བཀའ་བཅུ་པ་དང་། རབ་འབྱམས་པའི་མཚན་གནས་ནམ་ཞིག་བྱུང་མིན།

བཀའ་བཅུ་པ་དང་། རབ་འབྱམས་པའི་མཚན་གནས་ནམ་ཞིག་བྱུང་མིན།
དེ་ཡང་རབ་འབྱམས་ཞེས་པ་ནི། ཧ་ཅང་མང་ཞིང་མཐའ་ཡས་པའི་དོན་དང་། སྒྲ་བཤད་ནི། རབ་ཏུ་མང་ཞིང་འབྱམས་ཀླས་པས་ན་རབ་འབྱམས་ཞེས་བྱ་ལ། ས་སྐྱའི་གྲགས་ཆེན་བཅོ་བརྒྱད་དང་། གཞུང་ཆེན་བཅུ་གསུམ་བཅས་གཡག་པ་དང་རེད་མདའ་བའི་སྐུ་དུས་སུ་བཟོས་ཏེ་དེ་ནས་སློབ་དཔོན་དང་། བཀའ་བཅུ་པ། བཀའ་བཞི། རབ་འབྱམས་པ་སོགས་རིམ་པར་བྱུང་ཞིང་། བཀའ་བཞི་པའི་ཐོག་མ་རྗེ་བཙུན་རེད་མདའ་བའི་སློབ་མ་རྗེ་བདག་ཉིད་ཆེན་པོ་དང་། རབ་འབྱམས་པའི་ཐོག་མ་ཀུན་མཁྱེན་ཤེས་རབ་འཕེལ་དང་། གོ་བོ་རབ་འབྱམས་པ་ཐོན་ཞིང་། བཀའ་བཅུ་པའི་ཐོག་མ་མཁས་གྲུབ་དགེ་ལེགས་དཔལ་བཟང་། རྒྱལ་ཚབ་རྗེ་བཅས་རིམ་པར་ཐོན་པར་ཏེ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[1]། རྩོམ་པ་མཛད་པ་ཡང་།
འཛམ་གླིང་མཛེས་པའི་རྒྱན་མཆོག་དཀའ་ཆེན་བཞི། །རྩ་འཇུག་བཞི་གསུམ་ཐེག་ཆེན་རྒྱུད་བླ་མ། །
ཆོས་མངོན་མཛོད་དང་དཔལ་ལྡན་འདུས་པ་སྟེ། །རྣམ་བཤད་མཛད་པའི་གཞུང་ལུགས་བཅུ་ཕྲག་ཅིག །
ཕར་ཚད་ཤེས་པའི་སློབ་མ་བརྒྱ་ཕྲག་བརྒལ། །
ཅེས་པ་ལྟར་ཡིན་ལ། འཆད་པ་དབྱངས་ཀྱི་གསུང་ལས་སྐྱེས་པའི་སློབ་མའི་གྲངས་ཀྱང་། གཞུང་ལུགས་རབ་འབྱམས་སྨྲ་བའི་བཤེས་གཉེན་བདུན། བཀའ་བཞི་ལེགས་པར་སྨྲ་བ་བཅུ་ཕྲག་གཅིག ཕར་ཚད་ཤེས་པའི་སློབ་མ་བརྒྱ་ཕྲག་བརྒལ། །ཞེས་པ་ལྟར་ཏེ། བཤེས་གཉེན་བདུན་ནི།
སྦྱངས་པའི་མཆོག་གྱུར་ཀུན་མཁྱེན་ཤེར་འོད་དང་། །
སྲས་ཀྱི་མཆོག་གྱུར་བློ་བཟང་གྲགས་པ་དང་། །
ལྟ་བའི་མཆོག་གྱུར་གོན་གྱོ་ཉི་མ་གྲགས། །
ཉམས་ལེན་མཆོག་གྱུར་ཀུན་དགའ་དཔལ་བཟང་པོ། །
རྩོམ་ལྡན་མཆོག་གྱུར་དཔལ་འབྱོར་ཤེས་རབ་དང་། །
འཆད་མཁས་མཆོག་གྱུར་བསོད་ནམས་ཤེས་རབ་དང་། །
རྩོད་བཟང་མཆོག་གྱུར་དར་པ་རིན་ཆེན་ཏེ། །
ཞེས་པ་ལྟར་ཡིན་ཞིང་བཀའ་བཅུ་པ་གཞན་ཡང་། བྱང་པ་བཀའ་བཅུ་པ་དགེ་ལེགས་དཔལ་ལ་སོགས་པའོ། །དེ་ལྟ་བུའི་སྐྱེས་བུ་འདི་ནི། དྲུག་ཅུ་རྩ་ལྔ་པ་ཆུ་ཕོ་འབྲུག་གི་ཟླ་བ་བཅུ་པའི་ཉེར་དགུའི་ཉི་ཤར་ལ་དག་པའི་ཞིང་དུ་གཤེགས་སོ།།
དེས་ན་སུམ་སྟོང་བཞི་བརྒྱ་པའི་མཇུག་འདིར་བཀའ་བཞི་པ་དང་བཀའ་བཅུ་པ་ལ་སོགས་པའི་མཚན་དང་ལྡན་པའི་མཁས་གྲུབ་མང་དག་བྱུང་སྟེ། ཧོར་བཀའ་བཞི་པ་སེང་གེ་རྒྱལ་མཚན། བཀའ་བཞི་པ་ནམ་མཁའ་འོད་ཟེར་ལ་སོགས་པ་དང་། བཀའ་བཅུ་པ་ནི། རྒྱལ་ཚབ་དར་མ་མན་ཆད་ནས་བྱུང་བར་གསལ་ཏེ། དེ་ཡན་ཆད་དུ་བཀའ་ཆེན་བཞིར་གྲགས་པ་དང་། དེ་བཞིའི་སྟེང་དུ་ཅི་རིགས་པ་བསྣན་པའི་དྲུག་ཙམ་ལ་གྲྭ་སྐོར་མཛད་པ་ཤ་སྟག་བྱུང་བ་ཡིན་ལ། རྒྱལ་ཚབ་རྗེས་པོ་ཏི་བཅུ་ལ་བཤད་པའི་སྲོལ་བཏོད་མན་ཆད་ནས་དཀའ་བཅུ་པ་ཞེས་མཚན་གྲགས་ཤིང་། བོ་དོང་ཕྱོགས་ལས་པས་བཅོ་ལྔ་ལ་བཤད་པ་གནང་ཡང་དབོན་པོ་བཀའ་བཅུ་པ་ཞེས་པ་ཙམ་ལས་མ་བྱུང་ལ། ཕྱིས་བྱམས་ཆེན་སྨྲ་བའི་དབང་པོ་སངས་རྒྱས་འཕེལ་མན་ཆད་ནས་རབ་འབྱམས་པ་ཞེས་ཀྱང་ཡོངས་སུ་གྲགས་སོ། །འོན་ཀྱང་བཀའ་པ་གཞོན་ནུ་སེང་གེ་སོགས། དེ་ཡན་དུ་ཡང་བཀའ་པའི་མཚན་ཅུང་ཞིག་གྲགས་པར་གསལ་ལོ། །ཞེས་གསུངས་སོ།།
བཀའ་བཅུ་དང་། དཀའ་བཅུ་ཞེས་བ་འཕུལ་ཅན་དང་། ད་འཕུལ་ཅན་གཉིས་བྱུང་བའི་རྒྱུ་མཚན་གང་ཡིན་སྙམ་ན། སྦྲང་ཆར་ལས[2]། དཀའ་བཅུ་དང་བཀའ་བཅུ་གཞེས་གཉིས་ལས་གང་ཞིག་འགྲིག་པ་དང་གང་ཞིག་ནོར་བ་ཡིན་ཞེ་ན། མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་ཚང་གིས་གསལ་པོར་གསུངས་མྱོང་བ་འདི་ལྟར། བཀའ་བཅུའམ་དཀའ་བཅུའི་དོན་ནི། གཙང་བཀྲ་ཤིས་ལྷུན་པོ་སོགས་གྲྭ་ས་ཆེན་པོ་རྣམས་སུ་བཀའ་པོད་ལྔ་ལ་སྦྱངས་པ་མཐར་ཕྱིན་ནས་ཚོགས་མང་གི་དབུས་སུ་རང་གིས་གང་ལ་སྦྱངས་པ་དེར་རྩོད་པའི་སྒོ་ནས་དམ་བཅའ་འཇོག་པའི་སྲོལ་ཡོད། དེ་ལ་ཡང་གཞུང་གཅིག་ཙམ་མ་ཡིན་པར་དབུ་ཕར་འདུལ་མཛོད་རྣམ་འགྲེལ་ཏེ་བཀའ་པོད་ཆེན་པོ་ལྔ་གཞིར་བཞག་གི་སྟེང་ནས། དབུ་མ་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་བ་ཤེས་རབ་དང་། འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པ་དང་། ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པ་སོགས་དང་། རྗེ་ཙོང་ཁ་པས་མཛད་པའི་རྩ་ཤེའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་དང་། དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་དང་། མཁས་གྲུབ་རྗེས་མཛད་པའི་དབུ་མའི་སྟོང་ཐུན་སོགས་དང་། དེ་བཞིན་དུ་པཎ་ཆེན་བསོད་གྲགས་དང་། སེ་ར་རྗེ་བཙུན་པ། ཀུན་མཁྱེན་འཇམ་དབྱངས་བཞད་པ་རྣམས་ཀྱིས་མཛད་པའི་དབུ་མའི་མཐའ་དཔྱོད་ཆེན་མོ་སོགས་དང་། དེ་བཞིན་དུ་ཕར་ཕྱིན། འདུལ་བ། མཛོད། ཚད་མ་སོགས་ལའང་གཞུང་མི་འདྲ་བ་མང་པོ་ཡོད་པས། གསུང་རབ་ཀྱི་དཀའ་གནད་གསལ་བར་བྱེད་པའི་གཞུང་ལུགས་བཅུ་ལོངས་པ་ལ་དམ་བཅའ་བཞག་ནས་རབ་འབྱམས་པའི་མིང་བཏགས་བླངས་པ་ལ་ཚིག་བསྡུས་ཀྱིས་དཀའ་རམས་པ་ཟེར་བ་རེད། གྲངས་ཀ་བཅུ་ལོངས་པ་ལ་ངེས་བཟུང་གི་གཞུང་བཅུ་ཞེས་བགྲང་མི་དགོས་ཏེ་དཔེར་ན། བསྡུས་གྲྭ། བློ་རིག རྟགས་རིགས། ས་ལམ་རྣམ་གཞག དོན་བདུན་ཅུ་སྟེ་ལྔ་དང་། དེའི་ཁར་བཀའ་པོད་ལྔ་བགྲངས་པས་བཅུ་སྟེ། དེ་དག་གི་སྟེང་ནས་དམ་བཅའ་བཞག་པ་ལའང་དཀའ་བཅུ་པ་ཞེས་ཐ་སྙད་འདོགས་ཆོག་པ་རེད། དཀའ་རམས་དང་བཀའ་རམས་ནི་གཞུང་མང་པོར་སྣང་སྟེ། ཡི་གེའི་ཆ་ནས་འདམ་ང་ཡིན། འོན་ཀྱང་དོན་ནི་སོ་སོ་བ་སྟེ་དཀའ་གནད་ཀྱི་གཞུང་བཅུ་ཞེས་པ་དང་། རྒྱལ་བའི་བཀའ་མི་འདྲ་བ་བཅུ་ཞེས་འགྲོལ་དགོས་སོ། །ཞེས་པ་ལྟར་ཤེས་པར་བྱའོ།།
གཞན་ཡང་སྔ་འགྱུར་རྙིང་མའི་ཁྲོད་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དང་། ཤུག་གསེབ་ཡེ་ཤེས་རབ་འབྱམས་པ་སོགས་དང་། དཔལ་ལྡན་ས་སྐྱ་པའི་ནང་ཀུན་མཁྱེན་ཤེས་རབ་འཕེལ་དང་། ཀུན་མཁྱེན་གོ་བོ་རམས་པ་བསོད་ནམས་སེངྒེ། དགེ་ལུགས་པའི་ཕྱོགས་སུ་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པ་དང་། སྡོམ་རམས་པ་ཡེ་ཤེས་དགེ་ལེགས། བཀྲ་ཤིས་འཁྱིལ་གྱི་མདོ་སྔགས་གཉིས་ཀའི་རམས་འབྱམས་པ་བཀའ་དྲིན་མཉམ་མེད་རྗེ་དོན་གྲུབ་རྒྱ་མཚོ་སོགས་ཀྱི་རབ་འབྱམས་པའི་མཚན་ཅན་ཤིན་ཏུ་མང་ལ། དེ་མིན་རྩིས་རམས་པ་དང་། སྨན་རམས་པ་། འབུམ་རམས་པ་སོགས་ཀྱི་མཚན་གནས་ཐོག་མར་བྱུང་ཚུལ་སོགས་ལ་དཔྱད་དགོས་པར་སྣང་ངོ་།།
[1] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག ༡༩༦
[2] སྦྲང་ཆཪ། སྤྱིའི་དེབ་གྲངས་ ༤༣ པ། ༡༩༩༡ ལོའི་འདོན་ཐེངས། ༼༤༽ ཤོག་གྲངས་ ༡༠༡

བརྒྱུད་སྐུལ།

མཆན་སྤེལ།