སྤྲུལ་ལ། །ཐོ་ཐོ་རི་ཡི་སྙན་ཤལ་ཞེས་སུ་གྲགས། །དེ་བཞིན་དུ་ནི་སྤྱན་རས་གཟིགས་སྤྲུལ་ལ། །ཆོས་རྒྱལ་སྲོང་བཙན་སྒམ་པོ་ཞེས་སུ་གྲགས། །དེ་ཞིན་དུ་ནི་འཇམ་དབྱངས་རྣམ་སྤྲུལ་ལ། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཞེས་སུ་གྲགས། །དེ་བཞིན་དུ་ནི་ཕྱག་རྡོར་རྣམ་སྤྲུལ་ལ། །ཆོས་རྒྱལ་ཁྲི་ནི་རལ་པ་ཅན་ཞེས་གྲགས། །ཆོས་རྒྱལ་ཆེན་པོ་རྣམས་ཀྱི་སྐུ་རིང་ལ། །གངས་ཅན་ལྗོངས་སུ་ཆོས་ཀྱི་ཉི་མ་ཤར། །དེ་ཡི་འོད་ཟེར་ལྷོ་ཕྱོགས་མོན་ལ་ཁྱབ། །
ཀྱཻ། ཕྱོགས་བཞི་མཚམས་བརྒྱད་རྒྱ་ཆེ་གྲངས་མང་ཡང་། །ཁྱད་དུ་འཕགས་པའི་ལ་འོག་ཡུལ་གསུམ་འདི། །སྐྱེ་འཆི་གཉིས་བྲལ་མཚོ་སྐྱེས་རྡོ་རྗེ་ཡིས། །བྱིན་གྱིས་བརླབས་ཤིང་སྦས་ཡུལ་ཡིན་པར་བཞེད། །དེ་ལྟར་ཡིན་པ་དཀར་པོ་བཟང་སོགས་དང་། །བྲག་དཀར་གནས་ཡིག་ནང་དུ་ལེགས་པར་གསལ། །དེ་ཡང་ཐོག་མར་མོན་གྱི་རྒྱལ་རིགས་རྣམས། །ལྷ་སྲས་བཙན་པོ་ནས་བརྒྱུད་མོན་ཡུལ་གྱི། །ཕྱོགས་བཞི་མཚམས་བརྒྱད་དག་ཏུ་སྣང་བ་ཡིས། །རྒྱལ་རིགས་ཁོན་ཚ་ལྔ་རུ་གྲགས་ན་ཡང་། །སྔོན་ཚེ་འཕགས་ཡུལ་ཆུ་བོ་སྐལ་ལྡན་གྱི། །འགྲམ་དུ་མིང་སྲིང་ལྷན་ཅིག་དད་(བསྡད་)པ་ལས། །ཤཱཀྱའི་རྒྱུད་ཅེས་ཡོངས་སུ་གྲགས་པ་ལྟར། །ཁོན་ཚ་ལྔ་ཡང་དེ་བཞིན་ཤེས་པར་བྱ།།
ཀྱཻ། ད་ནི་གནས་འདིའི་ཕུ་མདའ་གླིང་གསུམ་གྱི། །འདྲ་དཔེ་བསྟོད་ཚིག་མེ་ཏོག་ཕྲེང་བ་སྤེལ། །བུ་བཟང་གྱེ་ཤི་གནམ་གྱི་ཀ་བ་འདྲ། །བོད་ནོར་རྟ་སོགས་ཚྭ་གསེར་གློག་ལྟར་འཁྱུག །འབྲོག་བཟང་ཁ་བྲག་སྤང་གི་ངོས་ལོགས་ལ། །གནག་རྟ་ལུག་སོགས་རྐང་བཞི་སྐྱོང་ས་བཟང་། །འདོད་པ་ཀུན་ཚང་རྩི་ཐོག་མར་ལ་སྤྱོད། །མདའ་ནི་སོག་མ་པདྨ་ཁ་ཕྱེའི་སྟེང། །འབྲས་སོགས་རྒྱ་ཟས་འདོད་དགུའི་ཆར་པ་འབབ། །མདའ་བཟང་གསེར་ཞོང་གཡུ་ཡི་མཎྜལ་འདྲ། །མགོན་(དགོན་)ཀླུ་དཀར་མོས་འོག་ནས་མཆོད་པ་འབུལ། །རྒྱ་ནོར་ཚོས་རས་ཨརྟི་མཚོ་ལྟར་རྡོལ། །ཁུལ་དུ་བྱུང་བའི་ཁྲི་མོ་ཚོང་འདུས་འདི། །གཡས་རི་གཡོན་རི་རྒྱལ་པོ་གདན་བཞུགས་འདྲ། །མདུན་རི་བློན་པོ་ཞུ་བ་འབུལ་བ་འདྲ། །ཟ་ཆུ་རྐང་ནི་སྨན་ཆུ་བཞིན་དུ་བབས། ། འཐུང་དང་བཀྲུས་པས་ལུས་ཀྱི་ནད་གདོན་དག །ཡུལ་གྱི་མཐའ་རྣམས་ལྗོན་ཤིང་ནགས་ཚལ་ལྡན། །ལྷ་བྱ་མང་པོས་གསུང་སྙན་ཆོས་སུ་སྒྲོགས། །ཤུ་མ་བཟང་པོ་རྒྱ་དར་ཐིང་འདྲ་ལ། །དཀར་མོ་ནས་རྣམས་མཚོ་མོ་སྨེར་(སྨད་)ནས་འཁྲུངས། །ཕྲོང་(འབྲོང)དག་རྐང་ནི་ཧཱུྃ་སྒྲ་དི་རི་རི། །གྲངས་(སྦྲང )མ་རྐང་ནི་ལྕགས་རི་ལེགས་པར་བསྒྱུར། །དང་(སྡང་)བའི་དགྲ་རྣམས་སེམས་ལྕོང་(གཅོང་)བཞུགས་(ཞུགས་)པའི་ཆུ། །གྲང་དྲོའི་འཁོས་སྙོམས་རླུང་གཡབ་སི་ལི་ལི། །བྱ་ཕྲན་འཕུར་བའི་གཤོག་རྡེབ་ལིང་སེ་ལིང་། །རི་དྭགས་དགའ་བའི་གར་འགྱུར་ཤིག་སེ་ཤིག །གསེར་སྐྱའི་གྲོང་ལྟར་སྐྱེ་བོའི་ཚོགས་རྣམས་འདུ། །རྒྱ་གར་ཡུལ་གྱི་མ་ག་དྷ་དང་མཚུངས། །མཁས་བཙུན་བཟང་གསུམ་སྤྲུལ་སྐུ་འཁྲུངས་པའི་ཡུལ། །འབྲི་ཀློག་འཆད་ཉན་ཆོས་སྒྲ་རྒྱས་པའི་ས། །ཆུ་བོ་དལ་བབས་རྩི་བཅུད་འབྲས་བུ་སྨིན། །རྒྱལ་མཚན་རྩེ་ལ་ནོར་བུ་ཆར་(འཕྱར་)བ་འདྲ་། །
ཀྱཻ། དགོན་གནས་དམ་པ་ཐོང་(མཐོང་)སྨོན་(དེང་སང་མཐོང་ལེགས་ཀྱང་འབྲི་བར་སྣང་།)དགོན་པ་རུ། །སྐུ་གསུང་ཐུགས་ཀྱི་རྟེན་མཆོག་ཁྱད་འཕགས་བཞུགས། །བསྐང་གསོ་མཆོད་པ་ཚེས་བཅུ་མཐུན་བཟུང་(ཐུན་ཟུང་)ལ། །ཤི་བ་བཅད་པ་རིག་འཛིན་སྒྲལ་(གྲལ་)ལ་འཁོད། །མོས་གུས་མཛོད་ཅིག་སྦྱིན་བདག་དད་ཅན་ཚོ། །སྟོད་ན་ཁྲོམ་སྟེང་གཟིག་ཚང་ཀུན་ལ་ཡང་། །ཨྱོན་པདྨས་བྱིན་གྱིས་བརླབས་པའི་གནས། །བྲག་དཀར་ལོགས་ལ་སྐུ་ནི་བྲིས་ལས་གསལ། །དད་པ་ཅན་ལ་བུ་ནོར་དངོས་གྲུབ་སྟེར། །ཕོ་ལྷ་གཉན་པོ་མང་མེད་སངས་རྒྱས་གྲགས། །ལོ་རེ་བཞིན་དུ་གསོལ་ཞིང་མཆོད་པའི་མཐུས། །རང་ཕྱོགས་བདེ་བཀོད་དགྲ་དཔུང་ཐལ་བར་རློག །ལྷོ་ནུབ་སྤྲིན་ནག་ཐིབ་པའི་འོག་ཞེས་(གཞི་)ན། །སངས་རྒྱས་བསྟན་སྲུང་ཇོ་མོ་རེ་མ་ཏེ། །རྣོ་མྱུཪ་ཐོག་འདྲ་བསམ་དགུ་མ་ལུས་འགྲུབ། །དབྱར་དུས་ཆུ་དང་ཡར་ངོའི་ཟླ་བ་ལྟར། །འཕེལ་རྒྱས་ཡུན་རིང་དངོས་གྲུབ་སྩོལ་བའི་རྟགས། །
ཀྱཻ། འབུར་དུ་ཐོན་པའི་ལྷ་ཁྱིམ་དཀར་པོ་འདི། །རྩ་བ་རབ་བརྟན་ཀླུ་རྒྱལ་གཙུག་ནོར་གཟུགས། །རྩེ་མོ་མཐོ་བ་དགའ་ལྡན་ལྷ་ཡུལ་སླེབས། །ཟུར་བཞི་ལོགས་བརྐྱང་ཤེལ་དཀར་མཆོད་རྟེན་འདྲ། །སྒོ་ཆེན་སྒོ་ཆུང་སེངྒེ་འགྱིང་བ་འདྲ། །ལྕོག་ཆེན་ལྕོག་ཆུང་སྟག་མོ་ངར་བ་འདྲ། །མདའ་འུག་དཀར་ཁུང་ཟླ་བ་ཤར་བ་འདྲ། །སྟེང་གི་ཟེར་མ་ཁྱུང་གཤོག་བརྐྱང་བ་འདྲ། །སྐུ་སྲོག་སྐྱེད་པའི་འཕན་དར་རོང་སེ་རོང་། །ཕྱི་ལེགས་ནང་ཕྱུག་ལྷ་ཡི་གཞལ་ཡས་ཁང་། །མཐོང་ན་ཉམས་དགའ་སྡོད་ན་ལུས་སེམས་བདེ། །བཛྲ་གུ་རུའི་ཛབ་དབྱངས་དི་རི་རི། །བླ་མཆོད་རྣམས་ཀྱི་ཆོས་སྒྲ་རྒྱུན་མི་ཆད། །རྡོས་ལྟང་ཤིང་སྐད་གསེར་གྱི་ཀན་དང་མཚུངས། །རྣམ་རྒྱལ་ཁང་བཟང་ས་ལ་འཕོས་དང་མཚུངས། །དབྱར་བསིལ་དགུན་དྲོ་ལྷ་ཡི་གཞལ་ཡས་ཁང་། །བཀྲ་ཤིས་གཡང་ཆགས་བུ་ནོར་འཛོམ་རུང་ཤོག །དེ་ལ་ལྷ་ཁྱིམ་བསྟོད་པ་ཟུར་ཙམ་མཛོད། །
ཀྱེེ། སྐྱེས་པའི་ཕོ་ལ་དྲག་པོའི་གཏམ་ཡོད་པ། །མི་ལ་དགོས་པ་ཆེ་བ་བཞི་ལྡན་པ། །མི་མཆོག་མཚུངས་མེད་ཕྱུག་པོ་མདའུ་ལ་འདི། །གདུང་རུས་བཟང་བ་ཁོ་ཚ་ལྔ་ལས་ཆད། །གཅིག་ནི་མཁར་གསུམ་ཁོན་ཚ་ཁུ་མོར་གྲགས། །ཆོས་ལ་མཁས་པ་རྒྱ་གར་རྒྱལ་པོ་འདྲ། །རྩིས་ལ་མཁས་པ་རྒྱ་ནག་རྒྱལ་པོ་འདྲ། །མདུན་གྲོས་མཁས་པ་བློན་པོ་གོས་(གར་)དང་མཚུངས། །ཕྱི་ཡི་དགྲ་འདུལ་ནང་གི་སོ་ཚིས་མཛད། །ཡར་མཆོད་མར་སྦྱིན་དགེ་བ་དཔག་མེད་བསྒྲུབས། །བྱང་སེམས་ཆེ་ཞིང་དགེ་ལ་རབ་ཏུ་མོས། །སྦྱིན་པའི་བདག་པོ་ཨེ་མ་ངོ་མཚར་ཆེ། །
ཀྱཻ། དུ་བ་སྔོན་མོ་ནམ་མཁའི་བླ་རེ་བྲིས། །སྲིད་ཀྱི་ཚོ་(མཚོ་)མོ་ཟས་ནོར་སྐྱེད་བྱེད་པའི། །ཆོ་རིགས་ཁུངས་བཙུན་ཨུ་ཆུང་སངས་རྒྱས་འཛོམས། །གདུང་རུས་བཟང་བ་འོད་གསལ་ལྷ་ལས་ཆད། །སྐྱེ་འབྲས་ལེགས་པ་ལྷ་གཅིག་ཀོང་ཇོ་འདྲ། །མཚར་མཛེས་ཡིད་འོང་མཆོད་པའི་ལྷ་མོ་འདྲ། །ལག་བྱད་གཙང་བ་བལ་མོ་བཟའ་དང་མཚུངས། །དཀར་གསལ་གདངས་ལྡན་བྱི་རུའི་མཆོད་རྟེན་འདྲ། །ཕྱི་ཡི་མགྲོན་སྐྱོང་ནང་གི་ནོར་རྒྱུན་མ། །ཡར་མཆོད་མར་སྦྱིན་དབུལ་ཕོངས་རྟག་ཏུ་གསོ། །བསོད་ནམས་ཆེ་ཞིང་བུ་ནོར་ལོངས་སྤྱོད་ལྡན། །ཨེ་མ་ལེགས་སོ་སྦྱིན་པའི་བདག་མོར་བསྟོད། །
ཀྱཻ། སྲས་མོའི་མཆོག་གྱུར་བུ་ཏ་(འཁྲིད་)ཞེས་པ་འདི། །སྐྱེ་འབྲས་བཟང་བ་ལྷ་ལྕམ་ཞོན་ནུ་འདྲ། །ཆོས་སེམས་ཆེ་ཞིང་སྐུ་ལུས་ཤིན་ཏུ་ཁྲེངས། །སྤྱི་རུའི་(ཕྱི་རུ་)མཆོད་རྟེན་ལྷ་ལ་འབུལ་བ་འདྲ། །སྤྱང་གྲུང་ལྡན་ཞིང་ཕ་མའི་ངག་ལ་ཉན། །དགའ་ལྡན་མེ་ཏོག་ལྷ་ལ་འབུལ་བ་འདྲ། །སྤུན་བདག་སྣ་(མནའ)མ་མིང་སྲིང་རྣམས་ལ་བསྟོད། །བག་སེར་(གསར་)ཨུ་ཆུང་མཚོ་སྐྱེས་ཞེས་བྱ་འདི། །ལྷ་ཡི་སྲས་མོ་མི་ཡུལ་བྱོན་པ་འདྲ། །སྐྱེས་འབྲས་ལེགས་པ་གསེར་གྱི་མེ་ཏོག་འདྲ། །ཕྱི་ཡི་མགྲོན་རྣམས་འཛུམ་དང་མདངས་ཀྱིས་བསུ། །ནང་གི་འཁོར་རྣམས་བྱམས་དང་སྙིང་རྗེས་སྐྱོང༌། །འདི་འདྲའི་ཨུ་ཆུང་ཤིན་ཏུ་ངོ་མ་ཚར་ཆེ། །སྤྱང་ལ་གྲུང་པའི་བུ་ཆུང་ཟག་མ་འདི། །སྐྱེ་འབྲས་ལེགས་པ་བིལ་ཆུང་མེ་ཏོག་འདྲ། །ངག་འཇམ་སྨྲ་མཁས་ཀུན་གྱི་ཡིད་དུ་འོང་། །དེ་འདྲའི་བུ་ཆུང་ཤིན་ཏུ་ངོ་མཚར་ཆེ། །
ཀྱཻ། ཁྱད་པར་དུ་ཡང་ད་ལོའི་གནས་སྐབས་སུ། །གནམ་ལོའི་རྒྱལ་མོ་ལྕགས་མོ་ཡོས་ལོ་ལ། །སྦྱིན་བདག་སྟེང་(གཏན་)ཞལ་གྲོས་སྣ་ཆོས་སུ་མཐུན། །བསགས་པའི་ནོར་ལ་སྙིང་པོ་མེད་བསམ་ནས། །བསགས་པ་ཆོས་ཕྱིར་གཏོང་བའི་དམ་བཅའ་དང༌། །མ་བདག་རིགས་དྲུག་གནས་ངན་སྤང་བ་དང༌། །བདེ་ཆེན་ཐར་པའི་གླིང་དུ་བགྲོད་ཕྱིར་དང་། །དྲིན་ཅན་ཕ་མའི་དྲིན་ལན་འཁོར་ཕྱིར་དུ༌། །བཀའ་བསྡུས་སྙིང་པོ་འབུམ་ཆེན་བརྒྱ་ཚར་དང་། །བུ་ནོར་སྤེལ་ཕྱིར་གསུང་རབ་ཏོག་གཉིས་བཞེངས། །མི་ནོར་རྒྱས་ཤིང་དཀར་ཕྱོགས་སྐྱོང་བར་ཤོག །ཡི་གེའི་འདུ་བྱེད་གནས་ཆེན་བྲག་དཀར་ནས། །རབ་འབྱམས་སྨྲ་བ་བློ་བཟང་ལེགས་བཤད་ཀྱིས། །ལྷག་ཆད་ནོར་ཁྲུལ་རི་བོང་རྭ་དང་མཚུངས། །དགོས་འདོད་འབྱུང་བ་ཡུལ་མོ་ཁར་(མཁར་)དྲུང་ནས། །སྤྱང་གྲུང་ལྡན་པ་བུ་ཆུང་གནས་བརྟན་འདི། །ལུས་ངག་ཡིད་གསུམ་གུས་པས་ཤོག་ལས་བྱེས(བྱས)། །དེ་ལྟར་ཡོན་མཆོད་དམ་ཆོས་བཞེངས་སྐབས་སུ། །ཟ་མ་ཚོགས་ཆང་བྱུང་བ་དེ་ལྟར་ལགས། །ཆོས་གྲོགས་ལྡན་པའི་དགེ་སློང་འཆི་མེད་དང་། །བཀྲ་ཤིས་ཕུན་ཚོགས་ཆོས་གྲོགས་རྣམ་གཉིས་ཀྱིས། །འབྲས་ཟན་འབྲས་ཆང་རྒྱ་རི་སྣང་(གནང་)བ་ལས། །ལེགས་རང་ལེགས་སོ་ཤིན་ཏུ་ངོ་མཚར་ཆེ། །གཞོན་པའི་ཁྱུར་བརྒྱན་རྒྱལ་པོ་ཞེས་བྱ་དང་། །ལྷ་དབང་བརྒྱ་བྱིན་པདྨ་ཞེས་བྱ་དང་། །ཁམ་བུ་མེ་ཏོག་བཀྲ་ཤིས་བ་ཏི་གསུམ། །ཡོན་མཆོད་གཉིས་ལ་ཟ་མ་ཚོགས་ཆང་ལེགས། །དད་ཅན་ཨ་མ་ཟོམ་(འཛོམས་)པ་ལྷ་མོ་དང་། །(འདི་ནས་སྟར་འཕྲེང་གཉིས་ཙམ་དཔེ་ཆ་རལ་སྐྱོན་གྱིས་བཀོད་མ་ཐུབ།)ཆོས་སེམས་ཆེ་བ་མེས་མེས་ངག་ཕུན་གྱིས། །ཆོས་ཀྱི་གླེགས་བམ་བཞེངས་པ་ཤིན་ཏུ་ལེགས། །ཁྱད་པར་ཚེ་ལས་འདས་པ་སངས་རིན་དང་། །ཚེ་ལས་འདས་པ་རིན་་་་་། །དམྱལ་བའི་ཚ་གྲང་སྡུག་བསྔལ་རབ་ཞི་ནས། །བདེ་ཆེན་ཐར་པའི་གླིང་དུ་བགྲོད་ཕྱིར་དང་། །ཡང་དག་བླ་མེད་རྫོགས་བྱང་འཐོབ་ཕྱིར་བསྔོ། །གསུང་རབ་འདི་ལ་འབྲེལ་་་་་་། །(མཐའ་མའི་རྐང་པ་རལ་སྐྱོན་འདི་ནས་མཇུག་རྫོགས་)

འདི་ཡན་རྫོང་ཆོས་དགེ་སློང་ཐུབ་བསྟན་ངག་དབང་གིས་དཀར་ཆག་གི་ཡིག་སྐྱོན་གང་ཡོང་བཅོས། བློ་ཐག་མ་ཆོད་ཅིང་དཔྱད་དགོས་པ་རྣམས་གུག་རྟགས་སུ་བཀོད་དེ་མོན་ཡུལ་དང་། ཁྱད་པར་ཆུ་གཞིའམ་ཆུ་བཞི་དགོན་དང་འབྲེལ་བའི་ལོ་རྒྱུས་ཀྱི་འགངས་སུ་མཐོང་ནས་ཉེ་ལམ་མོན་ལ་ཡོད་དུས་ནས་ཞར་ཞོར་ལ་འཕྲུལ་ཡིག་ཏུ་འབེབས་པའི་འགོ་བཙུགས་ཏེ་ཕྱི་ལོ་ 2023 ཟླ་ 12 ཚེས་ 18 ཉིན་མཇུག་གྲུབ་པ་ལགས་སོ།།

 

གོང་གསལ་དཀར་ཆག་དེ་སྐྱ་ཆོས་བྲིས་མ་མོན་ཤོག་དཔེ་རྙིང་པོད་གཅིག ཤོག་རིང་བ། ཀ་སྡེ་ལས་མེད་པའི་འབུ་སྐྱོན་ཅུང་ཡོད་པ། ཆ་ཚང་བ། རིན་པོ་ཆེ་ཏོག་གི་དབུ་བཞུགས་སོ་ཞེས་པར་ཤོག་ཉིས་བརྒྱ་བཅུ་མེད་གཉིས་ཅན་གྱི་གླེགས་བམ་དེའི་རྒྱུ་སྦྱོར་སྦྱིན་བདག་གི་ཆེད་བྲིས་པ་ཞིག་ཡིན་འདུག མོན་ཆུ་བཞི་དགོན་ནས་ཐོན་པའི་འཕགས་བོད་གཉིས་དང་ཁྱད་པར་མོན་ཡུལ་དུ་རྒྱལ་བསྟན་དར་ཚུལ་གྱི་ཡིག་རྙིང་འདི་ཉིད་སྐུ་ཞབས་ཐུབ་བསྟན་ངག་དབང་གི་ངོ་དེབ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།