དུང་དཀར་རིན་པོ་ཆེའི་བོད་ཀྱི་དཀར་ཆག་རིག་པ།

དུང་དཀར་རིན་པོ་ཆེའི་བོད་ཀྱི་དཀར་ཆག་རིག་པ།

སྔོན་འགྲོའི་གླེང་གཞི།

 

གངས་རིའི་ཕྲེང་བས་ཡོངས་སུ་བསྐོར་བའི་བོད་ཡུལ་གྱི་ལྗོངས་འདིར་སྔོན་བྱོན་ལོ་ཙཱ་བ་དང་པཎྜི་ཏ་རྣམས་ཀྱིས་རྒྱ་དཀར་ནག་དང་། ལི་ཡུལ། ཁ་ཆེ་སོགས་ཀྱི་སྐད་ནས་སངས་རྒྱས་ཀྱི་གསུང་རབ་དང་། དེའི་དགོངས་འགྲེལ་དང་བས་པའི་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར་པ་དང་། རང་རིགས་ཀྱི་མཁས་པ་མང་པོས་མཛད་པ་སོགས་རིག་གནས་ཆེ་བ་ལྔ་དང་། ཆུང་བ་ལྔ་ཡི་སྐོར་ལ་ཐོས་བསམ་སློབ་གཉེར་དང་། ཞིབ་འཇུག་བརྟག་དཔྱད་ཅི་འདྲ་ཞིག་བྱེད་དགོས་ཀྱང་དེ་དང་དེ་ལ་ཉེ་བར་མཁོ་བའི་དཔྱད་གཞིའི་ཡིག་ཆ་ཕུན་སུམ་ཚོགས་པ་ཡོད་ཐོག
མང་པོ་ཞིག་ནི་ཤིང་དཔར་དུ་བསྐྲུན་མྱོང་བ་དང་། དེ་འཕྲོས་དཔར་དུ་བསྐྲུན་མ་མྱོང་བ་དང་། དཔར་དུ་སྐྲུན་མི་ཐུབ་པར་ལུས་པ་ཡང་ཧ་ཅང་མང་པོ་ཡོད་པ་བཅས་ལ་བརྟེན། རང་རེ་བོད་ཁ་བ་ཅན་གྱི་བཅུ་ཕྲག་རིག་པའི་གནས་ནི་རྒྱལ་ཁབ་ཕྱི་ནང་གི་རིག་གནས་ནོར་བུའི་གཏེར་ཆེན་གཅིག་ཏུ་འདུས་པའི་བང་མཛོད་ལྟ་བུར་གྱུར་ཡོད། འོན་ཀྱང་རིག་གནས་གསར་བརྗེ་ཆེན་པོ་ཟེར་བའི་ལོ་བཅུའི་གོད་ཆག་བྱུང་བ་དང་ཆབས་ཅིག དེང་སང་ང་ཚོས་བཀོལ་བའི་བོད་ཡིག་འདི་ཐོག་མར་བྱུང་བ་ནས་བཟུང་ད་ཕན་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་རིང་གསོག་འཇོག་བྱས་པའི་བོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་དེ་དག་རྩ་མེད་རང་བཞིན་ལྡན་པའི་གཏོར་བཤིག་ཕོག་པ་འདི་ལྟ་བུའི་གྱོང་གུན་ནི་དེ་སྔོན་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མ་མྱོང་བ་རེད། མཁས་མཛངས་ལྡན་པའི་ཏང་ཀྲུང་དབྱང་གིས་གཡོན་ཐལ་བསམ་བློའི་རླབས་རྒྱུན་དང་། དེའི་གནོད་འཚེའི་རང་བཞིན་དུས་ཐོག་ཏུ་མཁྱེན་ནས་ཡོ་བསྲང་གནང་སྟེ་མི་རིགས་ཁག་གི་རིག་གནས་སྔར་ཡོད་རྣམས་རྒྱུན་འཛིན་གྱི་རྨང་གཞིའི་ཐོག་གོང་དུ་སྤེལ་བ་དང་། གསར་གཏོད་བྱ་རྒྱུའི་ཐད་ལ་ཕན་ཡོད་ཀྱི་མཛད་ཕྱོགས་སྲིས་ཇུས་རབ་དང་རིམ་པ་བཏོན་པ་དེས་སླར་ཡང་བོད་ཀྱི་གནས་ནོར་བུའི་བང་མཛོད་ནས་ད་ལྟ་ཕྲན་ཙམ་ལྷག་ཡོད་པ་འདི་དག་སྲུང་སྐྱོབ་བྱེད་ཐུབ་པའི་གོ་སྐབས་བཟང་པོ་ཐོབ་པ་དང་། ཚན་པ་ཁག་གི་དེའི་ཐད་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་འདི་ནི་རང་རྒྱལ་མི་རིགས་ཁག་གི་སེམས་ཀྱི་གཏིང་ནས་དགའ་སྤྲོ་སྐྱེ་འོས་པའི་བྱ་བ་རླབས་ཆེན་ཞིག་རེད། ལས་དོན་དེ་སྒྲུབ་པའི་ཆེད་དུ་ཐོག་མར་དཀར་ཆག་འགོད་པ་ནས་འགོ་ཚུགས་ཏེ་མྱུར་སྐྱོབ་ཀྱི་རྨང་གཞི་འདིང་དགོས་པ་དང་། དེ་དང་ཆབས་ཅིག་རྒྱུན་འཛིན་དང་། སྤེལ་བ། གསར་གཏོད་བཅས་ཀྱི་གོ་དིམ་ཡོད་པ་དང་། གཙོ་གནད་ཡོད་པའི་སྒོ་ནས་དུས་ཐུང་དང་། རྒྱང་རིང་གི་འཆར་གཞི་འདིང་དགོས་པ་བཅས། ལས་དོན་དེ་དག་གང་སྒྲུབ་ཀྱང་དཀར་ཆག་གི་ཧ་ཅང་གལ་ཆེ་བའི་ལྷུ་ཚིགས་ཤིག་རེད། དེར་བརྟེན་དེང་སྐབས་རྒྱལ་ཁབ་ཕྱི་ནང་དུ་དཀར་ཆག་རིག་པ་ཟེར་བའི་ཚན་རིག་ཞིབ་འཇུག་གི་སྡེ་ཁག་ཅིག་ཟུར་དུ་ཕྱེ་ནས་ཐོན་པ་དང་། བོད་ལ་ཡང་སྔ་རབས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ནས་ད་བར་དཀར་ཆག་འགོད་པའི་ལས་དོན་རྒྱུན་མི་ཆད་པར་བྱུང་བར་མ་ཟད། དེའི་ཐད་ལ་ཕུན་སུམ་ཚོགས་པའི་ཉམས་མྱོང་མང་པོ་བསགས་ཡོད་སྟབས། དེ་ཚོ་ཕྱོགས་བསྡུས་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཚན་རིག་མཁས་པ་རྣམས་དང་། རང་རིགས་ཀྱི་མི་རབས་རྗེས་མ་རྣམས་ལ་ངོ་སྤྲོད་ཞུ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡོད་པར་བསམས་ནས། བོད་ཀྱི་དཀར་ཆག་རིག་པ་ཟེར་བའི་ཆེད་རྩོམ་འདི་བཞིན་ངོ་མཚར་ཆེ་བའི་གཟིགས་མོའི་སྔོན་འགྲོའི་འཁྲབ་ཚན་ལྟ་བུ་དང་། དཔའ་བོ་གཡུལ་ལ་འཇུག་པའི་བརྡ་སྟོན་དུང་བརྡ་ལྟ་བུའི་ཕྱོགས་སྟོན་ཙམ་དུ་བསྒྲིགས་པ་ཡིན་པས། བཅུ་ཕྲག་རིག་པའི་གནས་ལ་མཁྱེན་སྤྱན་ཡངས་པ་རྣམས་ཀྱིས་འདི་ལས་རྒྱས་ཤིང་གསལ་བའི་ལེགས་བཤད་རྒྱུན་མི་ཆད་པར་སྤྲོ་བར་མཛད་པར་ཞུ།

 

དང་པོ། དཀར་ཆག་ཟེར་བའི་གོ་དོན་དང་དེའི་ནུས་པ།

 

1) དཀར་ཆག་ཅེས་པ་ནི། གསུང་རབ་དང་དཔེ་དེབ་ཡིག་ཆ་སོགས་སྡེ་ཚན་དང་རྣམ་གྲངས་སོགས་མ་འདྲེས་པར་འཚོལ་བདེ་བའི་ཐོ་ཡིག་གསལ་པོར་བཀོད་པ་ལ་ཟེར དེ་ཡང་དཀར་ཞེས་པ་ཉིན་དཀར་གྱི་དུས་སུ་གཟུགས་བརྙན་རྣམས་གསལ་པོར་མཐོང་ཐུབ་པ་ལྟ་བུའི་ཁྱད་ཆོས་ལྡན་པ་དང་། སྡེ་ཚན་དང་རྣམ་གྲངས་ཁག་རྣམས་མ་འདྲེས་པར་སོ་སོར་ཕྱེ་ནས་རྩྭའི་ཆུན་པོ་བསྡམས་པ་ལྟར་ཆིངས་རིམ་པ་བདུན་གྱིས་བཅིངས་ཏེ་མིང་ཐོར་བཀོད་པས་ན་ཆག་ཅེས་དཔེ་ཡི་སྒོ་ནས་བཏགས་པ་ཡིན།

དཀར་ཆག་གི་ཆིངས་བདུན་ཞེས་པ་ནི། (1) སྡེ་ཚན་གང་གི་ཁོངས་ཡིན་པ། (2) རྩོམ་ཡིག་གི་ཁ་བྱང་དང་མིང་། (3) རྩོམ་པ་པོའི་མིང་། (4) ལེ་ཚན་གྱི་གྲངས། (5) པོད་གྲངས། (6) ཤོག་གྲངས། (7) ཆ་ཚང་མིན་བཅས་ཡིན། བདུན་པོ་དེ་ནི་ཞིབ་འཇུག་བྱེད་མཁན་དང་། སློབ་ཁྲིད་འཆད་ཉན་བྱེད་མཁན། དཔེ་མཛོད་བདག་གཉེར་བྱེད་མཁན་བཅས་ཚང་མར་ངེས་པར་དུ་བློ་ལ་འཛིན་དགོས་པའི་དོན་ཚན་གཙོ་བོ་ཡིན་ཅིང་། རྒྱས་པར་བཤད་ན་གཤམ་གསལ་དོན་ཚན་གསུམ་པའི་སྐབས་སུ་འབྱུང་བ་ལྟར། ནང་དོན་ཞིབ་ཕྲ་འགོད་རྒྱུ་ཡོད་པར་མ་ཟད། དེ་ཚོ་རེ་རེ་ལ་ཡང་དམིགས་བསལ་གྱི་ཁྱད་ཆོས་དང་། ནུས་པ། བྱ་ཐབས་བཅས་མི་འདྲ་བ་ཡོད་པ་རེད། དེར་བརྟེན་དཀར་ཆག་ནི་གཞི་ཁྱོན་ཆེ་ཞིང་རྣམ་གྲངས་མང་བའི་དཔེ་ཆ་ལྟ་བ་ལ་མེད་དུ་མི་རུང་བའི་གསལ་བྱེད་མེ་ལོང་ལྟ་བུ་དང་། ཚན་རིག་ཞིབ་འཇུག་བྱེད་པར་ཐོག་མའི་འཇུག་སྒོ་ལྟ་བུ། དཔེ་མཛོད་ཁང་གི་སྒོ་བརྒྱ་མྱུར་དུ་འབྱེད་པའི་ལྡེ་མིག་ལྟ་བུ། གལ་ཆེའི་དཔེ་དེབ་བདག་གཉེར་སྲུང་སྐྱོབ་བྱེད་རྒྱུར་མཁོ་བའི་ནུས་ལྡན་མཚོན་ཆ་ལྟ་བུ་བཅས་ཡིན།

དཀར་ཆག་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་དེ་འདྲ་ཡོད་པའི་དབང་གིས་རྒྱལ་ཁབ་ཕྱི་ནང་གི་ཚན་རིག་མཁས་ཅན་རྣམས་ཀྱིས་ཐོག་མར་དཔེ་མཛོད་ཁང་གི་དཀར་ཆག་ལ་གཟིགས་ཏེ། ཆེད་ལས་ཞིབ་འཇུག་ལ་མཁོ་བའི་དཔྱད་གཞིའི་ཡིག་ཆར་ཐུགས་ཞིབ་དང་། དཔྱད་གཞི་གསོག་འཇོག ལེགས་སྒྲིག་བཅས་གནང་བ་བརྒྱུད། ཚན་རིག་གི་རང་བཞིན་ལྡན་པའི་གསུང་རྩོམ་རིན་ཐང་བྲལ་བ་མང་པོ་རྩོམ་གནང་བ་མཛད་པ་དང་། ལྷག་པར་དུ་མར་ཁེ་སི་དང་། ཨིན་ཀེ་སི་སོགས་ཚན་རིག་མཁས་ཅན་མང་པོ་ཞིག་ནི། ཐོག་མར་དཔེ་མཛོད་ཁང་དུ་རྒྱུན་རིང་ཕྱག་ལས་གནང་བ་དང་ཆབས་ཅིག་ཚན་རིག་ཞིབ་འཇུག་གནང་སྟེ། དཔེ་མཛོད་ཁང་དུ་ཡོད་པའི་དཔྱད་གཞིའི་ཡིག་ཆ་ཕུན་སུམ་ཚོགས་པ་དེ་དག་གི་ནུས་པ་འདོན་སྤེལ་ལེགས་པར་གནང་ཐུབ་པ་བྱུང་ཡོད།

2) དཀར་ཆག་གི་ནུས་པ། དཀར་ཆག་ནི་དཔེ་དེབ་ཀུན་གྱི་གཟུགས་བརྙན་གསལ་བའི་མེ་ལོང་ལྟ་བུ་ཡིན་ཏེ། དཀར་ཆག་གི་ནང་དུ་དཔེ་དེབ་སོ་སོའི་མིང་དང་། རྩོམ་པ་པོའི་མིང་། ནང་དོན། སྡེ་ཚན། ཤོག་གྲངས། ཆ་ཚང་མིན། བྲིས་མ་དང་དཔར་མ་གང་ཡིན་སོགས་ཞིབ་ཅིང་ཕྲ་བ་ཀོད་ཡོད་སྟབས་དཀར་ཆག་ལ་ཡང་ཡང་ལྟ་ཀློག་བྱེད་ཐུབ་ན་དུས་ཚོད་རིང་པོ་མི་དགོས་པར་དེའི་ནང་བཀོད་པའི་དོན་ཚན་གལ་ཆེ་བ་རྣམས་བློ་ལ་འཛིན་ཐུབ་པ་ཡོང་ཞིང་། རྩོམ་པ་པོ་གང་དང་གང་གི་རྩོམ་ཡིག་ནང་དཔྱད་གཞི་གལ་ཆེ་བ་གང་དང་གང་ཡོད་པ་དང་། སྡེ་ཚན་གང་གི་ནང་དུ་མཁས་པ་སུ་དང་སུའི་རྩོམ་ཡིག་ཡོད་པ། རྩོམ་ཡིག་དེ་དུས་སྐབས་གང་གི་ནང་དུ་བརྩམས་པ། དེ་ལ་ཁྱད་ཆོས་གང་དང་གང་ཡོད་པ་སོགས་ཀྱི་དཀར་ཆག་གསོན་པོ་ཞིག་རང་གི་བསམ་བློའི་ཐོག་ཆགས་ཐུབ་པ་ཡོང་། ཡིག་ཐོག་ཏུ་བཀོད་པའི་དཀར་ཆག་དང་། བློ་ཐོག་ལ་འཇགས་པའི་དཀར་ཆག་གཉིས་ཀྱི་ནུས་པ་འདོན་ཚུལ་མི་འདྲ་སྟེ། ཡིག་ཐོག་ཏུ་འཁོད་པའི་དཀར་ཆག་ནི། རྒྱལ་ཁབ་ཕྱི་ནང་གི་མི་རིགས་རང་རང་སོ་སོའི་རིག་གནས་ཐོག་འབྲེལ་བ་ཡོད་པའི་རྩོམ་ཡིག་དང་དཔྱད་གཞིའི་ཡིག་ཆ་གང་ཡོད་ཡིག་ཐོག་ཏུ་བཀོད་པ་དང་། ཡང་ན་དཔེ་མཛོད་ཁང་སོ་སོར་ཡོད་པའི་དཔེ་དེབ་རྣམས་ཐོར་བཀོད་པའི་དཀར་ཆག་ཡིན་པས་གཙོ་གནད་ཆེ་ཆུང་དང་། དགོས་མཁོ་ཆེ་ཆུང་གི་ཁྱད་པར་ཕྱེ་མེད་ལ་མ་ཕྱེ་ཡང་འགྲིག་པ་དང་། བློ་ཏོག་ཏུ་འཇགས་པའི་དཀར་ཆག་ནི་ཡིག་ཐོག་ཏུ་འཁོད་པའི་དཀར་ཆག་ལྟ་བུའི་དེབ་དེབ་ཡོད་ཚད་ཀྱི་མིང་དང་ནང་དོན་བློ་ལ་འཇགས་ཐབས་བྱས་པ་ཞིག་མ་ཡིན་པར། རང་ཉིད་ཀྱི་ཆེད་ལས་དང་འབྲེལ་བ་ཡོད་པའི་རྩོམ་རིག་དང་དཔྱད་གཞིའི་ཡིག་ཆ་ཁག་གི་མིང་དང་། རྩོམ་པ་པོའི་མིང་། བརྗོད་བྱའི་ནང་དོན། རྒྱས་བསྡུས། ཁ་གསལ་མི་གསལ། སྡེ་ཚན་དང་ལེ་ཚན་གང་གི་ནང་དུ་འཚོལ་དགོས་པ་བཅས་བློ་ལ་ངེས་པའི་བསམ་བློའི་ནུས་རྩལ་ཡིན་པས། དེས་རྩོམ་ཡིག་གི་མིང་དེ་གོ་མ་ཐག་ཏུ་རྩོམ་ཡིག་ཧྲིལ་པོའི་ནང་དོན་ཙམ་མ་ཟད། ཐ་ན་ཤོག་གྲངས་ཀྱི་རྒྱབ་མདུན་དང་ཡིག་ཕྲེང་གང་དང་གང་གི་ནང་དུ་གལ་ཆེའི་དཔྱད་གཞི་གང་དང་གང་ཡོད་པ་བཅས་ཀྱང་སེམས་ལ་འཇོག་ཐུབ། དེ་ནི་ཡིག་ཐོག་ཏུ་འཁོད་པའི་དཀར་ཆག་གིས་བསྡུར་ཐབས་མེད་པའི་དཀར་ཆག་གསོན་པོ་ཞིག་ཡིན་པས། ཞིབ་འཇུག་མི་སྣ་དང་། རྩོམ་པ་པོ། དཔེ་མཛོད་བདག་གཉེར་མཁན་སུ་ཡིན་ཀྱང་ཡིག་ཐོག་གི་དཀར་ཆག་གཅིག་པུར་སྐྱབས་བཅོལ་ནས་བསྡད་ན་ལས་དོན་གྱི་ས་ཆོད་ཆུང་ཞིང་། གལ་ཆེའི་དུས་ཚོད་མང་པོ་ཞིག་ཡིག་ཆ་འཚོལ་ཞིབ་ཀྱི་རིང་ལ་ཟད་ནས་མི་ཤུགས་དང་དངོས་ཤུགས་འབོར་ཆེན་དོན་མེད་ཆུད་ཟོས་སུ་འགྲོ་རྒྱུ་རེད།

(3) དཀར་ཆག་ནི་ཚན་རིག་ཞིབ་འཇུག་གི་ཐོག་མའི་འཇུག་སྒོ་ཡིན་པ། དེ་ཡང་ཆེད་ལས་ཚན་རིག་གི་ཞིབ་འཇུག་གང་བྱས་ཀྱང་དེའི་བྱ་ཡུལ་ངོ་མ་ནི་རང་བྱུང་ཁམས་དང་། མི། བྱ་བ། དངོས་པོ་སོགས་ལ་ཡོད་པའི་རང་རང་སོ་སོའི་ཁྱད་ཆོས་དང་། ནུས་པ། སྣང་ཚུལ། ངོ་བོ་བཅས་ཡིན་པས་དེ་ཚོར་ཞིབ་འཇུག་བྱེད་བསམ་ན་ཚན་རིག་སྡེ་ཁག་དེ་དང་། འབྲེལ་ཡོད་ཚན་ཁག་གཞན་རྣམས་ལ་སྔོན་གྱི་མཁས་པ་ཚོས་ཞིབ་པྱད་གནང་བའི་མཇུག་བསྡོམས་དང་། ཚོད་བཤད། དོགས་གནས་སུ་འཇོག་པ་བཅས་གསུང་ཚུལ་འདྲ་མིན་སྣ་ཚོགས་ཡོད་པ་རྣམས་རང་ཉིད་ཀྱི་དཔྱད་གཞིར་བྱ་དགོས་ཤིང་། དཔྱད་གཞིའི་ཡིག་ཆ་རྣམས་ཀྱི་ནང་དོན་རྒྱུས་མངའ་ཡོད་པ་ཞིག་བྱེད་དགོས་ན་ཐོག་མར་དེ་ཚོའི་མིང་དང་། རྩོམ་པ་པོ། དེ་ལ་ལེ་ཚན་མང་ཉུང་ཅི་ཙམ་ཡོད་པ། ཤོག་གྲངས་དང་པོད་གྲངས་ཇི་ཙམ་ཡོད་པ་བཅས་ནི་མ་མཐར་སེམས་ལ་ངེས་དགོས་པའི་དོན་ཚན་ཡིན། དེའི་རྒྱུ་མཚན་ནི། དཔེར་ན། དངོས་པོ་གལ་ཆེ་བ་ཞིག་རང་ལ་དགོས་ན་ཐོག་མར་དངོས་པོ་དེའི་མིང་དང་། ཁྱད་ཆོས་ནུས་པ་བཅས་ཤེས་དགོས། དེ་མ་ཤེས་ན་དངོས་པོ་དེ་རང་ལ་ཡོང་ཐབས་མེད་ལ། དངོས་པོ་དེ་རང་གཞན་སུ་ལ་ཡོད་པ་ཞིག་ཡིན་ཀྱང་བེད་སྤྱོད་བྱེད་སྟངས་ཤེས་ཐབས་གཏན་ནས་མེད་པ་དང་འདྲ། ཚན་རིག་མཁན་རྣམས་ཀྱིས་ཐོག་མར་ཆེད་ལས་དེ་ཡི་དཔྱད་གཞིའི་ཡིག་ཆ་ཁག་གི་དཀར་ཆག་ལ་ཞིབ་འཇུག་བྱེད་པ་ནས་འགོ་འཛུགས་དགོས་པ་དང་། རང་ཉིད་ལ་ཅུང་ཟད་ཆ་ཚང་བའི་དཀར་ཆག་ཡིག་ཐོག་ཏུ་འཁོད་པ་ཞིག་ཡོད་དགོས་པ་དང་། དེ་ནས་གོམ་གང་མདུན་སྤོས་ཀྱིས་དཀར་ཆག་གི་ནང་དོན་སེམས་ལ་ངེས་གང་ཐུབ་བྱེད་དགོས་པ་གནད་ཆེན་པོ་ཡོད། དཀར་ཆག་ཞིབ་འཇུག་བྱེད་པ་ནི་དཀར་ཆག་བློ་ལ་ངེས་པའི་ཐབས་ཤེས་ཧ་ཅང་ཡག་པོ་ཞིག་ཡིན་པ་དང་། དེས་དཔྱད་ག་ཞིའི་ཡིག་རིགས་མང་པོ་ལྟ་བུར་ཕྲ་མཐོང་ཆེ་ཤེལ་ལྟ་བུའི་ནུས་པ་འདོན་ཐུབ་པ། རིན་ཐང་ཆེ་བའི་དུས་ཚོད་མང་པོ་གྲོན་ཆུང་བྱེད་ཐུབ་པ། གནད་དོན་གཅིག་བརྒྱུད་ནས་འབྲེལ་ཡོད་གནད་དོན་མང་པོར་བསམ་གཞིགས་བྱེད་རྒྱུར་སྣེ་འཁྲིད་ཐུབ་པ་བཅས་ཕན་ཐོགས་ཆེན་པོ་ཡོད། དཀར་ཆག་ཞིབ་འཇུག་བྱེད་པའི་ལས་ཀའི་ནང་ནས་ཐབས་ཤེས་ལེགས་ཤོས་ནི། དཀར་ཆག་བཀོད་པའི་ལས་དོན་དངོས་དང་ཟུང་འབྲེལ་བྱེད་པ་དེ་ཡིན་ཅིང་། དེ་འདྲའི་གོ་སྐབས་ནི་དཔེ་མཛོད་ཁང་ལ་ལས་ཀ་བྱས་ན་མ་གཏོགས་ཡོང་དཀའ་བས། དཀར་ཆག་ལྟ་ཀློག་བྱེད་པ་དང་ཆབས་ཅིག དེའི་ནང་དུ་འཁོད་པའི་དཔྱད་གཞིའི་ཡིག་ཆ་རྣམས་གོ་རིམ་ཡོད་པ་དང་། འཆར་གཞི་ཡོད་པའི་སྒོ་ནས་ལྟ་ཀློག་བྱེད་པ། གལ་ཆེའི་གནད་དོན་རྣམས་བཤུ་བ་བཅས་ཀྱི་སྦྱོང་བརྡར་བྱས་ན་དཔེ་དེབ་དའེི་མིང་གོ་བ་ཙམ་གྱིས་དེའི་ནང་དོན་སེམས་ལ་ལྷང་ལྷང་འཆར་ཐུབ་པ་ཞིག་ཡོང་གི་རེད།

(4) དཀར་ཆག་ནི་དཔེ་མཛོད་ཁང་གི་སྒོ་བརྒྱ་མྱུར་དུ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན།

(5) དཔེ་མཛོད་ཁང་གི་དཔེ་ཆ་བདག་གཉེར་དང་སྲུང་སྐྱོབ་བྱེད་རྒྱུར་མཁོ་བའི་ནུས་ལྡན་མཚོན་ན་ཞིག་ཡིན།

 

གཉིས་པ། བོད་དུ་དཀར་ཆག་ཇི་ལྟར་བྱུང་བའི་ལོ་རྒྱུས།

 

དེ་ཡང་སྔོན་སྤྱི་ལོའི་དུས་རབས་བརྒྱད་པའི་མཇུག་ཙམ་ལ་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱིས་སྲིད་དབང་བཟུང་སྐབས། ལོ་ཙཱ་བ་བནྡེ་དཔལ་རབྩེགས་ར་ཀྵི་ཏ་དང་། ཆོས་ཀྱི་སྙིང་པོ། དེ་བནྡྲེ་ (ལྷའི་དབང་པོ་) དཔལ་གྱི་ལྷུན་པོ་བཅས་ལ་བཀའ་གནང་ནས་འཕང་ཐང་ཀ་མེད་ཀྱི་གཙུག་གལ་ཁང་དུ་བཞུགས་པའི་གསུང་རབ་རྣམས་ལ། ཚེག་བར་བརྒྱད་རེ་ལ་ཤོ་ལོ་ཀ་རེ། ཤོ་ལོ་ཀ་བརྒྱ་ལ་བམ་པོ་རེ་རེའི་ཚད་དུ་བྱས་ཏེ་གྲངས་དེས་རྩིས་གཞི་བྱས་པའི་ཐེམ་བྱང་ (དཀར་ཆག་) མ་ནོར་བར་ཆོས་ཚན་འདི་དང་འདི་ཡོད་ཅེས་ཅེས་བཀོད་པ་དེ་ལ་ <<དཀར་ཆག་འཕང་ཐང་མ་>> ཞེས་ཟེར་ཞིང་། དེ་ནི་བོད་དུ་བསྒྱུར་བའི་བཀའ་བསྟན་འགྱུར་གྱི་དཀར་ཆག་བཀོད་པའི་ཐོག་མ་ཡིན་ནོ། །

དེའི་རྗེས་སུ་སླར་ཡང་ལོ་ཙཱ་བ་དཔལ་བརྩེགས་དང་། འཁོན་ཀླུའི་དབང་པོ་སྲུང་སོགས་ཀྱིས་ཕོ་བྲང་སྟོང་ཐང་ལྡན་དཀར་ལ་བཞུགས་པའི་བཀའ་དང་། བསྟན་བཅོས་བོད་དུ་འགྱུར་བ་ཞུས་ཆེན་ (ཐ་མའི་གཏན་འབེབས་ཀྱི་ཞུ་དག་) མཛད་ཟིན་པ་གང་ཡོད་ཀྱི་མཚན་བྱང་དཀར་ཆག་ཏུ་བཏབ་པ་ལ་ <<དཀར་ཆག་ལྡན་དཀར་མ་>> ཞེས་སུ་གྲགས་ཤིང་། བསྟན་འགྱུར་ཕལ་ཆེར་བའི་མཇུག་ཏུ་བོད་ཀྱི་མཁས་པ་འགའ་ཞིག་གིས་མཛད་པའི་གསུང་རྩོམ་ཕྱོགས་བསྡུས་གྲས་སུ་ཡོད། དེའི་རྗེས་སུ་སླར་ཡང་ལོ་ཙཱ་བ་བནྡེ་དཔལ་བརྩེགས་སོགས་ཀྱིས་ཕོ་བྲང་མཆིམས་ཕུར་བཞུགས་པའི་བཀའ་བསྟན་ཅི་ཡོད་ཀྱི་དཀར་ཆག་མཛད་པ་ལ་ <<དཀར་ཆག་མཆིམས་ཕུ་མ་>> ཞེས་ཟེར། དེ་རྗེས་བོད་ཀྱི་རབ་བྱུང་ལྔ་པའི་ཆུ་བྱི་སྤྱི་ལོ་ ༡༣༡༢ ལོ་ནས་ཡོན་རྒྱལ་རབས་ཀྱི་གོང་མ་ཅི་ཙུང་ཨ་ཡུར་པ་ཏ་བུ་ཡན་ཐུས་ལོ་དགུའི་རིང་སྲིད་དབང་བཟུང་སྐབས་སྣར་ཐང་གི་དགེ་བཤེས་མཁས་པ་འཇམ་དགག་པཀྵི་བླ་མར་གདན་དྲངས། ཁོང་གིས་རང་ཉིད་ཀྱི་བླ་མ་བཅོམ་ལྡན་རིག་པའི་རལ་གྲི་ལ་རྒྱ་ནག་གི་སྣག་ཚ་སྒམ་གང་དང་། ཤོག་བུ། སྨྱུ་གུ། སྨྱུག་གྲི་སོགས་མང་དུ་བསྐུར་བ་ལ་བརྟེན་ནས། བཅོམ་ལྡན་རིག་པའི་རལ་གྲི་དང་། དབུས་པ་བློ་གསོལ་བྱང་ཆུབ་ཡེ་ཤེས། ལོ་ཙཱ་བ་བསོད་ནམས་འོད་ཟེར། རྒྱང་རོ་བྱང་ཆུབ་འབུམ་རྣམས་ཀྱིས་སྐབས་དེར་དབུས་གཙང་མངའ་རིས་བཅས་སུ་བཞུགས་པའི་བཀའ་འགྱུར་དང་བསྟན་འགྱུར་གྱི་མ་དཔེ་རྙེད་ཚད་ཕྱོགས་བསྡུས་དང་ཞུས་དག་གནང་ནས་གོ་རིམ་བསྒྲིགས་ཏེ་བཅོམ་ལྡན་རིག་པའི་རལ་གྲིས་ <<བཀའ་འགྱུར་དང་བསྟན་འགྱུར་གྱི་དཀར་ཆག་བསྟན་པ་རྒྱས་པ་>> ཞེས་བྱ་བ་ཞིག་དང་། དེ་ལས་བསྡུས་པ་ <<བཀའ་འགྱུར་གྱི་དཀར་ཆག་ཉི་མའི་འོད་ཟེར་>> ཞེས་པ་ཞིག་ཀྱང་མཛད། ཁོང་དང་འཇམ་དགག་པཀྵི་གཉིས་ཀའི་སློབ་མ་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཀྱིས་ཀྱང་བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀའི་དཀར་ཆག་བསྡུས་པ་ཞིག་མཛད།

སླར་ཡང་སོག་ཡུལ་ནས་འཇམ་དགག་པཀྵིས་སྣག་ཚ་དང་ཤོག་བུ་སོགས་ཀྱི་ཆ་རྐྱེན་གང་དགོས་བསྐུར་ནས་དཀར་ཆག་བཀོད་པ་ལྟར་གྱི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་ཞིག་བཞེངས་ཏེ་སྣར་ཐང་གཙུག་ལག་ཁང་དུ་བཞུགས་དགོས་པའི་རེ་འདུན་ཞུས་པ་ལྟར། བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་ཞིག་བཞེངས་ཏེ་ཞུས་དག་གནང་བའི་མ་དཔེ་དང་ཆབས་ཅིག་དེ་སྔོན་སྣར་ཐང་གཙུག་ལག་ཁང་དུ་ཡོད། (འདི་སྐོར་གྱི་དོགས་གཅོད་གཤམ་དུ་ཡོད།)

དེ་རྗེས་ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་དགུང་ལོ་སུམ་ཅུ་སོ་གསུམ་དུ་ཕེབས་པ་བོད་ཀྱི་རབ་བྱུང་ལྔ་པའི་ཆུ་ཁྱི་ལོ་སྤྱི་ལོ་ ༡༣༢༢ ལོར་ <<ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད་>> བརྩམས་པའི་མཇུག་ཏུ་བཀའ་འགྱུར་དང་བསྟན་འགྱུར་གྱི་དཀར་ཆག་ཞིབ་ཕྲ་འགོད་པར་མཛད།

དེ་རྗེས་རབ་བྱུང་ལྔ་པའི་ཆུ་ཕག་སྤྱི་ལོ་ ༡༣༢༣ ལོ་ནས་རབ་བྱུང་དྲུག་པའི་ས་བྱི་བར་ཚལ་པ་ཀུན་དགའ་རྡོ་རྗེས་སྲིད་དབང་བཟུང་ཞིང་། དེའི་རིང་ལ་གསེར་དངུལ་འདྲེས་མའི་བཀའ་འགྱུར་ཆ་ཚང་ཞིག་བཞེངས་སྐབས་ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་ཞུས་དག་ཏུ་གདན་དྲངས་པ་དེའི་དཀར་ཆག་ནི་ཚལ་པ་ཀུན་དགའ་རྡོ་རྗེ་རང་ཉིད་ཀྱིས་བརྩམས་པ་ཡིན་ལ། དཀར་ཆག་དེའི་ཁ་བྱང་དུ་ <<རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གསར་བཞེངས་ཀྱིས་དཀར་ཆག་དེབ་ཐེར་དཀར་པོ་>> ཞེས་འཁོད་ཡོད། བཀའ་འགྱུར་འདི་ལ་པོད་གྲངས་ ༢༦༠ ཡོད་ཅེས་ལོ་རྒྱུས་འགའ་ཞིག་ཏུ་གསལ་ཞིང་། ཡོངས་གྲགས་སུ་ཚལ་པ་བཀའ་འགྱུར་ཞེས་ཟེར།

དེ་རྗེས་རབ་བྱུང་བདུན་པའི་ལྕགས་སྟག སྤྱི་ལོ་ ༡༤༡༠ ལོ་ཏཱ་མིང་རྒྱལ་རབས་གོང་མ་ཡུང་ལོས་ཁྲི་ལོ་བརྒྱད་པར། ནང་བློན་ཉུག་རུམ་པ་ཧོ་ཤི་ན་ (རྒྱ་སྐད་དུ་ཐའི་ཀྱེན་ཧོ་ཤིན་ཟེར།) སོགས་ཀྱིས་བོད་ནས་གདན་དྲངས་པའི་བཀའ་བསྟན་ (འདི་ལ་རྒྱ་ཡིག་གི་ལོ་རྒྱུས་སུ། བཀའ་བསྟན་འདི་སྣར་ཐང་ནས་གདན་དྲངས་ཞེས་འཁོད་པ་ལྟར་ན། གོང་དུ་གསལ་བའི་སྣར་ཐང་དུ་ཕྱོགས་སྒྲིག་བྱས་རྗེས་ཀྱི་བཀའ་བསྟན་གཉིས་ཀ་སྐབས་དེ་དུས་ནས་ནན་ཅིན་དུ་གདན་དྲངས་པ་ལྟ་བུ་ཞིག་འདུག དེ་ལྟར་ཡིན་ཚེ་དེའི་རྗེས་སུ་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་པས་བཀའ་བསྟན་གཉིས་ཀ་གསར་དུ་བཞེངས་སྐབས་མ་དཔེ་བྱས་པའི་སྣར་ཐང་བཀའ་བསྟན་གཉིས་པོ་དེ་སྣར་ཐང་གི་བཀའ་བསྟན་གང་ཞིག་གཞིར་བྱས་པའི་སྐོར་སླར་ཡང་དཔྱད་དགོས།) ཁུངས་བཙན་ལ་གཞི་བྱས་ཏེ་བཀའ་འགྱུར་ཆ་ཚང་ཞིག་དཔར་དུ་བསྐྲུན་པ་དེ་ནི་བོད་ཡིག་གི་བཀའ་འགྱུར་དཔར་སྐྲུན་གྱི་ཐོག་མ་ཡིན་ཅིང་། དེའི་ཞོར་ལ་བསྟན་བཅོས་དྲུག་གི་དཔར་ཡང་བཞེངས་ཡོད་སྐད་ལ། བསྟན་བཅོས་དྲུག་པོ་གང་དང་གང་ཡིན་རྗེས་སུ་རྩད་གཅོད་དགོས། བོད་ཡིག་གི་ལོ་རྒྱུས་འགའ་ཞིག་ཏུ་ནན་ཅིན་གྱི་བོད་ཡིག་བཀའ་འགྱུར་དཔར་མ་འདི་ཟངས་དཔར་ཡིན་ཞེས་བཤད་པ་འདུག་ཀྱང་དེ་ནི་ཡིན་ཚོད་མི་སྣང་། བཀའ་འགྱུར་དཔར་མ་འདིའི་དཔར་ཕུད་དང་པོ་དེ་རི་བོ་རྩེ་ལྔར་བསྐྱལ་བ་དང་། དེ་ནས་བོད་དུ་མཚུར་ཕུ་ཀརྨ་པ་དང་། རྗེ་ཙོང་ཁ་པ་བཅས་ལ་འཚམས་རྟེན་དུ་ཕུལ་བ་དེ་ནས་བོད་ཀྱི་མཁས་པ་མང་པོ་ཐུགས་མཉེས་ཤིང་གཟིགས་རྒྱ་ཆེ་རུ་སོང་སྟེ་དཔེ་ཆ་མང་པོ་ཤིང་དཔར་དུ་བསྐྲུན་པའི་སྒོ་འབྱེད་ཐུབ་པ་དང་། ཤིང་དཔར་བརྐོ་བའི་ལག་རྩལ་ཧ་ཅང་ཡར་རྒྱས་ཆེན་པོ་བྱུང་། འོན་ཀྱང་བཀའ་བསྟན་གཉིས་ཧ་ཅང་མང་བའི་སྟབས་ཀྱིས་དཔར་དུ་བརྐོ་ཐུབ་པ་མ་བྱུང་།

དེ་རྗེས་རབ་བྱུང་བདུན་པའི་ལྕགས་ཕག་སྤྱི་ལོ་ ༡༤༣ ༡ ལོར་རྒྱལ་རྩེ་སྡེ་སྲིད་རབ་བརྟན་ཀུན་བཟང་འཕགས་པས་སྣར་ཐང་གི་བཀའ་འགྱུར་ལ་མ་དཔེ་བྱས་ཏེ་བཀའ་གྱུར་གསེར་བྲིས་ཆ་ཚང་ཞིག་བཞེངས་པ་དེ་ལ་ <<རྒྱལ་རྩེ་ཐེམ་སྤང་མ་>> ཟེར། དེའི་དཀར་ཆག་ནི་ལོ་ཆེན་ཐུགས་རྗེ་དཔལ་གྱིས་མཛད་པ་ཡིན་པར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སོགས་མཁས་པ་མང་པོ་ཞིག་གིས་གསུངས་ཤིང་། སྐུ་ཕྲེང་ལྔ་པས་དཀར་ཆག་འདི་དངོས་སུ་གཟིགས་མྱོང་བ་ཡིན་པས་གསུང་ཚུལ་འདི་ཁུངས་བཙན་པར་སྣང་། མཁས་པ་འགའ་ཞིག་གིས་བཀའ་འགྱུར་ <<རྒྱལ་རྩེ་ཐེམ་སྤང་མའི་>> དཀར་ཆག་ནི་བུ་སྟོན་རིན་པོ་ཆེས་མཛད་པ་ཡིན་ཞེས་གསུངས་འདུག་ཀྱང་། བུ་སྟོན་རིན་པོ་ཆེ་ནི་རབ་བྱུང་དྲུག་པའི་ཤིང་འབྲུག་སྤྱི་ལོ་ ༡༣༦༤ ལོར་དགོངས་པ་མྱ་ངན་ལས་འདས་ནས་རྒྱལ་རྩེའི་བཀའ་འགྱུར་བཞེངས་པའི་ལོ་ ༡༤༣༡ བར་ལོ་ངོ་བདུན་ཅུ་དོན་དྲུག་སོང་ཟིན་པས་དུས་མི་མཚུངས་པ་རེད། བཀའ་འགྱུར་འདི་ལ་པོད་གྲངས་ ༡༡༡ ཡོད།

དེ་རྗེས་རབ་བྱུང་བཅུ་པའི་ཤིང་རྟ་སྤྱི་ལོ་ ༡༥༩༤ ལོ། མིང་རྒྱལ་རབས་ཀྱི་གོང་མ་ཏཱ་མིང་དབན་ལིས་ཁྲི་ལོ་ཉི་ཤུ་རྩ་གཉིས་པར། པེ་ཅིན་དུ་བཀའ་འགྱུར་ཆ་ཚང་དང་། བསྟན་འགྱུར་པོ་ཏི་བཞི་བཅུ་ཞེ་གཉིས་ཙམ་ཞིག་དཔར་བསྐྲུན་བྱས་པ་དེ་ལ་པེ་ཅིན་དཔར་མ་ཟེར་ཞིང་། ཞུས་དག་ནི་ཀརྨ་ཞྭ་དམར་སྐུ་ཕྲེང་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པ་ཡིན། འོན་ཀྱང་དེའི་མ་དཔེ་གང་ལ་གཞི་བྱས་པ་དང་། དཀར་ཆག་སུས་བརྩམས་ཀྱི་སྐོར་བོད་ཡིག་གི་ལོ་རྒྱུས་སུ་མི་གསལ་བས་རྗེས་སུ་ཞིབ་རྩད་བྱ་དགོས།

བོད་ས་གནས་སུ་བཀའ་འགྱུར་དཔར་དུ་བསྐྲུན་པའི་ཐོག་མ་ནི་རབ་བྱུང་བཅུ་པའི་ས་བྱ་སྤྱི་ལོ་ ༡༦༠༩ ལོར་ཞྭ་དམར་སྐུ་ཕྲེང་དྲུག་པ་ཆོས་ཀྱི་དབང་ཕྱུག་ཙ་རི་མཚོ་དཀར་དུ་བཞུགས་སྐབས་འཇང་རྒྱལ་པོ་བསོད་ནམས་རབ་བརྟན་ལ་བཀའ་འགྱུར་ཆ་ཚང་དཔར་དུ་བསྐྲུན་དགོས་པའི་སྐུལ་མ་གནང་བ་བཞིན་ཁས་ལེན་ཞུས་ཏེ། བོད་ནས་མ་དཔེ་ཁུངས་དག་ཅིག་གསོལ་རས་གནང་དགོས་ཞུས་པ་ལྟར། དེ་སྔོན་སྡེ་སྲིད་ཕག་མོ་གྲུ་པའི་དབང་གྲགས་པ་འབྱུང་གནས་ཀྱི་སྐབས་འགོས་ལོ་གཞོན་ནུ་དཔལ་དང་། ཀརྨ་པ་མི་བསྐྱོད་རྡོ་རྗེ། ཞྭ་དམར་སྤྱན་སྔ་ཆོས་ཀྱི་གྲགས་པ་སོགས་ཀྱིས་ཞུས་དག་ཐེངས་མང་གནང་ནས་བཞེངས་པའི་བཀའ་འགྱུར་ཞིག་འཕྱོངས་རྒྱས་ཕྱིང་དབར་སྟག་རྩེར་བཞུགས་པ་དེ་གསོལ་རས་གནང་བ་དེ་ལ་མ་ཕྱི་བྱས་ཏེ་བཀའ་འགྱུར་ཆ་ཚང་དཔར་དུ་བསྐྲུན་པ་དེ་ཡིན་ཅིང་། (དཔར་མགོ་ཚུགས་ནས་གྲུབ་པའི་བར་ལོ་བཅོ་ལྔ་འགོར་འདུག) བཀའ་འགྱུར་འདིའི་དཀར་ཆག་སུས་མཛད་ཀྱི་སྐོར་ཞིབ་འཇུག་བྱེད་དགོས། འཇར་མན་ནུབ་མར་ཚོགས་པའི་བོད་ཀྱི་ཤེས་རིག་སྐོར་གྱི་གྲོས་ཞོགས་དེར་ཁོ་བོ་དངོས་སུ་བཞུགས་པའི་གོ་སྐབས་བྱུང་ཐོག་རྒྱ་གར་དྷ་རམ་ས་ལའི་དཔེ་མཛོད་ཁང་གི་འགན་འཁུར་བ་བཀྲ་ཤིས་ཚེ་རིང་ལགས་ནས་རྩོམ་སྒྲིག་བྱས་པའི་བཀའ་བསྟན་བྲིས་དཔར་གྱི་ལོ་རྒྱུས་ཞིག་མཐོང་བ་དེའི་ནང་འཁོད་དོན། ཁོང་རང་ཉིད་ཀྱིས་བོད་ཀྱི་དཔེ་མཛོད་ཁང་གི་སྐོར་བརྟག་དཔྱད་བྱེད་ཆེད་ཀ་རྡོར་སྒང་གསུམ་ (ཀ་ལོན་སྦུག རྡོ་རྗེ་གླིང་། སྒང་ཏོག་གསུམ།) གྱི་ཁུལ་དུ་བསྐྱོད་སྐབས། ༡༩༧༦ ལོར་འབྲས་ལྗོངས་མི་རྗེ་འབའ་ཉག་ཨ་ཐིང་གི་སྐུ་སྒེར་དཔེ་མཛོད་ཁང་དུ་ཡོད་པའི་དཔེ་ཆ་དབུ་མེད་བྲིས་རྙིང་སྤུས་ལེགས་དཔེ་ཐུང་ཤོག་གྲངས་ ༥༠ ཡོད་པ་ཞིག་གི་མཚན་བྱང་དུ་ <<འཇང་ས་ཐམ་རྒྱལ་ཁབ་ཏུ་བཞེངས་ཤིང་ལི་ཐང་དགོན་ཆེན་དུ་བཞུགས་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་དཀར་ཆག་བཞུགས་སོ།།>> ཞེས་འཁོད་ཡོད་པ་དང་། དཀར་ཆག་འདི་ཞྭ་དམར་སྐུ་ཕྲེང་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་ ༡༦༡༤ མཛད་པ་ཡིན་ཞེས་གསལ། བཀའ་འགྱུར་འདི་ལ་པོད་གྲངས་ ༡༠༨ ཡོད། དེ་སྔོན་ལྷ་ས་གཙུག་ལག་ཁང་གི་རྩེ་ཐོག་ལྷོ་ངོས་བཀའ་འགྱུར་ལྷ་ཁང་དུ་བཀའ་འགྱུར་ལི་ཐང་མཚལ་དཔར་པོ་ཏི་བརྒྱ་དང་བརྒྱད་ལ་པོད་རེ་རེ་བཞིན་དར་གོས་ཀྱི་དཔེ་སྒྲིལ་དང་། པོད་གཉིས་རེ་ལ་འཇུག་སྣོད་ཤིང་སྒམ་རེ་བཅས་ཡོད་པ་འདི་ནི། འཇང་རྒྱལ་པོ་བསོད་ནམས་རབ་བརྟན་གྱིས་ལྷ་ས་གཙུག་ལག་ཁང་དུ་ཕུལ་བའི་དཔར་ཕུད་ཡིན་ཞེས་བཤད་སྲོལ་ཡོད། འཇང་ས་ཐམ་དུ་བཞེངས་པའི་བཀའ་འགྱུར་གྱི་དཔར་ཤིང་འདི་ལ་ལི་ཐང་མཚལ་དཔར་ཞེས་འབོད་པའི་རྒྱུ་མཚན་ནི། གུ་ཤྲི་ཧན་འདས་རྗེས་ཁོང་གི་ཚ་བོ་མཁའ་འགྲོ་བློ་བཟང་བསྟན་སྐྱོང་གིས་འབའ་ལི་རྒྱལ་གསུམ་ཁོངས་ཀྱི་སྤྱི་དཔོན་བྱེད་སྐབས་དེ་སྔའི་ས་གནས་སྲིད་གཞུང་ལ་ངོ་ལོག་གི་དམག་ཟིང་བསླངས་པར་བརྟེན་ཏཱ་ལའི་ཧན་གྱིས་གཙོ་བོ་བྱས་པའི་བོད་སོག་དམག་དཔུང་བཏང་སྟེ་ཆམ་ལ་ཕབ་རྗེས། འཇང་གི་བཀའ་འགྱུར་དཔར་གཞི་དེ་བཞིན་ལི་ཐང་དགོན་པར་གདན་དྲངས་པའི་དབང་གིས་ཡོངས་གྲགས་སུ་ལི་ཐང་མཚལ་དཔར་ཟེར།

དེ་རྗེས་རབ་བྱུང་བཅུ་གཉིས་པའི་ལྕགས་གླང་། སྤྱི་ལོ་ ༡༧༢༡ ལོ་ཅོ་ནེ་དཔོན་དམག་ཟོར་མགོན་པོས་སྦྱིན་བདག་བྱས་ཏེ་བཀའ་འགྱུར་ཆ་ཚང་དཔར་དུ་བསྐྲུན་པ་དེའི་མ་དཔེ་ནི། ནན་ཅིན་དཔར་མ་དང་། ལི་ཐང་དཔར་མ། དབུས་བྲིས་ཀྱི་བཀའ་འགྱུར་བཅས་གཞིར་བཟུང་བ་དང་། དེའི་ཞུས་དག་དང་དཀར་ཆག་ནི་ཅོ་ནེ་རྗེ་བཙུན་གྲགས་པ་བཤད་སྒྲུབ་ཀྱིས་མཛད་ཅིང་། དཀར་ཆག་གི་ཞལ་བྱང་གི་རྗེས་སུ་མ་དཔེ་རྙེད་ན་འབྲི་དགོས། འདི་ཡི་པོད་གྲངས་ལི་ཐང་དཔར་མ་དང་འདྲ། ཅོ་ནེའི་བཀའ་འགྱུར་དང་བསྟན་འགྱུར་གྱི་དཔར་ཤིང་ཡོངས་རྫོགས་ ༡༩༢༩ ལོར་ཅོ་ནེའི་ཉེ་འདབས་ཀྱི་ཧོས་རིགས་དང་ཅོ་ནེ་རྒྱལ་འབངས་བར་དམག་འཁྲུག་བྱུང་སྐབས་ཧོས་རིགས་དམག་དཔུང་གིས་མེར་བསྲེགས་ཤིང་། གོ་ཐོས་ལ་ཨ་མེ་རི་ཀའི་མི་ཇོ་སེབ་རོག་གིས་ ༡༩༢༥ ལོར་ཨ་མེ་རི་ཀའི་རྒྱལ་ཡོངས་དཔེ་མཛོད་ཁང་གི་ཆེད་དུ་ཅོ་ནེ་བཀའ་བསྟན་གཉིས་ཀ་ཆ་ཚང་དཔར་འདེབས་བླུ་ཡོན་ཞུས་ཏེ་རྒྱལ་ས་ཝ་ཤིང་ཀྲོན་དུ་བཞག་ཡོད་སྐད། བར་ལམ་ལོ་ཤས་གོང་ལ་ཨ་མེ་རི་ཀའི་འཛམ་གླིང་ཆོས་ལུགས་སློབ་གཉེར་ཁང་དང་། དཔེ་མཛོད་ཁང་མང་ཆེ་བར་ཁྱབ་སྤེལ་བྱུང་ཡོད་ཅིང་། ཅོ་ནེའི་བཀའ་འགྱུར་ཆ་ཚང་གཅིག་ཨ་རིར་གདན་དྲངས་པའི་སྐོར་ལ་ཇོ་སེབ་རོག་གིས་བྲིས་པའི་ <<འཛམ་གླིང་རྒྱས་བཤད་>> བརྙན་དེབ་ཨང་ ༥༤ པའི་ནང་དུ་ <<ཅོ་ནེའི་བླ་མ་ཚོའི་ཐུན་མོང་གི་འཚོ་བའི་གནས་ཚུལ་>> ཞེས་པ་དེར་གསལ་ཡོད་སྐད། འཇར་པན་གྱི་མཁས་པ་ཐེའི་ཤུན་མི་བུ་ཞུ་བ་ཁོང་གིས་འཇར་པན་ཐཱོ་ཡོ་སྤུང་གོར་ཡོད་པའི་ཅོ་ནེའི་བཀའ་འགྱུར་ལ་ཞིབ་འཇུག་བྱས་ཐོག་ ༡༩༥༩ ལོར་ཅོ་ནེ། པེ་ཅིན། སྡེ་དགེ། སྣར་ཐང་དཔར་མ་བཅས་བཀའ་འགྱུར་ཕན་ཚུན་གོ་བསྡུར་གྱིས་དཀར་ཆག་དང་། <<ཅོ་ནེ་དཔར་མའི་བཀའ་འགྱུར་སྡེ་ཚན་གྱི་ངོ་སྤྲོད་>> ཅེས་པའི་དེབ་ཆུང་ཞིབ་བྲིས་ཡོད་འདུག་ཀྱང་བདག་གིས་མཐོང་མ་བྱུང་། འཇར་པན་དུ་ཡོད་པའི་ཅོ་ནེའི་བཀའ་བསྟན་ཚར་གཅིག་པོ་དེ་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་མཆོག་ནས་འཇར་པན་གྱི་མི་རིགས་བོད་དུ་ཕེབས་སྔ་ཤོས་གྲས་ཡིན་པ་དགེ་སློང་ཤེས་རབ་རྒྱ་མཚོའམ་ཨེ་ཁའི་ཁ་བ་གུ་ཅིར་ ༡༩༣༧ ལོར་གསོལ་རས་གནང་བ་ཡིན་ལ། ༡༩༤༠ ལོར་རྒྱལ་ས་ཏོག་ཁྱོའི་ཐཱོ་ཡོ་སྤུང་གོའི་དཔེ་མཛོད་དུ་ཡོད་སྐད་དང་། བཀའ་བསྟན་ཆ་ཚང་གཅིག་རི་བོ་རྩེ་ལྔའི་དགོན་པའི་ནང་དུ་ཡོད་ཟེར། ད་དུང་ཕྱི་སོག་དང་སུའུ་ལེན་ལ་ཡང་ཆ་ཚང་རེ་གཉིས་ཡོད་སྐད།

དེ་རྗེས་རབ་བྱུང་བཅུ་གཉིས་པའི་ས་བྱ།་སྤྱི་ལོ་ ༡༧༢༩ ལོ་དང་། དེའི་ལོ་རྗེས་མ་གཉིས་ལ་རིམ་བཞིན་སྡེ་དགེ་རྒྱལ་པོ་བསྟན་པ་ཚེ་རིང་དང་། ཕོ་ལྷ་བསོད་ནམས་སྟོབས་རྒྱས་གཉིས་ཀྱིས་བཀའ་འགྱུར་ཆ་ཚང་དཔར་དུ་བསྐྲུན་པའི་ནང་ནས་སྔོན་མ་དེ་ལ་སྡེ་དགེ་བཀའ་འགྱུར་ཟེར་ཞིང་། ༡༩༧༦-༡༩༧༩ ལོ་བར་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རིག་པའི་རྡོ་རྗེ་མཆོག་ནས་སྡེ་དགེ་དཔར་མའི་བཀའ་འགྱུར་ཆ་ཚང་ལྔ་བརྒྱ་ཐམ་པ་མཚལ་དཔར་ཐོག་དཔར་བསྐྲུན་གནང་ནས། ཕྱི་ནང་མི་རིགས་དང་རིས་མེད་གྲུབ་མཐའ་ཁག་གི་ཆོས་སྒར་དང་དཔེ་མཛོད་ཁང་བཅས་ལ་རིན་མེད་པར་འབུལ་གནང་མཛད་འདུག

དེ་རྗེས་ ༡༩༨༠ ལོར་སྡེ་དགེ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་གི་བུ་དགོན་མགོ་ལོག་དར་ཐང་དགོན་པའི་སྤྲུལ་སྐུ་ཀུན་དགའ་རིན་པོ་ཆེས་ཐུགས་འཁུར་གནང་བའི་འོག་ཨ་མེ་རི་ཀའི་ཅ་ལི་ཧྥུ་ཉི་ཡའི་དཔར་ཁང་ནས་སྡེ་དགེ་དཔར་མའི་བཀའ་བསྟན་གཉིས་ཀ་དེང་སང་གི་དཔེ་དེབ་གཟུགས་སུ་བསྒྱུར་ཐོག་པོད་གྲངས་ ༡༢༠ པར་བཅོས་ནས་ཆ་ཚང་དཔར་བསྐྲུན་གནང་འདུག དེའི་མ་དཔེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མདོ་སྟོད་ལྷོ་རྫོང་དུ་བཞེངས་པའི་བཀའ་འགྱུར་བྲིས་མ་དང་། ལི་ཐང་དཔར་མ་ཡིན་ལ། དཀར་ཆག་ནི་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པ་དེའི་ཞལ་བྱང་དུ་ <<བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་དྲངས་པའི་ཕྱི་ལོའི་ཚོགས་ཇི་རྙེད་པ་དཔར་དུ་བསྒྲུབས་པའི་ཚུལ་ལས་བརྩམས་པའི་གཏམ་བློ་ལྡན་མོས་པའི་ཀུནྡ་ཡོངས་སུ་ཁ་ཕྱེ་བའི་ཟླ་འོད་གཞོན་ནུའི་འཁྲི་ཤིང་།>> ཞེས་འཁོད་ཡོད་ཅིང་། ཕོ་ལྷ་བས་དཔར་དུ་བསྐྲུན་པའི་བཀའ་འགྱུར་དཔར་ཤིང་རྣམས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ལ་ཕུལ་ནས་སྣར་ཐང་དགོན་པར་བཞག་པའི་དབང་གིས་བཀའ་འགྱུར་སྣར་ཐང་དཔར་མ་ཟེར།

དེ་སྔོན་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་དབུས་ལྗོངས་སུ་བཀའ་འགྱུར་དཔར་སྐྲུན་བྱེད་དགོས་པའི་བཀའ་གནང་བར་བརྟེན་ཡུམ་སྲས་འབྲིང་གསུམ་གཙོ་བོར་བྱས་པའི་པོད་ཉི་ཤུ་རྩ་བརྒྱད་ཙམ་དཔར་སྐྲུན་གནང་ཡང་ལས་རྒྱུན་ལོ་བདུན་ཙམ་འགོར་ཞིང་། ཡུན་རིང་མ་སོང་བར་ཚངས་དབྱངས་རྒྱ་མཚོའི་མཛད་འཕྲིན་ལ་བར་ཆད་བྱུང་ཐོག་ཁྲི་ལས་ཕབས་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡང་རྒྱལ་པོ་ལྷ་བཟང་དང་མ་མཐུན་པར་ལྷ་བཟང་གི་བཙུན་མོས་བཀྲོངས་ཤིང་། དཔར་བསྐྲུན་འཕྲོ་ཅན་དུ་ལུས། དེ་རྗེས་ལྷ་བཟང་དང་། སྟག་རྩེ་ཞབས་དྲུང་ལྷ་རྒྱལ་རབ་བརྟན། དའི་ཆིང་བཱ་དུར་བསོད་ནམས་རྒྱལ་པོ་སོགས་ཀྱིས་རིམ་པར་འཕྲོ་སྐྱོང་བྱས་ཀྱང་། མཐའ་མ་འཁྱོལ་བར་ལུས་པར་བརྟེན། ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱིས་གོང་འཕྲོས་ཡོངས་རྫོགས་ཁ་བསྐང་སྟེ་བཀའ་འགྱུར་ཆ་ཚང་དཔར་བསྐྲུན་བྱེད་ཐུབ་ཙམ་བྱུང་། དེའི་མ་དཔེ་ནི་ཚལ་པ་བཀའ་འགྱུར་ཡིན་ལ། དཀར་ཆག་ནི་འོལ་ཁ་སླེ་ལུང་རིན་པོ་ཆེ་བློ་བཟང་འཕྲིན་ལས་ཀྱིས་མཛད་པ་ཡིན། དེའི་ཁ་བྱང་དུ་ <<རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་གསུང་པར་རིན་པོ་ཆེ་སྲིད་གསུམ་རྒྱན་གཅིག་རྫུ་འཕྲུལ་ཤིང་རྟའི་དཀར་ཆག་ངོ་མཚར་བཀོད་པ་རྒྱ་མཚོའི་ལྡེ་མིག་>> ཅེས་འཁོད་ཡོད།

དེ་རྗེས་ ༡༨༡༤ ལོར་མགོ་ཚུགས་ཏེ་སྨད་རྭ་རྒྱའི་དགོན་པའི་གདན་ས་པ་ཤིང་བཟའ་ཧོ་ཐོག་ཐུ་སྐུ་ཕྲེང་དང་པོ་བློ་བཟང་དར་རྒྱས་ཀྱིས་ཐུགས་ཁུར་དང་སྦྱིན་བདག་གནང་ནས་སྡེ་དགེ་མཚལ་དཔར་ལ་མ་དཔེ་བྱས་ཏེ་བཀའ་འགྱུར་ཆ་ཚང་ཞིག་དཔར་བསྐྲུན་གནང་ནས་རྭ་རྒྱའི་དཔར་ཁང་ཆེན་མོར་བཞུགས་པ་ལ་རྭ་རྒྱའི་བཀའ་འགྱུར་ཟེར། དེའི་དཀར་ཆག་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མས་མཛད་པ་དེའི་ཞལ་བྱང་དུ་ <<བདེ་བར་གཤེགས་པའི་གསུང་རབ་གངས་ཅན་གྱི་སྐད་དུ་འགྱུར་རོ་ཅོག་གི་ཕྱི་མོ་དཔར་དུ་བསྐྲུན་པའི་དཀར་ཆག་མདོ་རྒྱུད་ཆོས་ཀྱི་སྒོ་བརྒྱ་ཅིག་ཅར་འབྱེད་པའི་ལྡེ་མིག་>> ཅེས་འཁོད་ཡོད།

དེ་ནས་ཕྱི་སོག་ཨུ་སྒའི་ཆོས་སྡེ་ཆེན་པོ་ཏཱ་ཁུ་རེའམ། དེང་སང་ཨུ་ལན་པ་ཐུར་གྱི་དགོན་པ་དགའ་ལྡན་བཤད་སྒྲུབ་གླིང་དུ་སྡེ་དགེ་དཔར་མ་གཞིར་བཞག་པའི་བཀའ་འགྱུར་དཔར་བསྐྲུན་གྱི་མགོ་བརྩམས་ཀྱང་མཇུག་མ་རྫོགས་པར་ལུས་པ་ལ། ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་བརྒྱད་པ་ཆསོ་ཀྱི་ཉི་མ་མཆོག་དང་། ཨེ་རྟི་ནི་ཆེ་ཚང་ནོ་ཡོན་དོན་གྲུབ་ལྷ་མོ་རྣམ་གཉིས་ནས་དཔར་གཞི་ཆ་ཚང་ལེགས་སྒྲུབ་དགོས་པའི་བཀའ་གནང་བ་ལྟར་ ༡༩༠༨ ལོར་མུ་མཐུད་ལས་འཕྲོ་བཙུགས་ནས་པོད་བརྒྱ་དང་ལྔ་ཆ་ཚང་དཔར་བསྐྲུན་བྱས་ཏེ་ཆོས་སྡེ་ཁུ་རེ་ཆེན་མོར་བཞག་པ་ལ་སོག་ཡུལ་ཁུ་རེ་བཀའ་འགྱུར་ཟེར། དེའི་དཀར་ཆག་སུས་མཛད་ཀྱི་སྐོར་རྗེས་སུ་དཔེ་རྙེད་ན་ཞིབ་འཇུག་བྱེད་དགོས།

དེ་རྗེས་རབ་བྱུང་བཅོ་ལྔ་པའི་ལྕགས་བྱ། སྤྱི་ལོ་ ༡༩༢༡ ལོར་འབྲི་གུང་སྒོ་ལྕོག་རིན་པོ་ཆེས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པར་རྒྱུ་ཡོན་འབོར་ཆེན་ཕུལ་རེ་འདུན་ཞུས་པ་ལྟར། དེ་སྔའི་བོད་ས་གནས་སྲིད་གཞུང་གིས་བཀའ་འགྱུར་ཆ་ཚང་ཞིག་དཔར་དུ་བསྐྲུན་ཏེ་པོ་ཏཱ་ལའི་ཞོལ་འབྲས་བུ་སྟེང་གི་དཔར་ཁང་དུ་བཞུགས་པ་ལ་ཞོལ་དཔར་གསར་ཟེར། དེའི་མ་དཔེ་ནི། སྔར་གྱི་བཀའ་འགྱུར་བྲིས་མ་དང་དཔར་མ་ཁག་ཡིན། དཀར་ཆག་ནི་ཅོ་ནེ་དགེ་བཤེས་རིན་པོ་ཆེ་བློ་བཟང་རྒྱ་མཚོ། བདེ་ཡངས་མཚན་ཞབས་བསྟན་འཛིན་འཕྲིན་ལས། མཁས་དབང་དགེ་བཤེས་ཤེས་རབ་རྒྱ་མཚོ། ཁ་བོང་ཁ་རིན་པོ་ཆེ་སྐུ་ཕྲེང་གོང་མ་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ། མཚན་ཞབས་རྒྱལ་དབང་རིན་པོ་ཆེ་སོགས་ཀྱིས་སྔར་ཕྱིར་མཛད་པ་ཡིན་ལ། དེའི་ཁ་བྱང་དུ་ <<བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་བཀའ་འགྱུར་རོ་ཅོག་གི་གསུང་པར་འཛམ་གླིང་སྤྱི་ནོར་གྱི་དཀར་ཆག་ལེགས་བཤད་འཕྲུལ་གྱི་ལྡེ་མིག་>> ཅེས་འཁོད་ཡོད།

དེ་རྗེས་ཡུན་རིང་མ་སོང་བར་ཆབ་མདོ་ཡབ་ཚང་བློ་བཟང་དཀོན་མཆོག་དང་། སྡེ་དགེའི་སྲས་མོ་བདེ་ཆེན་སྒྲོལ་མ་གཉིས་ནས་སྦྱིན་བདག་ཞུས་ཏེ་ཆབ་མདོར་བཀའ་འགྱུར་ཆ་ཚང་དཔར་དུ་བསྐྲུན་ཅིང་། དེའི་མ་དཔེ་ནི་གོ་ཐོས་ལ་ལྷ་ས་ཞོལ་དཔར་མའི་བཀའ་འགྱུར་ལ་དཔར་སློག་བྱས་པ་ཡིན་ཟེར་སྲོལ་འདུག དཀར་ཆག་སུས་མཛད་པ་ཡིན་མིན་མ་ཤེས་པས་མ་དཔེ་རྙེད་ན་ཞིབ་འཇུག་བྱེད་དགོས།

བསྟན་འགྱུར་དཀར་ཆག་སྐོར།

 

སྣར་ཐང་གི་བཀའ་འགྱུར་ཕྱོགས་སྒྲིག་བྱས་པ་ཡན་ཆད་ཀྱི་ལོ་རྒྱུས་གོང་དང་འདྲ་ཞིང་། དེ་རྗེས་རབ་བྱུང་དྲུག་པའི་ཤིང་ཁྱི་སྤྱི་ལོ་ ༡༣༣༤ ལོར་ཞྭ་ལུ་སྐུ་ཞང་ཀུན་དགའ་དོན་གྲུབ་ཀྱིས་སྦྱིན་བདག་བྱས་ཏེ་བསྟན་འགྱུར་བྲིས་མ་ཆ་ཚང་ཞིག་བཞེངས་སྐབས་ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་ཞུ་དག་མཛད་མཁན་དུ་གདན་དྲངས་ཐོག་སྔར་ཡོད་སྣར་ཐང་བསྟན་འགྱུར་དུ་མ་ཚུད་པའི་ཆོས་ཚན་སྟོང་ཕྲག་གཅིག་གསར་དུ་བསྣན་པ་དང་བཅས་པའི་དཀར་ཆག་ཀྱང་བུ་སྟོན་རིན་པོ་ཆེ་རང་ཉིད་ཀྱིས་མཛད། དེའི་ཞལ་བྱང་དུ་ <<བསྟན་འགྱུར་གྱི་དཀར་ཆག་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོའི་ཕྲེང་བ་>> ཞེས་འཁོད་པ་གསུང་འབུམ་ཞོལ་དཔར་མའི་པོད་ ༼ལ་༽ པའི་དུ་ཡོད། དེ་ལ་ཞྭ་ལུའི་བསྟན་འགྱུར་ཟེར་ཞིང་། པོད་གྲངས་ ༡༢༤ ཡོད།

དེ་ནས་རབ་བྱུང་དྲུག་པའི་ཆུ་སྟག སྤྱི་ལོ་ ༡༣༦༢ ལོར་ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱིས་སྦྱིན་བདག་བྱས་ཏེ་གོང་དུ་མ་ཚུད་པའི་ཆོས་ཚན་གསར་རྙེད་ཉི་ཤུ་རྩ་བདུན་བསྟན་པ་དང་བཅས་བསྟན་འགྱུར་ཆ་ཚང་ཞིག་བཞེངས་པ་ལ་སྣེ་གདོང་བསྟན་འགྱུར་ཟེར། དེའི་མ་དཔེ་ནི་ཞྭ་ལུའི་བསྟན་འགྱུར་ཡིན་པ་དང་། དཀར་ཆག་ནི་བུ་སྟོན་རིན་པོ་ཆེའི་དངོས་སློབ་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་ཁ་བྱང་དུ་ <<བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་ཡིད་བཞིན་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་>> ཅེས་འཁོད་པ་ཐུགས་སྲས་རིན་ཆེན་རྣམ་རྒྱལ་གྱི་གསུང་འབུམ་པོད་ ༼ས་༽ པའི་ནང་དུ་ཡོད། སྣེ་གདོང་གི་བསྟན་འགྱུར་འདི་ལ་པོད་གྲངས་ ༢༠༢ ཡོད།

དེ་རྗེས་རབ་བྱུང་བཅུ་གཉིས་པའི་མེ་ཡོས། སྤྱི་ལོ་ ༡༦༨༧ ལོ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་མྱ་ངན་ལས་འདས་པའི་གནས་ཚུལ་ལོ་བཅུ་གཉིས་རིང་གསང་བ་བྱས་ཏེ་ཞབས་བརྟན་ལ་ཁ་གཡར་ནས་སྔར་ཡོད་བསྟན་འགྱུར་ཁག་གི་ནང་མ་ཚུད་པའི་ཆོས་ཚན་བདུན་བརྒྱ་བརྒྱད་ཅུ་གསར་དུ་བསྟན་པ་དང་བཅས་པའི་བསྟན་འགྱུར་བྲིས་མ་ཆ་ཚང་ཞིག་བཞེངས། དེའི་མ་དཔེ་ནི་ཞྭ་ལུ། འབྲས་སྤུངས། སེ་ར། གཙུག་ལག་ཁང་། འཕྱོངས་རྒྱས་བཅས་སུ་ཡོད་པའི་བསྟན་འགྱུར་ལ་གཞི་བཟུང་བ་ཡིན་ཅིང་། དཀར་ཆག་ནི་སྐུ་ཕྲེང་ལྔ་པ་སྐུ་ངོ་མའི་གསུང་རྩོམ་ཡིན་ཁུལ་གྱིས་དོན་དུ་སྡེ་སྲིད་རང་ཉིད་ཀྱིས་མཛད་པ་དང་། ཞལ་བྱང་དུ་ <<བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་འཇིག་རྟེན་གསུམ་གྱི་བདེ་སྐྱིད་པད་ཚལ་བཞད་པའི་ཉིན་བྱེད་>> ཅེས་འཁོད་ཡོད། བསྟན་འགྱུར་འདི་རྩེ་པོ་ཏཱ་ལར་བཞུགས་ཡོད་པ་དང་། པོད་གྲངས་ ༢༢༥ ཡོད།

དེང་སང་འཇར་པན་དུ་འདྲ་དཔར་བརྒྱབ་པའི་བསྟན་འགྱུར་ཆ་ཚང་དེ་ཡི་མ་དཔེ་གཅིག་འདི་ཡིན་པ་དཀར་ཆག་ཏུ་གསལ། དེ་ནས་རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ། སྤྱི་ལོ་ ༡༧༣༧ ལོར་སྡེ་དགེ་རྒྱལ་པོ་བསྟན་པ་ཚེ་རིང་ཕ་བུ་གཉིས་ཀྱིས་སྦྱིན་བདག་བྱས་ཏེ་བསྟན་འགྱུར་དཔར་མ་ཆ་ཚང་ཞིག་བཞེངས་པ་དེའི་མ་དཔེ་ནི། བསྟན་འགྱུར་སྔོན་ཡོད་ཁག་བདུན་ཙམ་ལ་ཞིབ་བསྡུར་དང་། གསར་དུ་ཆོས་ཚན་གང་རྙེད་བསྣན་པ་དང་བཅས་པའི་དཀར་ཆག་ནི་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད། དེའི་ཞལ་བྱང་དུ་ <<ཀུན་མཁྱེན་ཉི་མའི་གཉེན་གྱི་བཀའ་ལུང་གི་དགོངས་དོན་རྣམ་པར་འགྲེལ་བའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཆལ་གྱི་ཆོས་སྦྱིན་རྒྱུན་མི་ཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་བསྐལ་པའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཚུལ་ལས་བརྩམས་པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་>> ཞེས་འཁོད་ཅིང་། བསྟན་འགྱུར་འདི་ལ་པོད་གྲངས་ ༢༠༨ ཡོད།

དེ་རྗེས་རབ་བྱུང་བཅུ་གཉིས་པའི་ལྕགས་བྱ། སྤྱི་ལོ་ ༡༧༤༡ ལོར་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱིས་བསྟན་འགྱུར་ཆ་ཚང་ཞིག་དཔར་དུ་བསྐྲུན་པ་དེའི་མ་དཔེ་གང་ཡིན་དཀར་ཆག་ཏུ་མི་གསལ་ཞིང་། ཚོད་དཔག་བྱས་ན། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཞེངས་པའི་བསྟན་འགྱུར་བྲིས་མ་དང་། ཡང་ན་རྒྱལ་རྩེའི་བསྟན་འགྱུར་བྲིས་མ་གཉིས་གང་རིགས་གཞིར་བཟུང་བ་ཡིན་ནམ་སྙམ། བསྟན་འགྱུར་འདིའི་དཀར་ཆག་ནི་ཕུར་བུ་ལྕོག་སྐུ་ཕྲེང་དང་པོ་ངག་དབང་བྱམས་པས་མཛད་པ་ཡིན་ཅིང་། ཞལ་བྱུང་དུ་ <<བཀའ་ཡི་དགོངས་པ་འགྲེལ་བའི་བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་དོན་ལྡན་ཚངས་པའི་དབྱངས་>> ཞེས་འཁོད་ཡོད།

དེ་ནས་རབ་བྱུང་བཅུ་གསུམ་པའི་ཆུ་བྱ། སྤྱི་ལོ་ ༡༧༥༣ ལོ་ཅོ་ནེ་དཔོན་བསྟན་སྲུང་ཚེ་རིང་དང་། ཁོང་གི་མ་རིན་ཆེན་དཔལ་འཛོམས་གཉིས་ཀྱིས་སྦྱིན་བདག་བྱས་ཏེ་བསྟན་འགྱུར་ཆ་ཚང་དཔར་དུ་བསྐྲུན་པ་དེ་ལ་ཅོ་ནེ་བསྟན་འགྱུར་ཟེར་ཞིང་། དེའི་མ་དཔེ་ནི་སྡེ་དགེ་བསྟན་འགྱུར་ཡིན་ལ། དཀར་ཆག་ནི་རྗེ་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོས་མཛད་པ་དེའི་ཞལ་བྱང་དུ་ <<བཀའ་ཡི་དགོངས་པ་འགྲེལ་བའི་བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ་>> ཞེས་འཁོད་པ་གསུང་འབུམ་པོད་ ༼ཅ༽ པའི་ནང་དུ་ཡོད། ཅོ་ནེའི་བསྟན་འགྱུར་དེ་ནི་ད་ཕན་བོད་ཡིག་ཐོག་བསྟན་འགྱུར་དཔར་དུ་བསྐྲུན་པའི་མཇུག་མ་དེ་ཡིན་ལ། པོད་གྲངས་ནི་སྡེ་དགེའི་བསྟན་འགྱུར་དང་འདྲ།

 

གསུམ་པ། གནའ་རབས་ཀྱི་དཀར་ཆག་རིག་པ།

 

གནའ་རབས་བོད་ཀྱི་དཀར་ཆག་རིག་པ་ནི་གོ་རིམ་ཡོད་པ་དང་། མ་ལག་ཆ་ཚང་བ། ལྟ་ཀློག་དང་འཚོལ་བདེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་དཀར་ཆག་སྒྲིག་སྟིངས་ཤིག་ལ་ཟེར། དེ་ལ་ཐོག་མར་སྡེ་ཚན་བགོ་ཚུལ་ཤེས་དགོས་པ་དང་། དེ་རྗེས་དེའི་གོ་རིམ་སྒྲིག་སྟངས་སྐོར་ཤེས་དགོས། དེ་གཉིས་ནི་དཀར་ཆག་འགོད་ཚུལ་གྱི་རྩ་བའི་ཤེས་ཡོན་ཞིག་ཡིན་པ་དང་། དཀར་ཆག་རིག་པའི་རྨང་གཞི་ཡང་དེ་ནས་བྱུང་བ་རེད།

དེ་ཡང་སྡེ་ཚན་ནི་གསུང་རབ་དང་། རྩོམ་ཡིག་དེ་དང་དེའི་བརྗོད་བྱའི་ནང་དོན་གཙོ་བོ་གང་ཡིན་པ་དེ་གཞིར་བྱས་ཏེ་ཚན་པ་མི་འདྲ་བ་སོ་སོར་དབྱེ་བ་ཞིག་ཡིན་ཅིང་། དེ་ཡོད་ན་རང་ཉིད་ཀྱིས་ལྟ་ཀློག་དང་དཔྱད་གཞི་གང་འཚོལ་དགོས་ཀྱང་ཐོག་མར་སྡེ་ཚན་གང་གི་ཁོངས་ནས་ཡིན་པ་ཤེས་ན་རྙེད་སླ་བས་སྡེ་ཚན་དབྱེ་ཚུལ་དེ་ཐོག་མར་བཤད་པ་ཡིན། དེ་ཡང་དཔྱད་གཞི་འཚོལ་བདེ་བའི་ཆེད་དུ་སྡེ་ཚན་དབྱེ་བ་ནི་རིག་གནས་ཆེ་བ་ལྔ་དང་། ཆུང་བ་ལྔ་བཅས་རང་རང་སོ་སོར་རྩ་བ་དང་ཡན་ལག་གི་སྡེ་ཚན་མི་འདྲ་བར་ཕྱེ་བ་དེ་ཡིན་ཅིང་། རྩོམ་པ་པོ་རྣམས་ཀྱི་རྩོམ་ཡིག་མི་འཐོར་བའི་ཆེད་དུ་སྡེ་ཚན་དབྱེ་བ་ནི། གསུང་འབུམ་གྱི་སྡེ་ཚན་ཁག་རྣམས་ཡིན་པས་དེ་གཉིས་ཀ་ལ་ནུས་པ་མི་འདྲ་བ་རེ་ཡོད།

སྡེ་ཚན་དབྱེ་སྟངས་དང་། དེའི་གོ་རིམ་སྒྲིག་སྟངས་སྐོར་ལ་བུ་སྟོན་རིན་པོ་ཆེ་སོགས་བོད་ཀྱི་སྔོན་བྱོན་མཁས་པའི་དབང་པོ་རྣམས་ཀྱིས་བཀའ་བསྟན་གཉིས་ཀྱི་དཀར་ཆག་སྒྲིག་སྐབས་ཐོག་མར་ནང་པ་སངས་རྒྱས་པའི་གསུང་རབ་སྤྱི་ལ་མཛད་པ་པོའི་སྒོ་ནས་བཀའ་དང་བསྟན་བཅོས་གཉིས་སུ་ཕྱེ་བ་ནི་སྤྱིའི་སྡེ་ཚན་ཆེན་པོ་གཉིས་ཡིན་ཅིང་། དེ་ནས་རེ་རེ་ལ་བརྗོད་བྱའི་ནང་དོན་གྱི་སྒོ་ནས་མདོ་ཕྱོགས་དང་སྔགས་ཕྱོགས་གཉིས་སུ་ཕྱེ་བ་དང་། མདོ་ཕྱོགས་ལ་ནང་གསེས་ཀྱིས་ཕྱེ་ན། འདུལ་བ། མདོ་སྡེ། མངོན་པ་གསུམ། སྔགས་ཕྱོགས་ལ། རྒྱུད་སྡེ་བཞི་སྟེ། བླ་མེད་རྒྱུད། རྣལ་འབྱོར་རྒྱུད། སྤྱོད་རྒྱུད། བྱ་རྒྱུད། རྒྱུད་སྡེ་སྤྱིའི་དོན་དང་འབྲེལ་བ་བཅས་རྩ་བའི་སྡེ་ཚན་ཆེན་པོ་བརྒྱད་དུ་ཕྱེ་བ་ནི་བཀའ་དང་བསྟན་བཅོས་གཉིས་ཀའི་ཐུན་མོང་གི་སྡེ་ཚན་དབྱེ་ཚུལ་ཡིན་ཅིང་། བསྟན་འགྱུར་དང་། བོད་གཞུང་བསྟན་བཅོས་ལ་གོང་གསལ་རྩ་བའི་སྡེ་ཚན་བརྒྱད་ཀྱི་སྟེང་དུ་རིག་གནས་ཆེ་བ་ལྔའི་ནང་གི་ནང་རིག་པ་ཕུད་པའི་གཞན་བཞི་སྟེ། སྒྲ། ཚད་མ། བཟོ་རིག་པ། གསོ་བ་རིག་པ་བཅས་དང་། རིག་གནས་ཆུང་བ་ལྔ་སྟེ། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་བཅས་དང་། བོད་ཀྱི་མཁས་པ་ཚོའི་གསུང་འབུམ་དང་། གསུང་རྩོམ་ཁ་འཐོར་གྱི་རིགས་བཅས་མདོ་སྔགས་རིག་གནས་དང་བཅས་པ་ཡོངས་རྫོགས་ལ་རྩ་བའི་སྡེ་ཚན་ཆེན་པོ་བཅུ་དགུར་དབྱེ་བ་དང་། དེ་ནས་དེའི་ནང་གསེས་ཚན་པ་སོ་སོར་སྡེ་ཚན་མང་ཉུང་སྣ་ཚོགས་སུ་དབྱེ་བར་མཛད། ཨ་ཁུ་རིན་པོ་ཆེ་ཤེས་རབ་རྒྱ་མཚོས་བཀའ་འགྱུར་དང་བསྟན་འགྱུར་ཕུད་པའི་བོད་ཀྱི་མཁས་པ་ཚོའི་གསུང་རྩོམ་ལ་རྩ་བའི་སྡེ་ཚན་དང་ཡན་ལག་གི་སྡེ་ཚན་སོགས་དབྱེ་མི་དགོས་པར་ལོ་རྒྱུས་དང་རྣམ་ཐར་སྐོར་གྱི་སྡེ་ཚན་དང་པོར་བཞག ནང་རིག་པའི་ནང་ནས་ལམ་རིམ་དང་། བློ་སྦྱོང་། གྲུབ་མཐའ། གསང་སྔགས་ཀྱི་ནང་ནས་སྒྲུབ་དཀྱིལ། སྒྲ་རིག་པའི་ནང་ནས་བོད་བརྡ་བཅས་ཟུར་དུ་ཕྱེ་ཞིང་། སྙན་ངག་སོགས་རིག་གནས་ཆུང་བ་ལྔ་ཀ་བསྡོམས་པའི་སྡེ་ཚན་གཅིག གསུང་འབུམ་གྱི་སྡེ་ཚན་བཅས་བསྡོམས་སྡེ་ཚན་ཆེ་བ་ཉི་ཤུ་རྩ་གཅིག་ཏུ་བསྡུས་གནང་མཛད་ཡོད།

མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དཔེ་ཆ་སྤྱིའི་དཀར་ཆག་དེབ་ཆེན་གྱི་ནང་དུ། ཐོག་མར་རིག་གནས་ཆེ་བ་ལྔའི་ནང་གི་གསོ་རིག་ནས་འགོ་བརྩམས་ཏེ་རིག་གནས་ཆུང་བ་ལྔ་དང་། དེ་ནས་སུམ་རྟགས་དག་གསུམ་ཟུར་དུ་སྡེ་ཚན་གཅིག དེ་རྗེས་ལོ་རྒྱུས་སྐོར། དེ་ནས་གསུང་འབུམ་དང་། གཞུང་ཆེན་པོ་ལྔ། ལམ་རིམ་བློ་སྦྱོང་། གསང་སྔགས་སྐོར། གསང་སྔགས་རྙིང་མའི་སྐོར་ཏེ་སྡེ་ཚན་ཆེ་བ་བཅུ་བདུན་དུ་ཕྱེ་བ་བཅས་སྡེ་ཚན་དབྱེ་ཚུལ་མི་འདྲ་བའི་སྐོར་གཤམ་གསལ་གྱི་རེའུ་མིག་ལ་གཟིགས།

 

(བར་འདིར་དཀར་ཆག་རེའུ་མིག་ཡོད།)

 

གོང་གསལ་སྡེ་ཚན་དེ་ཚོར་གོ་རིམ་སྒྲིག་སྟངས་རྣམས་ལ་རང་རང་སོ་སོར་རྒྱུ་མཚན་མི་འདྲ་བ་རེ་ཡོད། དཔེར་ན། བཀའ་འགྱུར་གྱི་སྐབས་སངས་རྒྱས་ཀྱིས་ཐོག་མར་ཆོས་གསུངས་པའི་གོ་རིམ་ནི་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་དང་། འཁོར་ལོ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར། འཁོར་ལོ་གསུམ་པ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར། དེ་ནས་སྣོད་ལྡན་གྱི་སློབ་མ་ཉུང་ཤས་ལ་གསང་སྔགས་ཀྱི་ཆོས་གསུང་པ་ཡིན་ཅིང་། གོ་རིམ་དེ་ནི་ཆོས་གསུང་ཡུལ་གྱི་གདུལ་བྱའི་དབང་པོའི་རིམ་པ་གཞིར་བཟུང་བ་ཡིན་པས་གོ་རིམ་དེ་དང་མཐུན་པ་ཡིན་ལ།

བསྟན་འགྱུར་གྱི་དཀར་ཆག་སྒྲིག་སྐབས་གོ་རིམ་དེ་དང་མི་འདྲ་བར་སྡེ་སྣོད་གསུམ་གྱི་བརྗོད་བྱ་མཆོག་དམན་གྱི་རིམ་པ་དང་བསྟུན་ནས་ཐོག་མར་བསྟོད་ཚོགས་དང་། དེ་ནས་གསང་སྔགས་སྐོར་རྒྱུད་སྡེ་བཞི། ཕར་ཕྱིན། དབུ་མ། མདོ་སྡེ། སེམས་ཙམ་མངོན་པ། འདུལ་བ། སྐྱེས་རབས། སྤྲིངས་ཡིག ཚད་མ། སྒྲ་རིག་པ། མངོན་བརྗོད། སྙན་ངག གསོ་བ་རིག་པ། བཟོ་རིག་པ། ལུགས་ཀྱི་བསྟན་བཅོས། བོད་རྩོམ་སྣ་ཚོགས། སྨོན་ལམ་སྐོར་བཅས་སུ་བསྒྲིགས་པ་དེ་ནི། ཐོག་མར་སངས་རྒྱས་བྱང་སེམས་ལ་གུས་འདུད་དང་ཕྱག་འཚལ་བསྟོད་བསྔགས་བྱེད་སྔོན་དུ་བཏང་ནས། གསུང་རབ་རྣམས་ཀྱི་ནང་དོན་མཆོག་དམན་གྱི་གོ་རིམ་ལྟར་གསང་སྔགས། དེ་རྗེས་དེའི་སྔོན་འགྲོ་ཕར་ཕྱིན། དེ་རྗེས་མདོ་སྔགས་གཉིས་ཀའི་ཐུན་མོང་གི་ལམ་སྟོན་པ་འཁོར་ལོ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཏེ་དབུ་མ། གསུང་རབ་ཀྱི་དྲང་དོན་དང་ངེས་དོན་གསལ་པོར་ཕྱེ་བ་འཁོར་ལོ་གསུམ་པའི་སྐོར་གྱི་མདོ་སྡེ། དེ་ནས་གདུལ་བྱ་དབང་པོ་འབྲིང་གི་དོན་དུ་གསུངས་པའི་བྱམས་ཆོས་ཕྱི་མ་བཞི་སྟེ་ <<མདོ་སྡེ་རྒྱན།>> <<ཆོས་ཉིད་རྣམ་འབྱེད།>> <<རྒྱུད་བླ་མ།>> <<དབུས་མཐའ་རྣམ་འབྱེད་>> བཅས་དང་། དེ་རྣམས་སོ་སོའི་འགྲེལ་པ། དེ་རྣམས་དང་འབྲེལ་བ་ཡོད་པའི་བསྟན་བཅོས་སྐོར། དེ་ནས་གདུལ་བྱ་དབང་པོ་དམན་པ་རྣམས་ཀྱི་དོན་དུ་གསུངས་པའི་འཁོར་ལོ་་དང་པོ་བདེན་བཞིའི་ཆོས་འཁོར་གྱི་ཁོངས་སུ་གཏོགས་པ་མངོན་པ་འོག་མ་མཛོད་དང་། འདུལ་བ། དེའི་ཡན་ལག་ཏུ་གཏོགས་པ་སྐྱེས་རབས་དང་། བསླབ་བྱ་འཕྲིན་ཡིག་བཅས་དེ་ཡན་ཆད་རང་རྒྱུད་འདུལ་བའི་ཐབས་ཀྱི་སྐོར་ཡིན། དེ་ནས་གཞན་རྗེས་སུ་འཛིན་པའི་ཐབས་ལ་ཐོག་མར་རིགས་པའི་གཞུང་ལུགས་ལ་བློ་སྒོ་འབྱེད་པའི་ཚད་མ། དེ་ནས་བརྡ་སྤྲོད་པའི་རྣམ་གཞག་སྟོན་པའི་སྒྲ་རིག་པ། དེའི་ཡན་ལག་མངོན་བརྗོད། ཚིག་སྦྱོར་མཛེས་པར་བྱེད་པ་སྙན་ངག དེ་ནས་གཞན་གྱི་ལུས་ཐོག་གི་ནད་སྐྱོབ་པ་གསོ་བ་རིག་པ། ཕན་བྱེད་ཀྱི་ཆ་ཤས་སྣ་ཚོགས་སུ་གཏོགས་པ་བཟོ་རིག་པ། འཇིག་རྟེན་གྱི་ཡུལ་ཆོས་དང་བསྟུན་པའི་སྲིད་ཀྱི་སྐྱོང་ཐབས་སྟོན་པ་ལུགས་ཀྱི་བསྟན་བཅོས། དེ་ནས་གནའ་རབས་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་མཛད་པའི་གསུང་རྩོམ་འགའ་ཞིག དེ་དག་ཚང་མའི་མཇུག་ཏུ་བསྔོ་བ་དང་སྨོན་ལམ་བཅས་ཀྱི་གོ་རིམ་དེ་ལྟར་བསྒྲིགས་པ་ཡིན་པས། གོ་རིམ་དེ་ལ་ཡང་རྒྱུ་མཚན་དང་དགོས་པ་ཆེན་པོ་ཡོད། འོ་ན་བཀའ་འགྱུར་གྱི་ནང་དུ་རིག་གནས་ཆེ་བ་གཞན་བཞི་དང་། རིག་གནས་ཆུང་བ་ལྔ་ཀ་མེད་པ་དང་། བསྟན་འགྱུར་གྱི་ནང་དུ་དེ་དག་ཡོད་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། རིག་གནས་ཆུང་བ་ལྔའི་ནང་གི་སྐར་རྩིས་ནི་ <<དུས་འཁོར་རྩ་རྒྱུད་>> ཀྱི་ནང་དུ་གསལ་བར་གསུངས་པས་ཟུར་དུ་མ་ཕྱེ་བ་ཡིན་ལ། དེ་མིན་གཞན་དག་ནི་ཕྱི་ནང་གཉིས་ཀའི་ཐུན་མོང་བ་ཡིན་པས། སངས་རྒྱས་ཀྱིས་གསུང་རབ་ཁོངས་སུ་མི་འདུ་ཞིང་། བསྟན་འགྱུར་གྱི་ནང་དུ་དེ་དག་ཡོད་པ་ནི་ནང་པ་སངས་རྒྱས་པས་ཀྱང་རིག་གནས་དེ་དག་སློབ་དགོས་པའི་དབང་གིས་བསྟན་འགྱུར་གྱི་མཇུག་ཏུ་བཞག་པ་ཡིན།

རྗེ་ཤེས་རབ་རྒྱ་མཚོས་དཀར་ཆག་བསྒྲིགས་སྐབས་ཐོག་མར་ལོ་རྒྱུས་རྣམ་ཐར་སྐོར་བཀོད་པ་ནི། སྔོན་བྱོན་གྱི་སངས་རྒྱས་བྱང་སེམས། མཁས་གྲུབ་རྒྱལ་བྱོན་རྣམས་ཀྱི་ལོ་རྒྱུས་ཤེས་ནས་དེ་དག་མིག་དཔེར་བལྟས་ཏེ་རང་ཉིད་མི་ཚེ་གཅིག་གི་མདུན་ལམ་ལ་རྒྱང་རིང་གི་ཆོད་སེམས་འཛུགས་ཐུབ་པའི་ཆེད་ཡིན་ལ། དེ་ནས་ལམ་རིམ་བློ་སྦྱོང་སོགས་བཀོད་པ་ནི། གཞུང་རྒྱ་ཆེན་པོ་ལ་ཐོས་བསམ་བྱེད་པའི་བློ་གྲོས་དམན་པ་རྣམས་ཀྱིས་དེ་དག་བལྟས་ནས་རང་ཉིད་ཀྱི་སེམས་རྒྱུད་འདུལ་ཐབས་བྱེད་དགོས་པ་ཤེས་པའི་ཆེད་དང་། དེ་རྗེས་གཞུང་ཆེན་པོ་ལྔ་དང་གསང་སྔགས་སྐོར་བཀོད་པ་ནི། བློ་གྲོས་ཆེ་ཞིང་ཆ་རྐྱེན་འཛོམས་པ་རྣམས་ཀྱིས་ཐེག་པ་ཆེ་ཆུང་གི་ལམ་ཐུན་མོང་བ་དབུ་མ་དང་། ཐེག་ཆེན་ཐུན་མོང་མ་ཡིན་པ་ཕར་ཕྱིན། ཐེག་པ་དམན་པའི་ལམ་སྟོན་པ་མཛོད། ཐེག་པ་ཆེ་ཆུང་གཉིས་ཀྱི་ལམ་གྱི་རྩ་བ་འདུལ་བ། རིགས་པའི་གཞུང་ལུགས་ཀྱི་སྒོ་འབྱེད་པ་རྣམ་འགྲེལ། དེ་དག་གི་དོན་བསྡུས་པ་གྲུབ་མཐའ། ཐེག་པ་ཆེན་པོའི་ལམ་གྱི་ཟབ་དོན་གསང་སྔགས་བཅས་གཙོ་བོར་སློབ་སྦྱོང་བྱེད་དགོས་པ་དང་། རྒྱ་གར་དང་། བོད་སྐད་ཀྱི་སྒྲ་རིག་པ། རིག་གནས་ཆུང་བ་ལྔ་སོགས་ཞར་བྱུང་དུ་སློབ་ཐུབ་ན་ལེགས་ལ། མེད་ན་ཡང་སྙིང་ཐག་པ་ནས་ཆོས་བྱེད་མཁན་ལ་ཆད་པའི་སྐྱོན་མེད་པ་ལ་དགོངས་པ་རེད།

 

དཀར་ཆག་རིག་པའི་ནང་གསེས་གསུམ་པ། རྩོམ་པ་པོའི་མིང་དང་།

རྩོམ་ཡིག་གི་མིང་འགོད་ཚུལ་སྐོར།

 

༡། རྩོམ་པ་པོའི་མིང་དང་། རྩོམ་ཡིག་གི་མིང་གཉིས་སྔོན་དུ་གང་འགོད་དགོས་པའི་སྐོར། སྔ་རབས་བོད་ཀྱི་དཔེ་ཆའི་དཀར་ཆག་རྣམས་སུ་རྩོམ་ཡིག་གི་ཁ་བྱང་སྔོན་དུ་བཀོད་ནས་རྩོམ་པ་པོའི་མཚན་རྗེས་སུ་འགོད་པ་མང་སྟེ། དཔེར་ན། <<བསྟན་འགྱུར་གྱི་དཀར་ཆག་>> ནང་དུ་རྩོམ་ཡིག་གི་མཚན་བྱང་སྔོན་དུ་བཀོད་ནས་དེའི་རྗེས་སུ་མཛད་པ་པོའི་མཚན་བཀོད་ཡོད་པ་རེད། དེའི་འགོད་ཚུལ་ནི་ <<ཚད་མ་རྣམ་འགྲེལ་>> ལ་མཚོན་ན་ <<ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་>> ཞེས་བྱ་བ་འགྲན་ཟླ་མེད་པའི་མཁས་པ་ཆེན་པོ་དཔལ་ཆོས་ཀྱི་གྲགས་པས་མཛད་པ། ཞེས་པ་ལྟ་བུ་ཡིན་ཅིང་། དེའི་འགོད་ཚུལ་ནི་དཔེར་ན། སློབ་དཔོན་ཆོས་མཆོག་གིས་སྦྱར་བ་ <<ཚད་མ་རྣམ་པར་ངེས་པའི་ཊིཀྐ་འཐད་ལྡན་ཞེས་བྱ་བ་>> ཞེས་བཀོད་ཡོད་པ་ལྟ་བུ་ཡིན། གོང་གསལ་རྩོམ་ཡིག་དང་རྩོམ་པ་པོའི་མཚན་བྱང་འགོད་ཚུལ་དེ་གཉིས་ཀྱི་ནང་ནས་གང་ལེགས་ཤེ་ན། སྤྱི་བཏང་ལ་རྩོམ་ཡིག་གི་མཚན་བྱང་སྔོན་དུ་བཀོད་ན་ལེགས་ཏེ། ལྟ་ཀློག་བྱེད་མཁན་ཚོས་ཐོག་མར་རྩོམ་ཡིག་གི་མིང་ལ་བརྟེན་ནས་དེའི་བརྗོད་བྱའི་ནང་དོན་འཚོལ་བ་དང་། དེ་ནས་རྩོམ་པ་པོ་སུ་ཡིན་རྩད་གཅོད་པ་མང་པའི་རྐྱེན་གྱིས་ཡིན། སྐསབ་རེ་རྩོམ་པ་པོའི་མཚན་སྔོན་དུ་འགོད་དགོས་པ་ཡང་ཡོད། དེ་ནི་རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་དེའི་མགོ་དང་མཇུག་དངོས་གཞི་བཅས་ཀྱི་སྐབས་སུ་མཁས་པ་གཞན་གྱི་གསུང་རྩོམ་ཁུངས་སུ་འདྲེན་དགོས་ཚེ་སྔོན་དུ་རྩོམ་པ་པོའི་མཚན་དང་། དེའི་རྗེས་སུ་གསུང་རྩོམ་གྱི་མཚན་བྱང་འགོད་པ་ཡིན། དེ་ཡང་རང་གི་ལྟ་ཚུལ་དེ་ལ་ཚད་ལྡན་གྱི་མཁས་པ་སུས་ཇི་ལྟར་གསུང་ཡོད་པ་དང་། གསུང་ཚུལ་དེ་གསུང་རྩོམ་གང་གི་ནང་དུ་ཡོད་པ་ཤེས་རྟོགས་བྱེད་པའི་བསམ་བློའི་ངོས་འཛིན་གྱི་གོ་རིམ་དང་བསྟུན་པའི་དགོས་པ་ཡོད་ཅིང་། ཡང་རྩོམ་ཡིག་མིང་གཅིག་པ་ཡིན་ཀྱང་རྩོམ་པ་པོ་མི་གཅིག་པ་དཔེར་ན། <<དེབ་ཐེར་སྔོན་པོ་>> ལ་ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པ་ཞིག་དང་། པཎ་ཆེན་བསོད་ནམས་གྲགས་པས་མཛད་པ་ཞིག་བཅས་གཉིས་ཡོད་པ་དང་། དེ་བཞིན་ <<དེབ་ཐེར་དཀར་པོ་>> ལ་ཡང་ཚལ་པ་ཀུན་དགའ་རྡོ་རྗེས་བརྩམས་པ་ཞིག་དང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པ་ཞིག་བཅས་གཉིས་ཡོད་པས་སོ་སོར་མི་འདྲེས་པའི་ཆེད་དུ། ཚལ་པ་ཀུན་དགའ་རྡོ་རྗེས་བརྩམས་པའི་ <<དེབ་ཐེར་དམར་པོ་>> དང་། <<དེབ་ཐེར་དཀར་པོ་>> ཞེས་དང་། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་ <<དེབ་ཐེར་དམར་པོ་>> དང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་ <<དེབ་ཐེར་དཀར་པོ་>> ཞེས་དང་། ཡང་ན། རྩོམ་པ་པོའི་མཚན་གྱི་མཇུག་ཏུ་འབྲེལ་སྒྲ་སྦྱར་ནས་དེའི་མཇུག་ཏུ་སྟབས་བདེའི་མིང་གིས་འབོད་པ་ <<ཚལ་པ་ཀུན་དགའ་རྡོ་རྗེའི་དེབ་ཐེར་དཀར་པོ།>> <<དགེ་འདུན་ཆོས་འཕེལ་གྱི་དེབ་ཐེབ་དཀར་པོ།>> <<སི་ཏུའི་སུམ་རྟགས།>> <<བྲ་སྟིའི་སུམ་རྟགས།>> <<དངུལ་ཆུའི་སུམ་རྟགས་>> ཟེར་བ་ལྟ་བུ་ཡོད། རྒྱུན་ དུ་དཀར་ཆག་འབྲི་སྐབས་རྩོམ་ཡིག་གི་མིང་སྔོན་དུ་འབྲི་དགོས་པ་ཡིན།

རྩོམ་ཡིག་གི་མིང་འབྲི་སྟངས་སྐོར། བོད་ཡིག་གི་རྩོམ་ཡིག་ལ་མིང་རིང་ཐུན་སྣ་ཚོགས་ཡོད་ཅིང་། དཔེ་ཆ་འགའ་ཞིག་གི་མཚན་བྱང་ཧ་ཅང་རིང་པོ་ཡོད་པ་དཔེར་ན་གོང་དུ་དྲངས་པའི་ <<སྣར་ཡང་བཀའ་འགྱུར་གྱི་དཀར་ཆག་>> དང་། <<སྡེ་དགེ་བཀའ་འགྱུར་དཀར་ཆག་>> <<སྡེ་དགེའི་བསྟན་འགྱུར་གྱི་དཀར་ཆག་>> སོགས་མང་པོ་ཞིག་གི་མཚན་བྱང་ལ་ཡིག་ཕྲེང་གཅིག་དང་། གཉིས་ཙམ་ཡོད་པས་དཀར་ཆག་གི་ནང་མཚན་བྱང་དེ་ཆ་ཚང་བར་མ་བཀོད་ན་དཔེ་ཆ་མིག་གིས་མཐོང་ཡང་མིང་དོན་ངོ་མི་འཕྲོད་པའི་དཀའ་ངལ་ཆེན་པོ་ཡོང་ཞིང་། མཚན་བྱང་རིང་པོ་དེ་དང་ཆབས་ཅིག་སྟབས་བདེའི་མཚན་བྱང་ཞིག་ལོགས་སུ་མ་བཀོད་ན་མཚན་བྱང་བློ་ལ་ངེས་དཀའ་བའི་རྐྱེན་གྱིས་དཔེ་ཆ་འཚོལ་བར་དུས་ཚོད་རིང་པོ་འགོར་གྱི་ཡོད། དཔེར་ན། <<སྣར་ཐང་དཔར་མའི་བཀའ་འགྱུར་དཀར་ཆག་>> གི་མཚན་བྱང་ <<རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་གསུང་པར་སྲིད་གསུམ་རྒྱན་གཅིག་རྫུ་འཕྲུལ་ཤིང་རྟའི་དཀར་ཆག་ངོ་མཚར་བཀོད་པ་རྒྱ་མཚོའི་ལྡེ་མིག་>> ཆེས་འཁོད་པ་མིང་བསྡུས་ན། བཀའ་འགྱུར་རིན་པོ་ཆེའི་གསུང་པར་དཀར་ཆག་ཟེར་རྒྱུ་ཡིན་ཅིང་། མིང་དེ་ཙམ་གྱིས་ཆོག་པར་བྱས་ན་སྟབས་བདེ་པོ་ཡོད་ཀྱང་། བཀའ་འགྱུར་གྱི་དཔར་ལ། སྡེ་དགེ། ལིང་ཐང་། ཅོ་ནེ། པེ་ཅིན། ལྷ་ས་ཞོལ། ཆབ་མདོ་བཅས་ཀྱི་དཔར་མ་རིགས་མི་འདྲ་བ་ཡོད་པས་དེ་ཚོ་གང་གི་དཀར་ཆག་ཡིན་མིན་མི་ཤེས་ལས་དེ་ཚོ་དང་དབྱེ་བ་འབྱེད་པའི་ཆེད་དུ་ <<སྣར་ཐང་དཔར་མའི་བཀའ་འགྱུར་དཀར་ཆག་>> ཅེས་སོགས་བཀོད་ན་ཧ་ཅང་ལེགས། སྐབས་འདིར་གནད་དོན་འདི་འདྲ་ཞིག་ཡོད་དེ། གོང་གསལ་དཔེ་ཆའི་མཚན་བྱང་རིང་པོ་དེ་ལ་བསྡུས་མིང་ཞིག་མི་འགོད་ཐབས་མེད་ཡིན་ན་བསྡུས་མིང་དེ་དཀར་ཆག་འགོད་པ་པོ་སོ་སོས་བསམ་གཞིགས་ཐོག་ནས་གསར་བཟོ་བྱེད་རྒྱུ་ཡིན་ནམ། ཡང་ན་རྒྱ་ཆེའི་གཟིགས་པ་པོ་ཚོའི་ཞལ་རྒྱུན་དུ་གོམས་བྱང་སོང་བ་ཞིག་དགོས་སམ་མི་དགོས་ཞེས་པ་དེ་ཡིན། མཚན་བྱང་སྟབས་བདེ་ཞིག་དཀར་ཆག་རྩོམ་པ་པོས་རང་དགར་གསར་བཟོ་བྱས་ན་ཕྱོགས་གཅིག་ནས་མཁས་པའི་དབང་པོ་རྣམས་ཀྱི་བཞེད་དགོངས་དང་མཐུན་པ་ཞིག་ཡོང་དཀའ་ཞིང་། གཉིས་ནས་བསྡུས་མིང་འདོགས་ཚུལ་ཐད་རྒྱ་ཆེའི་གཟིགས་པ་པོ་ཚོས་དགོངས་པ་གཅིག་མཐུན་རེ་ཞིག་ཡོང་དཀའ་བ་དེ་ཡིན། གལ་ཏེ་རྒྱ་ཆེའི་གཟིགས་པ་པོ་ཚོའི་ཞལ་རྒྱུན་དུ་བྱང་གོམས་སོང་བ་ཞིག་དགོས་ཞེས་ནན་ཏན་གྱིས་བཤད་ཀྱང་མཁས་པའི་ཞལ་རྒྱུན་ལ་འཇགས་པའི་བསྡུས་མིང་སྣ་ཚོགས་ཡོད་པ། དཔེར་ན། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཛད་པའི་རྒྱལ་རབས་དེབ་ཐེར་གྱི་བསྡུས་མིང་ལ། མཁས་པ་འགའ་ཞིག་གིས་ <<དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་>> ཞེས་གསུང་རྒྱུན་ཡོད་ལ། འགའ་ཞིག་གིས་ <<དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་>> ཞེས་གསུང་རྒྱུན་ཡོད་པ་དང་། དེ་བཞིན་དུ་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ཆསོ་འབྱུང་ལ། འགའ་ཞིག་གིས་ <<ཆོས་འབྱུང་མཁས་པའི་དགའ་སྟོན་>> ཞེས་དང་། འགའ་ཞིག་གིས་ <<ལྷོ་བྲག་ཆོས་འབྱུང་>> དང་། <<ལྷོ་བྲག་དཔའ་བོའི་ཆོས་འབྱུང་>> ཞེས་གསུང་རྒྱུན་སྣ་ཚོགས་ཡོད་པ་ལྟ་བུ་རེད། དེར་བརྟེན་དཀར་ཆག་དཔར་དུ་སྐྲུན་སྐབས་རེའུ་མིག་ཏུ་བསྡུས་མིང་འགོད་སའི་རེའུ་མིག་སྟོང་པ་སྤྱི་སྐར་བདུན་ཙམ་ཡོད་པ་ཞིག་བཞག་སྟེ་རེ་ཞིག་དངོས་སུ་མ་བཀོད་ན་ལེགས་སམ་སྙམ།

རྩོམ་པ་པོའི་མིང་འབྲི་སྟངས་སྐོར། བོད་ཀྱི་མཁས་པ་མང་པོ་ཞིག་ལ་མཚན་མི་འདྲ་བ་མང་པོ་ཡོད། ༡) རྩོམ་པ་པོ་རང་ཉིད་ཀྱིས་རྒྱུན་དུ་བཀོལ་བའི་མཚན། ༢) རྩོམ་པ་པོ་རང་ཉིད་ཀྱིས་སྒྲ་རིག་པ་སྦྱངས་པ་མཐར་ཕྱིན་གནང་རྗེས་སློབ་དཔོན་གྱིས་མཚན་གསར་དུ་བཏགས་པའི་ཀུན་བཤད་ཀྱི་མིང་། ༣) རྩོམ་པ་པོ་རང་ཉིད་ཀྱིས་གྲུབ་མཐའ་མི་འདྲ་བའི་ཆོས་ལུགས་སོ་སོའི་སྐོར་གྱི་གསུང་རྩོམ་གནང་བའི་མཛད་བྱང་དུ་འཁོད་པ། ༤) རྗེས་འབྲངས་སློབ་མ་རྣམས་ཀྱིས་རང་རང་སོ་སོའི་འདོད་མོས་གཞིར་བཟུང་ནས་ཆེ་བསྟོད་དང་གུས་བཀུར་ཞུ་བའི་མཚན། ༥) ཡོངས་གྲགས་སུ་མ་གྲགས་པའི་གསང་བའི་མཚན་བཅས་ལྔ་ཡོད།

རྩོམ་པ་པོ་རང་ཉིད་ཀྱིས་རྒྱུན་དུ་བཀོལ་བའི་མཚན་ནི། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་གསུང་རྩོམ་ཕལ་ཆེ་བའི་ནང་གི་མཛད་བྱང་དུ་ཟ་ཧོར་གྱི་རིགས་ལས་ཆོས་སྨྲ་བའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་ཞེས་དང་། དཔའ་བོ་གཙུག་ལག་ཕྲེང་བས་གསུང་རྩོམ་མང་པོའི་ནང་མཚན་ཡོངས་གྲགས་དེ་རང་འགོད་གནང་མཛད་པ་ལྟ་བུ་ཡིན།

སྒྲ་རིག་པ་གསན་སྦྱོང་གནང་རྗེས་སློབ་དཔོན་གྱིས་བཏགས་པའི་ཀུན་བཤད་ཀྱི་མཚན་ནི། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཛད་པའི་སྙན་ངག་དང་བླ་མའི་རྣམ་ཐར་ལོ་རྒྱུས་སོགས་འགའ་ཞིག་གི་མཛད་བྱང་དུ། ཚངས་སྲས་བཞད་པའི་རྡོ་རྗེ་ཞེས་འགོད་གནང་མཛད་ཡོད་པ་ལྟར། བོད་ཀྱི་མཁས་པའི་དབང་པོ་སྒྲ་རིག་པ་གསར་སྦྱོང་མཛད་མྱོང་བ་ཚང་མས་རང་རང་གི་ཀུན་བཤད་ཀྱི་མཚན་བཀོད་ཡོད་པས། རྩོམ་པ་པོ་སོ་སོའི་རྣམ་ཐར་ཀློག་ན་མཚན་དེ་རྩོམ་པ་པོ་སུ་ཞིག་གི་མཚན་ཡིན་པ་ཤེས་མི་ཐུབ།

རྩོམ་པ་པོ་རང་ཉིད་ཀྱིས་ཆོས་ལུགས་གྲུབ་མཐའ་སོ་སོའི་སྐོར་གྱི་གསུང་རྩོམ་གནང་སྐབས་གྲུབ་མཐའ་དེའི་ཆོས་སྐད་དང་མཐུན་པའི་མཚན་རང་ཉིད་ཀྱིས་འདོགས་པར་མཛད་པ་སྟེ། དཔེར་ན། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་གསང་སྔགས་རྙིང་མའི་རྫོགས་ཆེན་དང་། ཡི་དམ་འགའ་ཞིག་གི་གསུང་རྩོམ་མཛད་བྱང་དུ་ཟ་ཧོར་གྱི་བནྡེ་གང་ཤར་རང་གྲོལ་ཞེས་འགོད་གནང་མཛད་ཡོད་པ་ལྟ་བུ་ཡིན།

རྗེས་འབྲངས་སློབ་མ་རྣམས་ཀྱིས་རང་རང་སོ་སོའི་འདོད་མོས་གཞིར་བཟུང་ནས་ཆེ་བསྟོད་དང་གུས་བཀུར་ཞུ་བའི་མཚན་ནི་རྩོམ་པ་པོ་རང་ཉིད་ཀྱིས་མཛད་པའི་གསུང་རྩོམ་དུ་འཁོད་པའི་མཚན་མ་ཡིན་པར། རྗེས་འབྲངས་སློབ་མ་ཚོས་རང་རང་གི་འདོད་མོས་ལྟར་གསར་དུ་བཏགས་པའི་མཚན་ཞིག་སྟེ། དཔེར་ན། དེང་སང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཟེར་ཡང་རྒྱལ་ཡོངས་བཅིངས་འགྲོལ་མ་བཏང་གོང་དུ་༸སྐྱབས་མགོན་ལྔ་པ་ཆེན་པོ་དང་། ༸གོང་ས་ལྔ་པ་ཆེན་པོ། ༸རྒྱལ་དབང་ལྔ་པ་བཅས་སུ་འབོད་སྲོལ་ཡོད་པ་ལྟར་དེ་འདྲའི་རིགས་ཧ་ཅང་མང་པོ་ཡོད།

ཡོངས་སུ་མ་གྲགས་པའི་གསང་མཚན། དེ་ནི་རྩོམ་པ་པོ་རང་གི་བླ་མའི་དྲུང་ནས་གསང་སྔགས་ཀྱི་དབང་ཞུ་སྐབས་བླ་མས་བཏགས་པའི་གསང་མཚན་དང་། ཡང་ན་དགོས་པའི་དབང་གིས་རྩོམ་པ་པོ་རང་ཉིད་ཀྱི་གསང་མིང་གསར་པ་གཞན་ཞིག་འགོད་གནང་མཛད་པ་བཅས་གཉིས་ཡོད།

སྔོན་པ་དེ་ནི་དཔེར་ན། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་གསང་རྣམ་དང་། བཀའ་རྒྱ་མའི་གསུང་འགའ་ཞིག་གི་ནང་ཟ་ཧོར་གྱི་རིགས་ལས་མང་དུ་ཐོས་པའི་བནྡེ་ཟིལ་གནོན་བཞད་པ་རྩལ་ཞེས་འགོད་གནང་མཛད་པ་དང་། ལྕང་སྐྱ་རོལ་པའི་རྡོ་རྗེ། འཇམ་དབྱངས་བཞད་པའི་རྡོ་རྗེ། སྟག་ཕུ་གར་གྱི་དབང་ཕྱུག་ཅེས་པ་སོགས་གྲུབ་མཐའ་རིས་མེད་ཀྱི་བླ་མ་མང་པོའི་གསུང་རྩོམ་འགའ་ཞིག་གི་མཛད་བྱང་དུ་ཡོངས་སུ་མ་གྲགས་པའི་གསང་མིང་འགོད་གནད་མཛད་པ་ལྟ་བུ་ཡིན།

རྗེས་མ་དེ་ནི་དཔེར་ན། མི་ལའི་རྣམ་ཐར་རྩོམ་པ་པོ་རྒོད་ཚང་པས་མཛད་པའི་མཛད་བྱང་དུ། རྣལ་འབྱོར་བ་རུས་པའི་རྒྱན་ཅན་ཞེས་འགོད་པ་དང་། སྟག་ཕུ་ཆོས་ཀྱི་དབང་ཕྱུག་གི་གསུང་རྩོམ་འགའ་ཞིག་གི་མཇུག་ཏུ་གཏད་མེད་སྤྲང་བཙུན་གར་དབང་སྨྱོན་པ་ཞེས་འགོད་གནང་མཛད་པ་ལྟ་བུ་མང་པོ་ཡོད། གོང་གསལ་རྩོམ་པ་པོ་སོ་སོའི་མཚན་ཡོངས་སུ་གྲགས་པ་དང་། མ་གྲངས་པ་མང་པོ་ཡོད་པའི་རིགས་རྣམས་སོ་སོའི་རྣམ་ཐར་དང་། གསན་ཡིག་ཁག་ལ་མ་བལྟས་ན་དཀར་ཆག་འགོད་སྐབས་དཔེ་ཆ་དེ་མཛད་པ་པོ་སུ་ཡིན་ཤེས་དཀའ་བ་རེད།

 

དཀར་ཆག་རིག་པའི་ནང་གསེས་བཞི་པ།

ནང་དོན་གནད་བསྡུས་འགོད་ཚུལ་སྐོར།

དཀར་ཆག་ནང་རྩོམ་ཡིག་སོ་སོའི་བརྗོད་བྱའི་ནང་དོན་གནད་བསྡུས་ཤིག་འགོད་ཐུབ་ན་ལེགས། དེ་ཡང་རྩོམ་ཡིག་ཡོད་ཚད་ཀྱི་བརྗོད་བྱའི་ནང་དོན་འགོད་མི་དགོས་པར་རྩོམ་ཡིག་གྲགས་ཆེ་བ་དང་། གནད་ཆེ་བའི་དཔྱད་གཞིའི་ཡིག་རིས་གྲས་ཡིན་ཚེ་དེའི་ནང་དོན་གཙོ་ཆེ་བ་རྣམས་གནད་བསྡུས་ནས་འགོད་གང་ཐུབ་བྱས་ན་ལྟ་ཀློག་བྱེད་མཁན་ཚོར་ཕན་ཐོགས་ཆེན་པོ་ཡོད་ཅིང་། དེ་ལྟར་བཀོད་ན་དེའི་ས་ཁོངས་རེའུ་མིག་གི་བར་སྟོང་ཆེ་ཙམ་འཇོག་དགོས་པས་གཞོགས་ངོས་སུ་བྲིས་ན་ལེགས། དེའི་དཔེ་མཚོན་གཤམ་གྱི་རེའུ་མིག་ལ་གཟིགས།

 

དཀར་ཆག་རིག་པའི་གནང་གསེས་ལྔ་པ།

བམ་གྲངས་དང་པོད་གྲངས།

གནའ་རབས་བོད་ཀྱི་བཀའ་འགྱུར་དང་། བསྟན་འགྱུར་གྱི་དཀར་ཆག་ཏུ་བཀོད་པའི་བམ་གྲངས་ནི། ཤོག་དྲིལ་ཆེན་པོ་ཞིག་གི་ཚད་ཡིན། བམ་པོ་ནི་བོད་ཡིག་གི་དབང་དུ་བྱས་ན་ཚིགས་བཅད་ལ་རྐང་པ་བཞི་དང་། ཚིག་ལྷུག་མའི་ཚེག་བར་ཏེ་ཡིག་འབྲུ་སུམ་སུ་སོ་གཉིས་རེ་ལ་ཤོ་ལོ་ཀ་གཅིག ཤོ་ལོ་ཀ་སུམ་བརྒྱ་ཐམ་པ་སྟེ་ཚེག་བར་ (ཡིག་འབྲུ་) སུམ་སྟོང་བརྒྱ་དང་ཉི་ཤུ་ཐམ་པ་ལ་བམ་པོ་གཅིག་ཏུ་བརྩི་བ་མང་ཞིང་། སྐབས་རེ་ཤོ་ལོ་ཀ་སུམ་བརྒྱ་ལྔ་བཅུ་ (ཡིག་འབྲུ་ ༣༦༤༠ ཐམ་པ་) དང་། བཞི་བརྒྱ་ (ཡིག་འབྲུ་ ༤༡༦༠ ཐམ་པ་) ལ་བམ་པོ་རེར་བརྩིས་པ་མི་ཉུང་བ་ཡོད་ལ། བཀའ་འགྱུར་དང་བསྟན་འགྱུར་གྱི་དཀར་ཆག་ཏུ་ལེ་ཚན་རེ་རེ་བཞིན་དུ་བམ་པོའམ། ཡང་ན་ཤོ་ལོ་ཀ་གྲངས་ཇི་ཙམ་ཡོད་པ་ཡང་གསལ་པོར་བཀོད་ཡོད། དེ་ནི་པཎྜི་ཏ་དང་ལོ་ཙཱ་བས་བསྒྱུར་བའི་གསུང་རབ་རྣམས་ལ་ཁ་སྣོན་དང་ཆད་སྐྱོན་སོགས་མི་འབྱུང་བའི་སྔོན་འགོག་ཆེད་དུ་ཡིན། རྗེས་སུ་བོད་ཀྱི་མཁས་པ་ཚོས་མཛད་པའི་གསུང་རྩོམ་ཁག་ལ་བམ་གྲངས་དང་། ཤོ་ལོ་ཀ་ཇི་ཡོད་ཀྱི་གྲངས་བཀོད་མེད་པས། དཀར་ཆག་གི་ནང་དུ་དེའི་ལྡེབ་རིང་ཐུང་དང་། རྒྱབ་མདུན་ངོས་རེར་ཡིག་ཕྲེང་ཇི་ཡོད་ཀྱི་ཁ་གྲངས་གསལ་པོར་བཀོད་ན་བམ་གྲངས་དང་ཤོ་ལོ་ཀའི་གྲངས་བཀོད་པ་ལྟ་བུའི་ནུས་པ་ཐོན་ཐུབ་ཀྱི་ཡོད།

 

དཀར་ཆག་རིག་པའི་ནང་གསེས་དྲུག་པ་མ་དཔེ།

 

དེ་ནི་རྒྱ་གར་དང་རྒྱ་ནག་སོགས་ཀྱི་སྐད་ནས་བོད་སྐད་དུ་བསྒྱུར་བའམ། དཔེ་ཆ་བྲིས་མ་དང་། དཔར་མ་བཅས་ཀྱི་མ་དཔེ་གང་ནས་བྱུང་བ་གསལ་པོར་བཀོད་པ་ཞིག་སྟེ། སྔར་གྱི་བཀའ་བསྟན་དཀར་ཆག་ཏུ། བསྒྱུར་ཡིག་གི་མ་དཔེ་གང་ནས་བྱུང་བ་བཀོད་པ་ཡང་མི་ཉུང་བ་ཡོད་ཅིང་། བྲིས་མ་དང་དཔར་མ་ཡང་མ་དཔེ་གང་ནས་བཤུས་པ་དང་གང་དང་གང་ནས་འབྱུང་བ་ཡང་གསལ་པོར་བཀོད་ཡོད། ད་དུང་དེར་མ་འདུས་པ། བསྒྱུར་ཡིག་ཡིན་ན་སྒྱུར་བྱེད་ལོ་ཙཱ་བ་སུ་ཡིན་དང་། དྲི་གཏུགས་ཞུ་ཡུལ་གྱི་པཎྜི་ཏའི་མཚན། སྒྱུར་བའི་གནས། སྒྱུར་བའི་དུས། རྩོད་གཞི་ཡོད་མེད། ཆ་ཚང་མིན་སོགས་ཞིབ་གསལ་བཀོད་པ་ཡོད་དཔེར་ན། <<བསྟན་འགྱུར་གྱི་དཀར་ཆག་>> ནང་དུ་ <<དབུ་མ་ལ་འཇུག་པ་>> སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་ཀ་ལ་ཤ་དང་། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པར་བསྒྱུར། ཕྱིས་ར་ས་ར་མོ་ཆེར་རྒྱ་གར་མཁན་པོ་ཀ་ན་ཀ་ཝརྨ་དང་། ལོ་ཙཱ་བ་དེ་ཉིད་ཀྱིས་ཉི་འོག་ཤར་ཕྱོགས་ཀྱི་དཔེ་དང་གཏུགས་ཤིང་བཅོས་པ་ཞེས་གསལ་བར་བཀོད་པ་ལྟ་བུ་དང་། རྩོད་གཞི་ཡོད་པའི་རིགས་ལ་མཁས་པ་སོ་སོའི་གསུང་ཚུལ་མི་འདྲ་བ་གང་ཡོད་དང་། དེ་ལ་དཀར་ཆག་འབྲི་བ་པོས་དཔྱད་གཏམ་ཡང་བྲིས་ཡོད་པ་བཅས་བོད་གནའ་རབས་ཀྱི་དཀར་ཆག་འགོད་ཚུལ་ཧ་ཅང་ཞིབ་ཕྲ་ཡོད་པ་ཞིག་ཡིན།

དཀར་ཆག་རིག་པའི་ནང་གསེས་བདུན་པ།

བྲིས་མ་དང་། དཔར་མའི་དཀར་ཆག་འགོད་ཚུལ།

དཔེ་ཆ་བྲིས་མའི་གྲས་ནས་བཀའ་འགྱུར་དང་བསྟན་འགྱུར། གསེར་བྲིས། དངུལ་བྲིས་ཀྱི་རིགས་གསར་བཞེངས་བྱས་པའི་དཀར་ཆག་འགའ་ཞིག་ཏུ་ནང་དོན་ཁག་བཅུ་བདུན་བྲིས་ཡོད་དེ། ༡ སྔོན་འགྲོའི་ལོ་རྒྱུས། ༢ མཐུན་རྐྱེན་སྦྱོར་བ་པོའི་སྦྱིན་བདག ༣ མ་དཔེ་གང་ལ་གཞི་བཟུང་བ། ༤ བཟོ་རིགས་ཁག་ཇི་ཙམ་ཡོད་པ། ༥ ལས་བཟོ་ཁག་གི་མི་གྲངས། ༦ ཉིན་རེའི་ལས་ཀའི་མགྱོགས་ཚད། ༧ ལས་རིགས་ཁག་གི་ལས་རིམ། ༨ གླ་ཕོགས་དང་བྱ་དགའི་རིམ་པ། ༩ རྒྱུ་ཆའི་ཐོན་ཁུངས། ༡༠ གསུང་རབ་བཞེངས་པའི་ལག་རྩལ། ༡༡ ཞུས་དག་གི་རིམ་པ། ༡༢ འགོ་འཛུགས་དང་མཇུག་སྒྲིལ་བའི་དུས་ཚོད། ༡༣ འཛུགས་སྒང་གྲོལ་གསུམ་གྱི་སྟོན་མོ་གནང་ཆ། ༡༤ ཁྱོན་ཡོངས་ཀྱི་འགྲོ་གྲོན། ༡༥ དད་སྦྱིན་ཁག་གི་ཞལ་འདེབས་འབུལ་ཐོ། ༡༦ འཇོག་ཡུལ་གྱི་ས་གནས། ༡༧ དཀར་ཆག་དངོས་གཞི་བཅས་ཡིན།

དཔར་དུ་བསྐྲུན་པའི་རིགས་ཀྱི་དཀར་ཆག་ལ་ཡང་གོང་དུ་གསལ་བའི་དོན་ཚན་བཅུ་པ་མ་གཏོགས་ཚང་མ་འདྲ་བ་ལ། དོན་ཚན་བཅུ་པར་དཔར་བརྐོའི་ལག་རྩལ་དང་། དེའི་ལག་ཆ་ཅི་དགོས་སྐོར་བཀོད་ཡོད་པས་དཀར་ཆག་འགོད་ཚུལ་ཧ་ཅང་ཞིབ་ཕྲ་ཡིན་པར་མ་ཟད། དེ་ལ་བརྟེན་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྐབས་དེའི་དཔལ་འབྱོར་གྱི་སྟོབས་ཤུགས་དང་། དངོས་པོའི་རིན་ཐང་། ལག་རྩལ་གྱི་ཆུ་ཚད་སོགས་གནད་དོན་མང་པོ་ཞིག་ཤེས་རྟོགས་དང་ཞིབ་འཇུག་བྱ་རྒྱུར་ཕན་ཡོད་ཀྱི་དཔྱད་གཞི་གལ་ཆེ་ཤ་སྟག་རེད།

 

དཀར་ཆག་རིག་པའི་ནང་གསེས་བརྒྱད་པ། བྲིས་མ་དང་དཔར་མའི་དཀར་ཆག་

འགོད་སྐབས་དོ་སྣང་བྱེད་དགོས་པའི་གནད་དོན་སྐོར།

 

དེ་ནི་བོད་ཡིག་གི་དཔེ་ཆ་བྲིས་མ་ཡིན་ན་ཡིག་གཟུགས་དབུ་ཅན་དབུ་མེད་གང་ཡིན་དང་། བསྡུ་ཡིག་ཡོད་མེད་འབྲི་དགོས་པ་དང་། དཔར་མ་ཡིན་ན་ས་གནས་གང་གི་དཔར་ཡིན་འབྲི་དགོས་པ། བྲིས་མ་དང་དཔར་མ་དཔེ་ཆ་གཅིག་ཡིན་ན་དཀར་ཆག་ཐོག་མཉམ་དུ་འགོད་དགོས་པ་གསུམ་ཡིན། དེའི་རྒྱུ་མཚན་ནི་བོད་ཡིག་གི་བྲིས་མ་མང་པོ་ཞིག་ཞུས་དག་ཡག་པོ་བྱུང་མེད་པ་དང་། དབུ་ཅན་གྱི་བྲིས་མ་ཁག་གཅིག་གི་མ་དཔེ་དབུ་མེད་ཡིན་སྟབས་དབུ་མེད་ཀྱི་བསྡུ་ཡིག་ལ་གོ་བ་མ་ལོན་པར་འོལ་ཚོད་ཀྱིས་བྲིས་པ་དང་། ན་རོ་དང་འགྲེང་བུ་ཕན་ཚུན་ནོར་བ་སོགས་བྱུང་ཡོད་ཅིང་། དཔར་མའི་རིགས་ཀྱི་ཞུས་དག་ནི་ཐོག་མར་དམར་ཞུས་ཟེར་བ་མ་དཔེ་དང་བཤུས་བྲིས་ཕན་ཚུན་བསྡུར་ནས་ཞུས་དག་གཏོང་དགོས་པ་དང་། དེ་རྗེས་ཡང་ཞུས་ཟེར་བ་ཚིག་དོན་ལ་ཞུས་དག་ཐེངས་ཁ་ཤས་དགོས་པ། དེ་རྗེས་བསྐྱར་ཞུས་ཟེར་བ་བཤུ་བྲིས་ཟིན་པའི་ཡིག་གཟུགས་གཅིག་མཚུངས་བྱུང་ཡོད་མེད་དང་། ཆད་ལྷག་གང་ཡོད། ཚིག་དོན་མ་དཔེ་ལྟར་བྱུང་ཡོད་མེད་བཅས་ཞུས་དག་མཁན་མི་མང་པོས་ཡང་ཡང་བལྟས་ནས་གསར་བརྗེས་དང་། ཆད་གསབ། འཛུགས་རྒྱག་བཅས་དགོས་རིགས་འཕྲལ་འཕྲལ་བྱེད་དགོས་པས་བྲིས་མ་དང་བསྡུར་ན་དཔར་མ་ནི་ཧ་ཅང་གིས་ཚད་མཐུན་བྱུང་ཡོད། འོན་ཀྱང་དཔར་མ་འགའ་ཞིག་གི་མ་དཔེ་ལ་སྐྱོན་དང་། དཔར་མ་ཕན་ཚུན་བསྡུར་ནས་ལྟ་བདེ་པོ་ཡོང་ཆེད་བྲིས་དམར་གྱི་དཔེ་གཅིག་མཚུངས་ཅི་ཡོད་ཁ་མ་བྲལ་མར་མཉམ་དུ་བཞག་ན་ལེགས། དཔར་མའི་རིགས་འགའ་ཞིག་དབུས་གཙང་ཁམས་གསུམ་གྱི་ས་གནས་མང་པོར་ཡོད་པས་དཀར་ཆག་ཐོག་དམར་པ་དེ་ས་གནས་གང་གི་དཔར་ཡིན་མིན་གསལ་པོར་བཀོད་ན་དཔར་མ་ཕན་ཚུན་ཞིབ་བསྡུར་བྱས་ཏེ་ལྟ་ཀློག་བྱེད་བདེ་བའི་ཁྱད་པར་ཡོད།

 

དཀར་ཆག་རིག་པའི་ནང་གསེས་དགུ་པ་ལྡེབ་རིང་ཐུང་། བོད་ཡིག་གི་བཀའ་འགྱུར་བྲིས་མ་དང་དཔར་མའི་ཤོག་ལྡེབ་ཀྱི་ཚད་ནི།

མགོ་མཇུག་གི་ཤོག་ལྷེ་ཕུད་པའི་སྤྱིའི་རིང་ཚད་སྤྱི་སྐར། ༦༠-༦༥

ཞེང་ཚད་སྤྱི་སྐར། ༥༢-༥༤

མཐའ་སྣེའི་ཐིག་གི་མགོ་ནས་མཇུག་བར་གྱི་རིང་ཚད་སྤྱི་སྐར། ༤༧_༥༣

སྣེ་ཐིག་གི་ཞེང་ཚད་སྤྱི་སྐར། ༣༦-༣༤

བསྟན་འགྱུར་གྱི་ཤོག་ལྡེབ་རིང་ཚད་སྤྱི་སྐར།༥༦_༦༠

ཞེང་ཚད་སྤྱི་སྐར། ༡༥-༡༠

སྣེ་ཐིག་གི་རིང་ཚད་སྤྱི་སྐར།༤༧-༥༣

ཞེང་ཚད་སྤྱི་སྐར། ༧-༦

སྤྱིར་བཏང་གསུང་རབ་མང་ཆེ་བའི་ཤོག་ལྡེབ་རིང་ཚད་སྤྱི་སྐར། ༥༥-༦༠

ཞེང་ཚད་སྤྱི་སྐར། ༡༠­-༩

སྣེ་ཐིག་གི་རིང་ཚད་སྤྱི་སྐར། ༥༣‑༤༧

སྣེ་ཐིག་གི་ཞེང་ཚད་སྤྱི་སྐར། ༧-༦

ལྡེབ་འབྲིང་ནི། དཔེ་ཆ་ཤོག་བུའི་རིང་ཚད་མདའ་གང་མ་ལོངས་ཤིང་དཔེ་ཐུང་ལས་རིང་ཙམ་བྱས་པ་རྣམས་ལ་ཟེར། དེ་ནི་དཔེ་མཛོད་དང་དཔར་ཁང་དུ་འཇོག་པའམ་ཕྱོགས་གཞན་དུ་འགྲོ་སྐབས་ཁུར་པོའི་སྟེང་དུ་བཞག་ནས་ཁྱེར་སྟབས་བདེ་བ་ཡོད་ཅིང་།

དེའི་རིང་ཚད་སྤྱི་སྐར། ༣༢-༣༠

ཞེང་ཚད་སྤྱི་སྐར། ༨-༩

སྣེ་ཐིག་གི་རིང་ཚད་སྤྱི་སྐར། ༢༧‑༢༥

སྣེ་ཐིག་གི་ཞེང་ཚད་སྤྱི་སྐར། ༦-༥

ཡོད་པས་དེ་ལ་གཞི་བཟུང་ནས་ཡིག་འབྲུ་མང་ཉུང་རྩིས་ཆོག

 

དཀར་ཆག་རིག་པའི་ནང་གསེས་བཅུ་པ། ཡིག་ཕྲེང་ཡིག་འབྲུ།

 

བོད་ཡིག་གི་དཔེ་ཆ་བྲིས་མའི་རིགས་ལ་ཡིག་ཕྲེང་མང་ཉུང་ངེས་པ་མེད་དེ། འགའ་ཞིག་གིས་ཤོག་ངོས་རེར་ཡིག་ཕྲེང་བཅོ་ལྔ་ནས་ཉི་ཤུའི་བར་བྱས་པ་ཡང་ཡོད་ཅིང་། དེ་ཚོའི་ཡིག་གཟུགས་ལེགས་ཤིང་ཡིག་འབྲུ་ཧ་ཅང་ཆུང་བའི་ཐོག་ཡིག་ཕྲེང་རེའི་བར་གྱི་སྟོང་ཆ་སྤྱི་སྐར་ཕྱེད་ཙམ་ལས་མེད། དེ་ནི་མཁས་པ་པཎྜི་ཏ་ཚོས་རྒྱུན་དུ་འབྲལ་སྤངས་མཛད་པའི་ཕྱག་དཔེ་དང་། ཆོས་པ་གནས་ངེས་མེད་དུ་འགྲུལ་བཞུད་བྱེད་མཁན་གྱིས་རྒྱུན་ཁྱེར་ཉེར་མཁོའི་དཔེ་ཆའི་རིགས། དཔེ་རྒྱུན་ཧ་ཅང་དཀོན་པའི་རིགས་འབྲི་བཤུས་བྱས་པ་བཅས་ལ་ཡིག་འབྲུ་ཇི་ཙམ་ཆུང་ན་དཔེ་ཚོགས་ཉུང་ལ་ཁྱེར་སྟབས་བདེ་པ་ཡོད། དཔེར་ན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོའི་རྒྱུན་གཟིགས་ཕྱག་དཔེ་བྲིས་མ་ལྟ་བུ་ཡིན། སྤྱིར་བཏང་དཔེ་ཆ་མང་ཆེར་ཡིག་ཕྲེང་དྲུག་ནས་བདུན་བར་དང་། ཡིག་ཕྲེང་རེའི་བར་གྱི་སྟོང་ཆ་ནི་སྤྱི་སྐར་གང་ཡིན་པས་ཡིག་གཟུགས་ཆེ་ཆུང་སྙོམས་པ་དང་། ཡིག་ཕྲེང་གོང་འོག་གི་བར་སྟོང་ལ་མཆན་བུའི་ཡིག་ཆུང་བཀོད་ན་ཤོང་ཐུབ་པ་ཡོད། བྲིས་མ་ནི་དཔར་མ་དང་མི་འདྲ་བར་ཡིག་གཟུགས་ཧ་ཅང་ཆུང་བ་རི་བོང་གི་སྤུ་དང་། ཞུམ་བུའི་སྤུས་བཟོས་པའི་པིར་གྱི་སྨྱུ་གུས་བྲིས་ཀྱང་ཆེ་ཤེལ་གྱིས་བལྟས་ན་གསལ་པོར་མཐོང་ཐུབ་པ་ནི་བྲིས་མའི་ཁྱད་ཆོས་རེད། དཔར་མ་ནི་དེ་དང་མི་འདྲ་བར་ཡིག་གཟུགས་ཆུང་དྲགས་ན་དཔར་ཐེངས་འགའ་ཞིག་བརྒྱབ་རྗེས་ཡིག་གཟུགས་གོག་སྐྱོན་ཡོང་སླ་བའི་དབང་གིས་ཡིག་ཕྲེང་གོང་འོག་གི་བར་སྟོང་སྤྱི་སྐར་གང་དང་། ཤོག་ངོས་རེར་ཡིག་ཕྲེང་དྲུག་ནས་བདུན་བར་གཏན་ཁེལ་བྱས་ཡོད།

ཡིག་ཕྲེང་རེར་ཡིག་འབྲུ་ཇི་ཙམ་ཡོད་པ་ནི།

ལྡེབ་རིང་ཡིག་ཆེན་གྱི་རིགས་ལ་ཡིག་འབྲུ་ ༤༥-༥༣

ལྡེབ་རིང་ཡིག་ཆུང་གི་རིགས་ལ་ཡིག་འབྲུ་ ༦༣-༧༣

ལྡེབ་འབྲིང་ཡིག་ཆེན་གྱི་རིགས་ལ་ཡིག་འབྲུ་ ༣༠-༣༧

ལྡེབ་འབྲིང་ཡིག་ཆུང་གི་རིགས་ལ་ཡིག་འབྲུ་ ༥༠-༦༠

ལྡེབ་ཐུང་ཡིག་ཆེན་གྱི་རིགས་ལ་ཡིག་འབྲུ་ ༢༠-༢༥

ལྡེབ་ཐུང་ཡིག་ཆུང་གི་རིགས་ལ་ཡིག་འབྲུ་ ༢༥-༣༠

བར་བཅས་ཡོད། འདི་དེང་སང་བོད་ཡིག་དཔེ་སྐྲུན་ཁང་གི་བོད་ཡིག་ཡིག་འབྲུ་བརྩི་ཚུལ་དང་མི་འདྲ་བར་ཚེག་བར་རེར་ཡིག་འབྲུ་རེ་བརྩིས་པའི་བོད་གནའ་རབས་ཀྱི་རྩི་ཚུལ་གཞིར་བཟུང་བ་ཡིན།

 

དཀར་ཆག་རིག་པའི་ནང་གསེས་བཅུ་གཅིག་པ། ལེ་ཚན་ཁ་གྲངས།

 

བོད་ཡིག་གི་དཔེ་ཆ་འགའ་ཞིག་མགོ་ནས་མཇུག་བར་ལེ་ཚན་ཁ་ཤས་སུ་བགོས་ཡོད་པ་དང་། འགའ་ཞིག་ཚན་པ་མང་པོར་མ་བགོས་པར་དུམ་བུ་སོ་སོ་གཅིག་མཇུག་གཉིས་མཐུད་དུ་སྦྲེལ་ཡོད་པ། འགའ་ཞིག་དཔེ་ཆ་གཅིག་ཡིན་ཀྱང་ལེ་ཚན་བགོས་པ་དང་མ་བགོས་པ་སྣ་ཚོགས་སུ་ཡོད་པ་ནི། དཔེར་ན་ཐུའུ་བཀྭན་གྱིས་མཛད་པའི་ <<གྲུབ་མཐའ་ཤེལ་དཀར་མེ་ལོང་>> ཨ་མདོ་དཔར་མ་དང་། དབུས་པར་གཉིས་ལེ་ཚན་མང་པོ་བགོས་ཡོད་ཀྱང་། སྡེ་དགེ་དཔར་མར་མགོ་མཇུག་ཆ་ཚང་དུམ་བུ་གཅིག་ཏུ་སྦྲེལ་ཡོད་པ་ལྟ་བུ་ཡིན་པས་ལེ་ཚན་དུ་བགོས་ཡོད་མེད། ཆ་ཚང་དང་མ་ཚང་སོགས་ཞིབ་གསལ་ཡོང་ཆེད་དང་། དཔེ་ཆ་གཡོར་མཁན་འགའ་ཞིགས་དཔེ་ཆ་གཡར་རྗེས་དེའི་ནང་ནས་སོ་སོར་དགོས་མཁོ་ཡོད་པའི་ལེ་ཚན་དེ་བརྐུས་ནས་མ་ཚང་བ་བཟོས་པ་སོགས་ཀྱི་སྐྱོན་ཆ་སྔོན་འགོག་བྱེད་ཆེད་ལེ་ཚན་ཇི་ཙམ་ཡོད་པ་གསལ་པོར་འགོད་དགོས་པར་མ་ཟད། རྩོམ་པ་པོ་གཅིག་གི་རྩོམ་ཡིག་ཆ་ཚང་གཅིག་ལ་ལེ་ཚན་མང་པོ་ཡོད་པ་དང་། ཡང་ན་པོད་གཅིག་གི་ནང་དཔེ་ཆ་ལེ་ཚན་འགའ་ཞིག་ཡོད་ན། ལེ་ཚན་སོ་སོའི་དབུ་ཤོག་གི་ཁ་བྱང་ཐོག་ལེ་ཚན་གྱི་ཨང་རྟགས་བཀོད་ནས་ཨང་རྟགས་དེའི་ཐོག་ཏུ་བདག་པོ་རང་ཉིད་ཀྱི་མིང་བཀོད་པའི་རྟགས་བརྒྱབ་ན་གོང་དུ་གསལ་བའི་སྐྱོན་ཆ་རྣམས་སྔོན་འགོག་བྱེད་ཐུབ།

 

དཀར་ཆག་རིག་པའི་ནང་གསེས་བཅུ་གཉིས་པ། པོད་གྲངས།

 

པོ་ཏི་ཟེར་བ་ནི་རྒྱ་གར་སྐད་ཀྱི་པུ་སྟ་ཀ་ཞེས་པའི་ཟུར་ཆག་ནས་པོ་ཏི་དང་། དེ་ཡང་ཚིག་སྡུད་བྱས་པའི་མིང་ལ་པོད་ཅེས་བརྗོད་པ་ཡིན་ཅིང་། བོད་སྐད་རང་ཉིད་ཀྱི་མིང་ནི་གླེགས་བམ་ཟེར། དེ་ནི་རྒྱ་རིམ་པ་བདུན་དང་ལྡན་པ་ཞིག་སྟེ། ༡ བརྗོད་དོན་མི་འཁྲུགས་པའི་ཆེད་དུ་སྡེ་ཚན་གྱི་རྒྱ། ༢ གླེགས་བམ་ཕན་ཚུན་མི་ནོར་བའི་ཆེད་ཀ་ཐོའི་རྒྱ། ༣ ལེ་ཚན་མི་ནོར་བའི་ཆེད་སྤྱན་ཁྱེར་གྱི་རྒྱ། ༤ ཆད་ལྷག་མི་འབྱུང་བའི་ཆེད་ཤོག་གྲངས་ཀྱི་རྒྱ། ༥ མཐའ་སྣེ་མི་འཆོལ་བའི་ཆེད་སྣེ་ཐིག་གི་རྒྱ། ༦ སྲུང་སྐྱོབ་ཀྱི་ཆེད་གླེགས་ཤིང་སྐུ་རགས་ཀྱི་རྒྱ། ༧ མཆོད་པའི་ཆེད་དུ་ན་བཟའི་རྒྱ་བཅས་ཡོད། རྒྱ་བདུན་གྱི་ནང་ནས་གཞན་དག་གོ་སླ་ཞིང་། སྤྱན་ཁྱེར་ཞེས་པ་ཤོག་ལྡེབ་མདུན་ངོས་ཀྱི་གཡོན་ཟུར་དུ་ཡོད་པའི་མཚན་བྱང་དང་། གདོང་དཀར་གྱི་ངོས་སུ་ཡོད་པའི་མཚན་བྱང་བསྡུས་པ་གཉིས་ལ་ཟེར་ཞིང་། སྣེ་ཐིག་ནི་བྲིས་མ་དང་དཔར་མའི་ཤོག་ངོས་ཀྱི་མཐའ་བསྐོར་དུ་ཡོད་པའི་ཐིག་རིང་གོང་འོག་གཉིས་དང་། གཡས་གཡོན་གྱི་ཐིག་ཐུང་ཕྱི་ནང་ཉིས་རིམ་དུ་ཡོད་པ་འདི་ལྟ་བུ།

 

བར་འདིར་དཔེ་མཚོན་དཔེ་རིས་ཤིག་ཡོད།

 

ཕྱི་མཐའི་སྣེ་ཐིག་གོང་མ། གཡས་གཡོན་གྱི་སྣེ་ཐིག ཕྱི་མཐའི་སྣེ་ཐིག་འོག་མ།

 

པོ་ཏིའམ་གླེགས་བམ་དེ་ལ་ཚད་ཆེ་ཆུང་མི་འདྲ་བ་གསུམ་ཡོད་ཅིང་། དེ་ཡང་ཤོག་གྲངས་

མང་ཉུང་གི་ཐོག་ནས་བརྩི་བ་ལས། ཡིག་འབྲུ་མང་ཉུང་དང་། ལྡེབ་རིང་ཐུང་གི་སྒོ་ནས་བརྩི་བ་མིན།

པོད་ཚད་ཆེ་བར་ཤོག་གྲངས། ༥༠༠-༧༠༠

པོད་ཚད་འབྲིང་བར་ཤོག་གྲངས། ༣༠༠-༤༠༠

པོད་ཚད་ཆུང་བར་ཤོག་གྲངས། ༡༥༠-༢༠༠

ཤོག་གྲངས་བརྒྱ་མན་ཆད་ནི་ལེ་ཚན་དུ་བརྩི་བ་ལས་པོད་ཚད་དུ་མི་བརྩི་བ་བཅས་ཀྱི་ཁྱད་པར་ཤེས་དགོས། གལ་ཏེ་པོད་ཚད་གཏན་ནས་མ་ལོངས་པའི་ལེ་ཚན་གཅིག་ལ་པོད་གཅིག་ཏུ་བརྩིས་ན་བོད་ཀྱི་ལུགས་སྲོལ་གཏན་ནས་མ་ཤེས་པ་ཞིག་གིས་དོ་སྣང་གཏན་ནས་མི་བྱེད་ཀྱང་། ལུགས་སྲོལ་ཅུང་ཟད་ཤེས་ཤིང་དཔེ་ཆའི་རིགས་ལ་རྒྱུས་མངའ་མེད་པའི་མི་རྣམས་ཀྱིས་དཔེ་ཆ་པོད་ཚད་ལོངས་པ་ཞིག་ཡིན་དང་། པོད་ཚད་མ་ལོངས་པའི་ལེ་ཚན་ཞིག་ཡིན་གསལ་པོར་མི་ཤེས་པའི་དབང་གིས་དཔེ་ཆ་དེ་མ་ཚང་བ་ཞིག་ཡིན་ཀྱང་ཚང་བའི་གྲས་དང་། ཚང་བའི་གྲས་ཀྱང་མ་ཚང་བ་ཞིག་ཏུ་བརྩིས་ཏེ་བདག་གཉེར་འཐུས་ཚང་མི་ཡོང་ཞིང་། ཕན་ཚུན་རྩིས་སྤྲོད་ལེན་གྱི་ལས་ཀ་དངོས་དང་མཐུན་པ་ཞིག་ཡོང་མི་ཐུབ།

 

དཀར་ཆག་རིག་པའི་ནང་གསེས་བཅུ་གསུམ་པ། ཤོག་གྲངས།

 

བོད་ཀྱི་མཁས་པ་ཚོའི་གསུང་རྩོམ་མང་ཆེ་བར་ཤོག་གྲངས་ལ་བོད་ཡིག་གི་ཡིག་ཆེན་འབྲི་བ་མང་ཞིང་། གནའ་རབས་ཀྱི་དཔེ་ཆ་འགའ་ཞིག་གི་ཤོག་གྲངས། ཨང་ཀི་འབྲི་བ་དང་། དེ་ཡང་གཅིག་ནས་དགུ་བཅུ་གོ་དགུའི་བར་ཡོངས་གྲགས་ལྟར་དང་། ཨང་ཀི་བདུན་ནི་ ༧ འདི་འདྲ་དང་། ཨང་ཀི་དགུ་པ་ ༩ འདི་འདྲ་བྲིས་ཡོད་སྟབས་བདུན་དང་དགུ། དགུ་དང་གཉིས་བཅས་ཕན་ཚུན་འདྲ་ནོར་ཡོང་སླ་བ་ཡིག་གཟུགས་ལ་གཟབ་ནན་གྱིས་ལྟ་དགོས། ཨང་ཀི་བརྒྱ་ཐམ་པ་ལ་ ༡༠༠ ཉིས་བརྒྱ་ཐམ་པ་ལ་ ༡༡༠༠ སུམ་བརྒྱ་ཐམ་པ་ལ་ ༡༡༡༠༠ སོགས་ཆིག་སྟོང་བར་གྱི་གྲངས་ཀ་རྣམས་ལ་ཀུར་རྟགས་གོང་ལྟར་ཁ་སྣོན་བྱས་ཏེ་ཆིག་སྟོང་ཡན་ཆད་ཀྱི་ཨང་ཀི་རྒྱུན་སྤྱོད་ཨང་ཀི་དང་འདྲ་བར་འབྲི་སྲོལ་ཡང་འདུག

གནའ་རབས་བོད་ཀྱི་ཨང་ཀིའི་འབྱུང་ཁུངས་ནི། ཐོག་མར་གཅིག་སྟེང་གཅིག་བསྣན་པས་གཉིས་དང་། གཉིས་དང་གཅིག་ཕན་ཚུན་བསྣན་པས་གསུམ། གཉིས་དང་གཉིས་ཕན་ཚུན་བསྣན་པས་བཞི། གཉིས་དང་གསུམ་ཕན་ཚུན་བསྣན་པས་ལྔ། གཉིས་དང་བཞི་ཕན་ཚུན་བསྣན་པས་དྲུག གཉིས་དང་ལྔ་ཕན་ཚུན་བསྣན་པས་བདུན། གཉིས་དང་དྲུག་ཕན་ཚུན་བསྣན་པས་བརྒྱད། གཉིས་དང་བདུན་ཕན་ཚུན་བསྣན་པས་དགུ། ལྔ་དང་ལྔ་ཕན་ཚུན་བསྣན་པས་བཅུ་ཡིན་པས། དེ་ལ་བཅུ་གནས་སུ་ཨང་ཀི་གཅིག་དང་གཅིག་གནས་སུ་ཐིག་ལེ་བཞག་པ་སྟེ། ཐིག་ལེའི་གྲངས་ཀའི་མཚམས་དང་གནས་འཛིན་པའི་རྩིས་དེ་གནའ་རབས་སུ་རྒྱ་བོད་མི་རིགས་གཉིས་བར་འབྲེལ་བ་མ་བྱུང་གོང་ནས་ཡོད། (ཐིག་ལེས་ཨང་ཀིའི་ཚབ་བྱེད་པ་ཨ་རབ་རྒྱལ་ཁབ་ནས་བྱུང་བ་ཟེར་བ་ཡང་ཡོད།) དེ་ཡང་ལག་ཤེས་བཟོ་ལས་དར་རྒྱས་བྱུང་ཞིང་། ཞིང་འབྲོག་གཉིས་བར་དངོས་ཟོག་བརྗེ་རེས་ཀྱི་ཚོང་ལས་གོང་དུ་འཕེལ་བ་དང་ཆབས་ཅིག་དཔལ་འབྱོར་གྱི་རིན་ཐང་བརྩི་བའི་བརྗེད་ཐོ་བཀོད་པའི་ཚད། དོར་དང་། ཐུལ། ཁལ། བྲེ། ཕུལ། སྲང་སོགས་དང་། བྲེ་ཁ། ཆག་པ། བཅུ་དེབས། པོད། ལེ་ཚན། ཤོག་ངོས་སོགས་ཆ་ཤས་རྣམས་ཧྲིལ་པོ་གཅིག་ཏུ་བསྡོམས་པའམ། ཧྲིལ་པོ་ཆ་ཤས་སུ་བསིལ་བ། ལྡབ་འཕར་དུ་བསྒྱུར་བ། སྔ་མའི་ཐོག་ཏུ་ཕྱི་མ་སྣོན་པ། སྔ་མའི་སྟེང་ནས་མར་ཕྲི་བ་སོགས་གང་གི་སྐབས་སུ་ཡང་གྲངས་ཀ་མེད་མི་རུང་ལ། གྲངས་ཀ་བརྩི་བའི་ཚད་གཞི་ཧྲིལ་པོ་དང་ཆ་ཤས་ཀྱི་མིང་མང་པོ་ཡང་མེད་མི་རུང་བས། མི་རིགས་མང་ཆེ་བར་རང་རང་སོ་སོའི་ལུགས་ཀྱི་གྲངས་ཀ་རྩི་ཐབས་ཡདོ། སྐབས་འདིའི་གྲངས་ཀ་ནི་དཔེ་ཆའི་པོད་དང་། ལེ་ཚན། ཤོག་ལྡེབ། ཡིག་ཕྲེང་། ཡིག་འབྲུ་སོགས་ཧྲིལ་པོ་དང་། ཆ་ཤས་ཀྱི་གྲངས་ཀ་ཡིག་ཆེན་ཐོག་འབྲི་བའམ། བརྡ་མཚོན་ཨང་ཀི་བཀོད་པའི་གྲངས་ལ་ཟེར་ཞིང་། དེ་ནི་དཔྱད་གཞི་ལྟ་ཀློག་བྱེད་མཁན་དང་། བདག་གཉེར་བྱེད་མཁན་ཚང་མས་སེམས་ལ་ངེས་དགོས་པའི་གཞི་འཛིན་སའི་གྲངས་ཀ་ཡིན།

 

དཀར་ཆག་རིག་པའི་ནང་གསེས་བཅུ་བཞི་པ། ཆ་ཚང་མིན་སྐོར།

 

བོད་སྔ་རབས་ཀྱི་མཁས་པ་ཚོས་བསྒྱུར་བ་དང་བརྩམས་པའི་གསུང་རབ་དང་། རྩོམ་ཡིག་ལ་ཆ་ཚང་མིན་གྱི་ཐད་བཤད་ན་རིགས་བཞི་ཡོད། ༡ ལོ་ཙཱ་བ་དང་མཁས་པ་གཅིག་གིས་དཔེ་སྣ་ཆ་ཚང་གཅིག་བསྒྱུར་བ་དང་བརྩམས་པ། ༢ ལོ་ཙཱ་བ་དང་མཁས་པ་འགའ་ཞིག་གིས་དཔེ་སྣ་དེའི་སྐོར་མགོ་མཇུག་ཆ་ཚང་བར་མཛད་པ། ༣ ལོ་ཙཱ་བ་དང་མཁས་པ་དེས་བསྒྱུར་བ་དང་བརྩམས་པའི་དཔེ་སྣ་དེ་བསྒྱུར་འཕྲོ་དང་། རྩོམ་འཕྲོ་ལུས་པ། ༤ བསྒྱུར་བ་དང་བརྩམས་པའི་དཔེ་སྣ་ཆ་ཚང་དེ་རང་ལ་ལོ་ཙཱ་བ་སོ་སོའི་བསྒྱུར་སྟངས་མི་འདྲ་བ་ (འགྱུར་མི་འདྲ་བ་)  དང་། མཁས་པ་སོ་སོས་བརྩམས་པ་ལ་ཡང་རྒྱས་བསྡུས་མི་འདྲ་བ་སྣ་ཚོགས་ཡོད་པས། དཀར་ཆག་གི་ཐོག་ཏུ་གསལ་པོར་འགོད་དགོས།

དཔེ་ཆ་འགའ་ཞིག་གི་དཔེ་རྒྱུན་ཁྱབ་ཆེ་བས་བྲིས་མ་རིགས་མི་འདྲ་བ་དང་། དཔར་མ་རིགས་མི་འདྲ་བ་མང་པོ་ཡོད་པར་མ་ཟད། དཔེ་མཛོད་ཁང་གཅིག་གི་ནང་དུ་ཆ་ཚང་མང་པོ་ཡོད་པས་རང་ཉིད་ཀྱི་དཔེ་མཛོད་ཁང་དེའི་ནང་དུ་ཡོད་པའི་དཔེ་ཆ་དེ་དང་དེ་ཆ་ཚང་ཡིན་མིན་དང་། ཆ་ཚང་ཇི་ཙམ་ཡོད་པའི་བསྡོམས་གྲངས་ (ཚར་གྲངས།) ཀྱང་གསལ་པོར་འགོད་དགོས།

 

དཀར་ཆག་རིག་པའི་ནང་གསེས་བཅོ་ལྔ་པ། རྟགས་ཐམ།

 

བོད་དུ་དཔེ་ཆའི་ཐོག་རྟགས་ཐམ་འགོད་པའི་ལམ་ལུགས་ནི། ཏཱ་ལའི་བླ་མ་སྐུ་ཕྲེང་པ་དང་། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་པའི་དུས་ནས་ཕྱག་དཔེའི་ཐོག་དཔེ་ཐམ་གནང་སྲོལ་བྱུང་ཞིང་། དེ་ཡང་སྐུ་སྒེར་གྱི་སྐུ་ཆས་དང་ཕྱག་དཔེའི་རིགས་ལ་དམིགས་གསལ་གྱིས་བསྐྱོན་པ་གནང་བྱེད་མགུལ་ཐམ་ཞེས་པའི་རྟགས་ཐམ་ཆུང་ངུ་ཞིག་ཡོད་པ་དེ་ཕྱག་དཔེའི་དབུ་ཤོག་གི་ཁ་བྱང་གི་སྟེང་དང་། ཞབས་ཤོག་གི་ཟུར་དུ་བསྐྱོན་པ་གནང་ཡོད། དེ་སྔའི་བོད་ས་གནས་སྲིད་གཞུང་གི་ཡིག་ཆ་གང་ཡིན་ལ་མགོ་ཤོག་དང་། ཞབས་ཤོག ཤོག་གྲངས་རེ་རེ་བཞིན་གྱི་གྲངས་ཀའི་ཐོག་དང་། ཟུར་མཆན་གྱི་མགོ་མཇུག ཡི་གེ་མེད་པའི་ཤོག་སྟོང་གི་ཟུར་བཅས་ལ་རྟགས་ཐམ་ཡོད། ལྷག་པར་དུ་དཔེ་མཛོད་ཁང་དུ་ཡོད་པའི་བོད་ཡིག་དཔེ་ཆར་རྟགས་ཐམ་མེད་ན་བརྐུས་ཤོར་བོར་བརླག་གི་ཉེན་ཁ་ཆེ་བས་དཔེ་མཛོད་ཁང་སོ་སོར་ཆེད་སྤྱོད་དཔེ་ཐམ་ངེས་པར་དུ་ཡོད་དགོས་པ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་དཔེ་ཆ་བདག་གཉེར་ཐད་ནས་བསགས་པའི་ཉམས་མྱོང་རྩ་ཆེན་ཞིག་རེད།

 

དཀར་ཆག་རིག་པའི་ནང་གསེས་བཅུ་དྲུག་པ། གསུང་འབུམ་གྱི་དཀར་ཆག་

འགོད་སྐབས་ཆོས་ལུགས་གྲུབ་མཐའ་སོ་སོར་ཕྱེ་བ་དང་མ་ཕྱེ་བའི་སྐོར།

 

ཆོས་ལུགས་གྲུབ་མཐའ་ཁག་གི་བླ་མ་དང་མཁས་པ་ཚོའི་གསུང་རྩོམ་གྱི་དཀར་ཆག་ཟུར་དུ་བཀོད་མ་དགོས་པར་གསུང་འབུམ་གྱི་དཀར་ཆག་བཀོད་པ་དེས་གོ་ཆོད་པར་བྱས་ན་མི་འགྲིག་པ་མེད་ཅིང་། དེ་འདྲ་བྱེད་པའི་ལུགས་སྲོལ་སྔར་ནས་ཡོད་པས་དེའི་དབང་དུ་བྱས་ན། བོད་ལ་ནང་པ་སངས་རྒྱས་པའི་ཆོས་ལུགས་གྲུབ་མཐའ་ཁག་བྱུང་བའི་གོ་རིམ་དང་མཐུན་པར། ཐོག་མར་གསང་སྔགས་རྙིང་མའི་གཏེར་ཁ་གོང་འོག

དེ་ནས་བཀའ་གདམས་པའི་བརྒྱུད་པ་རྣམ་གསུམ།

དེ་ནས་ས་སྐྱའི་ངོར་གོང་རྫོང་གསུམ།

དེ་ནས་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད།

དེ་ནས་དགེ་ལུགས་དབུས་གཙང་མངའ་རིས་མདོ་སྨད་སོག་ཡུལ།

བཅས་གོ་རིམ་དེ་ལྟར་སྒྲིག་སྲོལ་ཡོད་ཅིང་། སྒྲིག་སྟངས་དེ་ལ་ཕྱོགས་བསྡུས་ཀྱི་རང་བཞིན་དང་། གོ་རིམ་ཆ་ཚང་བ། ལོ་རྒྱུས་ཤེས་རྟོགས་ཐུབ་པ། དོན་དངོས་དང་མཐུན་པ་བཅས་ཀྱི་ཁྱད་ཆོས་མང་པོ་ཡོད། འོན་ཀྱང་བླ་མ་དང་མཁས་པ་འགའ་ཞིག་ཆོས་ལུགས་གྲུབ་མཐའ་གང་གི་ཁོངས་སུ་གཏོགས་པ་མི་གསལ་བ། ཁྲུས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོ་དང་། འོལ་ཁ་སླེ་ལུང་བཞད་པའི་རྡོ་རྗེ་ལྟ་བུ་དང་། ཆོས་ལུགས་ཁག་སོ་སོའི་ཆོས་འབྱུང་དུ་བླ་མ་དེ་རང་རང་གི་ཆོས་ལུགས་དེའི་ཁོངས་སུ་འཐེན་ནས་བཤད་ཡོད་པར་མ་ཟད། གསུང་རྩོམ་གྱི་ནང་ནས་རྩོམ་པ་པོ་རང་ཉིད་ཆོས་ལུགས་གཙོ་བོ་གང་ལ་གནང་གི་ཡོད་མེད་ཀྱང་གསལ་པོར་ཤེས་ཐབས་མེད་པ་འགོས་ལོ་གཞོན་ནུ་དཔལ་དང་། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་ལྟ་བུ་མི་ཉུང་བ་ཞིག་ཡོད།

གལ་ཏེ་གསུང་འབུམ་གྱི་དཀར་ཆག་འགོད་སྐབས་ཆོས་ལུགས་སོ་སོར་མ་ཕྱེ་བར་རྩོམ་པ་པོ་སོ་སོའི་མཚན་གྱི་མིང་ཡིག་དང་པོ་གང་ཡིན་པ་སྟེ། གུང་ཐང་བླ་མ་ཞང་ལྟ་བུའི་ (གུ་) དང་། འགོས་ལོ་གཞོན་ནུ་དཔལ་ལྟ་བུའི་ (འགོ་) སྒྲུབ་ཁང་བློ་བཟང་ཚུལ་ཁྲིམས་ལྟ་བུའི་ (སྒྲུབ་) བཅས་གཞིར་བཟུང་ནས། དེ་དག་གི་གོ་རིམ་སྒྲིག་སྟངས་ཐད་སུམ་ཅུ་པའི་སྐབས་ནས་བཤད་པ་ལྟར།

ཐོག་མར་མིང་གཞི་རྐྱང་པ་ཀ་མད་སུམ་ཅུ་ཐམ་པ་སོ་སོའི་སྐབས་སུ་བབ་པའི་གོ་རིམ་ལྟར་བསྒྲིགས་ཏེ། དེ་ནས་རང་རང་གི་མིང་གཞི་དེ་ལ་དབྱངས་ཡོད་པ་རྣམས་དང་། དེ་ནས་རྗེས་འཇུག་ཡོད་ལ་སྔོན་འཇུག་མེད་པ། དེ་ནས་སྨད་འདོགས་དང་སྔོན་འཇུག་གཉིས་ཡོད་ལ་གཞན་དག་རྣམས་མེད་པ། དེ་ནས་སྨད་འདོགས་དང་སྔོན་གསུམ་ཡོད་ལ་གཞན་དག་རྣམས་མེད་པ། དེ་ནས་སྔོན་རྗེས་མགོ་གསུམ་ཡོད་ལ་སྨད་འདོགས་མེད་པ། དེ་ནས་སྔོན་རྗེས་མགོ་འདོགས་བཞི་ཡོད་ལ་དབྱསང་མེད་པ། དེ་ནས་སྔོན་རྗེས་མགོ་འདོགས་བཅས་ལྔ་ཀ་ཡོད་པ་རྣམས་གོ་རིམ་མ་ནོར་བར་སྒྲིག་དགོས། (འདི་ཤེས་ན་དག་ཡིག་ཚིག་མཛོད་མྱུར་དུ་འཚོལ་ཐུབ་པའི་ལྡེ་མིག་ལག་ཏུ་ཡོད་པ་དང་འདྲ།)

 

དཀར་ཆག་རིག་པའི་ནང་གསེས་བཅུ་བདུན་པ། གསུང་འབུམ་ཁག་གི་ནང་དུ་ཡོད་པའི་ལོ་རྒྱུས་དང་རིག་གནས་རྣམས་ཟུར་འདོན་བྱེད་འོས་དང་མི་འོས་སྐོར།

 

སྤྱིར་བཏང་བོད་ཀྱི་ལོ་རྒྱུས་དང་རིག་གནས་སྐོར་གྱི་དཔེ་ཆེའི་གྲས་ལ་རིགས་མི་འདྲ་བ་གཉིས་ཡོད། རིགས་གཅིག་ནི། དཔེ་ཆ་དེ་རིགས་ལྟ་ཀློག་བྱེད་མཁན་མང་བའི་སྟབས་ཀྱིས་ཟུར་དུ་དཔར་སྐྲུན་བྱས་པ་མང་པོ་ཡོད་པའི་རིགས་གཅིག་དང་། རིགས་གཉིས་པ་ནི། དཔེ་ཆ་དེ་རྩོམ་པ་པོ་སོ་སོའི་གསུང་འབུམ་ཁག་གི་ནང་དུ་ཡོད་པ་དེ་མ་གཏོགས། ཟུར་དུ་བཤུ་འབྲི་དང་དཔར་བསྐྲུན་བྱས་མེད་སྟབས་དཔེ་རྒྱུན་ཧ་ཅང་དཀོན་པའི་རིགས་ཡིན།

རིགས་དང་པོ་དེ་ནི་རྩོམ་པ་པོ་སོ་སོའི་གསུང་འབུམ་ཆ་ཚང་བའི་གྲས་སུ་ཡོད་པ་རྣམས་ཟུར་འདོན་མ་བྱས་པར་རང་འཇགས་སུ་བཞག་ནས། ཆ་མ་ཚང་བའི་གྲས་ནས་ཟུར་འདོན་བྱས་ཆོག་པས་དེ་ལ་སྟབས་མི་བདེ་བ་མེད་ཅིང་། དེ་འདྲའི་ལུགས་སྲོལ་ཡང་སྔར་ནས་ཡོད་མུས་ཡིན།

རིགས་གཉིས་པ་དེ་ནི། དཀར་ཆག་འགོད་པ་དང་དཔེ་མཛོད་ཁང་གསར་དུ་འཛུགས་སྐབས་ཐག་གཅོད་པར་དཀའ་ངལ་ཆེ་ཤོས་གྲས་ཤིག་ཡིན། སྤྱིར་བཏང་བོད་ཀྱི་ལོ་རྒྱུས་དང་རིག་གནས་སྐོར་གྱི་དཔེ་ཆ་ཁག་གཅིག་ཧ་ཅང་དཔེ་རྒྱུན་དཀོན་པོའི་ཐོག་བླ་མ་ཚོའི་གསུང་འབུམ་ནང་དུ་ཡོད་པ་དེ་མ་གཏོགས་གཞན་དག་བྲིས་མ་དང་། དཔར་མའི་རིགས་གཏན་ནས་མེད་པས་གསུང་འབུམ་ནང་རང་འཇགས་བཞག་ན་དཔྱད་གཞིའི་ཆ་ཁག་གང་དུ་འཚོལ་དགོས་མིན་རྒྱུས་མངའ་མེད་པ་རྣམས་ཀྱིས་གསུང་འབུམ་ནང་དུ་དེ་འདྲ་ཡོད་པའི་དོགས་པ་ཙམ་ཡང་བྱེད་མི་སྲིད་ལ། གསུང་འབུམ་ཆ་ཚང་གཅིག་གི་ནང་དུ་ཡོད་པ་རྣམས་ཟུར་འདོན་བྱས་ན་གསུང་འབུམ་ཆ་ཚང་བ་དེ་ཡང་མ་ཚང་བར་འགྱུར་བས་ཅི་འདྲ་བྱེད་དགོས་སྙམ་ན། གསུང་འབུམ་ནང་ཡོད་པ་དེ་མ་གཏོགས་གཞན་དག་བྲིས་མ་དང་དཔར་མ་གང་ཡང་མེད་པའི་རིགས་རྣམས་གསུང་འབུམ་ཁ་མི་འཐོར་བའི་ཆེད་དུ་རང་འཇགས་སུ་བཞག་ནས་དཀར་ཆག་འགོད་སྐབས་སྡེ་ཚན་རང་རང་སོ་སོའི་མཇུག་ཏུ། དཔེ་ཆ་དེ་རིགས་ཀྱི་མཚན་བྱང་རྒྱས་བསྡུས་གཉིས་ཀ་བཀོད་ནས་དེ་བླ་མ་སོ་སོའི་གསུང་འབུམ་པོད་གང་དང་གང་གི་ནང་དུ་ཡོད་པའི་སྐོར་གྱི་དཀར་ཆག་ཟུར་པ་ཁ་གསལ་བྲིས་ཐོག་རྗེས་སུ་ཆ་རྐྱེན་འཛོམས་ན་དེ་རིགས་དཔར་སློག་དང་། དཔེ་སྐྲུན་བྱས་ནས་ཟུར་འདོན་བྱེད་ཐུབ་ན་ལེགས་པོ་ཡོད།

 

བཞི་པ། དཀར་ཆག་རྒྱས་འབྲིང་བསྡུས་གསུམ་འགོད་ཚུལ་དང་།

དེའི་ལག་ལེན་གྱི་རེའུ་མིག

 

དཀར་ཆག་རྒྱས་འབྲིང་བསྡུས་གསུམ་ཟེར་བ་ནི། དཀར་ཆག་ཐོག་དགོད་བྱའི་ནང་དོན་རྒྱས་བསྡུས་ཀྱི་སྒོ་ནས་འཇོག་པ་ཡིན། དེ་ཡང་དཔྱད་གཞིའི་ཡིག་ཆ་ལྟ་ཀློག་བྱེད་མཁན་དང་། བདག་གཉེར་བྱེད་མཁན་སོ་སོའི་རིག་གནས་ཆུ་ཚད་མཐོ་དམན་འབྲིང་གསུམ་གྱི་དགོས་མཁོ་དང་བསྟུན་པ་སྟེ། རིག་གནས་ཆུ་ཚད་མཐོ་བ་རྣམས་ཀྱིས་དམིགས་བསལ་དགོས་མཁོ་ཡོད་པ་དང་དུས་ཚོད་ཡོད་སྐབས་དཀར་ཆག་ཞིབ་རྒྱས་བལྟ་དགོས་ཀྱི་ཡོད་ལ། ལས་བྲེལ་ཆེ་སྐབས་ཞིབ་རྒྱས་དེ་འདྲ་བལྟ་ལོང་མེད་པས་བསྡུས་པ་བལྟས་ཀྱང་ཆོག་པ་དང་། བདག་གཉེར་བྱེད་མཁན་རྣམས་ཀྱིས་ཡིག་ཐོག་ཏུ་འཁོད་པའི་དཀར་ཆག་ཞིབ་རྒྱས་དེ་འདྲ་སེམས་ལ་ངེས་མི་ཐུབ་པས། བལྟ་ཀློག་བྱེད་རྒྱུ་དང་ཞིབ་བཤེར་རྩིས་ལེན་བྱ་དགོས་བྱུང་ན་དཀར་ཆག་རྒྱས་པ་ར་ལྟ་དགོས་ཤིང་། དཀར་ཆག་བསྡུས་པའི་ནང་དོན་རྣམས་བློ་ལ་ངེས་གང་ཐུབ་བྱེད་དགོས་པ་ཡིན། རིག་གཞུང་གི་ཆུ་ཚད་དམའ་ཞིང་དཔྱད་གཞིའི་ཡིག་ཆག་འཚོལ་ཞིབ་བྱེད་པའི་ནུས་རྩལ་ཞན་པའི་ལས་དང་པོ་བ་རྣམས་ཀྱིས་ཐོག་མར་དཀར་ཆག་བསྡུས་པ་ལྟ་ཀློག་བྱས་ཏེ་རིམ་གྱིས་བློ་ཁ་མཐོ་བར་གྱུར་མཚམས་དཀར་ཆག་རྒྱས་འབྲིང་གཉིས་ཀྱང་ལྟ་ཀློག་ཐུབ་པ་ཡོང་།

དཀར་ཆག་རྒྱས་པ་འབྲི་ཚུལ་ནི། ཤོག་ངོས་ཆེན་པོ་གཅིག་གམ་ཡང་ན་ཤོག་ངོས་ཕན་ཚུན་གཉིས་ཀྱི་ངོས་སུ་ཡིག་གཟུགས་ཆེ་ཆུང་ཇི་ལྟར་འདོད་པའི་ཡིག་ཕྲེང་རེའི་འཕྲེད་ཐིག་བཏབ་པ་དེའི་རིང་ཚད་དུམ་བུ་བཅུ་དགུར་བགོས་ཤིང་། ཞེང་ཚད་ཡིག་ཕྲེང་གཉིས་ཤོང་བའི་ཚད་དུ་བྱས་པའི་དུམ་བུ་སོ་སོར་ནང་དོན་གང་དང་གང་འགོད་དགོས་པའི་རེའུ་མིག་གཤམ་གསལ་ལྟར་ཁ་གསལ་འགོད་དགོས་ཤིང་། ནང་དོན་དེ་དག་ཡིག་ཕྲེང་སྟར་པ་གཅིག་གི་ངོས་སུ་ཤོང་བ་ཞིག་བྲིས་ཚེ་དེབ་ཧ་ཅང་ཆེན་པོ་ཞིག་མ་བྱུང་ན་ཤོང་མི་ཐུབ་པས་ཤོག་ངོས་ཕན་ཚུན་གཉིས་སུ་བགོས་པའམ། ཡང་ན་དཔེ་ཆ་ལེ་ཚན་རེ་ལ་ཤོག་ངོས་རེ་བྱས་ཏེ་བྲིས་ན་ལེགས་པ་གཤམ་གསལ་གྱི་རེའུ་མིག་ལ་གཟིགས།

དཀར་ཆག་འབྲིང་བའི་འབྲི་ཚུལ་ནི། གོང་གསལ་དཀར་ཆག་རྒྱས་པའི་ནང་དོན་དུམ་བུ་བཅུ་བདུན་གྱི་ནང་ནས། དང་པོ། གཉིས་པ། གསུམ་པ། ལྔ་པ། བདུན་པ། བཅུ་གཅིག་པ་དང་བཅུ་གཉིས་པ་མཉམ་དུ་འབྲི་རྒྱུ། བཅུ་གསུམ་པ་དང་། བཅུ་དྲུག་པ། བཅུ་བདུན་པ། བཅོ་བརྒྱད་པ་བཅས་འབྲི་དགོས་ཤིང་། གཞན་རྣམས་མ་བྲིས་ཀྱང་ཆོག་པ་གཤམ་གྱི་རེའུ་མིག་ལ་གཟིགས།

དཀར་ཆག་བསྡུས་པ་འབྲི་ཚུལ་ནི། གོང་གསལ་དཀར་ཆག་རྒྱས་པའི་ནང་དོན་བཅུ་བདུན་གྱི་ནང་ནས་དང་པོ། བཞི་པ། ལྔ་པ། བདུན་པ། བཅུ་དྲུག་པ། བཅུ་བདུན་པ། བཅོ་བརྒྱད་པ་བཅས་ངེས་པར་དུ་འབྲི་དགོས་ཤིང་། གཞན་རྣམས་མ་བྲིས་ཀྱང་ཆོག་པ་དང་དེ་ནི་ཤོག་བྱང་ཆུང་ངུའི་ནང་དུ་ཡང་ཤོང་བས་སྟབས་བདེ་པོ་ཡོད་པ་གཤམ་གྱི་རེའུ་མིག་ལ་གཟིགས།

 

དཀར་ཆག་རྒྱས་པ་འགོད་ཚུལ་གྱི་རེའུ་མིག

དུམ་བུའི་རྣམ་གྲངས།                        དགོད་བྱའི་ནང་དོན།

དང་པོ།                                      སྤྱིའི་ཨང་རྟགས།

གཉིས་པ།                                   སྡེ་ཚན་གྱི་མིང་།

གསུམ་པ།                                   ཀ་ཐོ།

བཞི་པ།                                     དཔེ་ཐོག་གི་ཁ་བྱང་།

ལྔ་པ།                              བསྡུས་མིང་།

དྲུག་པ།                            མིང་གཞན།

བདུན་པ།                           རྩོམ་པ་པོའི་མིང་།

བརྒྱད་པ།                          མིང་གཞན།

དགུ་པ།                            བརྩམས་པའི་དུས་ཚོད།

བཅུ་པ།                            ནང་དོན་གཙོ་བོ།

བཅུ་གཅིག་པ།                     བྲིས་མ།

བཅུ་གཉིས་པ།                     དཔར་མ།

བཅུ་གསུམ་པ།                     ལྡེབ་རིང་ཐུང་།

བཅུ་བཞི་པ།                        ངོས་རེའི་ཡིག་ཕྲེང་།

བཅོ་ལྔ་པ།                          པོད་གྲངས།

བཅུ་དྲུག་པ།                        ལེ་ཚན།

བཅུ་བདུན་པ།                      ཤོག་གྲངས།

བཅོ་བརྒྱད་པ།                      ཆ་ཚང་ཡིན་མིན།

བཅུ་དགུ་པ།                       ཚར་གྲངས།

 

དཀར་ཆག་རྒྱས་པ་འགོད་ཚུལ་གྱི་དཔེར་བརྗོད།

 

སྤྱིའི་ཨང་གྲངས།          ༡༧༥

སྡེ་ཚན།                            ལོ་རྒྱུས།

ཀ་ཐོ།                              ཀ  ག

དཔེ་ཆའི་ཁ་བྱང་།                  ཀུན་གཟིགས་ལྔ་པ་ཆེན་མོའི་ཕྱིའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་།

བསྡུས་མིང་།                       རྒྱལ་བ་ལྔ་པ་ཆེན་པོའི་རང་རྣམ།

མིང་གཞན།                        ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རང་རྣམ།

རྩོམ་པ་པོ།                          ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོ།

མིང་གཞན།                        ཚངས་སྲས་བཞད་པའི་རྡོ་རྗེ། གང་ཤར་རང་གྲོལ།

བརྩམས་པའི་དུས།                 རབ་བྱུང་བཅུ་གཅིག་པའི་ལྕགས་བྱ། སྤྱི་ལོ་ ༡༦༨༡ ལོ།

ནང་དོན་གཙོ་བོ།                   རང་ཉིད་ཀྱི་མེས་པོ་ནས་སྐུ་གཤེགས་པའི་སྔ་ལོའི་བར་གྱི་ལོ་རྒྱུས་དང་། གལ་ཆེའི་གནས་ཚུལ་མང་པོ་ཡོད།

དཔར་མ།                          འབྲས་སྤུངས་ཕོ་བྲང་གི་དཔར་མ།

ལྡེབ་རིང་ཐུང་།                     ལྡེབ་རིང་མདའ་ཚད་མ།

ངོས་རེའི་ཡིག་ཕྲེང་།                ངོས་རེར་ཡིག་ཕྲེང་དྲུག

པོད་གྲངས།                        (ཅ)

ལེ་ཚན།                            གཅིག

ཤོག་གྲངས།                       ༣༦༤

ཆ་ཚང་ཡོད་མེད།                   ཆ་ཚང་ཡོད།

ཚར་གྲངས།                        ཚར་གསུམ།

 

དཀར་ཆག་འབྲིང་བ་འགོད་ཚུལ་གྱི་ལག་ལེན་རེའུ་མིག

རེའུ་མིག་དང་པོ། སྤྱིའི་ཨང་རྟགས།

གཉིས་པ།                 སྡེ་ཚན།

གསུམ་པ།                 ཀ་ཐོ།

བཞི་པ།          དཔེ་ཐོག་གི་ཁ་བྱང་།

ལྔ་པ།                     བསྡུས་མིང་།

དྲུག་པ།                   རྩོམ་པ་པོའི་མིང་།

བདུན་པ།                  བྲིས་མ་དང་དཔར་མ།

བརྒྱད་པ།                 ཤོག་ལྡེབ་རིང་ཐུང་།

དགུ་པ།                   ལེ་ཚན།

བཅུ་པ།                   ཤོག་གྲངས།

བཅུ་གཅིག་པ།            ཆ་ཚང་ཡོད་མེད།

 

དཀར་ཆག་འབྲིང་བ་འགོད་ཚུལ་གྱི་དཔེར་བརྗོད།

 

སྤྱིའི་ཨང་རྟགས།          ༣༡༧

སྡེ་ཚན།                   ལོ་རྒྱུས་རྣམ་ཐར།

ཀ་ཐོ།                     (ཀ) ནས་ (ཙ) བར།

དཔེ་ཆའི་ཁ་བྱང་། དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན།

བསྡུས་མིང་།                       ལྷོ་བྲག་ཆོས་འབྱུང་མཁས་པའི་དགའ་སྟོན།

རྩོམ་པ་པོ།                 དཔའ་བོ་གཙུག་ལག་ཕྲེང་བ།

བྲིས་མ་དང་དཔར་མ།              ལྷོ་བྲག་གི་དམར་རྙིང་པ།

ཤོག་ལྡེབ་རིང་ཐུང་།                དཔེ་རིང་མདའ་ཚད་མ།

ལེ་ཚན།                   (ཀ)–(ཅ) བར་ལེ་ཚན་ 1 (ཆ)-(ཙ) བར་ལེ་ཚན་ 12

ཤོག་གྲངས།              ༦༧༩

ཆ་ཚང་ཡོད་མེད།          ལེ་ཚན་ཇ་པ་མི་ཚང་། གཞན་རྣམས་ཚང་།

 

དཀར་ཆག་བསྡུས་པའི་ལག་ལེན་རེའུ་མིག

རེའུ་མིག་དང་པོ།                   སྤྱིའི་ཨང་རྟགས།

གཉིས་པ།                         དཔེ་ཐོག་གི་ཁ་བྱང་།

གསུམ་པ།                          བསྡུས་མིང་།

བཞི་པ།                            རྩོམ་པ་པོ།

ལྔ་པ།                              ལེ་ཚན་ཨང་གྲངས།

དྲུག་པ།                            ཆ་ཚང་ཡོད་མེད།

 

དཀར་ཆག་བསྡུས་པའི་དཔེར་བརྗོད།

སྤྱིའི་ཨང་རྟགས།                            ༣༥༧

དཔེ་ཐོག་གི་ཁ་བྱང་། ཁྱབ་བདག་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་ཐར་ངོ་མཚར་བཀོད་པ།

བསྡུས་མིང་།                       བྱང་བདག་རིག་འཛིན་ཆེན་མོའི་རྣམ་ཐར།

རྩོམ་པ་པོ།                          ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ། (གང་ཤར་རང་གྲོལ།)

ལེ་ཚན་ཁ་གྲངས།                  ༡

ཤོག་གྲངས།                                ༦༤

ཆ་ཚང་ཡོད་མེད།                            བར་ནས་ཤོག་གྲངས་ ༤༣ པ་མི་ཚང་།

 

ལྔ་པ། རྒྱ་ཡིག་དང་བོད་ཡིག་གི་བཀའ་བསྟན་དཀར་ཆག་ཞིབ་བསྡུར་དང་ཕྱི་རྒྱལ་དུ་ཡོད་པའི་བོད་ཡིག་གི་དཔེ་ཆའི་དཀར་ཆག་སྐོར།

 

བཀའ་འགྱུར་དང་བསྟན་འགྱུར་དུ་ཡོད་པའི་གསུང་རབ་དང་རིག་གནས་སྐོར་འགའ་ཞིག་རྒྱ་ཡིག་བོད་ཡིག་གཉིས་ཀར་ཡོད་པ་དང་། འགའ་ཞིག་བོད་ཡིག་ཏུ་ཡོད་པ་ལས་རྒྱ་ཡིག་ཏུ་མེད་པ། འགའ་ཞིག་རྒྱ་ཡིག་ཏུ་ཡོད་ཀྱང་བོད་ཡིག་ཏུ་མེད་པ། རྒྱ་ཡིག་གི་གླེགས་བམ་ཚད་གཞི་ནི་བོད་ཡིག་གི་གླེབས་བམ་གཅིག་ལ་རྒྱ་ཡིག་གི་གླེགས་བམ་གཉིས་བརྩི་བ་སོགས་མི་འདྲ་བ་ཡོད་པས། རྒྱ་ཡིག་བོད་ཡིག་གཉིས་ཀར་ཡོད་པའི་རིགས་ཕན་ཚུན་བསྡུར་ནས་བལྟས་ན་རྒྱ་ཡིག་གི་གསུང་རབ་ལྟ་ཀློག་བྱེད་པ་ལས་བོད་ཡིག་གི་དཔེ་ཆ་དེ་ཀློག་ན་གོ་བདེ་བ་ཡོད་ཚོད་འདུག

རྒྱ་ཡིག་གི་བཀའ་བསྟན་དཀར་ཆག་ནི། སོས་རྒྱལ་རབས་ཀྱི་གོང་མ་དང་པོ་སོས་ཝེན་རྡི་རྒྱལ་པོས་སྲིད་དབང་བཟུང་སྐབས་སྐྱ་སེར་ལོ་ཙཱ་བ་མཁས་པ་མང་པོ་ལ་མངགས་བཅོལ་བྱས་ཏེ། དེ་སྔོན་ཧན་ཤར་མའི་རྒྱལ་རབས་གཉིས་པ་ཧན་མིང་རྟིས་རྒྱལ་པོ་ནས་སོས་ཝེན་རྡི་རང་ཉིད་ཀྱི་སྲིད་དབང་བཟུང་བའི་བར་སངས་རྒྱས་ཀྱི་གསུང་རབ་རྒྱ་ནག་གི་སྐད་དུ་འགྱུར་བ་ཡོད་ཚད་དག་ཐེར་བྱས་ནས་དཀར་ཆག་འགོད་དགོས་པར་བཀའ་ཕབ་པ་བཞིན། རྒྱ་དཀར་ནག་གི་སྐད་ཡིག་གཉིས་ཀར་བྱང་ཆུབ་པའི་ཧྭ་ཤང་མཁས་པ་ཆེན་པོ་ཡན་ཙུང་གིས་གཙོ་མཛད་པའི་མཁས་པ་མང་པོས་ས་བཅད་དྲུག་ཡོད་པའི་དཀར་ཆག་ཐོག་མ་མཛད།

དེའི་ས་བཅད་དང་པོ་རྐྱང་འགྱུར་གྱི་རིགས།

གཉིས་པ་ལྡབ་འགྱུར་གྱི་རིགས།

གསུམ་པ་ཟུར་བཀོལ་བྱས་ཆོག་པའི་རིགས།

བཞི་པ་བསྒྱུར་འཕྲོ་ལུས་པ་དང་བསྒྱུར་ཟིན་མ་རྙེད་པ་ཁ་སྐོང་དགོས་རིགས།

ལྔ་པ་བརྫུས་མ་ཕྱིར་བཏོན་པའི་རིགས།

དྲུག་པ་དཔྱད་གཞིར་བཞག་པའི་རིགས། བཅས་ཁག་དྲུག་ཏུ་བགོས་པའི་དཀར་ཆག་གསལ་པོ་ཞིག་ཡིན།

དེ་རྗེས་ཐང་རྒྱལ་རབས་ཀྱི་གོང་མ་བཅུ་པ་ཐང་ཞོན་ཙུང་གི་ཁའི་ཡོན་ཁྲི་ལོ་བཅོ་བརྒྱད་པའི་སྐབས། དེ་སྔོན་ཧན་མིང་རྡིས་རྒྱལ་པོའི་ཡུང་ཕིང་ལོ་བཅུ་པ་ནས་གོང་ལོའི་བར་ལོ་དྲུག་བརྒྱ་དྲུག་ཅུ་རེ་གསུམ་གྱི་རིང་ལ། ལོ་ཙཱ་བ་བརྒྱ་དང་དོན་དྲུག་བྱུང་བ་རྣམས་ཀྱིས་བསྒྱུར་བའི་བཀའ་དང་བསྟན་བཅོས་ཁྱོན་བསྡོམས་གླེགས་བམ་ (འདིའི་གླེགས་བམ་ནི་དཔེ་ཆ་ཆུང་བ་རྣམས་ཆ་ཚང་རེ་ལ་གླེགས་བམ་རེ་རེ་བརྩིས་པ་ཡིན་པས། བོད་ཀྱི་གླེགས་བམ་ཚད་གཞི་དང་མི་འདྲ།) ཆིག་སྟོང་ལྔ་བརྒྱ་བཅུ་མེད་བདུན་ཡོད་པ་རྣམས་དག་ཐེར་དང་དཀར་ཆག་འགོད་དགོས་པར་བཀའ་ཕབ་པ་ལྟར་མཁས་པ་རྣམས་ཀྱིས་ཁའི་ཡུའན་ལུ་ (ལཱུས་) ཞེས་པའི་དཀར་ཆག་ཅིག་མཛད། དེའི་སྒྲིག་སྟངས་ནི་གོང་དང་འདྲ། དེ་རྗེས་ཐང་རྒྱལ་རབས་ཀྱི་གོང་མ་བཅུ་གསུམ་པ་ཐང་ཐེ་ཙུང་རྒྱལ་པོས་སྲིད་དབང་བཟུང་སྐབས་ཊེན་ཡུའན་ཁྲི་ལོ་ལྔ་པའི་བར་ལོ་དྲུག་ཅུའི་རིང་ལ་ལོ་ཙཱ་བ་བརྒྱད་བྱུང་བ་རྣམས་ཀྱིས་སྔ་ཕྱིར་བསྒྱུར་བའི་གླེགས་བམ་ཉིས་བརྒྱ་བཞི་བཅུ་ཞེ་གཉིས་གསར་དུ་བསྣན་པའི་དཀར་ཆག་ཊེན་ཡུའན་ལཱུས་ཞེས་པ་ཞིག་མཛད། དེ་རྗེས་སུ་སུང་བྱང་མའི་རྒྱལ་རབས་ཀྱི་གོང་མ་གཉིས་པ་སུང་ཐའི་ཙུང་གི་སྲིད་དབང་བཟུང་བའི་ཐའི་ཕིང་ཤིང་གོ་ (ཥིང་ཀྭ) ལོ་བདུན་པ་ནས་སུང་རྒྱལ་རབས་གསུམ་པ་སུང་ཊེན་ཙུང་གི་ཏཱ་ཀྲུང་ཤིང་ཧྥུ་ (ཥིའང་) ལོ་བཞི་པའི་བར་ལོ་ཉི་ཤུ་རྩ་དྲུག་རིང་ལ་ལོ་ཙཱ་བ་དྲུག་བྱུང་བ་རྣམས་ཀྱིས་གསར་འགྱུར་གླེགས་བམ་སུམ་བརྒྱ་བརྒྱད་ཅུ་གྱ་བཞི་བྱུང་བ་བསྣན་པའི་དཀར་ཆག་<<ཤིང་ཧྥུ་ལུ་>> (ཥེའང་ཧྥུ་ལུས་) ཞེས་པ་ཞིག་བརྩམས། དེ་དུས་གསར་དུ་གདན་དྲངས་པའི་རྒྱ་དཔེ་འགའ་ཞིག་བསྒྱུར་འཕྲོར་བཞག་པ་རྣམས། གོང་མ་དེའི་སྲས་སོས་རིན་ཙུང་ (ཞིན་) རྒྱལ་པོས་ལོ་ཙཱ་བ་རྣམས་ལ་མུ་མཐུད་ནས་བསྒྱུར་དུ་བཅུག་པ་བཞིན། རྒྱལ་པོ་དེའི་ཅིང་ཡིའུ་ (ཀིང་)  ཁྲི་ལོ་བཞི་པར་ཡོངས་སུ་རྫོགས་པར་འགྱུར་བའི་གླེགས་བམ་བརྒྱད་དང་བཞི་བཅུ་ཞེ་བརྒྱད་གསར་དུ་བསྣན་པའི་དཀར་ཆག་ <<ཅིང་ཡིའུ་ལུ་>> ཞེས་པ་ཞིག་བརྩམས། དེ་ནས་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་སེ་ཆེན་ཧན་གྱི་ཀྲི་ཡུའན་ཁྲི་ལོ་ཉི་ཤུ་རྩ་གཉིས་པའི་བར་ལོ་ཉིས་བརྒྱ་ལྔ་བཅུ་ལྷག་གི་རིང་ལ་ལོ་ཙཱ་བ་བཞི་བྱུང་བ་རྣམས་ཀྱིས་གསར་འགྱུར་གླེགས་བམ་བརྒྱ་དང་བཅོ་ལྔ་བྱུང་བ་རྣམས་ཁ་སྣོན་དང་། རྒྱ་བོད་ཀྱི་བཀའ་འགྱུར་ཁག་གཉིས་ཕན་ཚུན་བསྡུར་ནས་མ་ཚང་བ་རྣམས་ཁ་གསབ་བྱེད་དགོས་པར་བཀའ་ཕབ་པ་བཞིན། འགྲོ་མགོན་འཕགས་པའི་སྐུ་ཚ་བདག་ཆེན་དྷརྨ་པཱ་ལ་ར་ཀྵི་ཏས་གཙོ་བོ་གནང་བའི་འོག་བོད་རྒྱ་སོག་གསུམ་གྱི་ལོ་ཙཱ་བ་དང་མཁས་པ་ཉི་ཤུ་རྩ་བརྒྱད་ཀྱིས་ཞིབ་བསྡུར་གནང་སྟེ་གསར་འགྱུར་དང་ཁ་སྐོང་དགོས་རིགས་སྐབས་དང་འཚམས་པར་བཅུག་ཡོད།

དེའི་སྒྲིག་ལུགས་ནི། མདོ་སྡེ། འདུལ་བ། མངོན་པ། གསུམ་པོ་རེ་ལ་ཐེག་པ་ཆེ་ཆུང་གཉིས་རེ་ཕྱེ་ཞིང་། ཐེག་པ་ཆེན་པོའི་མདོ་སྡེ་ལ་མཚན་ཉིད་ཀྱི་མདོ་སྡེ་དང་། གསང་སྔགས་ཀྱི་མདོ་སྡེ་གཉིས་སུ་ཕྱེ་ནས། མགོར་སྐད་གཉིས་ཤན་སྦྱར་དང་། མཇུག་ཏུ་མཛད་བྱང་དང་འགྱུར་བྱང་། དོགས་པ་ཡོད་པའི་རིགས་དཔྱད་གཞིར་བཞག་སྟེ་གླེགས་བམ་བདུན་བརྒྱ་བཅུ་མེད་བཞིར་བྱས་པའི་དཀར་ཆག་ <<ཏཱ་ཡོན་ཧཱུ་བོའུ་ཥན་ཐུང་ལུ་>> ཞེས་པ་ཞིག་བརྩམས།

དེ་རྗེ་མན་ཆིང་རྒྱལ་རབས་ཀྱི་གོང་མ་མི་རབས་བཞི་པ་ཆེན་ལུང་གི་དུས་པེ་ཅིན་དུ་བཙུགས་པའི་བོད་ཆོས་སློབ་གྲྭའི་མི་བཟང་གུང་མགོན་པོ་སྐྱབས་ཀྱིས་བོད་ཡིག་གིས་བརྩམས་པའི་ <<རྒྱ་ནག་ཆོས་འབྱུང་>> ཞེས་གྲགས་པ་དེའི་ཁ་བྱང་ <<རྒྱ་ནག་གི་ཡུལ་དུ་དམ་པའི་ཆོས་དར་ཚུལ་གཙོ་བོར་བཤད་པ་བློ་གསལ་ཀུན་ཏུ་དགའ་བའི་རྣ་རྒྱན་>> ཞེས་འཁོད་པ་ཞིག་ལྷ་ས་དང་། སྡེ་དགེ་གཉིས་སུ་དཔར་དུ་བསྐྲུན་ཡོད་པ་དང་། དེང་སང་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་ལྕགས་དཔར་དུ་བསྐྲུན་ཡོད། དེའི་ནང་བོད་ཡིག་དང་རྒྱ་ཡིག་གི་བཀའ་བསྟན་ཕན་ཚུན་བསྡུར་ནས་བོད་ཡིག་ཏུ་མེད་པ་རྣམས་ལ་མཆན་བུའི་ཡིག་ཆུང་བཏབ་ཡོད་ཀྱང་། བོད་ཡིག་ཏུ་ཡོད་པ་ལས་རྒྱ་ཡིག་ཏུ་མེད་པའི་རིགས་རྣམས་མ་བཀོད་པ་ནི་རྒྱ་ནག་ཏུ་ཆོས་འབྱུང་ཚུལ་གཙོ་བོར་བཤད་པའི་དབང་གིས་རེད། ང་ཚོས་བོད་ཡིག་དང་རྒྱ་ཡིག་གི་བཀའ་བསྟན་དཀར་ཆག་ཁག་ཕན་ཚུན་གོ་བསྡུར་བྱས་ཏེ། རྒྱ་ཡིག་ཏུ་ཡོད་ཀྱང་བོད་ཡིག་ཏུ་བསྒྱུར་མེད་པའི་རིགས་གང་དང་གང་ཡོད། བོད་ཡིག་ཏུ་ཡོད་ཀྱང་རྒྱ་ཡིག་ཏུ་བསྒྱུར་མེད་པའི་རིགས་གང་དང་གང་ཡོད། རྒྱ་བོད་གཉིས་ཀའི་ཡིག་ཐོག་ཏུ་ཡོད་པ་གང་དང་གང་ཡོད། རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་མང་ཉུང་ཇི་ཙམ་ཡོད། རྒྱ་གར་ཡི་གེ་ནས་བོད་ཡིག་ཏུ་བསྒྱུར་བ་མང་ཉུང་ཇི་ཙམ་ཡོད་བཅས་དོན་ཚན་ལྔ་ལ་ཞིབ་འཇུག་ནན་ཏན་ཞིག་བྱས་ཏེ་དཀར་ཆག་གསལ་པོ་ལྟ་ཀློག་བདེ་བ་ཞིག་བྱུང་ན་རྒྱ་བོད་ཡིག་བསྒྱུར་གནང་མཁན་དང་། ཞིབ་འཇུག་མཛད་པོ་རྣམས་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་ཀྱང་། ལས་དོན་འདི་འདྲ་སྒྲུབ་པར་དུས་ཚོད་རིང་ཞིང་། དཀའ་ཚེགས་ཆེ་ཙམ་ཡིན་པའི་ཐོག་ཁོ་བོ་ནི་གལ་ཆེའི་ལས་འགན་སྒྲུབ་དགོས་མང་ཞིང་། དུས་ཚོད་དང་ཆ་རྐྱེན་གྱིས་མ་ལྡང་བ་བཅས་མཁས་པའི་དབང་པོ་རྣམས་ཀྱིས་ཞིབ་དཔྱད་དང་ཆེད་རྩོམ་གནང་རོགས་ཞེས་རེ་འབོད་ཞུ་རྒྱུ་ཙམ་ཡིན།

 

ཕྱི་རྒྱལ་དུ་ཡོད་པའི་བོད་ཡིག་གི་དཔེ་ཆའི་དཀར་ཆག་སྐོར།

 

དུས་རབས་བཅོ་བརྒྱད་པའི་དུས་མཇུག་དང་བཅུ་དགུ་པའི་དུས་མཇུག་ནས་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་མེས་རྒྱལ་ནང་ལོགས་དང་བོད་ས་གནས་སུ་བཙན་འཛུལ་བྱེད་འགོ་ཚུགས་ཏེ། ཁོ་ཚོས་སྟོད་མངའ་རིས་དང་གཙང་ཁུལ་གྱི་དགོན་རྙིང་ཁག་ནས་བོད་གནའ་རབས་ཀྱི་དཔེ་ཆ་མང་པོ་རྐུ་འཕྲོག་བྱས་པ་དང་། འགའ་ཞིག་ཚོང་པ་དང་སློབ་གཉེར་བར་བརྫུས་ཏེ་བོད་ཡིག་གི་དཔེ་ཆ་བྲིས་མ་དང་དཔར་མ་མང་པོ་ཞིག་མངོན་ཉོ་ལྐོག་འཁྱེར་བྱས་པར་མ་ཟད། ༡༩༥༩ ལོར་བོད་ས་གནས་སུ་ངོ་ལོག་ཟིང་འཁྲུག་ལངས་སྐབས་བོད་རིགས་སྤུན་ཟླ་དང་། ཆོས་ལུགས་གྲུབ་མཐའ་ཁག་གི་མཁས་པ་མང་པོ་ཕྱི་རྒྱལ་དུ་བྲོས་པ་དང་ཆབས་ཅིག་ས་སྐྱ་དང་། མངའ་རིས། གཙང་ཁུལ་བཅས་ཀྱི་དགོན་པ་ཁག་ནས་གནའ་རབས་ཀྱི་དཔེ་རྙིང་མང་པོ་ཕྱི་རྒྱལ་དུ་གྱར་ཏེ་ <<དེབ་དམར་གསར་མ་>> དང་། <<ཧོར་རྒྱལ་རབས།>> བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་ཆ་ཚང་སོགས་ཕོན་ཆེན་པོ་ཞིག་དབྱི་ཏ་ལི་དང་། འཇར་མན་ནུབ་མ་བཅས་ནས་དཔར་དུ་བསྐྲུན་ཡོད། ད་དུང་དཔེ་རྒྱུན་དཀོན་པ་མང་པོ་ཞིག་དབྱིན་ཇི་ཆེན་པོའི་དངོས་མང་བཤམས་སྟོན་ཁང་དང་། ཧྥ་རན་སིའི་རྒྱལ་ས་པཱ་ལི། དབྱི་ཏ་ལི་སོགས་སུ་ཉར་ཚགས་བྱས་ཡོད་ཅིང་། ཁོ་ཚོས་བྲིས་པའི་བོད་ཡིག་གི་དཔེ་ཆའི་དཀར་ཆག་ཏུ་བཀོད་པའི་དཔེ་ཆ་མང་པོ་ཞིག་ནི་ཁོ་ཚོའི་ལག་ཏུ་མེད་པར་མ་ཟད། རྒྱལ་ནང་དུ་ཡང་ད་ཕན་བཙལ་རྙེད་མ་བྱུང་ཞིང་། ཉུང་ཤས་ཤིག་ཁོ་ཚོའི་ལག་ཏུ་ཚུད་ནས་རྒྱལ་ནང་དུ་དཔེ་རྒྱུན་ཆད་ཟིན་པ་བཅས་དེ་ཚོའི་འཚོལ་ཞིབ་དང་མྱུར་སྐྱོབ་བྱ་རྒྱུའི་ཐད་ཕྱི་ནང་གི་འགོག་རྐྱེན་མང་པོ་ཞིག་ཡོད་སྟབས། ལོ་བཅུ་ཕྲག་ཙམ་ཕྱིན་ན་ལས་དོན་དེ་སྒྲུབ་ཐུབ་པ་ཧ་ཅང་དཀའ་བ་བཅས་ནི་དཀར་ཆག་འགོད་རྒྱུ་དང་། དཀར་ཆག་ཞིབ་འཇུག་མུ་མཐུད་དུ་བྱེད་ཐུབ་མིན་ལ་ཐུག་པའི་གནད་དོན་ཆེན་པོ་ཞིག་རེད།

མཇུག་བསྡུ། གོང་དུ་གསལ་བའི་བོད་ཀྱི་དཀར་ཆག་རིག་པ་ཞེས་པ་འདི་ནི། བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་ནས་ད་ལྟའི་བར་ལོ་གྲངས་ཆིག་སྟོང་བརྒྱ་དང་བརྒྱད་ཅུ་གྱ་བཞིའི་རིང་བཀའ་བསྟན་དང་གསུང་རབ་རིག་གནས་བཅས་ཀྱི་དཀར་ཆག་བསྒྲིགས་པའི་ཉམས་མྱོང་ཕྱོགས་བསྡོམས་དང་། ཕྱོགས་བསྡོམས་དེ་དག་གཞིར་བྱས་པའི་རིག་པའི་གཞུང་ལུགས་ཀྱི་གནད་བསྡུས་ཉུང་ངུ་ཞིག་ཡིན་ཞིང་། གནད་བསྡུས་འདི་རྣམས་གང་ལས་དྲངས་པའི་དཔྱད་གཞི་ཁག་ལ་ད་དུང་ཆེད་གཉེར་གྱིས་ཞིབ་འཇུག་བྱེད་རྒྱུར་འགོག་རྐྱེན་མང་པོ་འཕྲད་སྟབས་འདིའི་ནང་དུ་བཤད་མ་ཐུབ་པ་དང་། ཟུར་ཙམ་ཞིག་ལས་གསལ་པོ་བྱུང་མེད་པ། ཆ་མ་ཚང་བ་སོགས་ཀྱི་སྐྱོན་ཆ་མང་པོ་ཡོད་ངེས་ཀྱང་། རང་མཉམ་བློ་དམན་རྣམས་ཀྱི་བློ་སྒོ་འབྱེད་པའི་བརྗེད་ཐོ་དང་། རང་རིགས་བློ་གསར་གཞོན་ནུ་རྣམས་ལ་མཛུབ་མོ་རི་སྟོན་གྱི་ངོ་སྤྲོད་བྱ་རྒྱུར་དགོངས་འཆར་དང་སྐྱོན་བརྗོད་མཛུབ་སྟོན་ཡོད་པ་ཞུ་རྒྱུ་ཡིན།།   །།

བརྒྱུད་སྐུལ།

མཆན་སྤེལ།