༄༅། །དཔལ་བཀྲ་ཤིས་ལྷུན་པོའི་དཔེ་དོན་གྱི་གནས་བསྟོད་མཐོང་བ་དོན་ལྡན་བཞུགས་སོ། །

༄༅། །དཔལ་བཀྲ་ཤིས་ལྷུན་པོའི་དཔེ་དོན་གྱི་གནས་བསྟོད་མཐོང་བ་དོན་ལྡན་བཞུགས་སོ། །

༄༅། །དཔལ་བཀྲ་ཤིས་ལྷུན་པོའི་དཔེ་དོན་གྱི་གནས་བསྟོད་མཐོང་བ་དོན་ལྡན་བཞུགས་སོ། །

 

༄༅། །ཨོཾ་སྭསྟི། ཐུབ་བསྟན་ཁ་བའི་ས་འཛིན་ལ་གནས་བརྒྱད་ཁྲི་བཞི་སྟོང་ལུང་གི་གཡུ་རལ་རབ་འཆང་བ། །བློ་གྲོས་བཟང་པོའི་ལུས་མཆོག་རབ་རྒྱས་མི་བཟད་མཆེ་སྡེར་རྣོན་པོ་རབ་བགྲད་སྦར་ཁྱིམ་ཅན། །ཚོགས་གཉིས་དཔལ་ལྡན་ཡེ་ཤེས་དབང་པོ་ཕྱོགས་ལས་རྣམ་རྒྱལ་རིགས་པའི་གད་རྒྱངས་མཐོན་པོ་ནི། །ཕྱོགས་བཅུར་བསྒྲགས་པས་རྒོལ་ངན་གླང་པོ་ཝ་སྐྱེས་ཚོགས་རྣམས་ཅིག་ཅར་རབ་ཏུ་འདར་བྱེད་པ། །སྨྲ་བའི་སེངྒེ་ཁྱོད་ཀྱིས་ད་དུང་བཀྲ་ཤིས་ཀཻ་ལ་ཤ་ཡི་རྡུལ་བརྩེགས་ལྷུན་པོ་ཐུགས་རྗེས་རྟག་ཏུ་སྐྱོངས། །

༈ རྗེ་རྒྱལ་ཀུན་མཁྱེན་བརྩེའི་རིན་ཆེན་ཁམས། །ཐབས་སྙིང་རྗེའི་བཟོ་ཡིས་སྐུར་བཞེངས་པ། །ལྷ་འཕགས་མཆོག་ཞྭ་སེར་གཙུག་རྒྱན་མཆོག །རྗེ་དགེ་འདུན་གྲུབ་ལ་སྙིང་ནས་འདུད། ། ༈ སྔོན་དགེ་འདུན་གྲུབ་སོགས་སྐར་ཚོགས་ཀྱི། །གྲངས་པཎ་གྲུབ་མཐའ་ཡས་བྱོན་བཞུགས་པ། །དཔལ་དག་པའི་ཞིང་མཆོག་བདེ་ལྡན་དངོས། །གནས་འདི་ལ་བདག་སེམས་དད་པས་བསྟོད། ། ༈ བཀའ་མདོ་རྒྱུད་དུ་མས་རབ་བསྔགས་པ། །ཞིང་ཕུན་ཚོགས་འཛམ་གླིང་ཡངས་པའི་གཞིར། །ཡངས་བསིལ་ལྗོངས་རྭ་བའི་ཕྲེང་བས་མཛེས། །ལྷ་ཐུགས་རྗེ་ཆེན་པོའི་ཞིང་མཆོག་ལགས། །ལྗོངས་འདི་ཡི་སྤྱི་ཕུད་གཙང་གི་ཕྱོགས། །དཔོན་མཁས་གྲུབ་དུ་མས་ཞབས་བཅགས་ཤིང་། །རྟེན་བྱིན་ཅན་ངོ་མཚར་བགྲང་ཡས་གྱིས། །ཞིང་འདི་ཡི་ས་གཞི་དོག་པོར་བྱས། །ལྷ་གནོད་སྦྱིན་གང་བ་བཟང་པོ་ཡི། །ཐུགས་བང་ཆེན་ཟབ་དགུ་བདུད་རྩིའི་རྒྱུན། །བཅུད་ཡན་ལག་བརྒྱད་ལྡན་མྱངས་པའི་ཡུལ། །སྒྲས་ཉང་ཤབས་ས་ཡི་ལྟེ་བ་འདིར། །ས་པདྨ་འདབ་བརྒྱད་ཡངས་པའི་སྟེང་། །གནམ་འཁོར་ལོ་རྩིབས་སྟོང་འབར་བའི་འོག །བར་དགེ་མཚན་དུ་མ་སྤུངས་པའི་གཞིར། །མཚན་སྙན་གྲགས་བཀྲ་ཤིས་ལྷུན་པོ་ཆགས། །རྗེ་འཇམ་དཔལ་སྙིང་པོ་ཤེས་རབ་སེང་། །ལྷ་ཡི་དམ་ཆོས་སྲུང་དུ་མ་ཡིས། །རྗེ་འདི་ལ་བསྟན་པའི་ལུང་བསྟན་སོགས། །ངོ་མཚར་བའི་རྣམ་ཐར་དུ་མ་བཞུགས། །དཔལ་སྐྱབས་གཅིག་དགེ་འདུན་གྲུབ་པ་ཡིས། །རྗེ་ཤེས་རབ་སེང་གེ་རེ་མ་ཏིས། །ལུང་བསྟན་པའི་དུས་ལ་ཉེར་དགོངས་ཏེ། །ཐུགས་བྱ་སྒྲུབ་ཡེ་ཤེས་ལྷ་བཟོ་ཡིས། །གཞན་ས་རྙིང་ཀར་སོགས་ས་འཛིན་དབུས། །དཔལ་ཞྭ་སེར་བསྟན་པའི་བ་གམ་མཆོག།།ཡོངས་ལྷར་བཅས་སྐྱེ་དགུའི་ཞིང་མཆོག་ཆེ། །བཀྲ་ཤིས་པའི་ས་འཛིན་ལྷུན་པོ་བསྐྲུན། །རྗེ་སྐྱབས་གཅིག་མཆོག་གི་སྤྲུལ་སྐུ་གཙོ། །ཡོངས་བསླབ་གསུམ་མཁས་མང་བྱེ་བའི་ཚོགས། །རྟེན་རང་བྱོན་གསུང་བྱོན་བགྲང་ཡས་ཀྱིས། །གནས་འདི་ཡི་ཕྱི་ནང་མ་ལུས་གང་། །ལྷ་རྗེ་བཙུན་སྒྲོལ་མ་ཞི་དྲག་གིས། །གནས་འདི་ཉིད་བུ་བཞིན་སྐྱོང་ངོ་ཞེས། །ལྷ་ཇོ་མོའི་སྐུ་སྤང་པད་མའི་སྟེང་། །གནས་འདི་ཉིད་མེ་ཏོག་གེ་སར་ཚུལ། །དཔལ་ཀྵེ་ཏྲ་པཱ་ལ་བིཀྩེ་ཡི། །སྐུ་རང་བྱོན་གཞན་ཡང་རང་བྱུང་གི །རྟེན་རྨད་བྱུང་ངོ་མཚར་བྱིན་ཆེན་ནི། །ཞིང་འདི་ཡི་ས་འཛིན་ངོས་ལ་བཞུགས། །ཡོངས་བསྟན་པའི་སྒོ་སྲུང་རྒྱལ་ཆེན་བཞིས། །གནས་འདི་ཉིད་ཁོ་བོས་བསྐྱབ་བོ་ཞེས། །ཤར་ཟངས་མཁར་གནས་ཀྱི་རི་བོ་སོགས། །ལྷ་རང་རང་གཟུགས་ཀྱིས་ཕྱོགས་བཞིར་འཁོད། །རྒྱབ་གླང་ཆེན་འགྱིང་འདྲའི་རི་བོའི་རྩེར། །དཔལ་འདོད་དགུ་སྐྱུག་པའི་ནེའུ་ལེ། །གནས་འདི་ལ་དགོས་འདོད་སྦྱིན་ནོ་སྐད། །བྲག་ནོར་བུའི་དོ་ཤལ་ལྷུག་པར་སྐྱུག།།མདུན་ལྗོན་པ་སྣ་ཚོགས་འཁྲིགས་པའི་དབུས། །ཁོང་གདེངས་ཅན་དབང་པོའི་ཕོ་བྲང་ཆེ། །མཚོ་ཡན་ལག་བརྒྱད་ལྡན་གཉིས་སྐྱེས་ཚོགས། །གསུང་ཀྱུར་ཀྱུར་མགྲིན་པའི་རྫ་རྔ་འཁྲོལ། །ལར་འདོད་ཡོན་རྣམ་གཡེང་རླུང་ཤུགས་ཀྱིས། །བསྐྱོད་མི་ནུས་ཀུན་ལ་འདི་ལྟར་ཞེས། །ངོས་གཡས་གཡོན་ས་འཛིན་བརྐྱངས་པ་ནི། །དར་བཟང་པོའི་ཡོལ་བས་བརྒྱན་པ་འདྲ། །ཁོང་མི་མཐུན་ཕྱོགས་རྣམས་ཟིལ་གནོན་ཕྱིར། །རི་མཁའ་ལྡིང་དབང་པོ་གཡས་ན་འགྱིང་། །ཡོངས་འཇིགས་པ་ཀུན་ལས་སྐྱོབ་བོ་ཞེས། །གདུགས་རང་བྱོན་ཞིང་འདིའི་གཡོན་ཕྱོགས་འགྱིང་། །གནས་འདི་རུ་ཁྲིམས་གཙང་འདུས་པའི་བརྡར། །རི་སྤྱི་བླུག་རང་བྱོན་ཏཱ་རེའི་གཡོན། །ཀུན་འཁོར་བའི་མཚོ་ལས་སྒྲོལ་ལོ་ཀྱེ། །གཟེངས་ཆེད་དུ་བྱས་འདྲ་སྟེང་དུ་འཕགས། །སྔགས་གསང་བའི་མྱུར་ལམ་རྒྱས་པའི་བརྡར། །སྟེང་མཁའ་འགྲོའི་གསང་ལམ་བདེ་མོར་གདའ། །དཔལ་སྲིད་ཞིའི་ཕུན་ཚོགས་ཞལ་མཐུན་ཏེ། །ཕྱོགས་འདི་རུ་དུས་གཅིག་འཛོམ་པ་བཞིན། །གླིང་འདི་ཡི་ཕྱི་ནང་བར་མཚམས་ཀུན། །ཡོངས་འདོད་དགུའི་དཔལ་འབྱོར་མཚོ་ལྟར་འཁྱིལ། །ཆོས་དུང་དཀར་གཡས་འཁྱིལ་མང་བྱོན་གྱིས། །གླིང་འདི་ཡི་སྙན་གྲགས་ས་སྟེང་ཁྱབ། །དཔལ་རྒྱལ་མཚན་རི་ནི་གནམ་དུ་གཟེངས། །ཕྱོགས་ཀུན་ཏུ་བསྟན་པའི་རྒྱལ་མཚན་བཙུགས། །གྲངས་བཅུ་ཕྲག་བཅུ་ཡི་ཆུ་མིག་ཚོགས། །ལྷ་གང་བ་བཟང་པོའི་ཆུ་ཡི་རྒྱུན། །གནས་འདི་ལ་མཆོད་ཡོན་འབུལ་བའི་ཆེད། །དུས་སྐྱེ་བྲི་མེད་པར་རྒྱུན་དུ་འབབ། །ཡོངས་འདོད་དགུ་འབྱུང་བའི་དཔག་བསམ་ཤིང་། །དཔལ་བཀྲ་ཤིས་རྫས་བརྒྱད་ལ་སོགས་པ། །གཟུགས་བཀོད་པ་སྣ་ཚོགས་ངོམས་བཞིན་དུ། །གླིང་འདི་ཡི་མཐའ་སྐོར་མཆོད་པའི་ཚུལ། །ཞིང་འདི་ཡི་བྱིན་རླབས་ལྕགས་ཀྱུ་ཡིས། །ཡིད་དྲངས་པའི་ཕྱོགས་བཞིའི་ལས་ཅན་རྣམས། །ཡོངས་སྒོ་གསུམ་གུས་པས་ཐལ་སྦྱར་ཏེ། །གནས་འདི་ལ་མཆོད་བསྟོད་སྨོན་ལམ་འདེབས། །ཡོངས་སྲིད་ཞིའི་རྣམ་དཀར་མཆོད་སྤྲིན་སྤྱི། །དེང་དངོས་བཤམས་ཡིད་སྤྲུལ་མཆོད་པའི་ཚོགས། །བདག་ཏིང་འཛིན་སྔགས་རྒྱས་ལེགས་འབུལ་ན། །གནས་འདིར་བཞུགས་བླ་མ་ལྷར་བཅས་མཆོད། །རྗེ་སྐྱབས་གཅིག་དཔལ་ལྡན་ཡེ་ཤེས་ཀྱི། །ཡོངས་ཕྱི་ནང་གསང་གསུམ་སྒྱུ་འཕྲུལ་གར། །དཔལ་བཀྲ་ཤིས་བརྩེགས་པའི་ལྷུན་པོའི་སྤོར། །དུས་ཆད་མེད་དགྱེས་བཞིན་རྣམ་རོལ་ཤོག །དེའི་མཐུ་ལས་བདག་ཀྱང་ཚེ་རབས་ཀུན། །རྗེ་བླ་མ་ཉིད་དང་མི་འབྲལ་ཞིང་། །དཔལ་ཞྭ་སེར་བསྟན་པའི་རྒྱལ་མཚན་ཆེ། ཕྱོགས་ཀུན་ཏུ་འཛིན་ལ་དབང་བསྒྱུར་ཤོག །སྐྱབས་བསླུ་མེད་མཆོག་གསུམ་བྱིན་རླབས་དང་། །ལྷ་ཡི་དམ་ཆོས་སྲུང་མཐུ་དཔུང་སྐྱེད། །བདག་རྩེ་གཅིག་སྨོན་པའི་བདེན་མཐུ་ཡིས། །གང་བསམ་པའི་དོན་འདི་མྱུར་འགྲུབ་ཤོག །དཔལ་ཆོས་སྲུང་སྤྱི་དང་དམག་ཟོར་མ། ། ལྷ་བཻཀྩེ་ཚངས་པ་ཕྱིར་དཀར་བཅས། །སྔོན་ཞལ་བཞེས་དམ་བཅའི་དུས་དགོངས་ལ། །ཡོངས་བསམ་དོན་མྱུར་འགྲུབ་འཕྲིན་ལས་མཛོད། །ཚུལ་འདི་རབ་འབྱམས་དགེ་འདུན་གྱིས། །བསྐུལ་ཚེ་དཀའ་བཅུ་ཚུལ་ཁྲིམས་ཀྱིས། །མ་གཅིག་ཇོ་མོའི་ཉེ་འདབས་སུ། །ས་ཟླའི་ཡར་ཚེས་དགུ་ལ་བྲིས།།[1] །།

 

[1] འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་ཀྱི་གསུང་འབུམ། ༼ཨ༽ ཤིང་དཔར། ཤོག་གྲངས་ ༧ན༣ ནས་ ༩བ༣ བར་གསལ་ལོ།།

བརྒྱུད་སྐུལ།

མཆན་སྤེལ།