དུང་དཀར་གྲུབ་མཐའ། ས་བཅད་དང་པོ།

དུང་དཀར་གྲུབ་མཐའ། ས་བཅད་དང་པོ།

ཆོས་ལུགས་གྲུབ་མཐའ་ཁག་གི་གཞི་རྩའི་ཤེས་ཡོན་མཛུབ་མོ་རི་སྟོན།

སྔོན་འགྲོ།

 

ང་ཚོའི་སློབ་ཚན་འདིར་ཆོས་ལུགས་གྲུབ་མཐའ་ཁག་གི་གཞི་རྩའི་ཤེས་ཡོན་མཛུབ་མོ་རི་སྟོན་ཟེར་དགོས་པའི་རྒྱུ་མཚན་ནི་སློབ་ཚན་འདིའི་ནང་ཆོས་ལུགས་གྲུབ་མཐའ་ཁག་གི་གནས་ཚུལ་ཞིབ་ཕྲ་དང་རྒྱས་པོ་ངོ་སྤྲོད་བྱ་རྒྱུ་མ་ཡིན་པར་རྨང་གཞིའི་ཤེས་ཡོན་སློབ་སྦྱོང་བྱེད་པའི་གོམ་པ་དང་པོ་ཙམ་ཞིག་སྟེ་མཛུབ་མོ་བཙུགས་ནས་རི་མིག་ལ་བསྟན་པ་ལྟ་བུ་སྟེ་དཔེར་ན་རི་འདིའི་མིང་ལ་འདི་འདྲ་ཟེར་གྱི་རེད། རི་ཕ་གིའི་མིང་ལ་དེ་འདྲ་ཟེར་གྱི་རེད་ཟེར་བ་ཙམ་ལས་རི་དེ་ཚོའི་སྒང་ལ་ཤིང་སྣ་གང་དང་གང་ཡོད། བྱ་བྱིའུ་གང་དང་གང་ཡོད། བྲག་གང་དང་གང་ཡོད་སོགས་ངོ་སྤྲོད་བྱས་མེད་པ་ལྟ་བུ་ཞིག་ཡིན།

ཆོས་ལུགས་གྲུབ་མཐའ་ཁག་གི་ལོ་རྒྱུས་དང་ལྟ་ཚུལ་སློབ་སྦྱོང་བྱེད་དགོས་པའི་རྒྱུ་མཚན། ཆོས་ལུགས་ཀྱི་ལྟ་ཚུལ་དང་ལོ་རྒྱུས་ཤེས་དགོས་མིན་གྱི་གནད་དོན་ཐད་ལྟ་སྟངས་མི་འདྲ་བ་ཁག་གཉིས་ཡོད། ཁག་ཅིག་གིས་དེ་སློབ་སྦྱོང་བྱས་ཚེ་མིའི་བསམ་བློར་དུག་སྐྱོན་འཕོག་གི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང༌། ཁག་ཅིག་གིས་དེ་ངེས་པར་དུ་ཤེས་དགོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང༌། རྒྱུ་མཚན་ནི་ཤེས་པ་བྱ་རྒྱུ་དེ་ཆོས་བྱེད་རྒྱུའི་ཆེད་དུ་མ་ཡིན་པར་དེ་སྤྱི་ཚོགས་ཀྱི་ནང་དུ་བྱུང་བའི་དངོས་པོ་ཞིག་ཡིན་སྟབས་ཐོག་མ་ཇི་ལྟར་བྱུང་མིན་དང༌། འཕེལ་རྒྱས་ཇི་ལྟར་བྱུང་མིན། ཇི་ལྟར་མེད་པར་འགྲོ་ཚུལ་སོགས་ལ་ཤེས་རྟོགས་བྱ་དགོས་ཤིང༌། དེ་ནི་ལོ་རྒྱུས་དང༌། རིག་གནས། ཆོས་ལུགས་བཅས་ལ་ཞིབ་འཇུག་བྱ་རྒྱུར་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པས་དེར་ཞིབ་འཇུག་མ་བྱས་ཐབས་མེད་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ང་རང་གི་ལྟ་སྟངས་བྱས་ན་ལྟ་ཚུལ་རྗེས་མ་དེ་ཡང་དག་པ་ཞིག་རེད་སྙམ་གྱི་འདུག ང་ཚོས་དེར་ཞིབ་འཇུག་བྱ་དགོས་དོན་ནི་ཆོས་ལུགས་ཟེར་བ་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་སྐབས་ངེས་ཅན་ཞིག་ནང་བྱུང་བའི་བསམ་བློའི་འདུ་ཤེས་ཤིག་ཡིན་པ་ལས་འཇིག་རྟེན་འདིའམ་སྤྱི་ཚོགས་འདི་ཐོག་མ་ཆགས་དུས་ནས་ཡོད་པ་ཞིག་མིན། ལྟ་ཚུལ་དེའི་ཐད་མར་ལེ་རིང་ལུགས་དང་སངས་རྒྱས་ཆོས་ལུགས་ཀྱི་བཤད་ཚུལ་གཉིས་ཡོངས་སུ་གཅིག་མཐུན་ཡིན། འོན་ཀྱང་ཆོས་ལུགས་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་སྐབས་གང་འདྲ་ཞིག་ལ་བྱུང་མིན་དང༌། ཇི་ལྟར་བྱུང་མིན། འབྱུང་དགོས་པའི་རྒྱུ་མཚན་ཇི་ཡིན་སོགས་ཀྱི་ཐད་མར་ལེ་རིང་ལུགས་དང་སངས་རྒྱས་ཆོས་ལུགས་ཀྱི་ལྟ་ཚུལ་གཉིས་འདྲ་བའི་ཕྱོགས་ཡོད་ལ་མི་འདྲ་བའི་ཕྱོགས་ཀྱང་ཡོད། ཆོས་ལུགས་ལ་ཞིབ་འཇུག་བྱ་རྒྱུ་དེ་རིག་གནས་ལ་ཞིབ་འཇུག་བྱ་རྒྱུ་དང་ཁ་འབྲལ་ཐབས་མེད་པའི་འབྲེལ་བ་ཡོད་ལ་ལྷག་པར་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་ལེན་ཡག་པོ་བྱ་རྒྱུར་མེད་དུ་མི་རུང་བ་ཞིག་ཡིན། ང་ཚོས་འདིར་ཆོས་ལུགས་སློབ་སྦྱོང་བྱེད་པ་ནི་ལོ་རྒྱུས་དང་རིག་གཞུང་ལ་ཞིབ་འཇུག་བྱ་རྒྱུའི་ཆེད་དུ་ཡིན་ཅིང༌། བྱ་དངོས་ཚང་མ་དང་པོ་མེད་པ་ནས་བྱུང་བ་དང༌། འཕེལ་རྒྱས་ཇི་ལྟར་འགྲོ་བ། མཐར་མེད་པར་འགྲོ་བ་བཅས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ངེས་པར་ཤེས་དགོས། དེར་བརྟེན་ཆོས་ཟེར་བ་དེའང་དང་པོ་མེད་པ་ནས་གསར་དུ་བྱུང་བའི་དངོས་པོ་ཞིག་ཡིན་སྟབས་དང་པོ་མེད་པ་དེ་ག་དུས་མེད་པ་དང༌། ག་དུས་གཞི་ནས་བྱུང་བ། རྗེས་སུ་འཕེལ་རྒྱས་ཇི་ལྟར་བྱུང་བ། མཐའ་མ་ཇི་ལྟར་མེད་པར་འགྲོ་བ་དེའི་ཆོས་ཉིད་དེ་ངེས་པར་ཤེས་པ་བྱེད་དགོས། ཆོས་ལུགས་ཀྱི་བསམ་བློའི་ཤུགས་རྐྱེན་དེས་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་ལ་མིའི་བསམ་བློའི་ནང་ཤུགས་རྐྱེན་ཟབ་མོ་ཐེབས་སྟབས་དེང་སྐབས་ཚན་རིག་དར་རྒྱས་ཆེན་པོ་ཡོད་པའི་རྒྱལ་ཁབ་དེ་ཚོའི་ནང་ལ་ཡང་མི་ཁག་ཅིག་གི་བསམ་བློའི་ནང་ད་དུང་ཆོས་ལ་དད་པ་བྱེད་པའི་བསམ་བློ་དེ་ཧ་ཅང་ཤུགས་ཆེན་པོ་ཡོད་པའི་རྒྱུ་མཚན་དེ་ཡང་ཚང་མ་ལྐུགས་པ་དང་ཤེས་ཡོན་མེད་པའི་དབང་གིས་མ་ཡིན་པར་ཆོས་ལུགས་ཀྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང༌། མི་རིགས་ཁག་དབར་གྱི་ཕན་ཚུན་མཐུན་སྒྲིལ་དང༌། སྤྱི་ཚོགས་ཀྱི་བདེ་འཇགས་སོགས་ལ་ཡང་ནུས་པ་ཤིན་ཏུ་ཆེན་པོ་ཐོན་གྱི་ཡོད་པ་དེས་རེད། འོ་ན་དེའི་རྒྱུ་མཚན་དེ་གང་གི་ཐོག་ནས་མཐོང་གི་ཡོད་དམ་ཞེ་ན། དེའི་ཐད་ཆོས་ཀྱི་ནང་དོན་མི་ཤེས་མཁན་ཞིག་གིས་བསམ་བློ་གང་ཡང་མ་བཏང་བར་སྐད་ཆ་སྟོང་པ་ཞིག་བཤད་པས་འགྲིག་ཐབས་མེད་པར་ཆོས་ཁོ་རང་ལ་ནང་དོན་གང་ཡོད་མེད་དང་དེའི་ནང་ག་རེ་བཤད་ཡོད་མེད་ངེས་པར་དུ་ཤེས་དགོས་ལ་དེ་ལ་དབྱེ་ཞིབ་ཀྱང་བྱེད་དགོས།

ཆོས་ལུགས་ཟེར་བ་དེ་བཀའ་འབེབས་དང་བཙན་ཤེད་ཀྱིས་བཀག་འགོག་བྱས་ཏེ་མཐར་མེད་པ་བཟོ་དགོས་སྙམ་པ་དེ་ནི་ཡོང་ཐབས་མེད་པར་དེ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་རྒྱབ་འགལ་བྱས་པ་ཞིག་ཡིན་པས་དེར་འབྲས་བུ་བཟང་པོ་ཡོང་ཐབས་མེད། དཔེར་ན་དེ་སྔ་བོད་ལ་རྒྱལ་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་ཏེ་གནས་སྐབས་ཤིག་རིང་བཀག་ཐུབ་ཡོད་ནའང་ལོ་བདུན་ཅུ་ལྷག་ཙམ་སོང་རྗེས་གཞི་ནས་མངའ་རིས་དང་མཚོ་སྔོན་བརྒྱུད་ནས་བོད་དབུས་གཙང་ལ་བསྐྱར་དུ་དར་བ་མ་ཟད། སྔ་དར་ལས་ཤུགས་ཆེ་བ་དར་ཡོད་པ་དང༌། ཕྱིས་སུ་རིག་གནས་གསར་བརྗེའི་སྐབས་བསམ་བློ་རྙིང་པ་དང༌། རིག་གནས་རྙིང་པ། གོམས་གཤིས་རྙིང་པ། ཡུལ་སྲོལ་རྙིང་པ་བཅས་རྙིང་པ་བཞི་ཟེར་བ་གཏོར་སྐབས་རྩ་འགངས་ཆེ་བའི་རིག་གནས་མང་ཆེ་བ་རྩ་མེད་བཟོས་ཏེ་བསྟན་པ་ཕྱི་དར་སྐབས་ནས་རིག་གནས་གསར་བརྗེ་མ་ཚུགས་བར་གསོག་འཇོག་བྱས་པའི་བོད་ཀྱི་ཆོས་ལུགས་དང༌། རིག་གནས། ལོ་རྒྱུས་སོགས་ཀྱི་དཔེ་ཆ་གྲངས་ལས་འདས་པ་གཙང་དག་བཟོས་སྟབས་ད་ལྟ་ལྷགས་པ་དེ་དག་གིས་སྔོན་མའི་གསུམ་ཆ་གཅིག་ཙམ་ལས་ཟིན་གྱི་མེད། སྐབས་དེར་རྩེ་པོ་ཏ་ལ་དང་ཞོལ་ཡིག་ཚགས་ཁང་ལ་ཡོད་པ་རྣམས་སྲུང་སྐྱོབ་ལེགས་ཙམ་བྱུང་ཡོད་ཅིང༌། རྩེ་པོ་ཏ་ལར་ཡོད་པའི་དཔེ་ཆ་རྣམས་ནི་དམངས་གཙོའི་བཅོས་སྒྱུར་བཏང་བ་ནས་རིག་གནས་གསར་བརྗེ་མ་ཚུགས་པའི་བར་བརྒལ་དུས་སྐབས་ནང་ལྷ་ས་ཉེ་འཁོར་གྱི་དགོན་པ་དང་བླ་བྲང་མང་པོ་ཞིག་གི་ཕྱག་དཔེ་འབོར་ཆེན་རྩེ་དང་ཞོལ་ཡིག་ཚགས་ཁང་དུ་བསྡུ་རུབ་བྱས་ཐོག་ཙུང་ལི་ཀྲའུ་ཨེན་ལེའི་བཀའ་ལྟར་རྩེའི་རིག་དངོས་ལ་སྲུང་སྐྱོབ་ཐོབ་པ་དང་སྦྲགས་ཕྱག་དཔེ་རྣམས་ཀྱང་ལྷགས་པ་མ་ཟད། འབུ་སྐྱོན་དང་ཆུ་སྐྱོན་སོགས་གང་ཡང་བྱུང་མེད། སྐབས་དེར་ཞོལ་ཡིག་ཚགས་ཁང་ལ་དམར་སྲུང་དམག་གིས་རྙིང་བཞི་གཏོར་བར་ཡོང་སྐབས་དེ་གའི་ལས་བྱེད་མཚོ་སྔོན་ནས་ཡིན་པ་འོད་ཟེར་ལགས་ཞུ་མཁན་ཞིག་ཡོད་པ་དེས་ཁོང་གིས་འདིའི་ནང་སྲིད་གཞུང་རྙིང་པའི་གཞུང་ཡིག་དང་ལོ་རྒྱུས་ཡིག་ཚགས་རྩ་ཆེན་མང་པོ་ཡོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མ་འཁྲོལ་བར་ལག་པ་འཆང་མི་ཆོག་ཅེས་བཀག་འགོག་བྱས་པར་དམར་སྲུང་དམག་གིས་ཉེས་རྡུང་བཏང་ནས་གསོད་གྲབས་བྱས་ཀྱང་ཁོང་གིས་སྲོག་ཉེན་ལའང་མ་འཛེམས་པར་བཀག་འགོག་བྱས་པར་བརྟེན་ཞོལ་ཡིག་ཚགས་ཁང་གི་ད་ལྟའི་ཡིག་ཚགས་དེ་དག་སྲུང་སྐྱོབ་ཐུབ་ཙམ་བྱུང་ཡོད།

 

ས་བཅད་དང་པོ། ཕྱི་རོལ་པའི་ལུགས་ཀྱི་གྲུབ་མཐའ་བསྟན་པ།

 

མུ་སྟེགས་པ་ཟེར་བ་ནི་སངས་རྒྱས་ཆོས་ལུགས་པས་དམའ་འབེབས་ཀྱི་ཐོག་ནས་བཏགས་པའི་མིང་ཞིག་ཡིན། དེའི་གོ་དོན་ཆ་ཚང་ནི་ལྟ་བ་ངན་པའི་མུ་ལ་སྟེགས་བུ་བྱས་ནས་ལྟ་བ་ངན་པ་དེ་ཐར་པའི་ལམ་ལ་འཁྲུལ་བས་ན་མུ་སྟེགས་པ་ཞེས་བརྗོད། ཡང་སངས་རྒྱས་ཆོས་ལུགས་པས་མུ་སྟེགས་པ་ལ་ཕྱི་པ་དང་རང་ཉིད་ལ་ནང་པ་ཞེས་བཏགས་པ་དེ་ནི་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་པར་ཁས་ལེན་མིན་གྱི་ཐོག་ཁོ་ནས་ཤོད་སྲོལ་ཡོད་དེ། དེ་ཡང་སྐྱབས་འགྲོ་ཁས་བླངས་ན་ནང་པ་དང་ཁས་མི་ལེན་མཁན་ལ་ཕྱི་པ་ཟེར། སྐྱབས་འགྲོ་སྟེ་སྐྱབས་ནི་མགོན་སྐྱབས་དང་འགྲོ་ནི་ཁས་བླངས་པའི་དོན་ཏེ་སྐྱབས་སུ་འགྲོ་བ་ནི་མགོན་སྐྱབས་ཡིན་པར་ཁས་བླངས་པའི་དོན་ཡིན་ལ་དད་པ་བྱས་པ་དང་ཡིད་ཆེས་བྱས་པའི་ནང་དོན་ཡང་ཡོད། སྐྱབས་འགྲོ་བྱེད་སྟངས་གནད་བསྡུས་ཤིག་བཤད་ན། བླ་མ་ལ་སྐྱབས་སུ་མཆིའོ་ཞེས་བླ་མ་ནི་དགེ་རྒན་གྱི་དོན་ཏེ་སངས་རྒྱས་དངོས་དང་ཁྱད་མེད་པར་རང་ལ་མགོན་སྐྱབས་གནང་མཁན་ཞིག་ཡིན་པའི་ངོས་ནས་སྐྱབས་སུ་འགྲོ་བ་དང༌། སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་སངས་རྒྱས་ནི་ཆོས་གསུང་མཁན་དང་ང་རང་ཚོ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་གྲོལ་ཐུབ་པའི་ལམ་བསྟན་མཁན་ཡིན་པས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ། ཆོས་ལ་སྐྱབས་སུ་མཆིའོ་ཞེས་ཆོས་དེ་ལག་ལེན་བསྟར་ནས་རང་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་གྲོལ་ཐུབ་པ་བྱེད་དགོས་པར་བརྟེན་ཆོས་ནི་རང་ཉིད་སྡུག་བསྔལ་ལས་གྲོལ་བར་བྱེད་པའི་སྐྱབས་དངོས་ཡིན་སྟབས་དེ་ལ་དད་པ་དང་ཡིད་ཆེས་བྱས་ན་སྐྱབས་སུ་འགྲོ་བ། དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་པ་ནི་(དེ་ཡང་དགེ་སློང་བཞི་ཡན་ལ་དགེ་འདུན་ཟེར་བ་ལས་དགེ་སློང་མ་ཡིན་པའི་དགེ་ཚུལ་སོགས་བཞི་ཚོགས་པར་དགེ་འདུན་ཟེར་སྲོལ་མེད་)དགེ་འདུན་དེ་དགེ་བ་ལ་འདུན་པ་དང༌། དགེ་བ་ལ་བློ་གཅིག་སེམས་གཅིག་བྱེད་མཁན། བློ་གཅིག་སེམས་གཅིག་གིས་ཆོས་ལག་ལེན་བྱེད་མཁན། རང་དང་མཉམ་དུ་ཆོས་བྱེད་མཁན་ཟླ་གྲོགས་ཤིག་ཡིན་པས་དེ་ལ་དད་པ་དང་ཡིད་ཆེས་བྱས་ན་སྐྱབས་སུ་འགྲོ་བ་བཅས་ཡིན། དཔེར་ན་མི་ནད་པ་ཞིག་ལ་ཆ་མཚོན་ན་དེ་དྲག་སྐྱེད་ཡོང་བ་བྱེད་པར་སྨན་པ་དང༌། སྨན། ནད་གཡོག་བཅས་གསུམ་འཛོམས་དགོས་པ་བཞིན་དུ་སངས་རྒྱས་ནི་ཆོས་གསུང་ནས་རང་ཉིད་སྡུག་བསྔལ་ལས་ཐར་ཐབས་ཀྱི་ལམ་སྟོན་མཛད་མཁན་ཡིན་པས་སྨན་པ་དང་གཉིས་སུ་མེད་པ་དང༌། སྨན་པ་ཡོད་ན་ཡང་སྨན་མེད་ན་མི་འགྲིག་པར་སྨན་དེ་རང་ཉིད་ནད་ལས་སྐྱབས་མཁན་སྐྱབས་ངོ་མ་དེ་ཡིན་པ་ལྟར་རང་ཉིད་ཉོན་མོངས་དུག་གསུམ་གྱི་ན་ཚ་ངོ་མ་དེ་ལས་སྐྱབས་མཁན་ཆོས་དེ་ཡིན་པས་དེ་སྨན་དང་གཉིས་སུ་མེད་པ། སྨན་པ་དང་སྨན་ཡོད་ན་ཡང་རྟག་ཏུ་རང་ཉིད་ཀྱི་འགྲམ་དུ་བསྡད་ནས་ནད་གཡོག་བྱེད་མཁན་ཞིག་དགོས་པ་ལྟར་དགེ་འདུན་ནི་རང་དང་མཉམ་དུ་ཆོས་བྱས་ནས་རང་ཉིད་སངས་རྒྱས་ཏེ་རང་མགོ་མ་ཐོན་བར་རང་ལ་རོགས་རམ་བྱེད་མཁན་ཞིག་ཡིན་པས་དེ་ནི་ནད་གཡོག་དང་གཉིས་སུ་མེད་པ་ཞིག་ཡིན། དེ་ནི་སྐྱབས་འགྲོ་ཁ་ནས་སྐྱོར་ཐུབ་པ་ཙམ་མ་ཡིན་པར་བསམ་བློ་དེ་ལྟར་གཏོང་ཐུབ་མཁན་དེ་ལ་ནང་པ་ཟེར། དེར་བརྟེན་ཕྱི་པ་ཟེར་བ་དེ་དང་མུ་སྟེགས་པ་ཟེར་བ་དེའི་གོ་བ་ལེན་སྟངས་ཐད་ཅུང་མི་འདྲ་བ་ཡོད། མུ་སྟེགས་པ་དེ་ལ་ལྟ་བ་མི་འདྲ་བ་མང་པོ་ཡོད་དེ། དཔེར་ན་རྒྱ་གར་ལ་ཆ་བཞག་ན་མུ་སྟེགས་པའི་ལྟ་བ་མི་འདྲ་བ་དྲུག་ཅུ་རེ་གཉིས་ཙམ་ཡོད་པའི་ནང་གི་གཙོ་ཆེ་བ་ནི་རྟག་པར་སྨྲ་བ་དང་ཆད་པར་སྨྲ་བ་གཉིས་སུ་འདུ་སྟེ་ཆད་པར་སྨྲ་བ་ནི་རྒྱང་འཕེན་པ་དང༌། རྟག་པར་སྨྲ་བ་ལ་གྲངས་ཅན་པ། ཚངས་པ་བ། ཁྱབ་འཇུག་པ། དཔྱོད་པ་བ། དབང་ཕྱུག་པ། བྱེ་བྲག་པ། རིག་པ་ཅན་པ། གཅེར་བུ་བ་བཅས་དགུ་ཡོད། དེ་ཡང་བྱུང་སྔ་རྗེས་ཀྱི་གོ་རིམ་ལྟར་ཞུས་ན།

 

དང་པོ། མུ་སྟེགས་གྲངས་ཅན་པ།

 

སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལྟར་ན་ཆོས་ཀྱི་ནང་ནས་བྱུང་སྔ་ཤོས་དེ་མུ་སྟེགས་གྲངས་ཅན་པ་ཟེར་བ་དེ་ཡིན། དེ་ཐོག་མར་གསར་གཏོད་བྱེད་མཁན་ནི་དྲང་སྲོང་སེར་སྐྱ་ཞེས་རལ་པ་སེར་སྐྱ་ཡོད་པ་ཞིག་བྱུང་བ་དེ་ཡིན་པ་དང་རྒྱ་གར་གྱི་སྒྲུང་ནང་དྲང་སྲོང་སེར་སྐྱ་ཞེས་པ་དེ་ཚེ་ལོ་དཔག་མེད་ཀྱི་དུས་སུ་བྱུང་བ་ཡིན་ཞེས་བཤད་སྲོལ་ཡོད། དྲང་སྲོང་སེར་སྐྱས་མུ་སྟེགས་གྲངས་ཅན་གྱི་གྲུབ་མཐའ་གསར་གཏོད་བྱས་ནས་དེའི་རྗེས་སུ་འབྲངས་མཁན་རྣམས་ལ་གྲངས་ཅན་པའམ་མུ་སྟེགས་སེར་སྐྱ་པ་ཟེར། གྲངས་ཅན་པ་ཟེར་བའི་གོ་དོན་ནི་འཇིག་རྟེན་ཁམས་ཀྱི་ཤེས་བྱ་ཡོད་ཚད་ཚང་མ་གྲངས་ཀ་ཡོད་པར་ཁས་ལེན་གྱི་ཡོད་པ་དང༌། གྲངས་ཀ་དེ་ནི་མ་གཞི་འཇིག་རྟེན་ཁམས་ཀྱི་ཤེས་བྱ་དེ་དག་བཟོ་ལྟ་མི་འདྲ་བ་དང༌། ཚོས་གཞི་མི་འདྲ་བ། དྲི་མ་མི་འདྲ་བ། བྲོ་བ་མི་འདྲ་བ། རེག་བྱ་མི་འདྲ་བ་སོགས་སྣ་མིན་སྣ་ཚོགས་ཡོད་ན་ཡང་དེ་དག་ཚང་མ་སྣེ་ཁ་ཉི་ཤུ་རྩ་ལྔའི་ནང་འདུ་བར་ཁས་བླངས་པར་བརྟེན་གྲངས་ཅན་པ་ཞེས་བརྗོད། ཤེས་བྱ་ལ་ཉི་ཤུ་རྩ་ལྔ་རྩིས་སྟངས་ནི་འདི་ལྟ་སྟེ། རང་བཞིན་ཁོ་ན་ཡིན་པ་གཅིག རྣམ་འགྱུར་ཁོ་ན་ཡིན་པ་བཅུ་དྲུག རང་བཞིན་དང་རྣམ་འགྱུར་གཉིས་ཀ་ཡིན་པ་བདུན། རང་བཞིན་དང་རྣམ་འགྱུར་གཉིས་ཀ་མ་ཡིན་པ་གཅིག་བཅས་ཡིན། རང་བཞིན་ཁོ་ན་ཡིན་པ་གཅིག་ནི་སྤྱི་གཙོ་བོ་ཟེར་བ་དེ་ཡིན་ཅིང༌། དེ་ནི་ཤེས་བྱ་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་ཟེར། དེ་ནས་རང་བཞིན་དང་རྣམ་འགྱུར་གཉིས་ཀ་ཡིན་པ་བདུན་ནི་ཆེན་པོ་དང༌། ང་རྒྱལ། གཟུགས། སྒྲ། དྲི། རོ། རེག་བྱ་བཅས་སོ། །རྣམ་འགྱུར་ཁོ་ན་ཡིན་པ་བཅུ་དྲུག་སྟེ། ས། ཆུ། མེ། རླུང༌། ནམ་མཁའ་བཅས་འབྱུང་བ་ལྔ་དང༌། ངག ལག་པ། རྐང་པ། རྐུབ། འདོམས་བཅས་ཏེ་ལས་ཀྱི་དབང་པོའམ་ལས་ཀ་བྱེད་མཁན་གྱི་དབང་པོ་ལྔ། མིག རྣ་བ། སྣ། ལྕེ། ལུས་ཏེ་བློ་ཡི་དབང་པོ་ལྔ་བཅས་བཅོ་ལྔའི་སྟེང་དུ་ཡིད་ཀྱི་དབང་པོ་བསྣན་པས་བཅུ་དྲུག རང་བཞིན་དང་རྣམ་འགྱུར་གཉིས་ཀ་མ་ཡིན་པ་གཅིག་སྟེ་བདག་ཤེས་རིག་གི་སྐྱེས་བུ་བཅས་ཉི་ཤུ་རྩ་ལྔ་ཡོད་པ་དང༌། ཤེས་བྱ་ཐམས་ཅད་བེམ་པོ་དང་ཤེས་པ་གཉིས་ཀྱི་ནང་ལ་བསྡུས་པ་སྟེ། བདག་ཤེས་རིག་གི་སྐྱེས་བུ་དེ་ཤེས་པ་ཡིན་པ་དང༌། དེ་འཕྲོས་ཉི་ཤུ་རྩ་བཞི་དེ་བེམ་པོ་ཡིན་ཟེར།

ཤེས་བྱ་ཉི་ཤུ་རྩ་ལྔ་པོ་དེ་ཆགས་པའི་གོ་རིམ་ནི། བདག་ཤེས་རིག་གི་སྐྱེས་བུ་དེས་ཕྱི་རོལ་ཡུལ་ལ་ལོངས་སྤྱོད་འདོད་ཀྱི་བསམ་པ་དེ་སྐྱེས་པའི་སྐབས་སུ་བདག་ཤེས་རིག་གི་སྐྱེས་བུ་དེའི་བསམ་བློ་ཤེས་རྟོགས་ཐུབ་མཁན་སྤྱི་གཙོ་བོ་དེ་ལ་བརྟེན་ནས་བདག་ཤེས་རིག་གི་སྐྱེས་བུའི་བསམ་བློ་དེ་ཤེས་རྗེས་སྤྱི་གཙོ་བོ་དེ་ནས་ཆེན་པོ་ཟེར་བ་ཞིག་ཡོང་རྒྱུ་ཡོད། ཆེན་པོ་ཟེར་བ་ནི་ཆེན་པོ་དང་ཆུང་ཆུང་གི་དོན་མ་ཡིན་པར་དེ་ནི་ཕྱི་རོལ་ཡུལ་དང་ནང་གི་བདག་ཤེས་རིག་གི་སྐྱེས་བུ་གཉིས་ཀའི་བསམ་བློའི་གཟུགས་བརྙན་འཆར་ཐུབ་པའི་མེ་ལོང་ནང་བཞིན་ཞིག་ཡོད་ཟེར་གྱི་ཡོད། དེ་ནི་མུ་སྟེགས་གྲངས་ཅན་པའི་ལྟ་བ་རེད། ཆེན་པོ་ཟེར་བ་དེ་ལས་ང་རྒྱལ་གསུམ་ཟེར་བ་ཞིག་ཡོང་རྒྱུ་ཡོད། ང་རྒྱལ་གསུམ་ནི་རྣམ་པར་འགྱུར་བའི་ང་རྒྱལ་དང༌། སྙིང་སྟོབས་ཅན་གྱི་ང་རྒྱལ། མུན་པ་ཅན་གྱི་ང་རྒྱལ་བཅས་ཡིན། རྣམ་པར་འགྱུར་བའི་ང་རྒྱལ་ལ་བརྟེན་ནས་གཟུགས། སྒྲ། དྲི། རོ། རེག་བྱ་བཅས་ལྔ་ཡོང་གི་ཡོད། ལྔ་པོ་དེ་ལ་དེ་ཙམ་ལྔ་ཟེར། དེ་ཙམ་ལྔ་པོ་དེ་ལས་ས་དང༌། ཆུ། མེ། རླུང༌། ནམ་མཁའ་བཅས་འབྱུང་བ་ལྔ་སྐྱེ་བ་ཡིན་ཟེར། སྙིང་སྟོབས་ཅན་གྱི་ང་རྒྱལ་དེ་ལས་ལས་ཀྱི་དབང་པོ་ལྔ་དང༌། བློ་ཡི་དབང་པོ་ལྔ། ལས་ཀྱི་དབང་པོ་དང་བློ་ཡི་དབང་པོ་གཉིས་ཀ་ཡིན་པའི་ཡིད་ཀྱི་དབང་པོ་བཅས་དབང་པོ་བཅུ་གཅིག་སྐྱེ་བ་ཡིན་ཟེར། ལས་ཀྱི་དབང་པོ་ལྔ་དང་བློ་ཡི་དབང་པོ་ལྔ་ཟེར་བ་ནི་བསམ་བློ་བཏང་ནས་ཤེས་རྟོགས་བྱེད་ཐུབ་པའི་ནུས་པ་ཡོད་པ་དེ་རེད། མུན་པ་ཅན་གྱི་ང་རྒྱལ་ཟེར་བ་དེ་ང་རྒྱལ་གཞན་གཉིས་ཏེ་རྣམ་པར་འགྱུར་བའི་ང་རྒྱལ་དང་སྙིང་སྟོབས་ཅན་གྱི་ང་རྒྱལ་ཟེར་བ་དེ་གཉིས་ཀྱི་རྒྱུན་མཐུད་བྱེད་མཁན་བྱེད་པ་པོ་ཞིག་ཡིན་ཟེར།

གྲངས་ཅན་པས་ཐར་པ་ཟེར་བ་ཞིག་ཁས་ལེན་བྱེད་ཀྱི་ཡོད། དེ་ཡང་ཐར་པ་ཐོབ་སྟངས་དེ་སྐྱེས་བུ་གང་ཟག་གཅིག་གིས་ནགས་གསེབ་ལ་ཕྱིན་ནས་སྒོམ་བརྒྱབ་སྟེ་ཕྱི་རོལ་ཡུལ་ལ་དམིགས་ནས་འདོད་ཆགས་སྐྱེད་བྱེད་དེ་ཇེ་ཆུང་དུ་ཕྱིན་ཏེ་ནམ་ཞིག་འདོད་ཆགས་རྩ་བ་ནས་མེད་པ་ཆགས་འགྲོ་བའི་སྐབས་ལ་ཏིང་ངེ་འཛིན་སྒོམ་ནས་མངོན་ཤེས་ལྔ་ཐོབ་ཀྱི་ཡོད་ཟེར། མངོན་ཤེས་ལྔ་ཐོབ་པའི་རྗེས་ལ་མིག་གི་མངོན་ཤེས་དེས་སྤྱི་གཙོ་བོ་དེ་ལ་ཕར་བལྟས་མ་ཐག་སྤྱི་གཙོ་བོ་དེ་མི་གཞན་དག་གི་བུད་མེད་ལྟར་ངོ་ཚ་ཁ་སྐྱེངས་བྱས་ནས་སོ་སོ་རང་དང་ཁ་བྲལ་འགྲོ་གི་རེད་ཟེར། སྐབས་དེ་དུས་གོང་དུ་ཞུས་པ་ལྟར་རྣམ་འགྱུར་དེ་ཚོ་ཚང་མ་སྔོན་མའི་གོ་རིམ་ནས་མགོ་ལྡོག་སྟེ་གཅིག་ལ་གཅིག་བརྒྱུད་ཀྱིས་ཐ་མ་བདག་ཤེས་རིག་གི་སྐྱེས་བུ་གཅིག་པུ་ལས་ལྷག་གི་མེད་ཅིང་དེ་དུས་ཐར་པ་ཐོབ་པ་ཡིན་ཞེས་བཤད་ཀྱི་ཡོད།

གྲངས་ཅན་པ་ཁག་ཅིག་གིས་ལྷ་ཁས་ལེན་གྱི་མེད་སྟབས་གྲངས་ཅན་པ་དེ་ཚོར་གྲངས་ཅན་ལྷ་མེད་པ་ཞེས་ཟེར། ཡང་ཁག་ཅིག་གིས་སྤྱི་གཙོ་བོ་ཟེར་བ་དེ་རྣམ་འགྱུར་ཐམས་ཅད་ཀྱི་བྱེད་པ་པོ་མིན་ཏེ་དེ་སེམས་མེད་ཡིན་སྟབས་རྣམ་འགྱུར་འདྲ་མི་འདྲ་སྣ་ཚོགས་སྟོན་མི་ཐུབ་ཅིང༌། འཇིག་རྟེན་ཁམས་ལ་ཡོད་པའི་རྣམ་འགྱུར་སྣ་ཚོགས་དང་ཤེས་བྱ་སྣ་ཚོགས་ལ་བྱེད་པ་པོ་སེམས་ཡོད་པ་ཞིག་དགོས་པར་བརྟེན་དེ་ནི་ལྷ་དབང་ཕྱུག་ཆེན་པོ་རེད་ཟེར། དེར་བརྟེན་འཇིག་རྟེན་ཁམས་ཀྱི་རྣམ་འགྱུར་འདྲ་མི་འདྲ་དང༌། ཤེས་བྱ་འདྲ་མི་འདྲ། བདེ་བ་དང་སྡུག་བསྔལ། སྐྱིད་སྡུག་འདྲ་མི་འདྲ། བཟོ་ལྟ་འདྲ་མི་འདྲ། ཚོས་གཞི་འདྲ་མི་འདྲ་སོགས་ཚང་མ་དང་པོ་བྱུང་བ་དང༌། བར་དུ་གནས་པ་དང་འཕེལ་རྒྱས་འགྲོ་བ། ཐ་མ་མེད་པར་འགྲོ་བ་བཅས་ཚང་མ་ལྷ་དབང་ཕྱུག་ཆེན་པོས་བསམ་བློ་བཏང་བ་ལས་བྱུང་བ་ཞིག་ཡིན་ཟེར། དེར་བརྟེན་གྲངས་ཅན་པ་དེ་ཚོས་འཇིག་རྟེན་ཁམས་ཀྱི་བྱེད་པ་པོ་ལྷ་གཅིག་ཡིན་པ་ཁས་བླངས་པར་བརྟེན་དེ་ལ་གྲངས་ཅན་ལྷར་བཅས་པ་ཞེས་བརྗོད། གྲངས་ཅན་ལྷར་བཅས་པ་དང་གྲངས་ཅན་ལྷ་མེད་པ་གཉིས་ཀྱི་ནང་ལ་རྒྱུ་དང་འབྲས་བུའི་འབྲེལ་བའི་ཐད་ཁས་ལེན་བྱེད་སྟངས་མི་འདྲ་བ་ཞིག་ཡོད། ཁག་ཅིག་གིས་རྒྱུ་ཡི་དུས་སུ་འབྲས་བུ་མངོན་པར་མི་གསལ་བའི་ཚུལ་དུ་ཡོད་པས་རྒྱུ་དང་འབྲས་བུ་གཉིས་ནི་ངོ་བོ་གཅིག་རེད་ཟེར། མངོན་པར་མི་གསལ་བ་ཟེར་བ་དེ་ནི་རྒྱུའི་དུས་སུ་འབྲས་བུ་དེ་མངོན་གསལ་དོད་པོ་མེད་པའི་ཚུལ་གྱིས་ཡོད་པའི་དོན་སྟེ། དཔེར་ན་ས་བོན་གྱི་དུས་སུ་མྱུ་གུ་དེ་མངོན་གསལ་དོད་པོ་མེད་པའི་ཚུལ་གྱིས་ཡོད་པར་བརྟེན་ཐོག་མའི་སོན་དེ་དང་རྗེས་མའི་མྱུ་གུ་དེ་གཉིས་ངོ་བོ་གཅིག་ཡིན་སྟབས་འབྲས་བུ་སྨིན་པ་ཟེར་བ་ནི་རྒྱུའི་དུས་སུ་ཡོད་པའི་ས་བོན་གྱི་ངོ་བོ་དེ་འབྲས་བུའི་སྐབས་ལ་མངོན་གསལ་དོད་དུ་ཕྱིན་པ་ཙམ་ལས་གང་ལྟར་ངོ་བོ་གཅིག་རེད་ཟེར། དཔེར་ན་འོ་མར་ཞོ་ཆགས་ཀྱི་ཡོད་པ་དེར་ཆ་བཞག་ན་འོ་མའི་དུས་སུ་ཞོ་ཡོད་པ་ཡིན་ནའང་མངོན་གསལ་དོད་པོ་མེད་པ་དང༌། ཞོ་ཆགས་དུས་འོ་མ་ལ་ཡོད་པའི་ཞོ་ཡི་ངོ་བོ་དེ་མངོན་གསལ་དོད་པོ་ཆགས་པ་རེད་ཟེར། ཡང་ཁག་ཅིག་གིས་རྒྱུ་དང་འབྲས་བུ་དེ་གཉིས་མ་གཞི་ངོ་བོ་གཅིག་ཡིན་ནའང་རྣམ་འགྱུར་ཐ་དད་ཡིན་ཏེ་ཐོག་མའི་སོན་དེ་དང་རྗེས་ལ་སྐྱེས་པའི་མྱུ་གུ་དེ་གཉིས་ངོ་བོ་གཅིག་ཡིན་རུང་མངོན་གསལ་དོད་ལོས་ཀྱི་ཁྱད་པར་མ་ཡིན་པར་རྣམ་འགྱུར་ཐ་དད་རེད་ཟེར། དེར་བརྟེན་འབྲས་བུ་སྨིན་པ་ཟེར་བ་ནི་འབྲས་བུའི་ངོ་བོ་ལྡན་པའི་རྒྱུ་དེ་འབྲས་བུ་སྨིན་བྱེད་ཀྱི་ཆ་རྐྱེན་གཞན་དག་འཛོམས་པའི་འོག་ལ་དེར་རྣམ་འགྱུར་གསར་པ་ཞིག་ཐོན་པར་བརྟེན་རྒྱུའི་རྣམ་འགྱུར་དང་འབྲས་བུའི་རྣམ་འགྱུར་ཐ་དད་ཡིན་སྟབས་ངོ་བོ་གཅིག་ལ་རྣམ་འགྱུར་མི་འདྲ་བ་ཡིན་ཟེར།

གྲངས་ཅན་པས་མངོན་སུམ་ཚད་མ་དང༌། རྗེས་དཔག་ཚད་མ། སྒྲ་བྱུང་ཚད་མ་བཅས་ཚད་མ་གསུམ་ཁས་ལེན་གྱི་ཡོད། སྒྲ་བྱུང་ཚད་མ་ཟེར་བའི་དོན་ནི་སྒྲ་ལས་བྱུང་བའི་ཚད་མ་ཟེར། མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གཉིས་དེ་སངས་རྒྱས་ཆོས་ལུགས་ཀྱི་བཤད་སྟངས་དང་མི་འདྲ་བ་གང་ཡང་མེད། སྒྲ་ལས་བྱུང་བའི་ཚད་མ་ཟེར་བ་དེ་སྒྲ་ལ་བརྟེན་ནས་ལྐོག་ཏུ་གྱུར་པའི་དོན་ངོས་འཛིན་བྱས་པའི་བསམ་བློ་དེ་ལ་ཟེར་གྱི་ཡོད། ལྐོག་ཏུ་གྱུར་པའི་དོན་ཟེར་བ་དེ་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གཉིས་ཀྱིས་ཤེས་རྟོགས་བྱེད་མ་ཐུབ་པར་ལྐོག་ཏུ་གྱུར་པའི་དོན་ནམ་མངོན་གསལ་དོད་པོས་ངོས་འཛིན་བྱེད་ཐུབ་ཐབས་མེད་པར་སྦས་བསྡད་པའི་དོན་སྟེ་དབང་པོ་ལྔ་ཡིས་ཤེས་རྟོགས་བྱེད་ཐུབ་པ་དེ་དག་ལྐོག་ཏུ་མ་གྱུར་པའི་དོན་ཡིན་པ་དང༌། དབང་པོ་ལྔས་ཤེས་རྟོགས་བྱེད་མ་ཐུབ་པའི་རིགས་དེ་དག་ལྐོག་ཏུ་གྱུར་པའི་དོན་རེད། ལྐོག་ཏུ་གྱུར་པ་ཟེར་བ་ནི་དབང་པོ་ལྔ་ཡིས་ཤེས་རྟོགས་བྱེད་མ་ཐུབ་པའི་གསང་བ་དེ་ལ་ཟེར། དེ་ལ་སྦས་པ་ཟེར་བའི་དོན་དག་ཀྱང་ཡོད། སྒྲ་ལས་བྱུང་བའི་ཚད་མ་དེ་ལ་སྐྱེས་བུས་མ་བྱས་པའི་སྒྲ་ལ་བརྟེན་ནས་བྱུང་བའི་སྒྲ་བྱུང་ཚད་མ་བྱུང་། ཡིད་ཆེས་པའི་སྐྱེས་བུའི་ཚིག་ལ་བརྟེན་ནས་བྱུང་བའི་སྒྲ་བྱུང་ཚད་མ་གཉིས་ཡོད། སྐྱེས་བུས་མ་བྱས་པའི་སྒྲ་ལ་བརྟེན་ནས་བྱུང་བ་ཟེར་བ་དེ་ནི་སྐྱེས་བུའི་འབད་བརྩོན་ལ་བརྟེན་ནས་བྱུང་བ་མ་ཡིན་པའི་སྒྲ་སྟེ་ཕྱི་རོལ་ཡུལ་གྱི་དངོས་པོའི་སྒྲ་ལྟ་བུ་ནི་སྐྱེས་བུས་འབད་བརྩོན་བྱས་པར་བརྟེན་ནས་བྱུང་བའི་སྒྲ་མིན་པར་དངོས་པོ་ཁོ་རང་གི་སྒྲ་རེད། སྒྲ་དེ་ལ་བརྟེན་ནས་དངོས་པོ་དེ་ངོས་འཛིན་བྱེད་ཐུབ་ཀྱི་ཡོད། དཔེར་ན་མིའི་ལུས་པོའི་ན་ཚ་ངོས་འཛིན་བྱེད་དུས་ན་ཚའི་སྒྲ་ལ་བརྟག་དཔྱད་བྱས་ནས་ན་ཚ་ཤེས་རྟོགས་ཐུབ་ཀྱི་ཡོད་པ་དེ་ནི་དངོས་པོ་གཅིག་གི་སྒྲ་ལ་བརྟེན་ནས་དངོས་པོ་གཅིག་ངོས་འཛིན་བྱས་པ་ཞིག་རེད། ཡིད་ཆེས་པའི་སྐྱེས་བུའི་ཚིག་ལ་བརྟེན་ནས་བྱུང་བའི་སྒྲ་བྱུང་ཚད་མ་ཟེར་བ་དེ་ནི་སོ་སོའི་སློབ་དཔོན་ནམ་ཕ་མ་སོགས་ཀྱིས་གསུངས་པའི་ཚིག་ལ་བརྟེན་ནས་སོ་སོས་ངོས་འཛིན་བྱས་པའི་བསམ་བློ་དེ་ལ་ཟེར། སྐྱེས་བུ་ཟེར་བ་དེར་ནུས་པ་དང་ལྡན་པའི་དོན་ཡོད། དཔེར་ན་སྤྱིར་བཏང་སྲོག་ཆགས་ཆུང་བ་འབུ་གྲོག་མ་དང་ཆེ་བ་མིའི་བར་ཚང་མ་སྐྱེས་བུ་རེད། གང་ལགས་ཤེ་ན་བསམ་བློ་གཏོང་རྒྱུ་ཡོད་པ་མ་ཟད་རང་རང་སོ་སོའི་རང་འདོད་ཀྱི་བསམ་བློ་བཏང་ནས་འདོད་པ་ང་རྒྱལ་གྱི་ཆ་མཐུན་པའི་གང་ཟག་ཅིག་རེད། སངས་རྒྱས་ཆོས་ལུགས་ཀྱིས་གྲངས་ཅན་པ་ལ་དགག་པ་བརྒྱབ་པའི་སྐོར་དབུ་མ་དང་ཚད་མ་རྣམ་འགྲེལ་གྱི་གཞུང་ནང་གསལ་པོ་ཡོད། གཙོ་བོ་གྲུབ་མཐའ་སོ་སོའི་ལྟ་བ་དེ་གསལ་པོ་ཤེས་པ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན།

 

གཉིས་པ། མུ་སྟེགས་ཚངས་པ་བ།

 

ཚངས་པ་བ་ཟེར་བའི་རྒྱུ་མཚན་ནི་ལྷ་ཚངས་པ་དེ་སློབ་དཔོན་དང་སྟོན་པ་ཡིན་པར་ཁས་བླངས་ནས་དེ་ལ་དད་པ་བྱེད་ཀྱི་ཡོད་པས་དེ་ལྟར་བཏགས། (སྟོན་པ་ནི་ལམ་སྟོན་མཁན་གྱི་སྟོན་པ་ལ་ཟེར་)དེའི་ལྟ་བ་ངོ་མ་ནི་ད་ལྟ་ང་ཚོ་གནས་སའི་འཇིག་རྟེན་ཁམས་འདི་མ་ཆགས་གོང་དུ་ས་རྡུལ་ཕྲ་མོ་དང༌། ཆུ་རྡུལ་ཕྲ་མོ། མེ་རྡུལ་ཕྲ་མོ། རླུང་རྡུལ་ཕྲ་མོ་སོགས་རྡུལ་ཕྲན་མང་པོ་ཞིག་བར་སྣང་སྟོང་པའི་ནང་ཁ་གྲམ་ནས་བསྡད་ནས་ལོ་མང་པོ་སོང་རྗེས་དུས་ནམ་ཞིག་ལྷ་དབང་ཕྱུག་ཆེན་པོས་ནམ་མཁའ་སྟོང་པ་དེའི་ནང་ལ་འཇིག་རྟེན་གྱི་ཁམས་ཤིག་བཟོ་དགོས་པ་འདུག་བསམ་པའི་བསམ་བློ་འཁོར་བའི་སྐབས་ལ་ལྷ་དབང་ཕྱུག་ཆེན་པོའི་བསམ་བློའི་སྟོབས་ཤུགས་དེའི་རྐྱེན་ལ་བརྟེན་ནས་དང་པོ་ཐོག་མར་རྡུལ་ཕྲན་གཉིས་མཉམ་དུ་སྦྱར་ནས་གཅིག་ཏུ་འདུས། དེ་ནས་དུས་ཚོད་གང་མཚམས་སོང་རྗེས་ཡང་རྡུལ་ཕྲན་རིགས་གསུམ་ཚུར་འདུས། དེ་ནས་ཡང་རྡུལ་ཕྲན་རིགས་བཞི་ཚུར་འདུས། དེ་ལྟར་རིམ་བཞིན་ཇེ་ཆེར་སོང་ནས་གོང་བུ་གཅིག་ཏུ་སྒྲིལ་བ་རེད་ཟེར། རྡུལ་ཕྲན་དེ་རྣམས་ཚུར་རུབ་རུབ་བྱེད་པའི་དུས་ཚོད་རིང་ཐུང་དེ་ནི་སེ་གོལ་གཏོགས་པའི་དུས་ཡུན་གཅིག་མ་གཏོགས་མེད། དུས་ཚོད་ཐུང་ཐུང་དེ་འདྲ་ཞིག་གི་ནང་ལ་རྡུལ་ཕྲན་རིགས་མི་འདྲ་བ་མང་པོ་རུབ་རུབ་བྱས་ནས་ཕྱོགས་གཅིག་ཏུ་འདུས་རྗེས་རླུང་ཤུགས་ཆེན་པོ་རྒྱག་ཐུབ་མཁན་རླུང་གི་དཀྱིལ་འཁོར་ཆེན་པོ་ཞིག་ཆགས། རླུང་གི་དཀྱིལ་འཁོར་ཟེར་བ་དེ་ནི་དེང་སང་ང་ཚོས་ས་གཞི་རི་མོའི་ཕྱི་ལོགས་སུ་གནས་པའི་དབུགས་ཆེན་གྱི་བང་རིམ་ཟེར་བ་ཞིག་ཡོད་པ་དེ་ལ་ཟེར། དེང་སྐབས་དགུན་ཁ་དང་དཔྱིད་ཀའི་དུས་སུ་སྐབས་རེ་མཐོང་རྒྱུ་ཡོད་པའི་གདོན་འདྲེན་རླུང་འཁོར་ཞེས་པའི་ལྷགས་པ་བསྐོར་བ་བརྒྱབ་ནས་ཕར་རྒྱུགས་འགྲོ་མཁན་དེ་འདྲ་པོ་ཡོད། དེ་ལྟར་རླུང་གི་དཀྱིལ་འཁོར་ཆེན་པོ་དེ་ཆགས་པའི་རྗེས་ལ་རིམ་བཞིན་ཆུ་རྡུལ་ཕྲ་མོའི་ཚོགས་གཅིག་ཏུ་འདུས་ཏེ་ཆུ་ཡི་དཀྱིལ་འཁོར་ཆགས། དེ་ནས་ཆུ་རྡུལ་དང་རླུང་རྡུལ་གཉིས་མཉམ་དུ་འདུས་པ་ལ་བརྟེན་ནས་ས་ཡི་དཀྱིལ་འཁོར་རམ་སའི་གོ་ལ་ཆགས། དེ་རྗེས་རླུང་གི་དཀྱིལ་འཁོར་དང༌། ས་ཡི་དཀྱིལ་འཁོར། ཆུ་ཡི་དཀྱིལ་འཁོར་བཅས་གསུམ་གཅིག་གིས་གཅིག་ལ་བསྐོར་བ་བརྒྱབ་ནས་ཕར་ཚུར་འདྲེས་ཏེ་ས་ཡི་གོ་ལའི་ཕྱི་རོལ་གྱི་མེ་རྡུལ་ཕྲ་མོ་ལས་བྱུང་བའི་མེ་ཡི་དཀྱིལ་འཁོར་ཆགས། མེ་ཡི་དཀྱིལ་འཁོར་དེའི་དཀྱིལ་ལ་རྡུལ་ཕྲན་གྱི་རིགས་མི་འདྲ་བ་མང་པོ་འདུས་པའི་སྒོང་རིལ་ཆེན་པོ་འོད་ལེ་དབར་སྟོང་ཕྲག་མང་པོའི་སར་འཕྲོ་ཐུབ་པ་ཞིག་ཤར། སྒོ་ང་ཆེན་པོ་དེ་སྨིན་ནས་རྡོལ་རྗེས་དེའི་ནང་ནས་རྒྱ་མཚོ་ཆེན་པོ་ཞིག་བྱུང་བ་དང༌། རྒྱ་མཚོ་དེའི་དཀྱིལ་ལ་མེ་ཏོག་པདྨ་གསེར་གྱི་འདབ་མ་སྟོང་ཕྲག་ཡོད་པ་ཞིག་བྱུང་བ་དེའི་སྟེང་ནས་འཇིག་རྟེན་གྱི་མེས་པོ་ལྷ་ཚངས་པ་གདོང་བཞི་ཡོད་པ་མདོག་དམར་སེར་ཡིན་པ་དེ་འདྲ་ཞིག་བྱུང་བ་རེད་ཟེར། གདོང་བཞི་ཡོད་པའི་ལྷ་ཚངས་པ་ཆེན་པོ་དེས་བསམ་བློ་བཏང་ནས་སྤྲུལ་པ་བསྟན་ཏེ་འཇིག་རྟེན་འདིའི་ཐོག་གི་སྲོག་ཆགས་དང་སྲོག་ཆགས་མ་ཡིན་པའི་དངོས་པོ་ཚང་མ་བཟོས་པ་ཡིན་ཟེར། མུ་སྟེགས་པ་དེས་ང་ཚོའི་འཇིག་རྟེན་དེ་ལྷ་ཚངས་པས་བཟོས་པར་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན་ལྷ་ཚངས་པ་ལ་འཇིག་རྟེན་གསར་སྐྲུན་བྱེད་མཁན་གྱི་མེས་པོ་ཟེར་གྱི་ཡོད། འོན་ཀྱང་སངས་རྒྱས་ཆོས་ལུགས་པས་ལྷ་ཡིས་འཇིག་རྟེན་བཟོས་པ་རེད་ཟེར་བ་དེ་ཁས་ལེན་གྱི་མེད་པར། འཇིག་རྟེན་ཁམས་འདི་སེམས་ཅན་ཚང་མའི་ཐུན་མོང་གི་ལས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཅིང༌། དེ་ཡང་སེམས་ཅན་ཚང་མའི་ཐུན་མོང་གི་ལས་ལ་བརྟེན་ནས་ཐུན་མོང་གི་འཇིག་རྟེན་གྱི་ཁམས་ཤིག་བྱུང་བ་དང༌། སོ་སོའི་ཐུན་མོང་མ་ཡིན་པའི་ལས་ལ་བརྟེན་ནས་སོ་སོའི་བདེ་བ་དང་སྡུག་བསྔལ་དེ་ཚོ་བྱུང་བ་ཡིན་ཞེས་བཤད་ཀྱི་ཡོད། དེར་བརྟེན་ལྟ་ཚུལ་དེའི་ཐད་མུ་སྟེགས་ཚངས་པ་བའི་ལྟ་སྟངས་དང་ཐ་དད་ཡིན། ཚངས་པ་བའི་ཤོད་སྲོལ་ལྟར་ན། ལྷ་ཚངས་པ་དེས་འཇིག་རྟེན་བསྐྲུན་སྐབས་ཐོག་མ་འཇིག་རྟེན་དེའི་སྲོག་ཆགས་དེ་རྣམས་སྡུད་སའི་ས་གཞི་ཆེན་པོ་དེ་བསྐྲུན། དེ་རྗེས་ལྷ་ཚངས་པ་དེས་འཇིག་རྟེན་གྱི་ཨ་མ་བརྒྱད་དེ་ཉི་མའི་ཨ་མ། ལྷ་མ་ཡིན་གྱི་ཨ་མ། ནམ་མཁའ་ལྡིང་གི་ཨ་མ། བྲམ་ཟེ་རིགས་ཀྱི་ཨ་མ། རྒྱལ་རིགས་ཀྱི་ཨ་མ། རྗེ་རིགས་ཀྱི་ཨ་མ། དམངས་རིགས་ཀྱི་ཨ་མ། སྦྱིན་བྱེད་མ་ཡི་ཨ་མ་བཅས་ལ་སྤྲུལ། ཉི་མའི་ཨ་མ་ལ་བརྟེན་ནས་ལྷ་བྱུང༌། ལྷ་མ་ཡིན་གྱི་ཨ་མ་ལ་བརྟེན་ནས་ལྷ་མ་ཡིན་བྱུང་(ལྷ་མ་ཡིན་ཟེར་བ་ནི་ལྷ་ཡང་མིན་ལ་མི་ཡང་མིན་)ནམ་མཁའ་ལྡིང་ལ་བརྟེན་ནས་ཁྱུང་ལ་སོགས་པའི་བྱ་ཡི་རིགས་རྣམས་བྱུང༌། ལྷ་ཚངས་པའི་ཁ་ནས་བྲམ་ཟེའི་རིགས་ཏེ་མི་བྱུང༌། ལྷ་ཚངས་པའི་དཔུང་པ་ནས་རྒྱལ་པོའི་རིགས་བྱུང༌། ལྷ་ཚངས་པའི་བརླ་ཤ་ནས་རྗེ་རིགས་བྱུང་(རྗེ་རིགས་ཟེར་བ་ནི་རྒྱལ་པོ་མིན་པའི་བློན་པོའམ་དཔོན་རིགས་དང་འབྱོར་ལྡན་མི་རིགས་)ལྷ་ཚངས་པའི་རྐང་མཐིལ་ནས་དམངས་རིགས་(དམངས་རིགས་ཟེར་བ་ནི་ཞིང་ཁ་འདེབས་མཁན་དང༌། བཟོ་བྱེད་མཁན། བྲན་གཡོག་རྒྱུག་མཁན་སོགས་ལ་ཟེར་)བཅས་བྱུང་བ་ཡིན་ཟེར། ཚངས་པ་བའི་ལྟ་སྟངས་ལྟར་ན་འཇིག་རྟེན་འདིའི་ཐོག་གྲལ་རིམ་དབྱེ་བ་མང་པོ་ཡོད་པ་དེ་ཚོ་ཚང་མ་ལྷ་ཚངས་པས་བསམ་བློ་བཏང་ནས་སྤྲུལ་པ་བསྟན་པ་དང་བཀོད་སྒྲིག་བྱས་པ་ཞིག་ཡིན་པས། བཀོད་སྒྲིག་དེ་དང་མ་མཐུན་ན་མི་འགྲིག་ཟེར། གཞན་ཡང་རྟ་སྟོང་ཕྲག་གཅིག་བསད་པའི་ཁྲག་ཚ་པོས་མཆོད་པ་ཕུལ་ཚེ་ལྷ་ཡུལ་ལ་སྐྱེ་བ་དང་ལྷ་ཚངས་པའི་ཞལ་རས་མཇལ་ཐུབ་ཟེར་བ་དེའང་མུ་སྟེགས་ལྷ་ཚངས་པའི་ལྟ་བ་ཞིག་ཡིན།

ཚངས་པ་བའི་ནང་གསེས་བརྡ་སྤྲོད་པ།

དེ་ནི་འཇིག་རྟེན་གྱི་བྱེད་པོ་ལྷ་ཚངས་པ་ཟེར་བ་ཞིག་ཡོད་པ་ཁས་ལེན་གྱི་མེད་པར་འཇིག་རྟེན་དེ་འཇིག་རྟེན་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་སྒྲ་ཡི་ཚངས་པ་ཡི་གེ་ཨོཾ་ཟེར་བ་ཞིག་ཡོད་པ་དེས་བསྐྲུན་པ་དང༌། དེ་ལ་དང་པོ་སྐྱེ་བ་མེད་པ། ཐ་མ་འཇིག་རྒྱུ་མེད་པ། ཕྱོགས་བཞི་མཚམས་བརྒྱད་ཀྱི་དབྱེ་བ་མེད་པ། སྔོན་མ་དང་ད་ལྟ་མ་འོངས་བཅས་དུས་གསུམ་གྱི་དབྱེ་བ་མེད་པ། ཕྱི་དང་ནང་གི་ཡུལ་ཚང་མར་ཁྱབ་པ། གྲོགས་གཞན་ལ་བལྟོས་མི་དགོས་པར་ཁེར་རྐྱང་དུ་གནས་ཐུབ་པ། དོན་དམ་པར་གནས་པ་སོགས་ཀྱི་ཁྱད་ཆོས་ཡོད་པ་ཞིག་ཡིན་ཟེར། དོན་དམ་པར་གནས་པ་ཟེར་བ་ནི་བདེན་དོན་མཐར་ཐུག་ཡིན་པ་དེ་འདྲ་ཞིག་ཡོད་ཟེར། དེར་བརྟེན་སྒྲ་ཡི་ཚངས་པ་ཡི་གེ་ཨོཾ་དེ་ལ་ཁྱད་ཆོས་བཞི་བཤད་ཡོད། དེ་འདྲའི་ཁྱད་ཆོས་བཞི་ཡོད་པའི་སྒྲ་ཡི་ཚངས་པ་ཡི་གེ་ཨོཾ་དེའི་ངོ་བོ་དེ་མ་ཤེས་པའི་རིང་ལ་མི་ཚང་མ་བདེ་བ་དང་སྡུག་བསྔལ་སྣ་ཚོགས་མྱོང་དགོས་པ་དང་དེ་བཞིན་བསམ་བློའི་ཐོག་ལ་ཕྱི་རོལ་ཡུལ་གྱི་འཆར་སྣང་འདྲ་མིན་སྣ་ཚོགས་ཡོང་རྒྱུ་ཡོད་པ། ངོ་བོ་དེ་ངོས་འཛིན་མ་ཐུབ་པའི་སྐབས་སུ་མི་ཚང་མའི་སེམས་འཁྲུལ་བའི་འཁྲུལ་སྣང་གིས་མིའི་བསམ་བློར་གནོད་སྐྱོན་ཕོག་ནས་མི་ཚང་མར་ཕྱི་རོལ་ཡུལ་ལ་བལྟ་སྟངས་འདྲ་མིན་སྣ་ཚོགས་དང་བསམ་བློ་འདྲ་མིན་སྣ་ཚོགས་ཡོང་གི་ཡོད་པ་དང༌། བདེན་དོན་དེའི་ངོ་བོ་གསལ་པོ་ཤེས་ན་ཐར་པ་ཐོབ་ཀྱི་རེད་ཟེར། དེ་ནས་ཐར་པ་ཐོབ་རྒྱུའི་ཐབས་ཤེས་གཅིག་ནི་བ་ཕྱུགས་དང་མ་ཧེ་སོགས་སེམས་ཅན་མང་པོ་བསད་པའི་ཁྲག་ཚ་པོ་དེ་ལྷ་ཚངས་པ་ལ་མཆོད་པ་ཕུལ་ན་ལྷ་ཡུལ་དུ་སྐྱེ་བ་དང་ཐར་པ་ཐོབ་ཀྱི་རེད་ཟེར། དེ་བཞིན་རང་གི་བུད་མེད་ལ་འདོད་ཆགས་སྤྱད་པའི་བདེ་བ་དེའི་དུས་སུ་བསམ་བློའི་ནང་ཕྱི་རོལ་ཡུལ་གྱི་འཆར་སྣང་གང་ཡང་མེད་པའི་སྟོང་སངས་སངས་ཤིག་ཡོད་པ་དེ་གཉིས་ཟུང་འབྲེལ་བྱས་པའི་བསམ་བློ་ཞིག་བྱུང་བ་ཡིན་ན་གཞི་ནས་ཐར་པ་ཐོབ་ཀྱི་རེད་ཅེས་བཤད་ཡོད།

 ཚངས་པ་བའི་ནང་གསེས་རིག་བྱེད་མཐའ་པ།

དེའི་ལྟ་བ་ནི་སྤྱི་གཙོ་བོ་དང་སྒྲ་ཡི་ཚངས་པ་ཡི་གེ་ཨོཾ་ཟེར་བ་དང་ལྷ་ཚངས་པ་སོགས་མ་ཡིན་པར། རིག་བྱེད་ཀྱི་གཞུང་ནས་བཤད་པའི་བདག་ཤེས་རིག་གི་སྐྱེས་བུ་ཁྱད་ཆོས་དགུ་དང་ལྡན་པ་ཞིག་ཡོད་པ་ཁས་བླངས་སྟབས་རིག་བྱེད་མཐའ་པ་ཞེས་བཏགས། སྐྱེས་བུ་དེ་ཁྱད་ཆོས་དགུ་དང་ལྡན་པ་སྟེ། ཁྱད་ཆོས་དང་པོ། གཞན་གང་ལ་ཡང་བལྟོས་པ་མེད་པར་གཅིག་པུར་ཁེར་རྐྱང་དུ་གནས་ཐུབ་པ། ཁྱད་ཆོས་གཉིས་པ། རྟག་པ་ཡིན་པ་ནི་བདག་ཤེས་རིག་གི་སྐྱེས་བུ་དེ་སྔོན་མ་ཡོད། དེང་སང་མེད། དེང་སང་ཡོད། རྗེས་མ་མེད་ཟེར་རྒྱུ་མེད་པ་དུས་ནམ་ཡང་ཉམས་པ་མེད་པར་གནས་ཐུབ་པའི་རྟག་པ་ཡིན་པ། ཁྱད་ཆོས་གསུམ་པ། མྱ་ངན་ལས་འདས་པ། དེ་ནི་སྡུག་བསྔལ་ལས་ཐར་བ་དང་སྡུག་བསྔལ་གྱི་ངོ་བོ་ལས་འདས་པ་ལ་ཟེར། བདག་ཤེས་རིག་གི་སྐྱེས་བུ་དེའི་ངོ་བོ་དེ་ཤེས་ན་སྡུག་བསྔལ་ལས་ཐར་གྱི་རེད་ཟེར། ཁྱད་ཆོས་བཞི་པ། སྐྱེ་རྒུ་ཐམས་ཅད་ལ་ཁྱབ་པ། འདིར་སྐྱེ་རྒུ་ཟེར་བ་ནི། སྐྱེ་བ་ཡོད་པའི་དངོས་པོ་ཐམས་ཅད་ལ་ཁྱབ་པའི་དོན་ཡིན་ཅིང༌། སྐྱེ་རྒུ་དང་སྐྱེ་དགུ་གང་བྲིས་ཀྱང་ཆོག་པ་སྟེ། སྐྱེ་དགུ་ཞེས་གྲངས་ཀྱི་དགུ་བྲིས་ཚེ་དེ་སྔོན་ཚད་མ་རིག་པ་འཁྲིད་པའི་སྐབས་འདོད་ཁམས་དང༌། གཟུགས་ཁམས། གཟུགས་མེད་ཀྱི་ཁམས་ཏེ་ཁམས་གསུམ་ཟེར་བ་ཞིག་ཞུས་ཟིན་པ་ལྟར། སྐྱེ་དགུ་ནི་འདོད་ཁམས་ནས་འདོད་ཁམས་ལ་སྐྱེ་བ་ལེན་པ་དང༌། འདོད་ཁམས་ནས་གཟུགས་ཁམས་སུ་སྐྱེ་བ་ལེན་པ། འདོད་ཁམས་ནས་གཟུགས་མེད་ཁམས་ལ་སྐྱེ་བ་ལེན་པ་བཅས་གསུམ་དང༌། གཟུགས་ཁམས་ནས་གཟུགས་ཁམས་སུ་སྐྱེ་བ་ལེན་པ་དང༌། གཟུགས་ཁམས་ནས་འདོད་ཁམས་སུ་སྐྱེ་བ་ལེན་པ། གཟུགས་ཁམས་ནས་གཟུགས་མེད་ཁམས་ལ་སྐྱེ་བ་ལེན་པ་བཅས་གསུམ། གཟུགས་མེད་ཁམས་ནས་གཟུགས་མེད་ཁམས་ལ་སྐྱེ་བ་ལེན་པ་དང༌། གཟུགས་མེད་ཁམས་ནས་གཟུགས་ཁམས་ལ་སྐྱེ་བ་ལེན་པ། གཟུགས་མེད་ཁམས་ནས་འདོད་ཁམས་སུ་སྐྱེ་བ་ལེན་པ་བཅས་ཁྱོན་བསྡོམས་དགུ་ཡོད་པར་བརྟེན་སྐྱེ་དགུ་ཞེས་གྲངས་ཀྱི་དགུ་བྲིས་ན་དེ་ལྟར་ཡིན། རྒུ་ནི་ཡོད་ཚད་ཐམས་ཅད་ཀྱི་དོན་ཏེ་སྐྱེས་བུ་ཡོད་ཚད་ཐམས་ཅད་དམ་སྐྱེ་བ་ཡོད་ཚད་ཐམས་ཅད་ལ་ཁྱབ་པའི་དོན་ཡིན། དེར་བརྟེན་བདག་ཤེས་རིག་གི་སྐྱེས་བུ་དེ་སྐྱེ་བ་ཡོད་ཚད་ཚང་མར་ཁྱབ་སྟངས་དེ་གང་འདྲ་ཡིན་ཟེར་ན་དཔེར་ན་ཆུང་སར་ཆ་བཞག་ན་འབུ་གྲོག་མ་ནས་ཆེ་སར་ང་རང་ཚོ་མིའི་བར་དུ་ཚང་མར“ང”ཟེར་རྒྱུའི་བསམ་བློ་དེ་ཧ་ཅང་ཤུགས་ཆེན་པོ་ཡོད། འབུ་གྲོག་མ་ཁོ་སེམས་ཅན་ཆུང་ཆུང་ཞིག་ལས་མེད་ནའང་ཁོ་ལ་ཡང“ང”ཟེར་བའི་བསམ་བློ་ཤུགས་ཆེན་པོ་ཡོད་པ་དཔེར་ན་ཁོ་ལ་དགྲ་བྱས་ན་དགྲ་བྱེད་མཁན་གྱི་མིའི་ཕྱོགས་སུ་རྒྱུགས་ཡོང་བ་སོགས་ཀྱི་སྣང་ཚུལ་ཡོད་པ་དེ་དག་ནི“ང”ཟེར་བའི་བསམ་བློ་ཤུགས་ཆེན་པོ་ཡོད་པའི་རྐྱེན་གྱིས་ཡིན་པ་དང༌། “ང”ཟེར་བའི་བསམ་བློ་དེ་སྐྱེ་བ་ཡོད་ཚད་དང་སྲོག་ཆགས་ཚང་མར་ཁྱབ་ཡོད་སྟབས་སྐྱེ་དགུའམ་སྐྱེ་རྒུ་ཐམས་ཅད་ལ་ཁྱབ་པ་ཡིན། ཁྱད་ཆོས་ལྔ་པ། ཐོག་མཐའ་མེད་པའི་འཆི་བ་མེད་པ། ཐོག་མཐའ་མེད་པའི་འཆི་བ་མེད་པ་ཟེར་བ་ནི་དེ་འདྲའི་སྐྱེས་བུ་དེ་ཐོག་མར་འདི་དུས་བྱུང་བ་དང༌། མཐའ་མ་ག་དུས་འཇིག་མིན་གང་ཡང་ཤོད་སྲོལ་མེད་པས་དེ་འཆི་རྒྱུ་མེད་པ་ཞིག་ཡིན་ཟེར། ཁྱད་ཆོས་དྲུག་པ། ཉི་མའི་མདོག་དང་ལྡན་པ། དེ་འདྲའི་སྐྱེས་བུ་དེའི་མདོག་འདི་ཉི་མ་ནང་བཞིན་འོད་ཆེན་པོ་ཡོད་པ། དེ་ནི་བདག་ཤེས་རིག་གི་སྐྱེས་བུ་དེའི་ངོ་བོ་ངོ་མ་དེ་འོད་ཆེ་ལ་དམར་སེར་གྱི་མདོག་དང་ལྡན་པ་ཞིག་ཡོད་པ་དང༌། རྗེས་སུ་རང་ཉིད་ཐར་པ་ཐོབ་ནས་བདག་ཤེས་རིག་གི་སྐྱེས་བུ་དེའི་ངོ་བོ་ངོ་མ་ཉི་མ་ནང་བཞིན་གྱི་འོད་ཆེན་པོ་ཡོད་པ་དེ་མཐོང་བའི་ཉིན་མོ་དེ་ལ་རང་ཉིད་སྡུག་བསྔལ་ལས་ཐར་ཏེ་བཅིངས་འགྲོལ་ཐོབ་པ་རེད་ཟེར། དེང་སྐབས་ང་ཚོས་བཅིངས་འགྲོལ་ཐོབ་ཟེར་བའི་ཚིག་དེ་སྔོན་མ་མུ་སྟེགས་པའི་གཞུང་གི་ནང་ལ་བཅིངས་འགྲོལ་ཐོབ་ཟེར་བའི་བཤད་སྲོལ་ཞིག་ཡོད་པ་ཚུར་གཡར་ནས་བེད་སྤྱོད་བཏང་བ་ཞིག་རེད། སངས་རྒྱས་ཆོས་ལུགས་ཀྱི་བཤད་ཚུལ་ལྟར་ན་ཐར་པ་ཐོབ་པ་དང་དོན་གཅིག་ཡིན། ཁྱད་ཆོས་བདུན་པ། མུན་པ་ལས་འདས་པ། དེའི་མུན་པ་ཟེར་བ་ནི་རྨོངས་པ་ལས་འདས་པའི་དོན་ཏེ་གང་ཡང་ཤེས་མཁན་ཞིག་ཡིན་པའི་དོན་ཡིན་པས་བདག་ཤེས་རིག་གི་སྐྱེས་བུ་གང་དང་གང་ཡང་བྱེད་ཤེས་མཁན་ཞིག་དང༌། འཇིག་རྟེན་ཚང་མ་བྱེད་ཤེས་མཁན་ཞིག མི་ཚང་མའི་བསམ་བློ་རྟོགས་ཐུབ་མཁན་ཞིག་བཅས་ཡིན་པར་བརྟེན་མུན་པ་ལས་འདས་པ་ཟེར། ཁྱད་ཆོས་བརྒྱད་པ། ཆེན་པོར་འགྱུར་པ། དེ་ནི་བདག་ཤེས་རིག་གི་སྐྱེས་བུ་དེ་དངོས་པོ་ཐམས་ཅད་ཀྱི་ནང་ནས་གཙོ་བོ་དང་ཆེ་ཤོས་དེ་རེད་ཟེར། དེ་ཡང་ཆེ་ཤོས་ཟེར་བ་དེ་ནུས་པ་ཆེན་པོ་ཡོད་པ་ལ་གོ་དགོས། ཁྱད་ཆོས་དགུ་པ། གཉིད་ལོག་པ་ལས་གཞན་ཡིན་པ། དེ་ནི་གཉིད་ཁུག་པའི་སྐབས་སུ་དབང་པོ་ལྔའི་འགུལ་བསྐྱོད་ཚང་མ་མཚམས་བཞག་ནའང་བདག་ཤེས་རིག་གི་སྐྱེས་བུ་དེ་ངལ་གསོ་བརྒྱབ་མེད་པར་གཉིད་ལོག་པའི་གནས་སྐབས་སུ་ཡང་གནས་ཡོད། དཔེར་ན་གཉིད་ཁུག་སྐབས་ཤི་བ་དང་ཁྱད་མེད་པར་བསམ་རྒྱུ་དྲན་རྒྱུ་མེད་ན་ཡང་གཉིད་སད་རྗེས་གསོན་པོར་ལངས་རྒྱུ་ཡོད་པ་དེ་ནི་བདག་ཤེས་རིག་གི་སྐྱེས་བུ་དེའི་ནུས་པ་ཡིན་པ་དང་ནུས་པ་དེ་ལ་བརྟེན་ནས་གསོན་པོར་འཚོ་ཐུབ་པ་བྱུང་བ་རེད་ཟེར། གཉིད་ལོག་པ་ལས་གཞན་ཡིན་པ་ཟེར་བ་ནི་གཉིད་ལོག་པའི་སྐབས་སུའང་ད་དུང་སྐྱེས་བུ་དེ་ཡོད་བསྡད་པ་སོགས་བདག་ཤེས་རིག་གི་སྐྱེས་བུ་དེར་ཁྱད་ཆོས་དགུ་དང་ལྡན་པ་ཞིག་ཡོད་ཟེར། ཁྱད་ཆོས་དགུ་དང་ལྡན་པའི་བདག་ཤེས་རིག་གི་སྐྱེས་བུ་དེ་ནི་ལྷ་ཚངས་པའི་ངོ་བོ་ཡིན་པ་དང༌། ལྷ་དབང་ཕྱུག་ཆེན་པོ་ལས་ལོགས་སུ་མེད་ཟེར། དེ་འདྲའི་བདག་ཤེས་རིག་གི་སྐྱེས་བུ་དེ་ནི་འཇིག་རྟེན་ཁམས་འདི་ལ་ཡོད་པའི་མི་དང་སེམས་ཅན་ཚང་མའི་བདེ་བ་དང་སྡུག་བསྔལ་དང༌། བཅིངས་པ་དང་གྲོལ་བ་སོགས་ཚང་མ་བཀོད་སྒྲིག་བྱེད་མཁན་གྱི་བྱེད་པ་པོ་ཡིན་པ་དང༌། འཇིག་རྟེན་འདིའི་ཐོག་གི་ཚང་མ་བདག་ཤེས་རིག་གི་སྐྱེས་བུ་དེས་བཀོད་སྒྲིག་བྱེད་ཀྱི་ཡོད། འོན་ཀྱང་དེའི་ངོ་བོར་འགྱུར་བ་རྩ་བ་ནས་མེད་པ་མ་ཟད་འཇིག་རྒྱུ་ཡང་མེད་ཟེར། གལ་ཏེ་ཏིང་ངེ་འཛིན་སྒོམ་ནས་བསམ་གཏན་གྱི་དངོས་གཞི་ཟེར་བ་དེ་ཐོབ་ཚེ་ལྷ་ཡི་མིག་གི་སྔོན་ཤེས་ཟེར་བ་དེ་ཐོབ། ལྷ་ཡི་མིག་གི་སྔོན་ཤེས་དེས་སྐྱེས་བུ་དེ་ལ་ཕར་ལྟ་སྐབས་བདག་ཤེས་རིག་གི་སྐྱེས་བུ་དེ་ཉིད་གསེར་བཟང་པོའི་མདོག་ལྟར་དམར་སེར་ཅིག་འོད་ཆེན་པོ་ཞིག་མཐོང་བ་དང༌། དེ་མཐོང་བའི་སྐབས་ལ་སྐྱེས་བུ་དེའི་ངོ་བོ་ངོ་མ་དེ་མཐོང་བ་རེད་ཟེར། དེ་མཐོང་རྗེས་མི་དེ་འཁོར་བའི་ནང་ལ་བསྡད་པ་ཡིན་ནའང་འདྲ། འཁོར་བ་ནས་ཐར་པ་ཡིན་ནའང་འདྲ། གང་ལྟར་བྱ་བ་བྱས་ཚད་ཚང་མ་བཟང་པོ་ཤ་སྟག་མ་གཏོགས་བཟང་ངན་དགེ་སྡིག་གི་དབྱེ་བ་མེད་པ་ཞིག་ཆགས་རྒྱུ་ཡོད་ཅིང༌། དེ་དུས་དངོས་འབྲེལ་ཐར་པ་ཐོབ་པ་ཡིན་ཞེས་ཟེར་བཤད་ཡོད།

ཚངས་པ་བའི་ནང་གསེས་གསང་བ་པ།

གསང་བ་ཟེར་བ་ནི་ང་ཚོས་ནམ་རྒྱུན་གསང་བ་བྱེད་རྒྱུའི་གསང་བ་དེ་རེད། གསང་བ་པའི་གཞུང་བདུད་རྩི་ཐིག་ལུང་ཞེས་པ་ནི་རིག་བྱེད་ཀྱི་གཞུང་ཡིན་པ་དང༌། རིག་བྱེད་ཀྱི་གཞུང་དེ་ལ་བརྟེན་ནས་བདག་ཤེས་རིག་ཟེར་བ་ཞིག་ཁས་ལེན་གྱི་ཡོད། བདག་ཤེས་རིག་ཟེར་བ་དེ་ནི་རང་དང་གཞན་ནམ་བདག་གཞན་ཟེར་བའི་བདག་དེ་མ་ཡིན་པར་གོང་དུ་སྐྱེས་བུ་ཟེར་བ་དེ་འཇིག་རྟེན་ཐམས་ཅད་ཀྱི་བྱེད་པ་པོ་རེད་ཅེས་བཤད་ཡོད་ཀྱང༌། འདིའི་སྐབས་ལ་འཇིག་རྟེན་ཐམས་ཅད་ཀྱི་བྱེད་པ་པོ་བདག་ཤེས་རིག་ཟེར་བ་ཞིག་ཡོད་ཟེར། ཤེས་ཟེར་བ་ནི་ཤེས་རྟོགས་དང་རིག་ནི་རྟོགས་པའི་དོན་ཡིན་པར་བརྟེན་ཚང་མ་ཤེས་ཐུབ་མཁན་དང་ཚང་མ་རྟོགས་ཐུབ་པའི་དོན་རེད། དེ་འདྲའི་བདག་ཤེས་རིག་དེ་ཐོག་མར་བྱུང་བ། བར་དུ་གནས་པ། མཐའ་མ་འཇིག་པ་སོགས་དེ་འདྲ་མིན་པར་དུས་རྟག་ཏུ་གནས་པའི་རྟག་པ་ཡིན་པ། ཕྱོགས་བཞི་མཚམས་བརྒྱད་དང་འདས་མ་འོངས་ད་ལྟ་སྟེ་དུས་གསུམ་གྱི་ཆ་མེད་པ་དེ་འདྲ་ཞིག་ཡོད་ཟེར། རྟག་པ་བ་ཡི་ལྟ་བ་དེ་གོང་གི་བདག་ཤེས་རིག་གི་སྐྱེས་བུ་ཁས་ལེན་མཁན་མུ་སྟེགས་པ་གཞན་གྱི་ལྟ་ཚུལ་དང་ཁྱད་པར་ཆེར་མེད་ནའང་དེ་ལ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དབྱེ་བ་མེད་པ་དང་སྔ་ཕྱི་བར་གསུམ་གྱི་དབྱེ་བ་མེད་པ་ཞིག་བཤད་ཀྱི་ཡོད། ཚངས་པ་བ་དང༌། བརྡ་སྤྲོད་པ། རིག་བྱེད་ཐར་པ། གསང་བ་པ་བཅས་གྲུབ་མཐའ་བཞི་པོ་དེ་ལ་སངས་རྒྱས་ཆོས་ལུགས་ཀྱིས་དགག་པ་ཇི་ལྟར་བརྒྱབ་ཡོད་མིན་དེ་ཚད་མ་རིག་པའི་གཞུང་གི་ནང་ལ་གསལ་ཐག་ཆོད་ཡོད།

 

གསུམ་པ། མུ་སྟེགས་ཁྱབ་འཇུག་པ།

 

ཁྱབ་འཇུག་པ་ཟེར་བ་དེ་ནི་ལྷ་ཁྱབ་འཇུག་ལ་དད་པ་བྱས་པ་ཡིན་སྟབས་ཁྱབ་འཇུག་པ་ཞེས་བརྗོད། མུ་སྟེགས་ཁྱབ་འཇུག་པའི་སློབ་དཔོན་ནི་གཞོན་ནུ་མ་ལན་དང་བླ་མ་ཟླ་བ་ལ་སོགས་པ་རེད། དེས་རྒྱ་མཚོ་ཆེན་པོ་ཞིག་གི་ནང་ལ་གྲོང་ཁྱེར་སྒོ་ལྡན་ཟེར་བ་ཞིག་ཡོད་པ་དེའི་ནང་ལྷ་ཁྱབ་འཇུག་ལ་ཆུང་མ་ལྷ་མོ་པདྨ་ལ་སོགས་པའི་ལྷ་མོ་ཁྲི་དྲུག་སྟོང་གིས་བསྐོར་ནས་གནས་ཡོད་པ་དང༌། འཇིག་རྟེན་ཁམས་དེའི་ནང་ལ་ཡོད་པའི་སྟོབས་ཅན་གྱི་ལྷ་ཚང་མའི་ངོ་བོ་ཡིན་པ་ཁས་ལེན་མཁན་གྱི་ང་རྒྱལ་ཆེན་པོ་ཡོད་པ་དེ་འདྲ་ཞིག་ཡོད་ཟེར། ལྷ་ཁྱབ་འཇུག་དེ་ལ་ངོ་བོ་ངོ་མ་གཅིག་དང་ངོ་བོ་ངོ་མ་མ་ཡིན་པའི་སྤྲུལ་པ་ཡིན་པ་གཅིག་སྟེ་གཉིས་ཡོད་ཟེར། ངོ་བོ་ངོ་མ་དེ་ལ་ཞི་བ་ཟེར་ཞིང༌། དེ་ནི་ཞི་བ་དང་དྲག་པོ་ཟེར་བའི་ཞི་བ་དེ་རེད། སྤྲུལ་པ་ཡིན་པ་དེ་ལ་མ་ཞི་བ་ཟེར། ཞི་བ་དེ་ནི་དུས་རྟག་ཏུ་འཆི་རྒྱུ་མེད་པའི་ཁྱད་ཆོས་ལྡན་པ་ཞིག་ཡིན་པ་དང༌། དེ་སྒོམ་ཚེ་འཁོར་བ་ནས་ཐར་ནས་ཐར་པ་ཐོབ་ཀྱི་རེད་ཅེས་ཤོད་ཀྱི་ཡོད། མ་ཞི་བ་དེ་ལ་ཁྱབ་འཇུག་གི་འཇུག་པ་བཅུ་ཟེར་བ་ཞིག་ཡོད། དེ་རྒྱས་པོ་བཤད་ན་མང་པོ་ཡོད་པ་མ་ཟད་ཚང་མ་སྒྲུང་ཤ་སྟག་རེད། ཁྱབ་འཇུག་གི་འཇུག་པ་བཅུ་ནི། ཉ། རུལ་སྦལ། ཕག་རྒོད། མི་ཡི་སེང་གེ མིའུ་ཐུང༌། དགའ་བྱེད་རཱ་མ་ཎ། པ་ར་ཤུ་རཱ་མ་ཎ། ནག་པ། སངས་རྒྱས་ཤཱཀྱ་མུ་ནེ། རིགས་ལྡན་བཅས་ཡིན། ཁྱབ་འཇུག་གི་འཇུག་པ་བཅུའི་སྐོར་གྱི་སྒྲུང་དེ་རྒྱ་གར་ཁུལ་དུ་ཧ་ཅང་མང་པོ་ཡོད། སྒྲུང་དེའི་ནང་ནས་རྒྱས་ཤོས་ནི་ཁྱབ་འཇུག་གི་འཇུག་པ་བཅུའི་ནང་གི་དྲུག་པ་དགའ་བྱེད་རཱ་མ་ཎ་ཟེར་བ་དེ་ཡིན། ཁྱབ་འཇུག་གི་འཇུག་པ་ཟེར་བ་ནི་སྤྲུལ་པའི་དོན་ཡིན་ལ་ཁྱབ་འཇུག་གི་ནུས་པའི་དོན་ཡིན། འདིར་ཁྱབ་འཇུག་ཟེར་བ་དེ་ལྷ་ཁྱབ་འཇུག་ཡིན་པ་ལས་ཉི་མ་ཟླ་བ་ཁྱབ་འཇུག་གིས་ཟས་པ་རེད་ཟེར་བའི་སྒྲུང་དེའི་ནང་གི་ཁྱབ་འཇུག་དེ་མིན།

ཁྱབ་འཇུག་གི་འཇུག་པ་བཅུ་ལས། འཇུག་པ་དང་པོ་ཉ་ནི། ལྷ་ཁྱབ་འཇུག་གིས་ཉ་ཡི་གཟུགས་སུ་སྤྲུལ་ཏེ་རིག་བྱེད་བཞི་རྒྱ་མཚོའི་ནང་ནས་བཏོན་པ་རེད་ཟེར། ལྷ་ཁྱབ་འཇུག་གི་སྤྲུལ་པ་དང་པོ་ཉ་ཟེར་བ་ཞིག་ཡོད་པ་དེ་ནི་མུ་སྟེགས་པའི་བཤད་སྟངས་ལྟར་ན་འཇིག་རྟེན་གྱི་ཁམས་འདི་ཐོག་མར་ཆགས་གྲབས་ཡོད་པའི་དུས་སྐབས་ཤིག་ལ་མེ་ཏོག་པདྨ་འདབ་མ་སྟོང་ཡོད་པ་ཞིག་བྱུང་བ་དེ་ལས་འཇིག་རྟེན་གྱི་མེས་པོ་ལྷ་ཚངས་པ་བྱུང་བ་དང༌། ཚངས་པ་དེ་སྐྱེས་མ་ཐག་རྣ་ཅོག་གཉིས་ནས་ལྷ་མ་ཡིན་སུམ་བྷ་དང་ཉི་སུམ་བྷ་གཉིས་སྐྱེས་པ་དང༌། ལྷ་མ་ཡིན་དེ་ལྷ་ཚངས་པའི་དགྲ་བོ་ཡིན་པས་དེ་གཉིས་སྐྱེས་མ་ཐག་ལྷ་ཚངས་པས་བསད་པ་རེད་ཟེར། ཡང་དེ་ནས་ལྷ་ཚངས་པས་བསམ་བློ་གཏོང་ཕྱོགས་གཅིག་ལ་ལྷ་མ་ཡིན་གཅིག་བྱུང་རུང་ལྷ་མ་ཡིན་དེའི་མིང་བོད་ཡིག་དཔེ་ཆའི་ནང་འཁོད་མེད། རྒྱུ་མཚན་ནི་སྐབས་དེ་དུས་སྒྲུང་དེ་གསུང་མཁན་པཎྜི་ཏ་དེས་ལྷ་མ་ཡིན་དེའི་མིང་ཐུགས་ལ་ངེས་ཀྱི་མི་འདུག་གསུངས་པར་བརྟེན་བོད་ཡིག་ནང་འཁོད་མེད། མིང་མེད་པའི་ལྷ་མ་ཡིན་དེ་དང་ལྷ་ཁྱབ་འཇུག་གཉིས་འཁྲུག་པ་ཤོར་ནས་ལྷ་མ་ཡིན་དེས་ལྷ་ཚངས་པས་བཟོས་པའི་རིག་བྱེད་བཞི་པོ་དེ་ཕྲོགས་ཏེ་རྒྱ་མཚོའི་ནང་ལ་མཆོངས་ནས་རྒྱ་མཚོའི་ནང་གི་སྲོག་ཆགས་དུང་དཀར་ཞིག་ལ་སྤྲུལ་པ་དང༌། རྒྱ་མཚོའི་ནང་དུ་དུང་དཀར་ལ་སྤྲུལ་པའི་ལྷ་མ་ཡིན་དེ་གསོད་ཆེད་ལྷ་ཁྱབ་འཇུག་གིས་ཉ་ཆེན་པོ་ཞིག་ལ་སྤྲུལ་ནས་མཐར་དུང་དཀར་དེ་བསད་སྟབས་ཁྱབ་འཇུག་གི་འཇུག་པ་དང་པོ་ཉ་ཟེར་བ་དེ་བྱུང་བ་རེད་ཟེར།

འཇུག་པ་གཉིས་པ། རུས་སྦལ། ང་ཚོའི་འཇིག་རྟེན་གྱི་ཁམས་འདི་ཆགས་རྗེས་ས་གཞི་ཆེན་པོ་འདིའི་སྟེང་དུ་སྲོག་ཆགས་ཧ་ཅང་མང་པོ་འཚོ་བ་སྐྱེལ་དགོས་སྟབས་ས་གཞི་ཆེན་པོ་དེ་ཡར་འགྱོག་མཁན་ཞིག་དགོས་ཀྱི་ཡོད་པར་བརྟེན་ཁྱབ་འཇུག་གིས་རུས་སྦལ་ཞིག་ལ་སྤྲུལ་ནས་རུས་སྦལ་དེས་ས་གཞི་རིལ་མོ་ཆེན་པོ་དེ་ཡར་བཀྱག་ནས་བསྡད་པ་རེད་ཟེར། དེ་ནི་འཇུག་པ་གཉིས་པ་དེ་རེད།

འཇུག་པ་གསུམ་པ། ཕག་རྒོད་(འདིར་ཕག་རྒོད་ནི་ཕག་པའི་ནང་གི་སྤྱོད་པ་རྩུབ་ཤོས་དང༌། མཆེ་བ་ཡོད་པ། ཤ་ཟ་མཁན་གྱི་རིགས་ཤིག་ལ་གོ་དགོས་)དེ་ནི་མི་དང་སྲོག་ཆགས་ཡོད་ཚད་ས་གཞི་ཆེན་པོ་དེ་ལ་བརྟེན་ནས་སྡོད་དགོས་སྟབས་ཐེངས་ཤིག་ས་གཞི་ཆེན་པོ་དེ་རྒྱ་མཚོའི་ནང་ནུབ་སྟབས་ལྷ་ཁྱབ་འཇུག་གིས་ཕག་རྒོད་ཅིག་ལ་སྤྲུལ་ཏེ་ཕག་རྒོད་ཀྱི་མཆེ་བ་ཆེན་པོ་དེས་ས་གཞི་ཆེན་པོ་འདི་རྒྱ་མཚོའི་ནང་ནས་ཡར་བཏོན་པ་རེད་ཟེར།

འཇུག་པ་བཞི་པ། མི་ཡི་སེང་གེ་(མི་ཡི་སེང་གེ་ནི་ལུས་པོ་མི་ཡིན་པ་ལ་མགོ་བོ་སེང་གེ་ཡིན་པ་ཞིག་)མིའི་སེང་གེ་ཟེར་བ་དེ་ནི་སྔོན་མ་ལྷ་མ་ཡིན་ཧི་རནྱ་པ་ཤྱཀཱུ་སྟེ་བོད་སྐད་དུ་འགྲོ་སྐྱོབ་གསེར་ཅན་ཟེར་བ་དེས་ལྷ་དབང་ཕྱུག་ཆེན་པོ་ལོ་མང་པོའི་བར་དུ་བསྒྲུབས་ནས་མཐར་སྦྱིན་སྲེག་གི་མཆོད་པ་ཕུལ་བ་རེད། སྦྱིན་སྲེག་ཟེར་བ་དེ་མུ་སྟེགས་པ་དང༌། བོན་པོ། སངས་རྒྱས་ཆོས་ལུགས་བཅས་ཚང་མར་ཡོད་ཀྱང་བྱེད་སྟངས་མི་འདྲ་བ་དཔེར་ན། ཁ་ཤས་ཀྱིས་སྲོག་ཆགས་བ་ཕྱུགས་དང༌། རྟ་ལྟང་མ་(རྟ་ལྟང་མ་ནི་རྟ་སྤུ་ཁ་དཀར་རྐྱང་ཡིན་པ་ལ་རྣ་ཅོག་རྩེ་དང་ཟུར་ལ་ནག་པོ་ཡོད་པ་ཞིག་ལ་ཟེར་)དང༌། མི་སོགས་མེར་སྲེག་བཏང་སྟེ་སྦྱིན་སྲེག་བྱེད་པ་སོགས་དེ་དག་ནི་མུ་སྟེགས་པའི་ལུགས་སྲོལ་ཡིན། སངས་རྒྱས་ཆོས་ལུགས་ཀྱི་སྦྱིན་སྲེག་ལ་རྫས་ཆ་སྣེ་ཁ་བཅུ་གཉིས་ཡོད་པ་སྟེ། ༡. ཡམ་ཤིང༌། ༢. མར་ཁུ། ༣. རམ་པ། ༤. ཏིལ། ༥. འབྲས། ༦. ཞོ་ཟན། ༧. ཀུ་ཤ ༨. ཡུངས། ༩. སོ་བ། ༡༠. ནས། ༡༡. སྲན་མ། ༡༢. གྲོ་བཅས་ཡིན། ཡམ་ཤིང་ནི་ཤིང་བ་ལུ་དང་ཆུ་འགྲམ་སོགས་ལ་སྐྱེས་པའི་ཤིང་ཚེར་མ་མང་པོ་ཡོད་པ་ཞིག་སྟེ་འོམ་བུ་ལ་ཟེར་ཞིང༌། རིང་ཐུང་སྐབས་རེ་མཐོ་གང་ཙམ་དང༌། སྐབས་རེ་ཁྲུ་གང་ཙམ་དགོས་པ་ཡིན། མར་ཁུ་ནི་ཚང་མས་མཁྱེན་གསལ་རེད། རམ་པ་ནི་བོད་ཀྱི་རྩྭ་རམ་པ་ཚིགས་མང་པོ་ཡོད་པ་དེ་ཡིན་ཞིང༌། དེ་མེར་སྲེག་བཏང་ན་ཚེ་རིང་པོ་ཡོང་ཟེར། རྩྭ་དེའི་མིང་ལ་ཚིགས་བརྒྱ་པ་ཡང་ཟེར། ཏིལ་ནི་ཏིལ་ནག་པོ་དང་དཀར་པོ་གཉིས་ཡོད། འབྲས་ནི་འབྲུ་རིགས་ཀྱི་གྲས་ཏེ་ཚང་མས་མཁྱེན་གསལ་ཡིན། ཞོ་ཟན་ཟེར་བ་ནི་ཞོ་དང༌། མར། བུ་རམ། བྱེ་མ་ཀ་ར། རྩམ་པ་བཅས་མཉམ་དུ་བསྲེས་ནས་ལོ་གསར་གྱི་ཕྱེ་མར་ལྟ་བུ་ཞིག་བཟོ་གི་ཡོད། ཀུ་ཤ་ནི་རྩྭ་ཀུ་ཤ་སྟེ་རྒྱ་གར་ལས་བོད་ལ་མེད། ཡུངས་ནི་ཡུངས་དཀར་ཏེ་སྣུམ་བཟོ་བྱེད་ཀྱི་པད་ཁའི་རིགས་ཤིག་ཡིན། སོ་བ་ནི་འབྲུ་རིགས་ནང་གི་སྣེ་ཁ་ཅིག་རེད། དེ་ནས་གཤམ་གྱི་ནས་དང༌། སྲན་མ། གྲོ་དེ་ཚོ་ཚང་མས་ཤེས་ཀྱི་རེད། དེ་རྣམས་མེ་ལ་བསྲེགས་ནས་ལྷ་ལ་མཆོད་པ་འབུལ་སྟངས་དེ་ལ་སྦྱིན་སྲེག་ཟེར་ཞིང༌། སྦྱིན་ནི་ལྷ་ལ་ཕུལ་བའི་དོན་དང༌། སྲེག་ནི་མེར་སྲེག་པའི་དོན་ཡིན།

འགྲོ་སྐྱོབ་གསེར་ཅན་གྱིས་སྦྱིན་སྲེག་གི་མཆོད་པ་ཕུལ་སྟབས་ལྷ་དབང་ཕྱུག་ཆེན་པོས་ཞལ་གཟིགས་ནས་ཁྱོད་ཀྱིས་ང་ལ་མཆོད་པ་འབུལ་དོན་ཅི་ཡིན་ཞེས་འདྲི་སྐབས་ཁོས་ང་ལ་ལྷ་དང༌། མི། ལྷ་མ་ཡིན། དུད་འགྲོ་སོགས་སུས་ཀྱང་གནོད་སྐྱེལ་མ་ཐུབ་པ་དང༌། མཚོན་ཆ་གང་གིས་ཀྱང་གསོད་མི་ཐུབ་པའི་ལུས་པོ་སྟོབས་ཆེན་ཞིག་དགོས་ཞེས་བཤད་པར་ལྷ་དབང་ཕྱུག་གིས་དེ་ལྟར་མོས་མཐུན་བྱས་སྟབས་ལྷ་མ་ཡིན་འགྲོ་སྐྱོབ་གསེར་ཅན་ཟེར་བ་དེ་ཧ་ཅང་སྟོབས་ཆེན་པོ་ཆགས་ནས་ལྷ་དང༌། མི། ལྷ་མ་ཡིན། དུད་འགྲོ་ལ་སོགས་པ་སུས་ཀྱང་བརླག་མ་འཁེལ་བ་མ་ཟད་དེ་ལས་ལྡོག་སྟེ་ཁོས་ཚང་མ་ཐལ་བའི་རྡུལ་དུ་བརླགས་ཏེ་འཇིག་རྟེན་ཚང་མ་དབང་དུ་བསྡུས་པར་བརྟེན་མཐར་ལྷ་ཁྱབ་འཇུག་གིས་ལྷ་མ་ཡིན་འགྲོ་སྐྱོབ་གསེར་ཅན་དེ་བསད་ན་མ་གཏོགས་ཡོང་བ་མི་འདུག་སྙམ་སྟེ་ལུས་པོ་མི་ཡིན་པ་ལ་མགོ་སེང་གེ་ཡིན་པ་ཞིག་ལ་སྤྲུལ་ཐོག ལྷ་མ་ཡིན་འགྲོ་སྐྱོབ་གསེར་ཅན་དེར་མཚོན་འགྲོ་གི་མེད་སྟབས་རང་གི་པང་དུ་བླངས་ནས་སེན་མོས་ཁོའི་གྲོད་ཁོག་དབྲལ་ནས་བསད་དེ་འཇིག་རྟེན་ཚང་མ་བདེ་བ་ལ་བཀོད་པར་བརྟེན་དེ་ལ་མིའི་སེངྒེ་ཟེར་གྱི་ཡོད་པ་རེད།

འཇུག་པ་ལྔ་པ། མིའུ་ཐུང༌། དེ་ནི་མིའུ་ཐུང་ལ་སྤྲུལ་ནས་ལྷ་མ་ཡིན་གྱི་རྒྱལ་པོ་སྟོབས་ལྡན་ཕམ་པ་བཟོས་པ་སྟེ། ལྷ་མ་ཡིན་སྟོབས་ལྡན་ཟེར་བ་དེ་ཡང་ཧ་ཅང་སྟོབས་ཆེན་ཞིག་ཡོད། དེར་བརྟེན་ཁོས་འཇིག་རྟེན་ཁམས་འདིའི་ནང་ཁོ་ལས་ལྷག་པ་མེད་པ་དང༌། འཇིག་རྟེན་ཁམས་འདི་ཡོངས་རྫོགས་རང་གི་དབང་དུ་བསྡུ་ཐུབ་ཆེད་རྟ་ལྟང་མ་སྟོང་ཕྲག་གཅིག་མེར་བསྲེགས་ནས་ལྷ་དབང་ཕྱུག་ལ་མཆོད་པ་ཕུལ་བ་རེད། དེར་བརྟེན་རྟ་ལྟང་མ་སྟེ་སྤུ་ཁ་དཀར་པོ་རྣ་ཅོག་རྩེ་ལ་ནག་པོ་ཡོད་པ་སྟོང་ཕྲག་གཅིག་འཚོལ་རྒྱུ་དེ་ཧ་ཅང་ཁག་པོ་ཡིན་སྟབས་ཁོས་འཛམ་གླིང་ཐོག་གི་རྒྱལ་པོ་ཡོད་ཚད་བཙོན་ལ་བཅུག་རྗེས་རྒྱལ་པོ་སོ་སོའི་མངའ་འོག་གི་རྟ་དཀར་པོ་རྣ་ཅོག་རྩེ་ཟུར་ནག་པོ་ཡོད་པ་ཚང་མ་རུབ་རུབ་བཟོས་ནས་མེར་སྲེག་བཏང་སྟེ་ལྷ་དབང་ཕྱུག་ལ་མཆོད་པ་ཕུལ་བ་དང༌། སྐབས་དེར་ལྷ་དབང་ཕྱུག་གིས་ཁྱོད་རང་ལ་ཅི་དགོས་ཞེས་དྲིས་པར་ཁོས་འཇིག་རྟེན་ཁམས་འདིའི་ནང་གི་ལྷ་དང་མི་ཚང་མ་དབང་དུ་བསྡུ་ཐུབ་པའི་ནུས་པ་དགོས་ཞེས་ཞུས་པ་དེ་དབང་ཕྱུག་གིས་ཁས་བླངས་པར་བརྟེན་འཇིག་རྟེན་འདིའི་སྟེང་ལ་ཁོ་རང་ཆེ་ཤོས་ཆགས་ནས་ལྷ་དང༌། མི། ལྷ་མ་ཡིན་སོགས་སུས་ཀྱང་བརླག་འཁེལ་གྱི་མེད། ཁོ་ལ་ནུས་པ་ཆེན་པོ་བྱུང་བ་དང་རྒྱལ་ཁ་ཐོབ་པའི་རྟེན་འབྲེལ་ལ་འཛམ་གླིང་ཐོག་གི་སྤྲང་པོ་ཡོད་ཚད་ལ་སྦྱིན་པ་བཏང་བ་དང༌། སྐབས་དེ་དུས་ལྷ་ཁྱབ་འཇུག་གི་བསམ་པར་ད་ཁོ་མེད་པ་མ་བཟོས་ན་ཉི་མ་གཅིག་ང་ཡང་ཉེན་ཁ་འདུག་སྙམ་ནས་མི་གཏེ་པོ་གོམ་པ་ཞེ་དྲག་རྒྱག་རྒྱུ་མེད་པ། རྐང་ལག་ཐུང་ཐུང་ཡིན་པའི་སྤྲང་པོ་གཅིག་ལ་སྤྲུལ་ནས་ལྷ་མ་ཡིན་སྟོབས་ལྡན་གྱི་མདུན་ལ་སློང་བར་ཕྱིན་ནས་ལྷ་མ་ཡིན་སྟོབས་ལྡན་ལ་རྒྱལ་པོ་ཁྱེད་རང་གིས་འཇིག་རྟེན་འདིའི་ཐོག་གི་སྤྲང་པོ་ཡོངས་རྫོགས་སྐད་བཏང་ནས་གང་དགོས་སྦྱིན་པ་གནང་གི་འདུག་པས་ང་ལ་གཞན་གང་ཡང་མི་དགོས། ང་ལ་སྡོད་ས་མེད་པས་སྡོད་གནས་གོམ་པ་གཉིས་སྤོས་ཆོག་པའི་ས་ཆ་ཞིག་གནང་རོགས་ཞེས་ཞུས་པ་དང༌། ལྷ་མ་ཡིན་སྟོབས་ལྡན་གྱི་བསམ་པར་ཁོ་གཟུགས་པོ་ཆུང་ཆུང་གོམ་ཞེང་ཡང་ཆེན་པོ་སྤོ་མི་ཐུབ་མཁན་ཞིག་གི་གོམ་པ་གཉིས་ལ་ཧ་ལས་རྒྱུ་ཅི་ཡོད་སྙམ་ནས་ཁྱོད་ལ་ངས་གོམ་པ་གཉིས་ཀྱི་མ་ཚད་གོམ་པ་གསུམ་གྱི་ས་ཆ་དགོས་ནའང་སྟེར་ཆོག་ཅེས་བཤད་པར་ཁྱབ་འཇུག་གི་སྤྲུལ་པ་མིའུ་ཐུང་དེས་དེ་མ་ཉིད་དུ་གཟུགས་ཆེ་ལ་མགོ་བོ་ཉི་ཟླ་ཡོད་སར་སླེབས་པ་དང་རྐང་པ་གསུམ་ཡོད་པ་ཞིག་ལ་སྤྲུལ་ནས་རྐང་པ་ཡ་གཅིག་གནམ་ལ་བཞག ཡ་གཅིག་ས་ལ་བཞག་ནས་ད་ཁྱེད་ཀྱིས་ང་ལ་སྤྲད་པའི་གོམ་པ་དོ་པོ་དེ་ང་ལ་བྱུང་ཡང་ད་དུང་གོམ་པ་གང་པོ་དེ་གང་ནས་སྤྲོད་རྒྱུ་ཡིན་ནམ་ཞེས་བརྗོད་པར་ལྷ་མ་ཡིན་སྟོབས་ལྡན་ངོ་ཚ་ཁ་སྐྱེངས་ཀྱིས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར། སྐབས་དེར་ལྷ་ཁྱབ་འཇུག་གི་སྤྲུལ་པ་དེས་ངས་ཁྱེད་ལ་ས་ཆ་གོམ་པ་དོ་སློང་ནའང་ཁྱེད་ཀྱིས་ང་ལ་གོམ་པ་གསུམ་གྱི་ས་ཆ་སྤྲད་པར་བརྟེན་ད་དུང་གོམ་པ་གང་སྤོ་བའི་ས་ཆ་དེ་ང་རང་གིས་བཙལ་ནས་རྙེད་ན་ཁྱེད་ཀྱིས་ང་ལ་སྤྲོད་རྒྱུ་ཡིན་ནམ་ཞེས་བཤད་པར་སྟོབས་ལྡན་གྱིས་དེ་ལོས་འགྲིག འོན་ཀྱང་ཁྱེད་ཀྱིས་གོམ་པ་དོ་སྤོས་ནས་ས་ཆ་ཚང་མ་བཟུང་ཚར་བས་ང་ད་དུང་གོམ་པ་གང་གི་ས་གང་ནས་སྤྲོད་དགོས་ཟེར་བར་ཁྱབ་འཇུག་གིས་ས་ཆ་ཡོད་ན་སྤྲོད་ངེས་གཏན་ཡིན་ནམ་ཞེས་བཤད་པ་དང༌། ཁོས་ངས་ཁས་ལེན་བྱས་ཟིན་པས་མི་སྤྲོད་ཀ་མེད་ཡིན་ཞེས་བརྗོད་པར་ཁྱབ་འཇུག་གིས་འོ་ན་གོམ་པ་གང་གི་ས་འདི་ཁྱོད་ཀྱིས་སྤྲད་བསམ་ཀྱང་མེད་ལ་ངས་འཚོལ་དུ་ཕྱིན་ཀྱང་མི་འདུག་པས་ད་གོམ་པ་གང་གི་ས་ཆ་འདི་ཡིན་ཞེས་རྐང་པ་ཡ་གཅིག་སྟོབས་ལྡན་གྱི་མགོ་བོའི་སྟེང་དུ་བཞག་ནས་ཁོ་ལ་ཉི་མ་དེ་རིང་ནས་བཟུང་ཁྱོད་ངའི་འོག་ཡིན་ཞེས་བརྗོད་པར་སྟོབས་ལྡན་ངོ་ཚ་ཁ་སྐྱེངས་ནས་ས་འོག་ཏུ་བྲོས་པར་བརྟེན་འཇིག་རྟེན་ཚང་མ་བདེ་བ་ལ་བཀོད་པ་རེད་ཟེར། དེ་ནི་མིའུ་ཐུང་ལ་སྤྲུལ་ནས་ལྷ་མ་ཡིན་གྱི་རྒྱལ་པོ་སྟོབས་ལྡན་ཕམ་པ་བཟོས་པ་དེ་རེད།

འཇུག་པ་དྲུག་པ། དགའ་བྱེད་རཱ་མ་ཎ། དེ་ནི་རྒྱལ་པོ་ཤིང་རྟ་བཅུ་པའི་བུ་དགའ་བྱེད་རཱ་མ་ཎ་ལ་སྤྲུལ་ནས་སྲིན་པོ་ལངྐ་མགྲིན་བཅུ་བརྟུལ་བ་དེ་རེད། དགའ་བྱེད་རཱ་མ་ཎའི་སྒྲུང་ནང་དོན་ཧ་ཅང་རྒྱས་པོ་ཡོད། སྔོན་མ་བོད་ལ་སྣེ་གདོང་རྫོང་དུ་རྒྱ་གར་གྱི་ཡི་གེའི་དཔེ་ཆ་ཞིག་ཡོད་ཀྱང་དེ་རྗེས་སུ་བོར་བརླགས་སོང་འདུག སྒྲུང་དེ་སྔོན་མ་ཆ་ཚང་བ་བོད་ཡིག་ལ་བསྒྱུར་མེད་རུང་དེའི་ནང་གི་དུམ་བུ་གཅིག་དགའ་བྱེད་རཱ་མ་ཎས་སྲིན་པོ་ལངྐ་མགྲིན་བཅུ་བརྟུལ་བའི་སྒྲུང་དུམ་བུ་དེ་ཆ་ཚང་བསྒྱུར་ཡོད་པ་དང༌། ཏུན་ཧོང་གི་ཡིག་ཆའི་ནང་སྒྲུང་དེ་སྔོན་མ་བོད་ཡིག་ནང་དུ་ཡོད་པ་ལས་ཧ་ཅང་གིས་རྒྱས་པ་ཡོད་(ཀྲུང་དབྱང་མི་རིགས་སློབ་གྲྭའི་དཔེ་མཛོད་ཁང་ལའང་ཡོད་སྐད་)དེ་ནི་ད་ལྟ་བོད་ཡིག་ནང་ཡོད་པའི་རཱ་མ་ཎའི་སྒྲུང་རྒྱས་ཤོས་དེ་རེད། དེའི་ཡི་གེ་ཚང་མ་སྔོན་མའི་ཡི་གེ་འབྲི་སྟངས་ཡིན་ནའང་ཚིག་ཧ་ཅང་སྙན་པོ་ཡོད། གཞན་ཡང་སྙན་ངག་གི་དཔེ་ཆ་དང༌། ས་སྐྱ་ལེགས་བཤད་ཀྱི་འགྲེལ་པ། དེ་མིན་དཔེ་ཆ་གཞན་དག་བཅས་ཀྱི་ནང་རཱ་མ་ཎའི་སྒྲུང་བྲིས་པ་ཧ་ཅང་མང་པོ་ཡོད་ཀྱང་རྒྱས་ཤོས་ཏུན་ཧོང་ནས་ཐོན་པ་དེ་རེད། འདིར་མདོར་བསྡུས་ཤིག་ཞུས་ན། བལ་པོའི་རྒྱལ་པོ་ཤིང་རྟ་བཅུ་པ་ཟེར་བ་དེ་ལ་བཙུན་མོ་རྒན་པ་གཅིག་དང་ཆུང་བ་གཅིག་ཡོད། བཙུན་མོ་རྒན་པའི་མིང་དེ་ལོ་རྒྱུས་ཀྱི་ཐོག་ལ་འཁོད་མེད། གང་ཞེ་ན། སྐབས་དེར་རཱ་མ་ཎའི་སྒྲུང་གསུང་མཁན་རྒྱ་གར་གྱི་པཎྜི་ཏ་དེས་བཙུན་མོ་རྒན་པའི་མིང་དྲན་གྱི་མི་འདུག་ཅེས་གསུངས་པར་བརྟེན་སྒྲུང་དེའི་ནང་བཙུན་མོ་རྒན་པའི་ལོ་རྒྱུས་འཁོད་མེད། བཙུན་མོ་ཆུང་བའི་མིང་ལ་ཤེ་ཤེ་ཡ་ཟེར། རྒྱལ་པོ་དེ་ལ་བཙུན་མོ་ཆུང་བ་དེ་ལེན་དུས་དེས་རྒྱལ་པོ་ང་ཁྱེད་ཀྱི་བཙུན་མོ་བྱེད་དགོས་ན་ཆ་རྐྱེན་ཞིག་ཡོད། དེ་ནི་ང་ཚོའི་ལུང་པའི་ལུགས་སྲོལ་ལྟར་ན་རྒྱལ་པོ་ལ་བུ་མང་པོ་བྱུང་ན་བུ་རྒན་པ་དེ་རྒྱལ་པོ་བྱེད་དགོས་པར་བརྟེན་ཁྱེད་ལ་བུ་མང་པོ་ཡོད་སྟབས་ངའི་བུ་དེ་རྒྱལ་པོ་ལ་བསྐོ་ཐུབ་ཀྱི་མ་རེད། དེས་ན་ང་ཁྱེད་ཀྱི་བཙུན་མོ་བྱེད་དགོས་ན་ངའི་བུ་དེ་རྒྱལ་པོ་ལ་བསྐོ་དགོས། རེ་བ་དེ་མ་བསྒྲུབས་ན་ང་ཁྱེད་ཀྱི་བཙུན་མོ་བྱེད་ཀྱི་མིན་ཞེས་བཤད་པར་རྒྱལ་པོས་རང་གི་བཙུན་མོ་ཆུང་བ་དེ་ཧ་ཅང་མཛེས་པོ་ཡོད་སྟབས་དེ་ལ་བལྟས་ནས་བཙུན་མོས་བཏོན་པའི་ཆ་རྐྱེན་དེ་ཁས་ལེན་བྱས་པ་རེད། བཙུན་མོ་ཆེ་བ་དེ་ལ་བུ་གཉིས་ཡོད། བུ་རྒན་པ་དེའི་མིང་ལ་རཱ་མ་ཎ་དང༌། བུ་ཆུང་བའི་མིང་གྷ་གུ་མ་ལང་ཟེར། བཙུན་མོ་ཆུང་བ་དེ་ལའང་བུ་གཉིས་ཡོད། ནམ་ཞིག་བཙུན་མོ་ཆུང་བའི་བུ་དེ་འཚར་ལོངས་བྱུང་རྗེས་ཉིན་གཅིག་བུ་རྒན་པ་རཱ་མ་ཎས་རྒྱལ་པོར་སེམས་ཁྲལ་ཆེན་པོ་ཞིག་ཡོད་པའི་རྣམ་པ་དེ་མཐོང་བ་དང༌། སེམས་ཁྲལ་དེ་ཅི་འདྲ་ཞིག་ཡིན་མིན་དབྱེ་ཞིབ་བྱེད་སྐབས་གནད་དོན་གཞན་མ་ཡིན་པར་གཙོ་བོ་བཙུན་མོ་ཆུང་བ་ལེན་དུས་དེའི་བུ་རྗེས་སུ་རྒྱལ་པོ་བསྐོ་རྒྱུར་ཁས་ལེན་བྱས་ཚར་བར་བརྟེན་ད་ཆ་རྒྱལ་པོའི་དབང་ཆ་སུ་ལ་སྤྲོད་མིན་ཐད་སེམས་ཁྲལ་ཡོད་པ་ཤེས་ནས་ཡབ་རྒྱལ་པོར་ངས་ཁྱེད་ཀྱི་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུ་ལས་རྒྱལ་སྲིད་བཟུང་རྒྱུའི་རེ་བ་མེད་ཅེས་གསོལ་བར་རྒྱལ་པོས་སྤྱིར་སྔར་སྲོལ་ལྟར་ན་བུ་རྒན་པར་རྒྱལ་པོའི་གོ་གནས་ཐོབ་སྤྲོད་སྲོལ་ཡོད་ནའང་ངས་བཙུན་མོ་ཆུང་བ་ལེན་དུས་ཁོང་གི་བུ་དེ་རྒྱལ་པོར་བསྐོ་རྒྱུ་ཁས་ལེན་བྱས་ཟིན་པར་བརྟེན་ཁྱོད་བཟའ་ཟླ་མཉམ་དུ་ནགས་གསེབ་ལ་ཆོས་བྱེད་པར་འགྲོ་དགོས། འཚོ་བ་དང་གང་ཅིའི་ཐད་ལ་རྒྱལ་པོས་རོགས་རམ་བྱ་རྒྱུ་ཡིན་པས་མོས་མཐུན་འདུག་གམ་ཞེས་བརྗོད་པ་དང༌། རཱ་མ་ཎས་ངས་ཡབ་ཀྱི་གང་གསུང་ཅི་སྒྲུབ་ཞུ་རྒྱུ་ལས་མ་འདོད་པའི་བསམ་པ་གང་ཡང་མེད་ཅེས་བརྗོད་ནས་རཱ་མ་ཎ་བཟའ་ཚང་གཉིས་ནགས་གསེབ་ཏུ་ཆོས་བྱེད་པར་འགྲོ་རྒྱུར་གཏན་འཁེལ་བ་དང་སྤུན་མཆེད་ཆུང་བ་གྷ་གུ་མ་ལང་དེས་གཅེན་པོ་དང་མཉམ་དུ་ཤི་གསོན་གང་བྱུང་ཡང་འགྲོ་རྒྱུ་ཡིན་ཞེས་མཉམ་དུ་ནགས་གསེབ་ཏུ་ཕྱིན་ནས་སྒོམ་སྒྲུབ་ལ་གཞོལ། རྒྱལ་པོ་རཱ་མ་ཎ་དང་བཙུན་མོ་སི་ཏཱ་གཉིས་ནི་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་དང༌། བཙུན་མོ་སི་ཏཱ་ནི་སྲིན་པོའི་རྒྱལ་པོ་ལངྐ་མགྲིན་བཅུའི་བུ་མོ་རེད། སྲིན་པོའི་རྒྱལ་པོ་ལངྐ་མགྲིན་བཅུ་ཟེར་བ་ནི་དེང་སང་བྱས་ན་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་གླིང་ཕྲན་དུ་བོད་སྐད་ལ་བྲིར་ལང་ཀ་ཟེར་བའི་སྲིན་པོའི་རྒྱལ་ཁབ་ཅིག་ཡོད་པ་དེའི་རྒྱལ་པོ་ཡིན་ཟེར། མགྲིན་བཅུ་ཟེར་བ་ནི་ཁོ་ལ་མགོ་བོ་བཅུ་ཡོད་པ་དང་མགོ་བཅུའི་ནང་གི་རྩེ་མོའི་རྟ་མགོ་དེ་མ་བཅད་བར་དུ་ཁོ་ཤི་གི་མེད་ལ་རྟ་མགོར་མདའ་རྒྱག་ཐེངས་དང་པོར་གཅོད་མ་ཐུབ་ན་ཐེངས་གཉིས་པ་གསུམ་པར་གཅོད་ཐུབ་ཐབས་མེད་ཟེར། དེ་ཡང་ཐོག་མ་སྲིན་པོ་ལངྐ་མགྲིན་བཅུའི་བཙུན་མོ་ལ་བུ་མོ་གཅིག་སྐྱེས་པ་དང༌། བུ་མོ་དེ་སྐྱེས་ནས་སྐབས་དེའི་ལུགས་སྲོལ་ལྟར་མོ་རྒྱག་མཁན་དང༌། རྩིས་རྒྱག་མཁན། མངོན་ཤེས་ཤོད་མཁན་སོགས་ལ་བུ་མོ་དེ་རྗེས་མ་གང་འདྲ་ཡོང་མིན་སྐོར་འདྲི་སྐབས་དེ་ཚོས་ཁྱེད་ཀྱི་བུ་མོ་འདི་ནི་ང་ཚོའི་ལུང་པ་མེད་པ་བཟོ་མཁན་ཞིག་ལས་ཕན་ཐོགས་པ་ཞིག་ཡོང་བ་མི་འདུག་ལ་རྒྱལ་པོ་ཁྱེད་ཀྱི་སྲིད་དབང་ཡང་ཤོར་ཉེན་འདུག་པས་བུ་མོ་དེ་མེད་པ་བཟོ་དགོས་ཀྱི་འདུག་ཅེས་བཤད་པར་ལངྐ་མགྲིན་བཅུས་རང་གི་བུ་མོ་མེད་པ་བཟོ་མ་ཕོད་པར་ལྕགས་སྒམ་ཞིག་གི་ནང་བླུགས་ཏེ་འོག་ལ་མར་ཁུ་དང་སྟེང་དུ་ཤིང་ཏོག་མང་པོ་བླུགས་ནས་དེའི་དཀྱིལ་ལ་ཕྲུ་གུ་བཅུག་སྟེ་རྒྱ་མཚོའི་ནང་བཏང་བ་དང༌། ལྕགས་སྒམ་དེ་རྒྱ་མཚོའི་རྦ་རླབས་ཀྱིས་དེད་དེ་སྐམ་སའི་འགྲམ་ལ་སླེབས་ནས་ཞིང་པ་རྒས་པོ་ཞིག་ཞིང་ཁར་ཆུ་གཏོང་བའི་སྐབས་སུ་ལྕགས་སྒམ་དེ་ཡུར་བུའི་ནང་ཆུས་དེད་པའི་ནང་འཁྱེར་ཡོང་བ་དང༌། བགྲེས་སོང་དེས་ཡ་མཚན་ཆེན་པོས་ལྕགས་སྒམ་དེ་ཁྱིམ་དུ་དབོར་ཏེ་ཁ་ཕྱེ་ནས་ལྟ་དུས་མར་ཁུ་དང་ཤིང་ཏོག་དཀྱིལ་ལ་བུ་མོ་ཆུང་ཆུང་ཞིག་ཡོད་པ་མཐོང་སྐབས་རང་ཉིད་ལ་ཕྲུ་གུ་རྩ་བ་ནས་མེད་སྟབས་ཧ་ཅང་དགའ་པོ་བྱུང་སྟེ་རང་གི་ཕྲུ་གུ་ནང་བཞིན་གསོས་ཏེ་རྗེས་སུ་ཆེན་པོ་ཆགས་དུས་བུ་མོ་དེ་ལུང་པ་དེས་མ་ཚད་དེ་གའི་གཡས་གཡོན་གྱི་རྒྱལ་ཁབ་དེ་ཚོའི་ནང་ལའང་མཛེས་ཤོས་ཤིག་ཏུ་གྱུར་སྟབས་སྤོ་བོའི་བསམ་པར་བུ་མོ་འདི་སྐད་གྲགས་ཆེན་པོ་འདི་ལྟ་བུ་ཆགས་དུས་ཉིན་གཅིག་ང་ཚོའི་ཡུལ་གྱི་རྒྱལ་པོའི་རྣ་བར་ཐོས་ཚེ་བུ་མོ་འདི་འཕྲོག་པའི་ཉེན་ཁ་ཡོད་པས། གལ་ཏེ་རྒྱལ་པོས་འཕྲོག་ཚེ་སྟེར་བའི་ངོ་སོ་ཡང་མེད་ཁར་ཐ་ན་རང་གི་སྲོག་ལ་ཡང་ཉེན་ཁ་ཡོད་པར་བརྟེན་དེ་ལས་ད་ལྟ་ངོ་སོ་ཡོད་པའི་སྐབས་སུ་རྒྱལ་པོ་ལ་ཕུལ་ན་གཅིག་ནས་རང་ལ་སྟེར་བའི་ངོ་སོ་ཡོང་གི་རེད་ལ་གཉིས་ནས་རང་ལ་མི་ཚེ་གཅིག་གི་རིང་འདེང་བའི་ཟས་གོས་ཀྱང་ཡོང་རྒྱུ་རེད་སྙམ་ནས་བུ་མོ་དེ་རྒྱལ་པོ་ལ་ཕུལ་བ་དང༌། རྒྱལ་པོས་བུ་མོ་དེར་རཱ་མ་ཎའི་བཙུན་མོར་བཞག་པ་དང༌། ཞིང་པ་རྒས་པོ་དེར་མི་ཚེ་གཅིག་འདེང་བའི་ཟས་གོས་གྱ་ནོམ་པ་སྤྲད་པ་རེད། དེ་ནས་རིང་པོ་མ་སོང་བར་རཱ་མ་ཎར་བཙུན་མོ་མཛེས་མ་ཞིག་ཡོད་པའི་གཏམ་གང་ས་གང་ལ་ཁྱབ་སྟེ་སྲིན་པོ་ལངྐ་མགྲིན་བཅུའི་རྣ་བར་ཐོས་རུང་བཙུན་མོ་དེ་རང་གི་བུ་མོ་ཡིན་པ་མ་ཤེས་པར་བཙུན་མོ་དེ་འཕྲོག་དགོས་སྙམ་ནས་རང་གི་བློན་པོ་ཚོར་ཤོད་སྐབས་བློན་པོའི་ནང་ནས་རྒྱལ་པོར་ཤ་ཞེན་ཆེ་བ་གཅིག་གིས་ཁྱེད་ལ་བཙུན་མོ་མང་པོ་དེ་ལྟ་བུ་ཡོད་པས་ཆོག་ཤེས་གནང་ན་བཟང་བ་ལས་རྟག་ཏུ་གཞན་གྱི་བཙུན་མོའམ་བཟའ་ཟླ་འཕྲོག་རྒྱུ་ཁོ་ན་བསམ་བློ་བཏང་ཚེ་ནམ་ཞིག་ཁྱེད་ཀྱི་སྐུ་སྲོག་ལའང་ཉེན་ཁ་ཡོང་རྒྱུ་རེད་ཅེས་བརྗོད་པར་སྲིན་པོ་ལངྐ་མགྲིན་བཅུས་གང་ལྟར་ངའི་སྲོག་ལ་ཉེན་ཁ་ཡོད་ནའང་བུ་མོ་དེ་འཕྲོག་མ་ཐུབ་ན་ཐབས་མེད་ཅེས་རྒྱལ་པོས་རྩ་བ་ནས་མ་ཉན་སྟབས་བློན་པོ་དེས་རྒྱལ་པོར་གལ་ཏེ་ངེས་པར་དུ་བུ་མོ་དེ་ཁྱེད་ལ་དགོས་ཀྱི་ཡོད་ན་རག་ཐུབ་པའི་ཐབས་ཤེས་ང་ལ་ཡོད་ཅེས་བློན་པོ་དེས་ཇུས་བཏོན་པ་ལྟར་རྒྱལ་བློན་གཉིས་གྲོས་བྱས་ཏེ་བློན་པོ་དེས་རི་དྭགས་སྤུ་ཁ་ལེགས་ཤིང་འོད་ཡོད་པ་དཔེ་གསར་ཞིག་ལ་སྤྲུལ་ནས་རྒྱལ་པོ་རཱ་མ་ཎ་དང་བཙུན་མོ་གཉིས་བྲག་ཕུག་ནང་ཆོས་བྱེད་སའི་མདུན་དུ་ཕར་འགྲོ་ཚུར་འགྲོ་བྱེད་སྐབས་བཙུན་མོས་མཐོང་སྟེ་རྒྱལ་པོར་ངས་རི་དྭགས་སྙིང་རྗེ་པོ་དེ་འདྲ་དེ་སྔོན་མཐོང་མྱོང་མེད་པས་དེ་ངེས་པར་བཟུང་དགོས་ཞེས་བརྗོད་པར་རྒྱལ་པོས་རི་དྭགས་བཟུང་བར་འགྲོ་བའི་བར་སེང་ལ་མི་ངན་གྱིས་བཙུན་མོ་འཕྲོག་ཡོང་སྙམ་ནས་ཁས་མ་བླངས་པ་དང༌། བཙུན་མོས་རྒྱལ་པོར་རྒྱལ་པོ་ཁྱེད་རང་དངོས་འབྲེལ་ང་ལ་བརྩེ་དུང་ཡོད་ན་ངེས་པར་དུ་རི་དྭགས་དེ་བཟུང་དགོས། ཁྱེད་ཀྱིས་ང་གཞན་གྱིས་འཕྲོག་རྒྱུར་ཁ་བཏགས་པ་ཙམ་ལས་དོན་དུ་རི་དྭགས་བཟུང་ཐུབ་ཀྱི་མེད་པ་རེད་ཅེས་བཤད་པས་རྒྱལ་པོ་ཁྲོས་ནས་ཁྱེད་ཀྱི་དོན་དུ་ངས་ནམ་མཁའི་ཟླ་བ་བཟུང་དགོས་བྱུང་ཡང་ཕྱིན་ཆོག ཡིན་ནའང་རི་དྭགས་དེ་འདྲ་དེ་སྔ་རྩ་བ་ནས་མཐོང་མྱོང་མེད་པའི་སེམས་ཅན་ཞིག་རེད་འདུག་པས་བཟང་རྟགས་ཤིག་གཏན་ནས་མི་འདུག གལ་ཏེ་ང་རི་དྭགས་བཟུང་བར་འགྲོ་ཤུལ་ལ་ཁྱེད་ཀྱི་སར་མི་ངན་འདྲ་སླེབས་མི་ཡོང་ངམ་སྙམ་པ་ལས་ང་ལ་རི་དྭགས་བཟུང་བའི་ནུས་པ་མེད་པ་མིན། དེས་ན་ང་རི་དྭགས་བཟུང་བར་ཕྱིན་ནས་ཚུར་མ་སླེབས་བར་གང་དུའང་འགྲོ་མི་ཆོག་ཅེས་བཙུན་མོ་ཡོད་སའི་མཐའ་ལ་གཞུ་ཡི་རི་མོ་ཞིག་བྲིས་ཐོག་རི་མོ་དེའི་ནང་མི་གཞན་ཡོང་ན་ལམ་སང་མེ་འབར་ཡོང་མཁན་ཞིག་ལ་སྤྲུལ། རྒྱལ་པོས་རི་དྭགས་རྗེས་འདེད་བཏང་རུང་དེ་སྤྲུལ་པ་ཡིན་སྟབས་ཧ་ཅང་མགྱོགས་པོ་ཡོད་པས་རྒྱལ་པོས་རྗེས་མ་ཟིན་པར་ཉི་མ་བཞུད་ཁར་ཤིང་ནགས་སྟུག་པོ་ཞིག་གི་ནང་དུ་སླེབས་ནས་གང་འགྲོ་འདི་འགྲོ་མི་ཤེས་པས་དེའི་དགོང་མོ་ཤིང་ནགས་དེའི་དཀྱིལ་དུ་ལུས་པར་བརྟེན་སྐབས་དེ་དང་བསྟུན་ནས་སྲིན་པོ་ལངྐ་མགྲིན་བཅུས་སྤྲང་པོ་ཞིག་ལ་སྤྲུལ་ནས་རཱ་མ་ཎའི་བཙུན་མོའི་སར་ལྟོ་སློང་བར་འགྲོ་སྐབས་བཙུན་མོས་ང་རི་སྐམ་པོའི་ཐོག་ཆོས་བྱེད་མཁན་ལ་གང་ཡང་མེད་ཅེས་བཤད་པར་སྲིན་པོ་ལངྐ་མགྲིན་བཅུས་ཁྱེད་ལ་ལྟོ་ཆས་སྟེར་རྒྱུ་མེད་ན་ང་ལ་ལག་པ་ཞིག་གཏོང་རོགས་ཞེས་ཞུ་བ་འཐེན་ཏེ་བཙུན་མོས་ལག་པ་བཏང་མ་ཐག་ལམ་སང་མེ་འབར་ནས་བཙུན་མོའི་ལག་མགོ་འཚིགས་པར་བརྟེན་སྲིན་པོས་བཙུན་མོ་བཟུང་ནས་ཕྲག་པར་ཁྱེར་ཏེ་བཙན་ཁྲིད་བྱས་ནས་རང་གི་བཟའ་ཟླ་བྱེད་དུ་འཇུག་རྩིས་བྱས་ཀྱང་བཙུན་མོས་རྩ་བ་ནས་ཁས་མ་བླངས་སྟབས་བཙུན་མོ་བཙོན་ཁང་ནང་བཅུག དེའི་རིང་རྒྱལ་པོ་རཱ་མ་ཎས་བཙུན་མོ་འཚོལ་བར་ཕྱིན་ཀྱང་རྩ་བ་ནས་མ་རྙེད་པར་ཉིན་གཅིག་ལུང་པ་ཞིག་གི་ཕུ་ནས་གཙང་པོ་ཆེན་པོ་ཞིག་འབབ་པ་དེ་ལ་མི་ཚང་མ་སྐྱུགས་པ་ཤོར་དགོས་པའི་དྲི་ངན་བྲོ་བ་ཞིག་ཡོད་པ་དེའི་འགྲམ་དུ་སླེབས་ནས་རྒྱལ་པོས་གཙང་པོ་དེའི་ཆུ་ལ་དྲི་མ་སྣོམས་སྐབས་ཆུའི་ནང་སྲོག་ཆགས་ཀྱི་གཟུགས་པོའི་རྔུལ་ཆུ་འདྲེས་ཡོད་པ་ཤེས་ཏེ་སྲོག་ཆགས་ཀྱི་རྔུལ་ཆུ་མང་པོ་དེ་འདྲ་གང་ཡིན་སྙམ་ནས་ཆུ་དེ་རྒྱུགས་སའི་ཁ་ཕྱོགས་དེད་དེ་ལུང་པའི་ཕུ་ལ་འགྲོ་སྐབས་སྤྲེའུ་བཱ་ལིང་དང་སྤྲེའུ་མགྲིན་བཟང་གཉིས་རྒྱལ་པོ་སུས་བྱེད་མིན་སྐོར་ལ་ཕན་ཚུན་ཤོག་ཁ་རེ་ཁྲིད་ནས་འཛིང་རེས་གཏོང་གི་ཡོད་པ་དང༌། ཉིན་གང་འཛིངས་ནས་ཐག་མ་ཆོད་པར་དགོང་མོ་ས་རུབ་ནས་སྤྲེའུ་གཞོན་པ་མགྲིན་བཟང་སྤྲེའུ་རྒན་པ་བཱ་ལིང་གིས་ཤི་མིན་རོ་མི་བཟོས་ཐོག་གཉིས་ཀ་ཐང་ཆད་དེ་ཚུར་ལོག་དུས་མི་དྲི་ཁ་བ་དང་རྒྱལ་པོ་རཱ་མ་ཎ་མཐོང་ནས་སྤྲེའུ་གཉིས་ཀ་བྲོས། སྐབས་དེར་རྒྱལ་པོ་རཱ་མ་ཎས་ཁྱེད་ཚོ་བྲོས་མ་འགྲོ། བྲོས་དགོས་དོན་མེད་པས་ཚུར་ཤོག ང་སྐད་ཆ་ཞིག་འདྲི་རྒྱུ་ཡོད་ཅེས་སྨྲས་པར་འགྲམ་ལ་ཚུར་སླེབས་རྗེས་སྤྲེའུ་གཉིས་འཛིང་དགོས་པའི་རྒྱུ་མཚན་ཆ་ཚང་བཤད་རྗེས་སྤྲེའུས་ཁོ་གཉིས་ཉི་མ་གསུམ་འཛིང་ནས་མཐར་རྒྱལ་ཁ་ཐོབ་མཁན་དེས་རྒྱལ་པོ་བྱེད་རྒྱུ་དང་ཕམ་མཁན་དེ་གཡོག་པོ་བྱེད་རྒྱུའི་ཁ་ཆད་ཟིན་པས་ད་དུང་མུ་མཐུད་འཛིང་དགོས་ཟེར། རྒྱལ་པོས་སྤྲེའུ་གཉིས་ལ་ངའི་བཙུན་མོ་སི་ཏཱ་ཟེར་བ་དེ་མཐོང་བྱུང་ངམ་ཞེས་དྲིས་པར་སྤྲེའུས་ང་གཉིས་ཀྱིས་མཐོང་མ་བྱུང་ཡང་ང་གཉིས་ཀྱི་རོགས་པ་གསུམ་ཡོད་པ་ཁོ་ཚོས་དེ་འདྲ་ཞིག་མཐོང་ཡོད་ཚོད་འདུག་ཅེས་ལན་བཏབ། དེ་ནས་སྤྲེའུ་ཆུང་བ་ཧ་ནུ་མན་ཐ་སོགས་སྤྲེའུ་གཞན་གསུམ་བོས་ནས་སྐད་ཆ་འདྲི་སྐབས་དེ་གསུམ་གྱིས་ལོ་ཁ་ཤས་ཤིག་གི་གོང་ལ་ཉིན་གཅིག་གནམ་གྱི་དགུང་དུ་མི་མགོ་བཅུ་ཡོད་པ་མགོ་ཡི་རྩེ་མོ་རྟ་མགོ་ཡིན་པ་ཞིག་གིས་བུ་མོ་གཅིག་འཁྱེར་འགྲོ་བ་དང༌། བུ་མོ་དེས་ང་རྒྱལ་པོ་རཱ་མ་ཎའི་བཙུན་མོ་སི་ཏཱ་ཡིན། མགྱོགས་པོ་ང་སྐྱོབ་པར་ཤོག་ཟེར་སྐད་བརྒྱབ་ནས་འགྲོ་བ་མཐོང་བྱུང་བས་དེ་ཡིན་ན་ལྷོ་ངོས་ལ་འཕུར་སོང་ཞེས་བརྗོད་པར་རྒྱལ་པོས་ཁྱེད་ཚོས་ང་ལ་བཙུན་མོ་སི་ཏཱ་བཙལ་རོགས་བྱས་ན་ངས་ཀྱང་ཁྱེད་ཚོར་རོགས་རམ་བྱས་ཆོག་ཅེས་བཤད་མ་ཐག་སྤྲེའུ་མགྲིན་བཟང་གིས་ཉི་མ་གསུམ་ནས་ཐོབ་ཤོར་གཏན་འཁེལ་བྱ་རྒྱུ་ཡིན་པས་རྒྱལ་པོ་ཁྱེད་ཀྱིས་ངའི་དགྲ་བོ་བཱ་ལིང་དེ་གསོད་རོགས། གལ་ཏེ་ང་རྒྱལ་པོ་བྱེད་ཐུབ་ཚེ་ཁྱེད་ལ་རོགས་པ་བྱས་ཆོག་ཅེས་སྨྲས་པར་རྒྱལ་པོས་ཁས་ལེན་བྱས་ཏེ་སང་ཉིན་ཡང་བསྐྱར་སྤྲེའུ་གཉིས་འཛིང་རེས་ཚུགས་སྐབས་རྒྱལ་པོས་མདའ་འཕངས་ཏེ་སྤྲེའུ་བཱ་ལིང་གསོད་རྩིས་བྱས་ཀྱང་དངོས་སུ་འཛིང་རེས་བྱེད་དུས་སྤྲེའུ་གཉིས་གཟུགས་པོ་དང༌། ངོ་གདོང༌། སྤུ་ཁ་བཅས་ཚང་མ་འདྲ་ཐག་ཆོད་སྟབས་རྒྱལ་པོས་དབྱེ་འབྱེད་མ་ཐུབ་པར་དེ་མུར་སྤྲེའུ་བཱ་ལིང་གིས་མགྲིན་བཟང་ཤི་ལ་ཁད་བཟོས་པ་དང༌། སྐབས་དེར་སྤྲེའུ་བཱ་ལིང་གི་བཟའ་ཟླ་ཚུར་ཡོང་སྟེ་བཱ་ལིང་ལ་ད་རྒྱལ་ཁ་ཁྱེད་ལ་ཐོབ་སོང་བས་དེ་གས་འགྲིག་པ་རེད། ཁྱེད་གཉིས་སྤུན་མཆེད་ཡིན་པས་ཁོ་གསོད་དགོས་དོན་མེད་ཅེས་བཤད་དེ་བཱ་ལིང་གིས་མགྲིན་བཟང་གློད་པ་དང༌། མགྲིན་བཟང་ལ་ཉེས་རྡུང་ཁ་སང་ལས་ཤུགས་ཆེ་བ་ཕོག་པས་ཁོས་རྒྱལ་པོ་ལ་མཆིལ་མ་བཏབ་སྟེ་རྒྱལ་པོ་ཁྱེད་ཀྱིས་ང་ལ་རོགས་བྱེད་རྒྱུ་ཁས་བླངས་ན་ཡང་རོགས་མ་བྱས་པ་གང་ཡིན། རོགས་བྱེད་མི་ཐུབ་ན་ཁས་བླངས་ནས་ཅི་བྱེད་ཅེས་བཤད་སྐབས་རྒྱལ་པོས་ངས་ཁྱོད་ལ་རོགས་སྐྱོར་བྱེད་འདོད་མེད་པ་མིན་ནའང་ཁྱོད་གཉིས་གཟུགས་པོ་དང༌། གདོང་རིས། སྤུ་ཁ་བཅས་ཁྱད་པར་གཏན་ནས་མི་འདུག་པས་གནས་ཚུལ་དེ་འདྲའི་འོག་ངས་མདའ་བརྒྱབ་ན་ཁྱོད་ལའང་ཕོག་ཉེན་འདུག སང་ཉིན་ཁྱོད་ཀྱི་དཔྲལ་བར་མེ་ལོང་འདི་བཏགས་ན་ནོར་གྱི་མ་རེད་ཅེས་རྒྱལ་པོས་ཁོ་ལ་མེ་ལོང་ཞིག་སྤྲད་དེ་ཕྱི་ཉིན་སྤྲེའུ་མགྲིན་བཟང་གི་དཔྲལ་བར་འདོགས་རྒྱུའི་ཁ་ཆད་བྱས། དེ་ཉིན་སྤྲེའུ་བཱ་ལིང་གི་བཟའ་ཟླས་སྤྲེའུ་བཱ་ལིང་ལ་དེ་རིང་ཁྱེད་རང་འཛིང་དུ་མ་འགྲོ ཡག་པོ་ཡོང་གི་མ་རེད། ཁྱེད་ཀྱི་གཅུང་པོ་ཐེངས་གཉིས་ཕམ་ཀྱང་ད་དུང་འཛིང་དུ་ཡོང་དུས་ཁོ་ལ་རོགས་བྱེད་མཁན་ཞིག་ཡོད་པ་གཏན་འཁེལ་ཡིན་པས་དེ་རིང་ཁྱེད་རང་ཕྱིན་ན་གྱོང་རག་ཉེན་ཡོད་ཅེས་བཤད་ཀྱང་བཱ་ལིང་གིས་མ་ཉན་པར་དེ་རིང་ཉིན་མཐའ་མཇུག་དེ་ཡིན་པས་ངས་ཁོ་གསོད་ཐག་ཆོད་ཡིན་ཞེས་ངར་ངར་བྱས། ཕྱི་ཉིན་ཁོ་གཉིས་འཛིང་རེས་བྱས་ནས་གང་མཚམས་འགྲོ་དུས་རྒྱལ་པོ་རཱ་མ་ཎས་ཤིང་ནགས་དཀྱིལ་ནས་མདའ་བརྒྱབ་སྟེ་སྤྲེའུ་བཱ་ལིང་བསད་དེ་མགྲིན་བཟང་ལ་རྒྱལ་ཁ་ཐོབ་ནས་རྒྱལ་པོ་བྱས། མགྲིན་བཟང་གིས་ཐུགས་རྗེ་ལེགས་འབུལ་གྱི་ཚུལ་དུ་རྩལ་ལག་ཆེ་ཤོས་ཀྱི་སྤྲེའུ་གསུམ་རྒྱལ་པོ་རཱ་མ་ཎའི་བཙུན་མོ་སི་ཏཱ་འཚོལ་བར་བཏང༌། སྤྲེའུ་གསུམ་པོ་དེ་རྣམས་ཡང་རྩལ་ཆེ་བས་མཆོང་ཐེངས་གཅིག་ལ་བལ་པོའི་ལུང་པ་ནས་རྒྱ་མཚོའི་གླིང་ཕྲན་གྱི་མཐའ་ཞིག་ཏུ་མཆོང་སྟེ་ཐལ་དྲགས་པའི་རྐྱེན་གྱིས་སྲིན་པོའི་ལུང་པ་བརྒལ་བ་དང༌། དེ་ནས་ཡང་བསྐྱར་མཆོང་དུས་སྤྲེའུ་རྒན་པ་གཉིས་པོ་དཀའ་ལས་ཁག་སྟེ་མཆོང་ཐུབ་མེད་ན་ཡང་སྤྲེའུ་ཆུང་བ་ཧ་ནུ་མན་ཐ་ཟེར་བ་དེ་མཆོང་ཐེངས་གཅིག་ལ་སྲིན་པོའི་ལུང་པར་སླེབས་ཏེ་ཤིང་ནགས་དཀྱིལ་ལ་འཛུལ་ནས་བཙུན་མོ་སི་ཏཱ་འཚོལ་བར་འགྲོ་དུས་བཙུན་མོ་སི་ཏཱ་ནི་ཐོགས་བརྩེགས་དགུ་ཐོག་འོག་གི་བཙོན་ཁང་ཞིག་ནང་བཅུག་ཡོད་པ་དང་ཐུག་སྟེ་བཙུན་མོ་སི་ཏཱ་ལ་ང་རྒྱལ་པོས་ཁྱེད་རང་འཚོལ་བར་བཏང་བྱུང་བས་ང་དང་མཉམ་དུ་ལོག་འགྲོ་ཞེས་བཤད་ཀྱང་བཙུན་མོས་ཡིད་ཆེས་མ་བྱས་སྟབས་སྤྲེའུ་དེས་རྒྱལ་པོས་བསྐུར་བའི་ཚིགས་ཁེབས་དེ་བསྟན་རྗེས་གཞི་ནས་ཡིད་ཆེས་བྱས་ནའང་བཙུན་མོས་ངེས་པར་དུ་རྒྱལ་པོ་རཱ་མ་ཎས་དམག་དྲངས་ཏེ་དགྲ་ཤ་བླངས་ནས་ང་ཕར་འཕྲོག་དགོས་པ་ལས་བྲོས་ཕྱིན་ན་དེ་ལས་ཐབས་སྐྱོ་བ་མེད་པས་ཁྱོད་ཀྱིས་ངའི་སྒྲོག་གདུབ་དེ་འཁྱེར་ནས་རྒྱལ་པོར་ཕུལ་ཏེ་མགྱོགས་པོ་ང་སྐྱོབ་པར་ཕེབས་རོགས་ཞུས་ཤོག་ཅེས་མངགས་ཏེ་སྤྲེའུ་ཕྱིར་བཏང༌། སྤྲེའུའི་ལན་འབྱོར་རྗེས་རྒྱལ་པོས་དམག་ཁྲིད་དེ་སྐྱབས་པར་འགྲོ་དུས་བྲིར་ལངྐ་དང་སྐམ་ས་ཆེན་པོ་གཉིས་ཀྱི་བར་ལ་རྒྱ་མཚོ་ཆེན་པོ་ཞིག་ཡོད་པ་དེ་ལ་གྲུ་མེད་ན་ཐར་ཐབས་མེད་སྟབས་སྤྲེའུ་གསུམ་པོས་ཧི་མ་ལའི་རི་བོའི་ཟུར་ཞིག་བཀོག་ནས་དུམ་བུ་ཁ་ཤས་ལ་བཏང་སྟེ་རྒྱ་མཚོའི་ཐོག་ལ་རི་ཡི་ཟམ་པ་བཙུགས་པ་རེད་ཅེས་བཤད་སྲོལ་ཡོད་ལ་ད་ཆ་རྒྱ་གར་ལྷོ་ཕྱོགས་ནས་བྲིར་ལང་ཀར་འགྲོ་སྐབས་རྒྱ་མཚོའི་དཀྱིལ་ལ་རི་ཆུང་མང་པོ་གྲལ་སྒྲིག་ནས་ཡོད་པ་དེ་དག་རྒྱལ་པོ་རཱ་མ་ཎས་སྲིན་པོ་ལངྐ་མགྲིན་བཅུ་ལ་དམག་རྒྱག་སྐབས་བཙུགས་པའི་ཟམ་པ་ཡིན་ཟེར་སྲོལ་ཡོད། རྒྱལ་པོ་རཱ་མ་ཎས་དམག་དྲངས་ཏེ་སྲིན་པོའི་ཡུལ་གྱི་དགྲ་བོ་ཚང་མ་གཏོར་ཟིན་ནའང་སྲིན་པོ་ལངྐ་མགྲིན་བཅུས་ཕོ་བྲང་ནང་ནས་གཏན་ནས་དོན་གྱི་མེད་སྟབས་རྒྱལ་པོ་རཱ་མ་ཎས་ཁྱོད་བློ་ཁོག་ཡོད་ན་ཕྱིར་དོན་ཤོག བློ་ཁོག་མེད་ན་རྐང་པ་ཕྱི་ལ་བཏོན་ཤོག་ཅེས་བཤད་པར་སྲིན་པོས་རྐང་པ་ཕྱི་ལ་མར་བཏོན། དེ་ཡང་སྲིན་པོའི་ཕོ་བྲང་དེ་ནི་ཕྱོགས་བཞི་མཚམས་བརྒྱད་ཚང་མ་ཤེལ་སྒོ་ཡིན་པ་དང༌། ཤེལ་སྒོའི་ནང་ནས་བལྟ་དུས་ཕོ་བྲང་དེའི་ནང་གང་དུ་བལྟས་ཀྱང་ལངྐ་མགྲིན་བཅུ་མཐོང་རྒྱུ་ཡོད་ན་ཡང་ལངྐ་མགྲིན་བཅུ་ངོ་མ་དེ་ཁང་པ་གང་གི་ནང་དུ་ཡོད་མེད་ཤེས་ཐབས་མེད་སྟབས་རྒྱལ་པོ་རཱ་མ་ཎས་སྲིན་པོ་རྐང་པ་བརྐྱང་དུ་བཅུག་ནས་རྐང་པའི་ཆེ་ཆུང་ལ་དཔག་ནས་གཟུགས་པོ་དང་མགོ་བོ་བཅུ་ཐམ་པའི་ནང་གི་རྩེ་གང་དུ་ཡོད་མེད་ཚོད་རྩིས་བྱས་ཏེ་མདའ་རྒྱག་ཐེངས་གཅིག་ལ་སྲིན་པོ་ལངྐ་མགྲིན་བཅུ་བརྟུལ་ནས་མི་ཡུལ་གྱི་རྒྱལ་ཁབ་ཅིག་ཆགས་པ་དེ་ལ་དྲན་གསོ་བྱེད་ཆེད་བྲིར་ལང་ཀ་ཞེས་བཏགས་པ་རེད་ཅེས་སྒྲུང་དེ་ལྟར་བཤད་སྲོལ་ཡོད།

འཇུག་པ་བདུན་པ། པ་ར་ཤུ་ནཱ་མ་ཎ། པ་ར་ཤུ་ནཱ་མ་ཎ་ལ་སྤྲུལ་ནས་འཛམ་བུ་གླིང་གི་རྒྱལ་པོ་ཐམས་ཅད་བརྟུལ་བའི་སྒྲུང་ཞིག་ཡོད་པ་སྟེ། མུ་སྟེགས་པའི་དྲང་སྲོང་ག་རྒའམ་མིང་གཞན་བྱ་ཤ་ཟེར་བ་དེར་འདོད་འཇོའི་བ་ཞིག་ལས་གཞན་དངོས་པོ་གང་ཡང་མེད། འདོད་འཇོའི་བ་ཟེར་བ་ནི་ལྕི་བ་བཏང་ཚད་གསེར་དངུལ་སོགས་རིན་པོ་ཆེ་ཤ་སྟག་ཡིན་པ་དེ་ཡང་རྫོགས་མཐའ་མེད་པ་ཞིག་ཡིན། དྲང་སྲོང་དེ་རང་གི་བུ་པ་ར་ཤུ་ནཱ་མ་ཎ་དང་མཉམ་དུ་ནགས་གསེབ་ཅིག་ཏུ་སྡོད་སྐབས་ཉིན་ཞིག་ཡུལ་དེའི་རྒྱལ་པོ་ས་ཧཱསྲཱརྫུ་ཎ་སྟེ་བོད་སྐད་ལ་སྲིད་སྒྲུབ་ཟེར་བ་དེས་གཡོག་འཁོར་བརྒྱ་ཕྲག་མང་པོ་འཁྲིད་ནས་ནགས་གསེབ་ཏུ་རི་དྭགས་རྔོན་པར་ཡོང་བ་དང༌། དྲང་སྲོང་དེས་རྒྱལ་པོ་དང་འཁོར་གཡོག་ཚང་མ་སོ་སོ་སྡོད་སར་གདན་དྲངས་ནས་སྣེ་ལེན་གཟབ་རྒྱས་བྱས་སྟབས་རྒྱལ་པོའི་བསམ་པར་དྲང་སྲོང་ནགས་གསེབ་ཏུ་སྡོད་མཁན་འབྱོར་པ་རྒྱས་པོ་དེ་འདྲ་ཅི་ཡིན་སྙམ་ནས་བརྟག་དཔྱད་བྱེད་སྐབས་དྲང་སྲོང་དེའི་བ་ཕྱུགས་དེས་ལྕི་བ་བཏང་ཚད་གསེར་དངུལ་སོགས་རིན་ཆེན་ཤ་སྟག་ཡིན་པ་ཤེས་རྗེས་དྲང་སྲོང་དེ་བསད་ནས་བ་ཕྱུགས་དེ་འཕྲོག་པ་དང༌། དྲང་སྲོང་དེའི་བུ་པ་ར་ཤུ་ནཱ་མ་ཎ་ལོ་ན་ཕྲ་བས་ནགས་གསེབ་ཏུ་བྲོས་ཏེ་བཟུང་ཐུབ་མེད། རྗེས་སུ་བུ་དེ་ཆེན་པོ་ཆགས་སྐབས་ཁོའི་བསམ་བློར་རྒྱལ་པོ་ཟེར་བ་དེ་དྲིན་ལན་ལོག་འཇལ་བྱེད་མཁན་ཞིག་རེད། ངའི་པ་ཕ་དྲང་སྲོང་ཆེན་པོ་དེས་ཁོ་ཚོར་སྣེ་ལེན་དེ་ལྟ་བུ་བྱས་ཀྱང་དྲིན་ལན་འཇལ་རྒྱུ་ལྟ་ཅི་ད་དུང་རྐྱེན་ལམ་དུ་བཏང་བ་དང༌། ང་གཉིས་ལ་བ་ཕྱུགས་གཅིག་མ་གཏོགས་མེད་པ་དེ་ཡང་འཕྲོག་མཐར་ང་གཅིག་པུར་ཤིང་ནགས་དཀྱིལ་དུ་སྡུག་བསྔལ་འདི་འདྲ་མྱོང་དུ་བཅུག་བྱུང་སྙམ་ནས་ཁོང་ཁྲོ་མེ་ལྟར་འབར་ཏེ་མི་མང་པོ་དང་གྲོགས་པོ་བསྒྲིག་ནས་ཚོགས་པ་ཆེན་པོ་ཞིག་བཙུགས་ཏེ་རྒྱལ་པོ་ས་ཧཱསྲཱརྫུ་ཎས་གཙོས་འཛམ་གླིང་ཐོག་གི་རྒྱལ་པོ་ཚང་མ་རྩ་མེད་ཐེངས་གསུམ་བཟོས་པ་རེད་ཟེར།

འཇུག་པ་བརྒྱད་པ། ནག་པའམ་ནག་པོ། དེ་ནི་ལྷ་ཁྱབ་འཇུག་གིས་ནག་པ་ལར་སྤྲུལ་ནས་ལྷ་མ་ཡིན་ཀརྣ་བརྟུལ་བའི་སྐོར་དེ་རེད། ཀརྣ་པའི་ཨ་མའི་མིང་ལ་དེ་ངེ་ཏི་དང་ཞང་པོའི་མིང་ལ་ཀྲིཥྚ་ཟེར། ནག་པ་ལའི་ལྷས་ཞང་པོ་ལ་ཁྱེད་རང་ཧ་ཅང་རྩལ་ཆེན་པོ་དང་སྟོབས་ཆེན་པོ་ཡིན་ནའང་རྗེས་སུ་ཚ་བོས་གསོད་ཀྱི་རེད། དེ་ལས་ད་ལྟ་ཁྱོད་ཀྱི་སྤུན་མཆེད་དགའ་ཡི་ཀི་ལ་ཕྲུ་གུ་བུ་ཞིག་སྐྱེས་སོང་ན་དེ་དང་དུས་མཚུངས་བུད་མེད་ཛཱ་ཤོ་ད་ཟེར་མཁན་ཞིག་ལ་བུ་མོ་གཅིག་སྐྱེ་རྒྱུ་ཡིན་པས་བུ་མོ་དེ་དང་ཁྱོད་ཀྱི་སྤུན་མཆེད་ལ་སྐྱེས་པའི་བུ་དེ་གཉིས་བརྗེ་པོ་རྒྱག་དགོས་ཞེས་བཤད་པ་ལྟར་ལག་ལེན་བྱས། དེ་གཉིས་བརྗེ་པོ་བརྒྱབ་རྗེས་ཁྱབ་འཇུག་གི་སྤྲུལ་པ་བུ་དེས་ཨ་ཞང་གི་སྤུན་མཆེད་ལ་ཕྲུ་གུ་གཅིག་སྐྱེས་ཡོད་པ་ཤེས་ཀྱང་ཕྲུ་གུ་བརྗེ་པོ་བརྒྱབ་པ་མ་ཤེས་པར་དེ་གསོད་རྩིས་བྱས་ནས་ཕྲུ་གུའི་རྐང་པ་ནས་འཇུས་ཏེ་བྲག་གི་སྟེང་ལ་བརྡབ་ནས་གསོད་པར་འགྲོ་དུས་བུ་མོ་དེས་ཁྱེད་ཀྱིས་ང་བསད་ནས་དགོས་པ་མེད། ཁྱེད་རང་གསོད་མཁན་གྱི་ཚ་བོ་དེ་ས་ཆ་གཞན་ཞིག་ལ་བསྡད་འདུག་ཅེས་བཤད་སྟབས་བུ་མོ་དེ་བསད་མེད། ཀྲིཥྚ་ཟེར་བ་དེ་ཆུང་ཆུང་སྐབས་ནས་ཧ་ཅང་གྲུང་པོ་དང་སྟོབས་ཆེན་པོ་ཡོད། ཁོས་ལུང་པའི་ནང་མི་གཞན་དག་གི་ཞོ་དང་འོ་མ་དག་བརྐུས་ནས་བཏུང་སྟབས་པ་ཕས་རྐང་པ་ལ་འཐག་པ་བརྒྱབ་སྟེ་ཤིང་སྡོང་ཆེན་པོ་ཞིག་ལ་འདོགས་ཀྱི་ཡོད་ནའང་ཁོ་རྩལ་ཆེན་པོ་ཡོད་སྟབས་འགུལ་ཐེངས་གཅིག་ལ་ཤིང་སྡོང་ཆེན་པོ་དེ་རྩ་བཀོག་བཏང་ནས་བརླགས་འཁེལ་གྱི་མེད་པར་བརྟེན་ལྷ་མ་ཡིན་ཀརྣ་ཟེར་བ་དེས་ཕྲུ་གུ་དེ་བསད་ན་མ་གཏོགས་རྗེས་མ་ཉེན་ཁ་ཆེན་པོ་འདུག་བསམ་སྟེ་འོ་མ་ཚང་མ་དུག་ཡིན་པའི་སྲིན་མོ་ཞིག་ལ་ཕྲུ་གུ་དེར་འོ་མ་སྟེར་དུ་བཅུག་རུང་ཕྲུ་གུ་དེ་ཤི་རྒྱུ་ལྟ་ཅི་ད་དུང་གཟུགས་སྟོབས་ཇེ་ཆེར་སོང་བ་མ་ཟད། སྲིན་མོའི་འོ་མ་རྣམས་འཇིབ་ཟིན་རྗེས་ཁྲག་ཡང་ཚང་མ་འཐུང་སྟེ་སྲིན་མོ་བསད་པ་སོགས་མདོར་ན་ཐབས་གང་འདྲ་བྱས་ཀྱང་ཁོ་གསོད་རྒྱུའི་ཐབས་མ་རྙེད་སྟབས། ཉིན་ཞིག་ལྷ་མ་ཡིན་ཀརྣས་རང་གི་ལུས་པོ་དེ་བྲག་ཕུག་ཆེན་པོ་ཞིག་ཏུ་སྤྲུལ་ནས་ཕྲུ་གུ་དེ་བྲག་ཕུག་དེའི་ནང་ལ་འཛུལ་འཕྲལ་བྲག་ཕུག་དེ་ཁ་ཟུམ་ནས་ཕྲུ་གུ་དེ་གསོད་དགོས་སྙམ་སྟེ་བྲག་ཕུག་ལ་སྤྲུལ་ནས་དྲག་ཆར་ཤུགས་ཆེན་པོ་ཞིག་ཕབ་སྟེ་ཕྲུ་གུ་བྲག་ཕུག་ནང་འཛུལ་སྐབས་བྲག་ཕུག་ཁ་ཟུམ་རུང་ཕྲུ་གུ་དེས་ལམ་སང་བ་ཕྱུགས་འཚོ་བྱེད་ཀྱི་དབྱུག་པ་རིང་པོ་དེ་བྲག་ཕུག་གི་ཁར་ཀ་བ་ལྟར་བཙུགས་སྟབས་བྲག་ཕུག་དེ་ཁ་ཟུམ་མ་ཐུབ་པ་རེད་ཟེར། དེ་ནས་མཐར་ཕྲུ་གུ་དེས་ཨ་ཞང་གཉིད་ཁུག་བསྡད་པའི་སྐབས་སུ་ཐོག་ཁ་ནས་གཡུགས་ཏེ་བསད་པ་རེད་ཅེས་ཟེར་སྲོལ་ཡོད།

འཇུག་པ་དགུ་པ། སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྤྲུལ་ནས་སྐྱེ་བ་སྔོན་མའི་སྡིག་པ་རྣམས་མེད་པ་བཟོས་པ་རེད་ཟེར། དེ་ཡང་མུ་སྟེགས་པའི་ཤོད་སྟངས་བྱས་ན་སངས་རྒྱས་ཤཱཀྱ་ཐུབ་པ་ནི་ཁྱབ་འཇུག་གི་སྤྲུལ་པ་ཞིག་ཡིན་ཟེར། དེ་ནི་བོད་ཀྱི་བོན་པོའི་ཆོས་ཀྱི་ནང་ལ་སངས་རྒྱས་ཤཱཀྱ་མུ་ནེ་ནི་བོན་གྱི་སྟོན་པ་གཤེན་རབ་ཀྱི་སྤྲུལ་པ་ཡིན་ཏེ་བོན་པོའི་ཆོས་ལ་དགའ་མཁན་ཚོར་བོན་སྟོན་པ་གཤེན་རབ་ལ་སྤྲུལ་ནས་ཆོས་བསྟན་པ་དང༌། སངས་རྒྱས་ཀྱི་ཆོས་ལ་དགའ་མཁན་ཚོར་སངས་རྒྱས་ཤཱཀྱ་མུ་ནེར་སྤྲུལ་ཏེ་ཆོས་བསྟན་པ་ཡིན་ཟེར། བོན་པོའི་ལོ་རྒྱུས་ནང་དེ་འདྲ་ཡོད་པ་རེད། དེར་བརྟེན་ཤཱཀྱ་མུ་ནེའི་སྐོར་གཤམ་དུ་སངས་རྒྱས་ཆོས་ལུགས་ཀྱི་ས་བཅད་ན་གཟིགས་ན་འགྲིག

འཇུག་པ་བཅུ་པ། རིགས་ལྡན་ནི་ཤམ་བྷ་ལའི་རྒྱལ་པོའི་སྤྱི་མིང་སྟེ། དྲང་སྲོང་ཉི་མའི་ཤིང་རྟ་ལ་སོགས་པའི་ཚངས་པའི་དྲང་སྲོང་རྡོ་རྗེའི་རིགས་གཅིག་ཏུ་མཛད་ནས་ཐོག་མ་འཇམ་དཔལ་གྲགས་པ་ལ་རིགས་ལྡན་ཞེས་མཚན་གསོལ་བ་དེ་ནས་བཟུང་རིམ་བཞིན་རིགས་ལྡན་ཉེར་ལྔ་བྱོན། མུ་སྟེགས་གྲངས་ཅན་པའི་བཤད་སྟངས་ལྟར་ན་མ་འོངས་པར་འཛམ་བུ་གླིང་དུ་ཆོས་ལུགས་ཡིན་ན་མུ་སྟེགས་པའི་ཆོས་ལུགས་མ་གཏོགས་གཞན་མེད་པ་དང༌། རྒྱལ་པོ་ཡང་གཅིག་སྟེ་མུ་སྟེགས་པའི་རྒྱལ་པོ་མ་གཏོགས་མེད་པར་རྒྱལ་ཁབ་གཅིག་དང་ཆོས་ལུགས་གཅིག་ཆགས་ཀྱི་རེད་ཟེར་བ་དང༌། སངས་རྒྱས་ཆོས་ལུགས་ཀྱི་དུས་འཁོར་ལུགས་ཀྱི་བཤད་ཚུལ་ལྟར་ན་ད་ལྟ་བོད་ཀྱི་རབ་བྱུང་བཅུ་དྲུག་པའི་ལོ་ལྔ་བཅུ་ང་དྲུག་ཡིན་པ་དང༌། རྗེས་མ་རབ་བྱུང་ཉི་ཤུ་རྩ་གསུམ་པའི་དཀྱིལ་ལ་ཤམ་བྷ་ལར་རིགས་ལྡན་ཉི་ཤུ་རྩ་ལྔ་པ་དྲག་པོ་འཁོར་ལོ་ཅན་བྱོན་པར་བཤད། སངས་རྒྱས་ཆོས་ལུགས་ཀྱི་དུས་འཁོར་ལ་ཕྱི་དུས་ཀྱི་འཁོར་ལོ་དང་ནང་དུས་ཀྱི་འཁོར་ལོ་གཉིས་ལས། ཕྱི་དུས་ཀྱི་འཁོར་ལོ་ནི་ཕྱི་རོལ་ཡུལ་གྱི་རང་བྱུང་ཁམས་ཀྱི་སའི་གོ་ལ་དང༌། ཉི་མ། ཟླ་བ། སྐར་མ་སོགས་ལ་ཆུ་ཚོད་ནང་བཞིན་འགུལ་བསྐྱོད་བྱེད་ཐབས་ངེས་གཏན་ཞིག་ཡོད་པ་དེ་ལ་ཟེར་བ་དང༌། ནང་དུས་ཀྱི་འཁོར་ལོ་ནི་མིའི་གཟུགས་པོའི་སྟེང་གི་རྩ་དང༌། ཁྲག རླུང༌། ཁམས་བཅས་ལ་ཡང་འགུལ་བསྐྱོད་བྱེད་སྟངས་ཀྱི་ཆོས་ཉིད་ངེས་གཏན་ཞིག་ཡོད་པ་དེ་ཡིན་ཏེ། དཔེར་ན་སྐྱེས་བུ་ནད་མེད་ཚད་ལྡན་ཞིག་ལ་ཆ་མཚོན་ན་ཟླ་བ་སོ་སོའི་ཟླ་སྟོད་ཟླ་སྨད་སོགས་དུས་ཚོད་ངེས་གཏན་ནང་རྩའི་ནང་རླུང་འགྲོ་ཕྱོགས་ཐད་གཏན་འཁེལ་བའི་ཆོས་ཉིད་ཅིག་ཡོད་པ་དང༌། མིའི་ལུས་པོ་ལ་ཆ་བཞག་ན་ཟླ་རེའི་ཚེས་པ་གཅིག་ནས་ཉི་མ་གསུམ་གསུམ་རེས་བསྐོར་བྱས་ཏེ་ཚེས་བཅོ་ལྔ་བར་གཏན་འཁེལ་བའི་ཆོས་ཉིད་གཅིག་ཡོད་པ། ཚེས་པ་བཅུ་དྲུག་ནས་གནམ་གང་བར་གོང་ལྟར་གཏན་འཁེལ་བའི་ཆོས་ཉིད་གཅིག་ཡོད་པ་དཔེར་ན་ཟླ་རེའི་ཚེས་གཅིག་གི་ཞོགས་པ་བོད་ཀྱི་ཆུ་ཚོད་དྲུག་པ་དང་པེ་ཅིང་ཆུ་ཚོད་བརྒྱད་པའི་སྐབས་ནས་མི་ཚོའི་སྣ་ཁུག་གཡས་པའི་ནང་ནས་དབུགས་འགྲོ་རྒྱུ་དེ་ཤུགས་ཆེ་བ་དང་སྣ་ཁུག་གཡོན་པའི་ནང་ནས་དབུགས་འགྲོ་རྒྱུ་དེ་ཤུགས་ཆུང་བ་ཡོང་བ་དེ་ཡང་ཞོགས་པའི་ཆུ་ཚོད་དྲུག་པ་དང༌། ཉིན་གུང་བཅུ་གཉིས། དགོང་དྲོའི་དྲུག་པ། ནམ་ཕྱེད་བཅུ་གཉིས་པ་སྟེ་ཉིན་རེའི་དུས་ཚིགས་བཞི་བརྒྱུད་ཚེས་བཞིའི་ཞོགས་པ་བར་ཉིན་ཞག་གསུམ་རིང་དེ་ལྟར་འགྱུར་བ་མེད་པ་དང༌། དེ་ནས་ཚེས་པ་བཞི་ནས་དྲུག་བར་ཉིན་གསུམ་རིང་བོད་ཀྱི་ཞོགས་པའི་ཆུ་ཚོད་དྲུག་པ་དང༌། ཉིན་གུང་བཅུ་གཉིས། དགོང་དྲོ་དྲུག་པ། ནམ་ཕྱེད་ཀྱི་བཅུ་གཉིས་པ་དེ་རྣམས་ལ་གཡོན་པ་ཤུགས་ཆེ་བ་དང་གཡས་པ་ཤུགས་ཆུང་བ་ཡོད། ཡང་ཚེས་བདུན་ནས་ཉིན་གསུམ་རིང་གོང་གསལ་ཆུ་ཚོད་ལྟར་སྣ་ཁུག་གཡས་པ་ཤུགས་ཆེ་བ་དང་གཡོན་པ་ཤུགས་ཆུང་བ་སྟེ། ཚེས་བཅོ་ལྔ་བར་དུ་ཉིན་ཞག་གསུམ་རེས་མོས་ཀྱིས་འགྲོ་བ་དང༌། དེ་ལྟར་ཚེས་བཅུ་དྲུག་ནས་ཉིན་ཞག་གསུམ་རིང་གོང་གསལ་དུས་ཚིགས་བཞི་པོ་ཁག་སོ་སོར་གཡོན་པ་ཤུགས་ཆེ་བ་དང་གཡས་པ་ཤུགས་ཆུང་བ་ཡོད། ཚེས་བཅུ་དགུ་ནས་ཉིན་ཞག་གསུམ་རེ་བྱས་ཏེ་ཚེས་སུམ་ཅུ་བར་རེས་འཁོར་གྱིས་དེ་ལ་གཏན་འཁེལ་བའི་ཆོས་ཉིད་ཅིག་ཡོད། ཆོས་ཉིད་དེ་ལས་ལྡོག་སྟེ་གཡས་པ་ཤུགས་ཆེ་བ་འགྲོ་དགོས་དུས་གཡོན་པ་ཤུགས་ཆེ་བ་འགྲོ་བ་སོགས་བྱས་ཚེ་ན་ཚ་ཡོད་པའི་རྟགས་སམ་ཡང་ན་འཆི་རྟགས་ཡིན། དབུགས་འགྲོ་སྟངས་ཀྱི་ཐོག་ནས་ག་དུས་འཆི་མིན་བརྟག་དཔྱད་བྱས་ཚེ་ཧ་ཅང་ཐིག་པོ་ཡོད། དཔེར་ན་དབུགས་འགྲོ་སྟངས་དེ་རྒྱུན་ལྡན་ལྟར་མ་ཡིན་པར་ཤུགས་ཆེ་བ་དགོས་དུས་ཆུང་དྲགས་པ་དང༌། ཆུང་བ་དགོས་དུས་ཆེ་དྲགས་ནས་གཟའ་འཁོར་གཅིག་ཕྱིན་ན་ལོ་གཅིག་ནས་ཤི་གི་རེད་ཟེར། གཞན་ཡང་ད་དུང་ཟླ་བ་ལ་ཆ་བཞག་ན་ཚེས་པ་གཅིག་ལ་ཟླ་བ་མཐོང་རྒྱུ་མེད་པ་དང༌། ཚེས་པ་གཉིས་ལ་མིག་སྤུ་ཙམ། དེ་ནས་ཉིན་བཞིན་གསལ་དུ་ཕྱིན་ཏེ་ཚེས་བཅོ་ལྔ་ལ་ཆ་ཚང་ཞིག་མཐོང་བ་དང༌། ཚེས་བཅུ་དྲུག་ནས་རིམ་བཞིན་མར་ཆུང་དུ་ཕྱིན་ནས་ཚེས་ཉི་ཤུ་དགུ་ལ་མིག་སྤུ་ཙམ་ཞིག་མཐོང་བ་དང་ཚེས་སུམ་ཅུ་ལ་མཐོང་རྒྱུ་མེད་པ་སོགས་ཕྱི་རོལ་ཡུལ་གྱི་ཉི་ཟླ་སྐར་གསུམ་ཚང་མར་འཁོར་བསྐྱོད་བྱེད་སྟངས་ཀྱི་ཆོས་ཉིད་གཅིག་ཡོད་པ་དང༌། ཆོས་ཉིད་དེ་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་དངོས་པོ་འཕེལ་རྒྱས་སུ་འགྲོ་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས་ང་རང་ཚོ་མིའི་ལུས་པོ་དེའང་དེ་དང་འབྲེལ་བ་ཡོད་པར་བརྟེན་ཕྱི་རོལ་ཡུལ་གྱི་དངོས་པོའི་འགུལ་བསྐྱོད་ལ་ཆོས་ཉིད་ངེས་གཏན་ཞིག་ཡོད་པ་ལྟར་མིའི་ལུས་པོ་ལའང་དབུགས་ཀྱི་འགྲོ་སྟངས་དང༌། འགུལ་སྐྱོད་བྱེད་སྟངས། རྩ་རེ་རེའི་ནང་ལ་ཁྲག་དང་ཁུ་བ་འགྲོ་སྟངས་བཅས་ལ་གཏན་འཁེལ་བའི་ཆོས་ཉིད་ཅིག་ཡོད། དེར་བརྟེན་དུས་ཚོད་ཏག་ཏག་ལ་ཆོས་ཉིད་ཡོད་པའི་ཐོག་ནས་འཁོར་བསྐྱོད་བྱེད་ཀྱི་ཡོད་སྟབས་དུས་འཁོར་ཞེས་བཏགས་པ་དང༌། དེ་ཡང་ཕྱི་དུས་ཀྱི་འཁོར་ལོ་དང་ནང་དུས་ཀྱི་འཁོར་ལོ་ཞེས་གཉིས་སུ་དབྱེ་ཡོད། ཁྱབ་འཇུག་གི་འཇུག་པ་བཅུའི་སྐོར་རྒྱས་པ་གཟིགས་འདོད་ན་སྡེ་དགེ་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་མཛད་པའི་<<ཁྱབ་འཇུག་གི་འཇུག་པ་བཅུའི་རྣམ་བཤད་>>དང༌། <<ཁམས་སྤྲུལ་སྙན་འགྲེལ་>> ཀུན་མཁྱེན་འཇམ་དབྱངས་བཞད་པས་མཛད་པའི་<<གྲུབ་མཐའ་ཆེན་མོ་>>ལེའུ་ལྔ་པ། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་<<ལྷ་ཆེན་པོ་ཁྱབ་འཇུག་གི་འཇུག་པ་བཅུའི་གཏམ་རྒྱ་བལ་མཁས་པའི་ངག་རྒྱུན་གངས་ཅན་རྣ་བའི་བདུད་རྩི་>>སོགས་ལ་གཟིགས།

དུས་འཁོར་སྐོར་དཔེ་ཆའི་ནང་བཤད་སྲོལ་ལྟར་ན། དུས་འཁོར་གྱི་ཆོས་འདི་ཐོག་མ་རྒྱ་གར་དུ་དར་ཞིང་དེ་ནས་བོད་དུ་དར་བ་ཡིན། རྒྱ་གར་དུ་དར་བའི་ཚུལ་ལ་སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་འདྲ་མིན་གཉིས་ཡོད་དེ། གཅིག་ནི་སྟོན་པ་སངས་རྒྱས་པའི་ལོ་དེའི་ཕྱི་ལོ་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་གསུངས་པ་ཡིན་ཟེར་བ་དང༌། གཅིག་ཤོས་ནི་སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་སྔོན་གྱི་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་གསུངས་པ་ཡིན་ཟེར་བ་དེ་རེད། བོད་ཀྱི་མཁས་པ་མང་ཆེ་བས་བཤད་སྲོལ་སྔ་མ་དེ་ཁས་ལེན་བྱེད་ཀྱི་ཡོད། དུས་འཁོར་གྱི་ནང་དོན་ནི་ཕྱི་འཇིག་རྟེན་ཁམས་ཀྱི་ཉི་ཟླ་རྒྱུ་སྐར་སོགས་ཀྱི་འཁོར་ཚུལ་རྣམས་ནང་དུ་མི་ཡི་ལུས་ཀྱི་འབྱུང་བ་ལྔ་དང་རྩ་རླུང་ཐིག་ལེ་བཅས་ཀྱི་ཆགས་ཚུལ་ངེས་ཅན་ཡོད་པ་དང་ཟུང་འབྲེལ་བྱས་ནས་གསང་སྔགས་ཀྱི་ལམ་སྒོམ་ཚུལ་བཤད་པ་ཞིག་ཡིན། དུས་འཁོར་གྱི་ཆོས་འདི་བོད་དུ་ཐོག་མར་དར་བའི་དུས་ཚོད་སྐོར་ལ་བཤད་ཚུལ་སྣ་ཚོགས་ཡོད་ཀྱང་བོད་ཀྱི་ལོ་རྒྱུས་མཁས་པ་མང་པོ་ཞིག་གིས་གསུངས་པ་ལྟར་ན་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ལུགས་ཀྱི་སངས་རྒྱས་འདས་ལོ་(༡༡༧༡)བོད་མེ་ཡོས་(༡༠༢༧)ལོ་ལ་གྱི་ཇོ་ལོ་ཙཱ་བས་བོད་དུ་ཐོག་མར་དར་སྤེལ་བཏང་བ་དང་དུས་མཚུངས་མུ་སྟེགས་པའི་བྱེད་རྩིས་ལུགས་ཀྱི་མེ་མཁའ་རྒྱ་མཚོའི་འདས་ལོ་(༤༠༣)ལོ་གྲངས་རྫོགས་པ་ཡིན་པས་མེ་ཡོས་ལོ་དེ་ལོ་འགོར་རྩིས་ནས་རབ་བྱུང་སྐོར་གཅིག་འགོ་ཚུགས་པའི་རྩིས་སྲོལ་དར་བ་ཡིན། དུས་འཁོར་ལུགས་ལས་ཤམ་བྷ་ལའི་ཡུལ་ཞེས་པ་དེར་བོད་སྐད་དུ་བདེ་འབྱུང་འཛིན་ཟེར་ཞེས་<<ཐུའུ་བཀྭན་གྲུབ་མཐའ་>>ལེ་ཚན་བཅུ་གཉིས་པའི་ནང་འཁོད་ཅིང༌། ཡུལ་དེ་གང་དུ་ཡོད་མེད་ནི་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ་<<ཉ>>པའི་ནང་<<གྲུབ་པའི་གནས་ཆེན་པོ་ཤམ་བྷ་ལའི་རྣམ་བཤད་>>ཅེས་པའི་ནང“རྒྱ་གར་དང༌། བོད་དང༌། ལི་ཡུལ་དང༌། རྒྱ་ནག་དང༌། རྒྱ་ནག་ཆེན་པོ་དང༌། ཀཻ་ལ་ཤའི་དུམ་བུ་དྲུག་ཏུ་བྱས་པའི་དྲུག་པ་ཀཻ་ལ་ཤའི་དུམ་བུ་དེ་ལ་ཕྱེད་དུ་བགོས་པའི་གཡས་ཕྱེད་མ། རྒྱབ་རི་རྒྱལ་ལྷུན་པོའི་ངོས་ལ་བསྟན་ཅིང༌། མདུན་ཆུ་བོ་སི་ཏའི་ཕྱོགས་ལ་བསྟན་པ་དེ་ཡིན་པར”གསུངས་ཀྱང་དེང་སང་གི་ས་བཀྲའི་ཐོག་ནས་ངོས་འཛིན་རྒྱུ་མི་སྣང༌། གཞན་ཡང་ད་དུང་སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆའི་ནང་གསལ་བར་གཞིགས་ན། རབ་བྱུང་ཉེར་གསུམ་པའི་ནང་ཤམ་བྷ་ལའི་རྒྱལ་པོ་ཉི་ཤུ་རྩ་ལྔ་པའི་སྐབས་སུ་རྒྱ་གར་བྱང་ཕྱོགས་ཀྱི་མཚོ་ནག་པོ་ཡོད་སའི་ས་ཁུལ་དེ་ལ་ཀླ་ཀློའི་རྒྱལ་ཁབ་སྟོབས་ཆེན་ཞིག་ཡོང་རྒྱུ་ཡིན་པ་དང༌། རྒྱལ་ཁབ་དེས་འཛམ་གླིང་གི་ས་ཁུལ་ཚང་མ་དབང་དུ་བསྡུས་ཐོག་སངས་རྒྱས་ཆོས་ལུགས་རྩ་བ་ནས་མེད་པ་བཟོ་རྒྱུ་ཡིན་གཤིས། སྐབས་དེར་ཤམ་བྷ་ལའི་རྒྱལ་པོ་རིགས་ལྡན་ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་གྱིས་དམག་འཁྲིད་ནས་ཀླ་ཀློའི་དཔུང་ཚོགས་གཏོར་ཏེ་(དེང་སང་ཐུར་ཆི་ཟེར་བའི་རྒྱལ་ཁབ་འདི་ཡོད་སའི་ས་ཁུལ་དུ་དམག་རྒྱག་སའི་ལྟེ་བ་ཞིག་འཁེལ་གྱི་ཡོད་ཟེར་)འཛམ་བུ་གླིང་ནང་ཆོས་ལུགས་གཅིག་ལས་མེད་པ་སངས་རྒྱས་ཆོས་ལུགས་དང༌། རྒྱལ་ཁབ་གཅིག་ལས་མེད་པ་དེ་ཤམ་བྷ་ལའི་རྒྱལ་ཁབ་ཡིན་ཞེས་བཤད་ཡོད།

སངས་རྒྱས་ཆོས་ལུགས་ནང་ཀླ་ཀློ་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་གྱི་ཡོད་དམ་ཞེ་ན། ཀླ་ཀློ་ཟེར་བ་དེ་ཕ་མ་བུ་ཕྲུག་བར་བཟའ་ཚང་གི་འབྲེལ་བ་ཁས་ལེན་མཁན། གུས་ཞབས་མེད་པ། ཡ་རབས་ཀྱི་སྤྱོད་བཟང་མི་ལྡན་པ། སེམས་ཅན་ཁྲི་ཕྲག་དུ་མ་གསོད་པར་ཡ་ང་སྙིང་རྗེ་མེད་པ་སོགས་ལ་ཟེར་གྱི་ཡོད་ཅིང༌། དེ་ཡང་ཀླ་ཀློ་དང་ཀླ་ཀློའི་དཔུང་ཚོགས་ཟེར་བའི་མིང་ཚིག་དེ་དག་སྔ་དུས་ནས་ཡོད་པ་ལས་དུས་ཕྱིས་གསར་བཟོ་བྱས་པ་མིན་ལ་ཆོས་ལུགས་ཚོགས་པ་གཞན་ལ་དམིགས་པ་ནི་དེ་བས་མ་ཡིན་པས་དེ་འདྲའི་གུ་དོག་བྱ་དགོས་དོན་གཏན་ནས་མེད།

མུ་སྟེགས་ཁྱབ་འཇུག་པ་དེས་ཕག་པ་ལྷའི་སྤྲུལ་པ་ཡིན་པར་ཁས་ལེན་གྱི་ཡོད། སངས་རྒྱས་ཆོས་ལུགས་ནང་སྤྱིར་ན་ཤ་ཟ་མི་ཆོག་པ་མིན། ཡིན་ནའང་ཤའི་ནང་ནས་ཟ་མི་ཆོག་པ་ནི། མི་ཤ་ཟ་མཁན་གཅན་གཟན་གྱི་ཤ་དང་མི་ཤ་ཟ་མཁན་བྱ་ཡི་ཤ་ཟ་གི་མེད། ཡང་སངས་རྒྱས་ཆོས་ལུགས་ནང་ལ་ཤ་ངེས་པར་ཟ་དགོས་པ་ཞིག་མིན་ལ་ཤ་གཏན་ནས་ཟ་མི་ཆོག་པ་ཡང་མིན། ཁ་ཤས་མི་ཚེ་གཅིག་ལ་དམར་སྤངས་ཏེ་འོ་མ་དང་མངར་ཆ་ལ་སོགས་པ་མ་གཏོགས་ཤ་རྩ་བ་ནས་མ་ཟས་ནའང་གཟུགས་པོ་ཐང་པོ་དང་ཚེ་རིང་པོ་སྡོད་མཁན་མང་པོ་ཡོད། ཐེག་པ་ཆེན་པོའི་ཆོས་བྱེད་མཁན་གྱི་ནང་ལ་ཤ་ཟ་མཁན་དང་མི་ཟ་མཁན་གཉིས་ཡོད། ཐེག་པ་ཆུང་ངུའི་ནང་དཔེར་ན་དེང་སང་གི་ཀམ་པུ་ཙ་དང༌། འབར་མ་སོགས་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ཁ་ཤས་ལ་ཡོད་པའི་སངས་རྒྱས་ཆོས་ལུགས་པ་དེ་ཚོས་ཐེག་པ་ཆུང་ངུའི་ཆོས་བྱེད་ཀྱི་ཡོད་པ་དང༌། ཁོ་ཚོའི་ནང་མང་ཆེ་བས་ཤ་ཟ་གི་མེད། དེང་སང་ཕྱི་རྒྱལ་གྱི་མི་འགའ་ཞིག་གིས་བོད་ཀྱི་ཆོས་པ་ཚོས་ཤ་ཟ་གི་ཡོད་སྟབས་སངས་རྒྱས་ཆོས་ལུགས་ངོ་མ་མ་རེད་ཅེས་བཤད་ཀྱི་ཡོད་ཀྱང་སངས་རྒྱས་ཆོས་ལུགས་ཀྱི་ནང་ལ་ཤ་རྩ་བ་ནས་ཟ་ཆོག་གི་མ་རེད་ཅེས་བཤད་མེད། དེ་ཡང་ཉ་ཕག་སྒོང་གསུམ་སྤོང་ཐུབ་ན་ཡག་ཤོས་ཡིན་ཏེ། དཔེར་ན་མུ་ཏིག་བདུན་ཅུ་ཟེར་བའི་སྨན་དེ་མ་བཏང་གོང་ཉི་མ་བདུན་གཅིག་ཉ་ཕག་སྒོང་གསུམ་དང་ལུག་གི་རྩིབ་མའི་བར་གྱི་ཤ་ཟས་ན་སྨན་བཏང་བ་དེའི་ནུས་པ་ཐོན་གྱི་མེད་ལ་སྨན་བཏང་ཚར་རྗེས་ལྷ་རབ་བྱུང་ན་ཉི་མ་བདུན་ནམ་ཞག་གསུམ་གྱི་རིང་ལ་ཉ་ཕག་སྒོང་གསུམ་དང་ལུག་གི་རྩིབ་མའི་བར་གྱི་ཤ་ཟ་རྒྱུ་མེད་ཅིང༌། དེ་ལྟར་བྱས་ཚེ་སྨན་གྱི་ནུས་པ་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད། མུ་སྟེགས་པའི་ལྟ་བ་དེ་ལ་སངས་རྒྱས་ཆོས་ལུགས་ཀྱིས་དགག་པ་གང་འདྲ་བརྒྱབ་མིན་སྐོར་དེ་ཚད་མ་རྣམ་འགྲེལ་གྱི་གཞུང་ནང་གསལ་པོ་ཡོད།

 

བཞི་པ། མུ་སྟེགས་སྤྱོད་པ་བ།

 

དེའི་སློབ་དཔོན་ནི་རྒྱལ་དཔོག་པ་ཟེར་བ་དེ་ཡིན་པས། སློབ་དཔོན་དེའི་རྗེས་འབྲངས་པ་ཡིན་པས་མུ་སྟེགས་པའི་གྲུབ་མཐའ་དེའི་མིང་ལ་རྒྱལ་དཔོག་པ་ཞེས་བརྗོད། མུ་སྟེགས་པ་དེས་ལྷ་ཡོད་པར་ཁས་ལེན་གྱི་ཡོད་དམ་ཡང་ན་ལྷ་མེད་པར་ཁས་ལེན་གྱི་ཡོད་སྐོར་ལྟ་བ་གསལ་པོ་དེ་ཙམ་མེད་ནའང་དེའི་གྲུབ་མཐའི་ཐོག་གི་བཤད་སྟངས་ལ་བརྟག་དཔྱད་བྱས་ཚེ་ཕལ་ཆེར་ལྷ་མེད་པར་ཁས་ལེན་མཁན་ཡིན་བཟོ་ཡོད་པ་རེད། གང་ཡིན་ཞེ་ན་དེའི་ལྟ་བའི་ནང་ལྷ་ཟེར་བའམ་ལྷ་ཡོད་དང་མེད་སྐོར་གྱི་སྐད་ཆ་རྩ་བ་ནས་མེད། དེའི་ལྟ་བ་གཙོ་བོ་དེ་ནི་གང་ཟག་གི་བདག་ཟེར་བ་དེ་སོ་སོའི་བསམ་བློའི་ངོ་བོ་ཡིན་པ་དང༌། ཤེས་རྟོགས་བྱེད་ཐུབ་པའི་ནུས་པ་ཡོད་པ་ཞིག་ཡིན་པ་ལས་བེམ་པོ་མ་ཡིན་པ་(འདིར་བེམ་པོ་ཟེར་བ་ནི་སེམས་མེད་པའི་དངོས་པོ་ལ་གོ་དགོས་)དུས་རྟག་ཏུ་གནས་པ་རྟག་པ་ཡིན་པ། དེ་ལ་གྲོགས་གཞན་མི་དགོས་པར་ཁེར་རྐྱང་དུ་གནས་ཐུབ་པ། ཕྱོགས་བཞི་མཚམས་བརྒྱད་ཀྱི་དབྱེ་བ་མེད་པ། དུས་གསུམ་གྱི་ཆ་ཤས་མེད་པ་བཅས་ཡིན་ཟེར། དེས་དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་པ་ཟེར་བ་ཞིག་བཤད་ཀྱི་ཡོད་ཅིང་(སྐབས་འདིར་དྲི་མ་ཟེར་བ་དེ་སྐྱོན་ལ་གོ་དགོས་)དེའི་གོ་དོན་ནི་མི་སོ་སོའི་སྐྱོན་ཟེར་བ་དེ་སོ་སོའི་སེམས་ཀྱི་རང་བཞིན་དང་མཉམ་དུ་འདྲེས་བསྡད་ཡོད་སྟབས་སོ་སོ་ལ་ཡོད་སྐྱོན་དེ་མེད་པ་བཟོ་ཐུབ་ཐབས་མེད་པར་བརྟེན་ཉེས་ཟད་ཀྱི་སྐྱེས་བུ་སྟེ་ཉེས་པ་ཐམས་ཅད་སྤངས་པའི་སྐྱེས་བུ་ཟེར་བ་མེད་ཟེར། གཞན་ཡང་ཤེས་དགོས་རྒྱུའི་ཤེས་བྱའི་རྣམ་གྲངས་ལ་མཐའ་དང་མུ་མེད་པས་ཤེས་བྱ་ཚང་མ་ཤེས་པའི་ཐམས་ཅད་མཁྱེན་པའམ་ཀུན་མཁྱེན་ཟེར་བ་མེད་ཅེས་བཤད་ཀྱི་ཡོད། སངས་རྒྱས་ཆོས་ལུགས་ཀྱི་ལྟ་བའི་ཐོག་ནས་བཤད་ན་མི་སོ་སོའི་སྐྱོན་ཟེར་བ་དེ་སོ་སོའི་སེམས་དང་འདྲེས་བསྡད་པ་ཞིག་མ་ཡིན་པར་སེམས་ཟེར་བ་དེ་སྣམ་བུ་དཀར་པོ་དྲི་མ་མ་གོས་པ་ཞིག་ལ་ཕྱི་ནས་དྲེགས་པ་འགོས་པ་ལྟར་སྐྱོན་དེ་ཡང་ཕྱི་ནས་འགོས་པ་ལྟ་བུ་ཞིག་སྟེ་གང་ཡིན་ཟེར་ན་སྐྱོན་ཐམས་ཅད་ཀྱི་རྩ་བ་ནི་རང་གཙོ་བོར་འཛིན་པའི་སྒེར་སེམས་དེ་ལས་བྱུང་བ་དཔེར་ན། སྒེར་སེམས་ཡོད་པའི་རྗེས་སུ་འདོད་ཆགས། ཞེ་སྡང༌། གཏི་མུག ང་རྒྱལ། ཕྲག་དོག སེར་སྣ་ལ་སོགས་པ་ཚང་མ་ཡོང་གི་ཡོད་པ་དང༌། སྒེར་སེམས་མེད་པའི་མི་ལ་བྱ་སྤྱོད་ངན་པ་ཡོང་རྒྱུ་མེད་ལ་སྐྱོན་ཡང་ཡོང་དོན་མེད་པས་སྐྱོན་ཐམས་ཅད་སྤངས་པའི་སྐྱེས་བུ་དམ་པ་ཟེར་བ་ཡོད་ལ། ཡོན་ཏན་ཚང་མ་ཤེས་པའི་ཐམས་ཅད་མཁྱེན་པ་ཟེར་བའང་ཡོད་ཟེར་བར་བརྟེན་བཤད་སྟངས་དེ་གཉིས་ཕན་ཚུན་བསྡུར་ནས་སྐྱེས་བུ་དམ་པ་ཟེར་བ་དེ་ཡོད་མེད་དང༌། སྐྱོན་རྩ་བ་ནས་མེད་པའི་མི་ཡོད་མེད། སྐྱོན་ཚང་མ་སྤངས་པ་དང་ཡོན་ཏན་ཚང་མ་ཤེས་པ་ཟེར་བ་དེ་གཉིས་བར་འབྲེལ་བ་གང་འདྲ་ཡོད་མེད། སྐྱོན་ཟེར་བ་དེ་དང་རང་གཙོ་བོ་བྱེད་རྒྱུའི་སྒེར་སེམས་དེ་གཉིས་བར་འབྲེལ་བ་གང་འདྲ་ཡོད་མེད་སོགས་ལ་ཉམས་ཞིབ་ནན་པོ་བྱས་ཚེ་བསམ་བློ་རྒྱ་ཆེན་པོ་གཏོང་རྒྱུ་ཡོད་པ་མ་ཟད། ཤེས་རྒྱ་ཆེ་རུ་འགྲོ་རྒྱུ་དང་དེ་བཞིན་དེ་སྔ་དཔེ་ཆ་བསླབས་པ་དེ་དག་ལ་ཡང་བསྐྱར་སྦྱོང་ཡག་པོ་ཞིག་ཡོང་གི་རེད། མུ་སྟེགས་པ་དེས་ཚད་མ་ལ་དྲུག་ཁས་ལེན་གྱི་ཡོད་པ་དང༌། དེའི་ལྟ་བ་ལ་སངས་རྒྱས་ཆོས་ལུགས་ཀྱིས་དགག་པ་གང་འདྲ་བརྒྱབ་ཡོད་མེད་ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོ་དང་གཉིས་པའི་ནང་གསལ་པོ་ཡོད།

 

ལྔ་པ། མུ་སྟེགས་དབང་ཕྱུག་པ།

 

ལྷ་དབང་ཕྱུག་ཆེན་པོ་ཁས་བླངས་སྟབས་དབང་ཕྱུག་པ་ཞེས་བཏགས། མུ་སྟེགས་པའི་གྲུབ་མཐའ་འདིའི་སློབ་དཔོན་དྲང་སྲོང་རྐང་མིག་པ་ཟེར་བ་དེ་ཡིན། རྐང་མིག་པ་ཟེར་བའི་རྒྱུ་མཚན་ནི་དྲང་སྲོང་དེས་རྐང་པ་ལ་མིག་བལྟས་ཏེ་བསྡད་ནས་སེམས་རྩ་བ་ནས་མ་གཡེང་བ་བྱས་པ་ཡིན་སྟབས་རྐང་མིག་པ་ཞེས་བརྗོད་པ་ལས་རྐང་པ་ལ་མིག་ཡོད་པའི་དོན་མིན། མུ་སྟེགས་དབང་ཕྱུག་པ་དེ་ལ་ནང་གསེས་དབྱེ་ན་གཉིས་ཡོད་པ་སྟེ། གསལ་བྱེད་པ་དང་རྣ་བ་མ་ཕུག་པ་གཉིས་ཡིན། (རྣ་བ་མ་ཕུག་པ་ཟེར་བ་ནི་ཨམ་ཅོག་ལ་ཨི་ཁུང་དང་ཨ་ལོང་སོགས་མེད་པའི་དོན་ཡིན་)དེས་ལྷ་དབང་ཕྱུག་ཆེན་པོ་ལྷ་ཡིན་པར་ཁས་བླངས་ནས་ལྷ་དབང་ཕྱུག་ཆེན་པོ་དེ་ལྷ་མོ་ཨུ་མ་དང༌། སྲས་ཚོགས་བདག་(ཚོགས་བདག་ཟེར་བ་དེ་ལུས་པོ་མི་ཡིན་པ་ལ་མགོ་བོ་གླང་ཆེན་ཡིན་པ་ལག་པ་དྲུག་ཡོད་པ་ཞིག་ཡོད་)གཞོན་ནུ་གདོང་དྲུག་(གདོང་དྲུག་ཡོད་པ་ཞིག་)འཁོར་སྟོང་ཕྲག་གིས་བསྐོར་ཏེ་གངས་རི་ཆེན་པོ་ཏི་སེ་(དེང་སང་སྟོད་གངས་རིན་པོ་ཆེ་ཟེར་)ལ་གནས་ཡོད་ཟེར། མུ་སྟེགས་དབང་ཕྱུག་པས་ལྷ་དབང་ཕྱུག་ཆེན་པོ་དེ་ཡོན་ཏན་བརྒྱད་དང་ལྡན་པ་ཞིག་བཤད་ཡོད་པ་སྟེ། ཕྲ་བའི་ཡོན་ཏན། ཡང་བའི་ཡོན་ཏན། བདག་པོ་ཡིན་པའི་ཡོན་ཏན། དབང་དུ་འགྱུར་བའི་ཡོན་ཏན། གར་ཡང་ཁྱབ་པའི་ཡོན་ཏན། མཆོད་འོས་སུ་གྱུར་པའི་ཡོན་ཏན། སྡོད་སྐུམ་ལྡན་པའི་ཡོན་ཏན་(གང་ལ་གང་བགྲོད་ཀྱི་རང་དབང་ཡོད་པ་) དགའ་མགུར་གནས་པའི་ཡོན་ཏན་བཅས་ཏེ། ཡོན་ཏན་བརྒྱད་ཟེར།

དེ་ཡང་དང་པོ། ཕྲ་བའི་ཡོན་ཏན་ཟེར་བའི་གོ་དོན་ནི་ལྷ་དབང་ཕྱུག་ཆེན་པོ་དེ་འཇིག་རྟེན་ཁམས་ཀྱི་སྲོག་ཆགས་ཚང་མ་དང་པོ་སྐྱེ་བ་དང༌། བར་དུ་གནས་པ། ཐ་མ་འཇིག་པ་བཅས་ཚང་མ་བཀོད་སྒྲིག་བྱེད་མཁན་གྱི་བྱེད་པ་པོ་ཡིན་པ།

གཉིས་པ། ཡང་བའི་ཡོན་ཏན་ནི་ལྷ་དབང་ཕྱུག་ཆེན་པོ་ནི་འཇིག་རྟེན་ཁམས་སམ་རང་བྱུང་ཁམས་འདིའི་རྩྭ་དང་ཤིང་དང་ཆུ་དང་རི་ལ་སོགས་པ་ཚང་མ་དང་པོ་སྐྱེ་བ་དང༌། བར་དུ་གནས་པ། ཐ་མ་འཇིག་པ་བཅས་ཚང་མ་བཀོད་སྒྲིག་བྱེད་མཁན་གྱི་བྱེད་པ་པོ་ཡིན་པ།

གསུམ་པ། བདག་པོ་ཡིན་པའི་ཡོན་ཏན་ནི་ལྷ་དབང་ཕྱུག་ཆེན་པོ་དེ་འཇིག་རྟེན་ཁམས་འདིའི་ཐོག་རང་བྱུང་ཁམས་དང་སྲོག་ཆགས་དང་བཅས་པ་ཚང་མར་དབང་སྒྱུར་བྱེད་མཁན་གྱི་བདག་པོ་ཡིན་པ།

བཞི་པ། དབང་དུ་གྱུར་པའི་ཡོན་ཏན་ནི་ལྷ་དབང་ཕྱུག་ཆེན་པོ་དེ་འཇིག་རྟེན་ཁམས་འདིའི་ཐོག་སེམས་ཅན་ཉེས་པ་ཡོད་མཁན་ལ་ཁྲིམས་གཅོད་དང་ཚུལ་ལྡན་ཡ་རབས་དག་ལྷ་ཡུལ་དུ་འདྲེན་མཁན་ཁྲིམས་དཔོན་ལྟ་བུ་ཞིག་ཡིན་པ།

ལྔ་པ། གང་ཡང་ཁྱབ་པའི་ཡོན་ཏན་ནི་ལྷ་དབང་ཕྱུག་ཆེན་པོ་དེ་སེམས་པ་སླེབས་སར་ལུས་པོ་མཉམ་དུ་སླེབས་ཐུབ་པ་ལྟ་བུ་ཐོགས་པ་མེད་པར་གང་སར་ཁྱབ་ཐུབ་པ་ཞིག་ཡིན་པ།

དྲུག་པ། མཆོད་འོས་སུ་གྱུར་པའི་ཡོན་ཏན་ནི་ལྷ་འདྲེ་སོགས་ཚང་མས་མཆོད་པ་འབུལ་སའི་ཡུལ་ཡིན་པས་ལྷ་དབང་ཕྱུག་ཆེན་པོ་ལས་ལྷག་པའི་ལྷ་རྩ་བ་ནས་མེད་པ།

བདུན་པ། སྡོད་སྐུམ་ལྡན་པའི་ཡོན་ཏན་ནི་གང་ལ་གང་བགྲོད་ཀྱི་རང་དབང་ཐོབ་པ་དང༌། ལྷ་དབང་ཕྱུག་ཆེན་པོ་དེ་འཇིག་རྟེན་ཁམས་འདི་ཡི་ནང་གི་སྡུག་བསྔལ་དང༌། བདེ་བ་དང༌། བདེ་སྡུག་གང་ཡང་མ་ཡིན་པའི་བཏང་སྙོམས་ཚང་མ་བཀོད་སྒྲིག་བྱེད་མཁན་གྱི་བྱེད་པ་པོ་ཡིན་ནའང་ལྷ་དབང་ཕྱུག་ཆེན་པོ་རང་ཉིད་ལ་ཚུར་བདེ་བ་དང༌། སྡུག་བསྔལ། བདེ་སྡུག་གང་ཡང་མ་ཡིན་པའི་བཏང་སྙོམས་བཅས་གང་བྱུང་ཡང་ཁོ་རང་ལ་ཤུགས་རྐྱེན་གང་ཡང་ཐེབས་ཀྱི་མེད་སྟབས་སྡོད་སྐུམ་ལྡན་པའི་ཡོན་ཏན་ཏེ། གང་ལ་གང་འགྲོའི་རང་དབང་ཐོབ་པ་ཞིག་ཡིན་ཟེར།

བརྒྱད་པ། དགའ་མགུར་གནས་པའི་ཡོན་ཏན་ནི་ལྷ་དབང་ཕྱུག་ཆེན་པོའི་ལུས་པོ་དེ་སྲོག་ཆགས་དང་སྲོག་ཆགས་མ་ཡིན་པའི་དངོས་པོ་གང་འདྲ་ཞིག་ལ་སྤྲུལ་ན་ཡང་དེ་མ་ཉིད་དུ་སྤྲུལ་ཐུབ་པ་སྟེ་ནུས་པ་ཆེན་པོ་ཡོད་པ་ཞིག་ཡིན་ཟེར།

མུ་སྟེགས་དབང་ཕྱུག་གི་ལྟ་ཚུལ་གཞན་ཞིག་སྟེ། འཇིག་རྟེན་འདིའི་ཐོག་གི་དངོས་པོ་ཡོད་ཚད་ཚང་མ་ལྷ་དབང་ཕྱུག་ཆེན་པོས་བཀོད་སྒྲིག་བྱས་པ་ཤ་སྟག་ཡིན་པ་སྟེ། དཔེར་ན་འཇིག་རྟེན་དེའི་ཐོག་གི་རྒྱལ་པོ་དང༌། བློན་པོ། དེ་བཞིན་འབངས་མི་སེར་སོགས་ཀྱི་བདེ་བ་དང་སྡུག་བསྔལ་ཚང་མ་ལྷ་དབང་ཕྱུག་ཆེན་པོས་བཀོད་སྒྲིག་བྱས་པ་དང༌། ཁྲིམས་ཁང་ནང་གི་ཁྲིམས་དཔོན་དང་རྐུན་མ་སོགས་འཇིག་རྟེན་དེའི་ཐོག་གི་བྱ་ངན་སྤྱོད་ངན་ཚང་མ་ལྷ་དབང་ཕྱུག་ཆེན་པོས་བཀོད་སྒྲིག་བྱས་པ་ཞིག་ཡིན་པར་བརྟེན་ལྷ་དབང་ཕྱུག་ཆེན་པོ་ནི་ཚང་མ་ཤེས་མཁན་ཏེ་ཀུན་མཁྱེན་ཡིན་ཟེར། དེའི་ཐར་པ་ཐོབ་ཐབས་ནི་ལྷ་དབང་ཕྱུག་ཆེན་པོའི་ལིངྐ་(ལིངྐ་ཟེར་བ་ནི་སྐྱེས་པའི་དབང་པོ་ལ་གོ)ནས་དབང་ཞུས་རྗེས་སྒོམ་སྒྲུབ་བྱེད་དགོས་པ་དང༌། སྒོམ་སྒྲུབ་ཡག་པོ་བྱུང་ཡོད་མེད་ཚོད་ལྟ་བྱེད་སྐབས་མདུང་རྩེ་གསུམ་ཡོད་པ་ལ་དཀྱིལ་གྱི་རྩེ་དེ་ཡར་ཁ་ཐུག་ཡིན་པ་དང་གཡས་གཡོན་གཉིས་ཅུང་ཕྲེད་ལ་ཡིན་པ། རིང་ཐུང་སོ་སོའི་གཟུགས་པོའི་རིང་ཚད་དང་མཚུངས་པ་ཞིག་ས་ལ་བཙུགས་ཐོག་རང་ཉིད་ཁང་པ་ཐོག་བརྩེགས་དགུ་ཐོག་གི་རྩེ་ནས་མཆོངས་ཏེ་གཤམ་གྱི་མདུང་རྩེ་གསུམ་བྱས་པ་དེའི་རྩེ་དཀྱིལ་མ་དེ་སོ་སོའི་རྐུབ་ནས་ཡར་ཟུག་སྟེ་སྤྱི་གཙུག་གི་དཀྱིལ་ཏག་ཏག་རྟོལ་ཐུབ་པ་དང༌། མདུང་གི་རྩེ་གཡས་གཡོན་གཉིས་པོ་དེ་རྐང་མཐིལ་ནས་ཡར་ཟུག་སྟེ་དཔུང་པ་ནས་ཁ་ཐུག་རྟོལ་ཐུབ་ན་གཞི་ནས་ལྷ་དབང་ཕྱུག་ཆེན་པོ་སྒྲུབ་ནས་ཐར་པ་ཐོབ་པ་ཡིན་ཟེར། གཞན་ཡང་ད་དུང་མེ་ལྔ་བསྟེན་པ་ཟེར་བ་ཞིག་ཡོད། དེ་ནི་ཕྱོགས་བཞིར་ཤིང་ཙནྡན་ལ་མེ་སྦར་ཏེ་དེའི་དཀྱིལ་དུ་སོ་སོ་བསྡད་ཐོག་ཕྱོགས་བཞིར་མེ་དང་སྟེང་གི་ཉི་འོད་བཅས་མེ་ལྔའི་དཀྱིལ་དུ་རང་གི་ལུས་པོ་མེ་སྲེག་བཏང་སྟེ་ཆ་ཚང་མ་འཚིགས་བར་བསྡད་ནས་བཟོད་བསྲན་བྱེད་ཐུབ་ན་ཐར་པ་ཐོབ་པ་ཡིན་ཟེར། འདིར་ཡིན་གཅིག་མིན་གཅིག་ཤིང་ཙནྡན་གྱི་མེ་ཟེར་དགོས་པའི་རྒྱུ་མཚན་ནི་ཤིང་ཙནྡན་གྱི་མེ་དེ་ཤིན་ཏུ་ཚ་པོ་ཡོད། དཔེར་ན། <<མེ་ཡི་བསྟན་བཅོས་>>ནང་མེ་ཁག་བདུན་ལ་དབྱེ་ཡོད། <<ཆུ་ཡི་བསྟན་བཅོས་>>དང༌། <<ཤིང་གི་བསྟན་བཅོས་>><<ས་ཡི་བསྟན་བཅོས་>>སོགས་ཏེ་ས། ཆུ། མེ། རླུང༌། ནམ་མཁའ་བཅས་འབྱུང་བ་ལྔ་ཚང་མའི་བསྟན་བཅོས་ཡོད་པ་དེ་ཚོའི་ནང་དོན་ཕལ་ཆེ་བ་འདྲ་པོ་ཡོད་ཀྱང་དཔེ་འཇོག་སྟངས་མི་གཅིག་པ་དཔེར་ན་ཆུ་དང་ཤིང་གི་བསྟན་བཅོས་ནང་དཔེ་འཇོག་ས་ཚང་མ་ཆུ་དང་ཤིང་ཤ་སྟག་ཡིན་པ་དང༌། <<མེ་ཡི་བསྟན་བཅོས་>>ནང་ལ་དཔེ་འཇོག་ས་ཚང་མ་མེ་ཡིན་ལ། མེ་ཡང་རིགས་མི་འདྲ་བ་བདུན་བཤད་ཡོད་སྟེ། སྤྱིར་བཏང་གི་རྩྭ་དང་ཤིང་མེ་སྲེག་བཏང་བའི་མེ་དང༌། ལ་མ་མེ་སྲེག་བཏང་བའི་མེ། ཤིང་ཤག་པ་མེ་སྲེག་བཏང་བའི་མེ། འཚེར་མ་མེ་སྲེག་བཏང་བའི་མེ། ཤིང་ཙནྡན་མེ་སྲེག་བཏང་བའི་མེ། རྒྱ་མཚོའི་འགྲམ་གྱི་རྟའི་གདོང་མེ་(རྟའི་གདོང་གི་མེ་ཟེར་བ་ནི་རྒྱ་མཚོའི་འགྲམ་གྱི་གདོང་རྟ་ལྟ་བུའི་མེ་རི་ཆེན་པོ་འབར་བའི་མེ་)བསྐལ་པ་འཇིག་དུས་ཀྱི་མེ་བཅས་བདུན་པོ་ལ་ཟེར། བསྐལ་པ་འཇིག་དུས་ཀྱི་མེ་ཟེར་བ་ནི་འཇིག་རྟེན་ཁམས་ཀྱི་ཉི་མས་འཇིག་རྟེན་དེ་སྲེག་དགོས་དུས་ཉི་མའི་ཚ་དྲོད་དེ་ད་ལྟ་ལས་ལྡབ་བདུན་གྱིས་ཆེ་རུ་ཕྱིན་ནས་འཇིག་རྟེན་ཁམས་འདིའི་སྟེང་གི་དངོས་པོ་ཚང་མ་འཚིག་ཐུབ་ཀྱི་ཡོད་སྟབས་མེ་བདུན་གྱི་ནང་ལ་དང་པོ་ལས་གཉིས་པ་ཚ་བ་དང༌། གཉིས་པ་ལས་གསུམ་པ་ཚ་བ། གསུམ་པ་ལས་བཞི་པ་ཚ་བ་སྟེ་དེ་ལྟར་མེ་ཡི་ནང་ནས་ཚ་ཤོས་དེ་བསྐལ་པ་འཇིག་དུས་ཀྱི་མེ་རེད། དཔེར་ན་སྤྱིར་བཏང་གི་སོག་མ་མེ་སྲེག་བཏང་བའི་མེ་ལས་ལ་མ་མེ་སྲེག་བཏང་བའི་མེ་དེ་ཧ་ཅང་གིས་ཚ་བ་ཡོད་པ་དང༌། ལ་མ་མེ་སྲེག་བཏང་བའི་མེ་ལས་ཤིང་མེ་བསྲེགས་བཏང་བའི་མེ་དེ་ཚ་བ་ཡོད་པ། ཤིང་སྤྱིར་བཏང་མེ་སྲེག་བཏང་བའི་མེ་ལས་འཚེར་མ་མེར་སྲེག་བཏང་བའི་མེ་ཚ་བ་ཡོད་པ། འཚེར་མ་མེ་སྲེག་བཏང་བའི་མེ་ལས་ཤིང་ཙནྡན་གྱི་མེ་ཚ་བ་ཡོད་པ། ཙནྡན་གྱི་མེ་ལས་རྒྱ་མཚོའི་འགྲམ་གྱི་མེ་རི་འབར་བའི་མེ་ཚ་བ་ཡོད་པ། མེ་རི་འབར་བའི་མེ་ལས་བསྐལ་པ་འཇིག་དུས་ཀྱི་མེ་ཚ་བ་ཡོད་དེ་བསྐལ་པ་འཇིག་དུས་ཀྱི་མེ་དེ་རྒྱ་མཚོ་ཆེན་པོ་ཉི་མ་བདུན་གཅིག་ལ་སྐམ་གྱི་ཡོད་ཅེས་བཤད་ཡོད། དེར་བརྟེན་ཕྱོགས་བཞི་ལ་ཤིང་ཙནྡན་གྱི་མེ་དང་སྟེང་ནས་ཉི་མ་སྟེ་མེ་ལྔའི་ནང་སོ་སོའི་གཟུགས་པོ་མེ་སྲེག་བཏང་ནས་སྒོམ་བརྒྱབ་ན་ཐར་པ་ཐོབ་ཀྱི་རེད་ཟེར། སངས་རྒྱས་ཤཱཀྱ་མུ་ནེས་ཀྱང་ཐོག་མ་མུ་སྟེགས་པའི་ཆོས་གནང་ནས་ཉི་མ་རེ་ལ་འབྲུ་རྡོག་རེ་དང་ཆུ་ཐིགས་པ་རེ་ལ་བརྟེན་ནས་ལོ་དྲུག་དཀའ་བ་སྤྱད་དེ་ཐར་པ་ཐོབ་ཐབས་མཛད་ཡོད་ནའང་དེ་ལ་འབྲས་བུ་རྩ་བ་ནས་མ་བྱུང་སྟབས་མཐར་སངས་རྒྱས་ཆོས་ལུགས་དེ་གསར་གཏོད་གནང་བ་དང༌། སངས་རྒྱས་ཆོས་ལུགས་པའི་ལྟ་ཚུལ་ལྟར་ན། རང་གི་སྒེར་སེམས་སྤངས་ཏེ་ཐར་པ་ཐོབ་པར་བྱེད་པའི་ལམ་དེ་ཁོ་ན་ལས་རང་གི་ལུས་པོ་ལ་རང་གིས་སྡུག་པོ་བཏང་སྟེ་ཐར་པ་ཐོབ་པར་བྱེད་རྒྱུའི་ལམ་དེ་ནི་ཡང་དག་པའི་ལམ་ཞིག་མིན་པའི་འདོད་ཚུལ་བཟུང་ཡོད་པ་དང༌། མུ་སྟེགས་པའི་ལྟ་བ་དེ་ལ་སངས་རྒྱས་ཆོས་ལུགས་ཀྱིས་དགག་པ་བརྒྱབ་པའི་སྐོར་ནི་ཚད་མ་རིག་པའི་གཞུང་གི་ནང་ལ་འཁོད་ཡོད།

 

དྲུག་པ། མུ་སྟེགས་བྱེ་བྲག་པ།

 

བྱེ་བྲག་པ་ཟེར་བ་དེ་སྤྱི་དང་བྱེ་བྲག་པའི་བྱེ་བྲག་དེ་རེད། དེ་ལ་མིང་གཞན་དག་ཅིག་ནི་རིག་པ་ཅན་པ་ཟེར། དེ་དང་གྲངས་ཅན་པ་ཟེར་བ་དེ་གཉིས་མུ་སྟེགས་པའི་ནང་ནས་རིག་པ་རྣོ་ཤོས་ཡིན། བྱེ་བྲག་པའི་ལྟ་བ་ཐོག་མ་གསར་གཏོད་བྱེད་མཁན་དྲང་སྲོང་འུག་པ་ཟེར་བ་དེ་རེད། འུག་པ་ཟེར་བའི་རྒྱུ་མཚན་ནི་མུ་སྟེགས་པ་དེས་འུག་པ་ལྷ་ཡིན་པར་ཁས་ལེན་གྱི་ཡོད། བྱེ་བྲག་པས་འཇིག་རྟེན་ཐོག་གི་ཤེས་བྱ་རིགས་མི་འདྲ་བ་མང་པོ་ཡོད་པ་དེ་ཚོ་ཚང་མ་ཚིག་གི་དོན་དྲུག་སྟེ། རྫས། ཡོན་ཏན། ལས། སྤྱི། བྱེ་བྲག འདུ་བ་བཅས་ཀྱི་ནང་འདུས་ཡོད་ཟེར། ཚིག་གི་དོན་དྲུག་ལས་དང་པོ་རྫས་ཏེ། རང་སྐྱ་ཐུབ་པ་དང་ཡོན་ཏན་གཞན་དག་གི་བརྟེན་ཡིན་པ་དེ་ལ་རྫས་ཟེར། དེ་ལ་བྱ་བ་དང་ལྡན་པ་དང༌། ཡོན་ཏན་དང་ལྡན་པ། འདུ་བའི་རྒྱུ་ཡིན་པ་བཅས་ཏེ་ཁྱད་ཆོས་གསུམ་ཡོད་ཅིང༌། དེ་ཡང་བྱ་བ་དང་ལྡན་པ་ནི་འགུལ་བསྐྱོད་ཡོད་པ་དང༌། ཡོན་ཏན་དང་ལྡན་པ་ནི་དེ་ལ་ཡོན་ཏན་མང་པོའམ་མངོན་གསལ་གྱི་ཡོན་ཏན་ཡོད་པ། འདུ་བའི་རྒྱུ་ཡིན་པ་ནི་དངོས་པོ་ཕན་ཚུན་ཕྲད་པའི་རྒྱུ་ཡིན་པ་བཅས་ཀྱི་དོན་ཡིན། རྫས་ལ་ནང་གསེས་ཀྱི་དབྱེ་བ་དགུ་ཡོད་པ་སྟེ། འབྱུང་བ་ལྔ་དང་(ས་ཆུ་མེ་རླུང་ནམ་མཁའ་དེ་ལྔ་པོ་)དུས། (འདས་དང༌། མ་འོངས། ད་ལྟ་བ་སྟེ་དེ་གསུམ་གྱི་སྤྱི་མིང་ལ་དུས་ཟེར་)ཕྱོགས། (ཕྱོགས་ནི་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཕྱོགས་དེ་ཡིན་)བདག (དེ་ནི་རང་དང་གཞན་གྱི་བདག་དེ་ཡིན་)ཡིད། (ཡིད་ཟེར་བ་ནི་སེམས་དང་ཡིད་ཟེར་བའི་ཡིད་དེ་ཡིན་)བཅས་དགུ་ཡིན་ཟེར། གོང་གསལ་རྫས་དགུ་པོ་དེའི་ནང་དུ་ཡང་ཐམས་ཅད་ལ་ཁྱབ་པའི་རྫས་དང་ཐམས་ཅད་ལ་མ་ཁྱབ་པའི་རྫས་ཏེ་གཉིས་ཡོད། འབྱུང་ལྔའི་ནང་གི་ས་ཆུ་མེ་རླུང་བཞི་པོ་ནི་ཐམས་ཅད་ལ་མ་ཁྱབ་པའི་རྫས་ཡིན་པ་དང༌། ནམ་མཁའ་ནི་ཐམས་ཅད་ལ་ཁྱབ་པའི་རྫས་ཡིན། ནམ་མཁའ་ནི་གང་སར་ཁྱབ་པ་ལས་མ་ཁྱབ་པའི་ས་ཆ་མེད། འབྱུང་བ་བཞིའི་རྡུལ་ཕྲན་ནི་རྟག་པ་ཡིན་པ་དང༌། དེ་ནི་ང་རང་ཚོའི་ཤའི་མིག་གིས་མཐོང་མི་ཐུབ་པའི་རྡུལ་ཕྲན་དེ་ཡིན་ལ། ཤའི་མིག་གིས་མཐོང་ཐུབ་པའི་རྡུལ་ཕྲན་ནི་ཉི་ཟེར་གྱི་རྡུལ་ཕྲན་ཏེ་ཉི་རྡུལ་ཟེར་བ་དེ་ཡིན། བདག་ཟེར་བ་ནི་རང་གི་ལུས་པོ་དང༌། དབང་པོ་ལྔ། བསམ་བློ་བཅས་ལས་ལོགས་སུ་ཡིན་པ་མ་ཟད། ཡིད་ཀྱི་བརྟེན་དང༌། སེམས་ཀྱི་བརྟེན། དབང་པོ་ལྔ་ཡི་བརྟེན་བཅས་ཡིན་པའི་བརྟེན་གཞི་ཡིན་པར་བརྟེན་བདག་གི་ནུས་པ་དེ་ལ་བརྟེན་ནས་རང་གི་ལུས་དང་དབང་པོ་ལྔ་དང་སེམས་དེ་རྣམས་ཚུར་རུབ་རུབ་བྱེད་ཐུབ་པ་བྱུང་བ་རེད་ཟེར། ཡང་བདག་ཟེར་བ་དེ་སེམས་རེད་དམ་ཞེ་ན་སེམས་མིན། དེ་ནི་སེམས་ལས་ལོགས་སུ་ཡིན་པས་རང་གི་ལུས་པོ་དེ་འཇིག་པ་ཡིན་ནའང་བདག་དེ་མི་འཇིག་པར་གནས་ཡོད། དཔེར་ན་ཁྱེད་རང་གི་བདག་ཅིག་དང་ངའི་བདག་ཅིག་ཡོད་པ་དེ་བདག་བྱེ་བྲག་པ་ཡིན། དངོས་པོ་ཚང་མར་ཁྱབ་ཐུབ་པའི་བདག་དེ་རང་གཞན་མི་སྒེར་སུའི་ཡང་མ་ཡིན་པར་དངོས་པོ་ཚང་མར་ཁྱབ་ཐུབ་པའི་བདག་ཅིག་ཡིན་ཟེར། སོ་སོ་རང་གི་བདག་བྱེ་བྲག་པ་དེ་ལ་གང་ཟག་ཟེར་ཞིང༌། གང་ཞིག་ཐོབ་ནའང་ཁེངས་རྒྱུ་གཏན་ནས་མེད་པ་དང་འདོད་པ་ཁེངས་རྒྱུ་རྩ་བ་ནས་མེད་པར་གང་ནས་ཟག་འགྲོ་བ་ཞིག་ཡིན་སྟབས་གང་ཟག་ཅེས་བཏགས་པ་རེད་ཟེར། དེ་ནི་གཙོ་བོ“ང”ཟེར་བ་དེ་ལ་ཐུག་ཡོད་དེ“ང”ཟེར་བ་དེ་ལ་འདོད་པ་ཁེངས་རྒྱུ་རྩ་བ་ནས་མེད། དེར་བརྟེན་དེ་སྔོན་ང་ལ་ཕྱི་རྒྱལ་གྱི་མི་གཅིག་གིས་ཁྱོད་རང་ཚོའི་བོད་ཀྱི་ཡི་གེ་ང་ཟེར་བ་དེ་དངོས་འབྲེལ་ང་མངོན་སུམ་གསོན་རྗེན་ཞིག་བྲིས་འདུག གང་ཞེ་ན། ཡི་གེ་ང་དེ་དང་པོ་ཁར་ཐུག་ཡིན་པ་ལ་དེ་ནས་ཀྱོག་ཙམ་བྱས་ཏེ་ཡར་བཀུག་ཡོད་པས་ང་གསོན་པོ་རང་རེད་འདུག་ཅེས་ཟེར་གྱི་འདུག་པས་སྐད་ཆ་དེར་བསམ་བློ་གཏོང་རྒྱུ་ཞེ་དྲག་ཡོད།

ཚིག་གི་དོན་ཚན་དྲུག་གི་ནང་ནས་གཉིས་པ་ཡོན་ཏན་ཟེར་བ་དེ་ནི་ཁྱད་ཆོས་བཞི་དང་ལྡན་པ་ཞིག་ཡིན་ཟེར། དང་པོ་དེ་ནི་རྫས་ལ་བརྟེན་ནས་བྱུང་བ། གཉིས་པ་རང་ཉིད་ལ་ཡོན་ཏན་གཞན་མི་ལྡན་པ། (ཡོན་ཏན་ལའང་ཡོན་ཏན་གཞན་དག་ཡོད་པ་དང་ཡོན་ཏན་ཁོ་ན་ཉིད་ལ་ཡོན་ཏན་མེད་པས་རང་ཉིད་ལ་ཡོན་ཏན་གཞན་མི་ལྡན་པ་ཟེར)། གསུམ་པ་འདུ་བའི་རྒྱུ་མི་བྱེད་པ། (དེས་དངོས་པོ་གཞན་དག་ཚུར་རུབ་རུབ་བྱེད་མཁན་གྱི་བྱེད་པ་པོ་བྱེད་ཀྱི་མེད་ཟེར)། བཞི་པ་ཁེར་རྐྱང་དུ་གནས་པ་སྟེ་ཁོ་རང་ཁེར་རྐྱང་ཡིན་པ། རྫས་དང་ཡོན་ཏན་གྱི་དབྱེ་བ་ཕྱེ་སྟངས་ནི་དཔེར་ན་བུམ་པ་ཟེར་བ་དེ་རྫས་དང། བུམ་པ་ཆེན་པོ་དང་བུམ་པ་སེར་པོ་ལ་སོགས་པ་ཚང་མ་ཡོན་ཏན་ཡིན་ཟེར། དེའི་བཤད་སྟངས་གཞན་ཞིག་ལ་བུམ་པ་ཆེན་པོ་དེ་བུམ་པའི་ཡོན་ཏན་ཡིན་པ་ལས་བུམ་པ་མིན་ཞེས་བཤད་ཀྱི་ཡོད།

ཡོན་ཏན་ལ་ནང་གསེས་ཉི་ཤུ་རྩ་བཞི་ཡོད་པ་དང༌། ཡོན་ཏན་ཉི་ཤུ་རྩ་བཞིའི་ནང་གསེས་དང་པོ་འབྱུང་བ་བཞིའི་ཡོན་ཏན་ལ་གཟུགས། དྲི། རོ། རེག་བྱ། སྒྲ་བཅས་ནང་གསེས་ལྔ་ཡོད། དེ་རྣམས་ལ་འབྱུང་བ་བཞིའི་ཡོན་ཏན་ཞེས་བརྗོད་པའི་རྒྱུ་མཚན་ནི། གཟུགས་ནི་ས་ཆུ་མེ་གསུམ་གྱི་ཡོན་ཏན་ཡིན་པས། ས་ཆུ་མེ་གསུམ་ནི་གཟུགས་དང་ལྡན་པ་ཞིག་ཡིན། དྲི་ནི་ས་ཡི་ཡོན་ཏན་ཡིན་པ། རོ་ནི་མངར་མོ་དང༌། སྐྱུར་མོ། ཁ་ཏིག་སོགས་ཡོད་པ་རྣམས་ས་ཁམས་དང་ཆུ་ཁམས་ཀྱི་ཡོན་ཏན་ཡིན། རེག་བྱ་ནི་ས་ཆུ་མེ་རླུང་འབྱུང་བ་བཞིའི་ཡོན་ཏན་ཡིན། སྒྲ་ནི་ནམ་མཁའི་ཡོན་ཏན་ཡིན། རྒྱུ་མཚན་གང་ཞེ་ན། སྒྲ་དེ་རྣ་བར་ཐོས་པ་ཞིག་དགོས་པར་བར་སྟོང་ཞིག་བརྒྱུད་དེ་སྒྲ་དེ་གོ་དགོས་པ་ལས་སྒྲ་དེ་གྲམ་སའམ་ཁྱབ་སའི་བར་སྟོང་ན་མེད་ན་རྣ་བར་ཐོས་ཐབས་མེད། དཔེར་ན་པེ་ཅིན་གྱི་ཐའན་ཐང་(天堂)སྤྱི་གླིང་གི་ལྕགས་རི་སྒོར་སྒོར་དེར་ཁ་འབྱར་ནས་སྐད་ཆ་བཤད་ན་དེ་ནས་བར་ཐག་ངེས་ཅན་སར་རྩིག་པར་ཨམ་ཅོག་འབྱར་ནས་ཉན་མཁན་གྱི་མིའི་རྣ་བར་ཐོས་ཐུབ་པ་དེའི་རྒྱུ་མཚན་ནི་ལྕགས་རི་དེ་ཁོག་སྟོང་ཡིན་པས་རེད། ཁོག་སྟོང་ཡིན་པས་དེ་ནས་སྐད་ཆ་བཤད་དེ་ཕ་རོལ་གྱི་རྣ་བར་གོ་ཐུབ་པ་བྱུང་བ་རེད། དེར་བརྟེན་ས་ཐོག་དང་བར་སྣང་གང་དུ་ཡིན་ནའང་སྒྲ་དེ་གོ་ཐུབ་པ་ནི་ཚང་མ་བར་སྟོང་ཞིག་བརྒྱུད་ནས་སྒྲ་དེ་རྣ་བའི་ཡུལ་དུ་ཐོས་དགོས་པ་ཞིག་ལས་བར་སྟོང་རྩ་བ་ནས་མེད་པ་ཞིག་ཡིན་ན་སྒྲ་དེ་སོ་སོའི་རྣ་བར་ཐོས་ཐུབ་རྒྱུ་མེད་པར་བརྟེན་སྒྲ་དེ་ནམ་མཁའི་ཡོན་ཏན་དུ་བཞག་པ་དང༌། བར་སྟོང་དེ་ནམ་མཁའི་ཡོན་ཏན་དུ་བཞག་པ་རེད།

ཡོན་ཏན་ཉི་ཤུ་རྩ་བཞིའི་ནང་གསེས་གཉིས་པ། དུས་དང་ཕྱོགས་ཀྱི་ཡོན་ཏན། དུས་དང་ཕྱོགས་ཀྱི་ཡོན་ཏན་ཏེ་དུས་ཚོད་དང༌། ཕྱོགས་ནི་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཕྱོགས་ཡིན། དེ་ལའང་ནང་གསེས་སྣེ་ཁ་དྲུག་ཏུ་དབྱེ་རྒྱུ་ཡོད་པ་སྟེ། (༦) གྲངས། (༧) ཚད། (༨) སོ་སོ་བ། (༩) ལྡན་པ། (༡༠) རྣམ་པར་དབྱེ་བ། (རྣམ་པར་དབྱེ་བ་ནི་ཁག་ཁག་སོ་སོ་ཁ་བྲལ་བ)། (༡༡) གཞན་(དེ་ནི་རང་དང་གཞན་གྱི་གཞན་དེ་ཡིན་)དེའི་ནང་གི་གྲངས་ནི་གྲངས་ཀའི་དོན་ཡིན་པ་དང༌། གྲངས་ཀ་ཕྱི་རོལ་ཡུལ་ལ་གནས་པ་ཞིག་ཡིན་ནའང་དེ་ལ་གཟུགས་མེད་སྒྲ་མེད་ཟེར། བདུན་པ་ཚད་ཟེར་བ་ནི་ཆེ་ཆུང་དང༌། མཐོ་དམན། རིང་ཐུང་སོགས་ཚད་གཞི་ལ་ཟེར་བ་ཡིན། བརྒྱད་པ་སོ་སོ་བ་ནི་ཁག་ཁག་སོ་སོའམ་ཕན་ཚུན་འབྲེལ་བ་མེད་པར་ལོགས་སུ་གནས་བསྡད་པ་ལ་ཟེར། དགུ་པ་ལྡན་པ་ནི་དངོས་པོ་ཞིག་དང་དངོས་པོ་གཞན་ཞིག་ཕན་ཚུན་འཕྲད་པའི་ཡོན་ཏན་ལ་ཟེར་བ་སྟེ་དཔེར་ན་མི་འདི་ཤེས་ཡོན་དང་ལྡན་པ་ཞིག་ཡོད་ཟེར་དུས་མི་དེ་དང་ཡོན་ཏན་གཉིས་འཕྲད་པར་བརྟེན་མི་དེ་ཡོན་ཏན་དང་ལྡན་པ་ཞིག་བྱུང་བ་ཡིན། གལ་ཏེ་མི་དེ་ཡོན་ཏན་དེ་དང་མ་འཕྲད་ན་མི་འདི་ཡོན་ཏན་དང་ལྡན་པ་ཟེར་བ་ཡོང་ཐབས་མེད། སྐྱོན་ཟེར་བ་དེའང་དེ་འདྲ་རེད། བཅུ་པ་རྣམ་པར་དབྱེ་བ་ནི་ཁག་ཁག་སོ་སོར་གནས་པའམ་ལོགས་སུ་གནས་པ་སྟེ་ཕན་ཚུན་གཉིས་ཀྱི་དབར་ལ་བར་སྟོང་ཡོད་པ་ཞིག་ལ་ཟེར། བཅུ་གཅིག་པ་གཞན་ཟེར་བ་ནི་རང་དང་གཞན་གྱི་གཞན་ཏེ། དངོས་པོ་གཉིས་མཉམ་དུ་གནས་ཡོད་ནའང་དེ་གཉིས་ཁག་ཁག་རེད་བསམ་པའི་ངོས་འཛིན་ཡོང་སྟངས་ཀྱི་རྒྱུ་དེ་ལ་གཞན་ཟེར་གྱི་ཡོད།

ཡོན་ཏན་ཉི་ཤུ་རྩ་བཞིའི་དོན་ཚན་གསུམ་པ། བདག་གི་ཡོན་ཏན། བདག་གི་ཡོན་ཏན་དེ་ལའང་གོང་གི་བཅུ་གཅིག་པའི་རྗེས་མཐུད། (༡༢) གཞན་མ་ཡིན་པ། དེ་ནི་དངོས་པོ་གཉིས་དངོས་པོ་གཅིག་ཏུ་ངོས་འཛིན་བྱེད་པའི་བསམ་བློའི་རྒྱུ་ཆ་ཞིག་ཡོད་པ་དེ་ལ་ཟེར། (༡༣) བློ་རྣམས། བློ་རྣམས་ཟེར་བ་ནི་དབང་པོ་ལྔ་སྟེ་བློའི་ཡོན་ཏན་ཡིན། (༡༤) བདེ་བ། བདེ་བ་ནི་བདེ་པོ་དང་སྐྱིད་པོའི་དོན་ཏེ་ཚོར་སྣང་ཞིག་ཡིན་པས་ཚོར་སྣང་དེ་བྱུང་ན་ཁ་བྲལ་འདོད་མེད་པའི་དགའ་སྣང་དང་ཚོར་སྣང་ཡོང་རྒྱུ་ཡོད་སྟབས་དེ་ལ་བདེ་བ་ཞེས་ཟེར། (༡༥) སྡུག་བསྔལ། སྡུག་བསྔལ་ནི་བདེ་བ་དང་མཚུངས་པར་ཚོར་སྣང་ཞིག་ཡིན་ཏེ་དངོས་པོ་ཞིག་མཐོང་མ་ཐག་དེ་དང་ཁ་བྲལ་རྒྱུ་བྱུང་ན་བསམ་པའི་བསམ་བློ་སྐྱེ་བྱེད་ཀྱི་རྒྱུ་ཆ་ཞིག་ཡིན་ཟེར། (༡༦) འདོད་པ། འདོད་པ་ནི་ང་དེ་འདྲ་ཞིག་བྱེད་འདོད་ཡོད་ཟེར་བའམ་ང་ལ་དེ་འདྲ་ཞིག་གི་རེ་བ་ཡོད་ཟེར་བ་ལྟ་བུ་སྟེ། འདིར་འདོད་པ་དང་རེ་བ་གཉིས་བཤད་སྟངས་མི་འདྲ་བ་ལས་དོན་གཅིག་ཡིན། (༡༧) སྡང་བ། སྡང་བ་ནི་ཞེ་སྡང་ལངས་པ་དང་ཁོང་ཁྲོ་ཟ་བ། (༡༨) འབད་པ། འབད་པ་ནི་བསམ་བློ་དང་བྱ་སྤྱོད་ཀྱི་ཐོག་ནས་སོ་སོ་འདོད་པ་ཡོད་པའི་རིགས་ལ་འབད་བརྩོན་བྱེད་པ། (༡༩) ཆོས། ཆོས་ནི་བསོད་ནམས་བསག་པའི་དོན་ཏེ། རང་གི་ཕ་མ་དང༌། བླ་མ་དང༌། དགེ་རྒན་དང༌། ལྷ་ལ་སོགས་པར་རང་གིས་ཕྱག་འཚལ་བ་དང༌། མཆོད་པ་ཕུལ་བ། དད་པ་བྱས་པ་སོགས་ལ་ཟེར། (༢༠) ཆོས་མ་ཡིན་པ། ཆོས་མ་ཡིན་པ་ནི་སྡིག་པ་ཡིན། (༢༡) འདུས་བྱས། འདུས་བྱས་ནི་རྒྱུ་དང་རྐྱེན་འཛོམས་ནས་བྱུང་བའམ། རྒྱུ་དང་རྐྱེན་ཚོགས་ནས་བྱུང་བ། རྒྱུ་དང་རྐྱེན་འདུས་ནས་བྱུང་བ་བཅས་གསུམ་ཀ་སྟེ་རྒྱུ་དང་རྐྱེན་འཛོམས་ནས་བྱུང་བའི་དངོས་པོ་དེ་ལ་ཟེར། (༢༢) ལྕི་བ། ལྕི་བ་ནི་ཡང་བའི་ལྡོག་ཕྱོགས་ཏེ། དངོས་པོ་ལྗིད་པོ་ཞིག་ཡོད་ན་དེས་ཆུང་བ་མར་འཐེན་འགྲོ་བ་ལས་གྱེན་ལ་འགྲོ་མི་ཐུབ་པར་བརྟེན་དེ་ཐུར་ལ་འགྲོ་མཁན་ཞིག་ཡིན་ཟེར། (༢༣) སྣུམ་པ། སྣུམ་པ་ནི་སྣུམ་པོ་ཡིན་པ་ལས་ཐལ་བ་ཚུབ་ཚུབ་མ་ཡིན་པ་སྟེ། འབྱུང་བ་ས་དང་ཆུ་གཉིས་འཕྲད་ཚེ་སྣུམ་ཚིར་ཚིར་ཞིག་ཡོང་གི་ཡོད་པས་དེ་ནི་ས་དང་ཆུ་གཉིས་འཛོམས་པའི་ཡོན་ཏན་ཡིན་ཟེར། (༢༤) གཤེར་བ། གཤེར་བ་ནི་ཞ་ཚན་ཡོད་པ་ལ་ཟེར། དཔེར་ན་ཆུའི་ཡོན་ཏན་ནི་བརླན་ཞིང་གཤེར་བ་ཡིན་པས་དེ་དང་ཐུག་དུས་བརླན་གཤེར་ཆགས་པ་དེ་ཆུའི་ཡོན་ཏན་ཡིན་སྟབས་དེ་ལ་གཤེར་བ་ཟེར། ཚིག་གི་དོན་དྲུག་གི་དོན་ཚན་གསུམ་པ་ལས་ཀྱི་སྐོར།

བྱེད་པ་པོ་དང་ལས་གཉིས་ལས་ལོགས་སུ་ཡོད་པའི་བྱ་བ་དེ་ལ་ལས་ཟེར། དཔེར་ན་ཤིང་མཁན་གྱིས་ཤིང་བཅད་ཟེར་དུས་ཤིང་མཁན་དེ་བྱེད་པ་པོ་དང༌། སྟ་རེ་བྱེད་པ། ཤིང་མཁན་གྱིས་སྟ་རེ་ལ་བརྟེན་ནས་ཤིང་གཅོད་པ་དེ་ལས་རེད། ལས་དེ་ལ་ནང་གསེས་ཀྱི་དབྱེ་བ་ལྔ་ཡོད་པ་སྟེ། འདེགས་པ། འཇོག་པ། བརྐྱངས་པ། སྐུམ་པ། འགྲོ་བ་བཅས་ཡིན། འདེགས་པ། འདེགས་པ་ལ་ལྡན་དང་རྣམ་དབྱེ་ཟེར་བའི་སྐད་ཆ་གཉིས་བཤད་རྒྱུ་ཡོད། དེ་ནི་སྟེང་ཕྱོགས་ཀྱི་ལྡན་པ་དང་འོག་ཕྱོགས་ཀྱི་རྣམ་དབྱེ་གཉིས་ནས་བྱུང་བ་དེ་ལ་འདེགས་པ་ཟེར། དཔེར་ན་དངོས་པོ་ཞིག་ཡར་འགྱོག་དགོས་ཚེ་དང་ཐོག་དངོས་པོ་དེ་འོག་ཕྱོགས་སུའམ་ས་སྟེང་དུ་གནས་ཡོད་པས་འོག་ཏུ་ཡོད་པ་དེ་ནས་ཁ་བྲལ་ཏེ་གྱེན་ལ་འདེགས་དགོས་ཤིང༌། འོག་ནས་ཁ་མ་བྲལ་ན་ཡར་གྱེན་དུ་འདེགས་ཐབས་མེད་པས་འོག་ནས་ཁ་བྲལ་བ་དེ་ལ་རྣམ་དབྱེ་ཟེར། དེ་ནས་ཡར་ཁ་བྲལ་ནས་བར་སྣང་དུ་གློག་བཞུ་ལྟར་གནས་པ་དེ་ལ་ལྡན་པ་ཟེར། འཇོག་པ། འཇོག་པ་ནི་བཞག་པའི་དོན་ཏེ། དེ་བཞག་དུས་དངོས་པོ་ཞིག་གི་སྒང་ལ་འཇོག་དགོས་སྟབས་བཞག་སའི་དངོས་པོ་དེ་དང་པོ་སྟེང་དུ་ཡོད་པ་དེ་ནས་ཁ་བྲལ་ཏེ་འོག་ཕྱོགས་སུ་སླེབས་པ་ཡིན་སྟབས་སྟེང་ཕྱོགས་ཀྱི་རྣམ་དབྱེ་དང་འོག་ཕྱོགས་ཀྱི་ལྡན་པ་གཉིས་ལས་བྱུང་བ་ཟེར། བརྐྱངས་པ། དེ་ནི་ཕར་བརྐྱངས་ཚུར་སྐུམས་བྱས་པའི་དོན་ཏེ། དཔེར་ན་ཉལ་ནས་རྐང་པ་སྐུམས་བསྡད་ས་ནས་མར་བརྐྱངས་དུས་རྐང་པ་དེ་ཉལ་མཇུག་ཏུ་སླེབས་ཀྱི་ཡོད་པས་ཉལ་མཇུག་རྐང་པ་བཞག་ས་དེ་ཕ་རོལ་གཞན་གྱི་ཕྱོགས་དེ་ཡིན་པ་དང༌། ཁ་བྲལ་ས་དེ་རང་གི་ཕྱོགས་དེ་ཡིན་པས་དེ་ནི་ཕ་རོལ་གྱི་ལྡན་པ་དེ་དང་ཚུར་ངོས་ཀྱི་རྣམ་དབྱེ་གཉིས་བསྡུས་ནས་བྱུང་བ་རེད་ཟེར། སྐུམ་པ། སྐུམ་པ་དང་བརྐྱངས་པ་གཉིས་ནི་ལྡོག་ཕྱོགས་ཡིན་ཏེ་སྔོན་མ་ཕར་མ་བརྐྱངས་པར་ཚུར་སྐུམ་སྟངས་མེད། དཔེར་ན་རྐང་པ་ལ་ཆ་བཞག་ན་སྔོན་ལ་ཕར་བརྐྱངས་ཏེ་དེ་ནས་ཚུར་གཞི་ནས་བསྐུམས་པ་ལས་ཕར་མ་བརྐྱངས་པར་ཚུར་སྐུམ་རྒྱུ་མེད་པར་བརྟེན་ཕ་རོལ་གཞན་གྱི་ཕྱོགས་ནས་ཁ་བྲལ་ཏེ ཚུར་རང་གི་ཕྱོགས་ལ་ཡོང་བས་ན་ཚུར་ངོས་ཀྱི་ལྡན་པ་དང་ཕ་རོལ་གྱི་རྣམ་དབྱེ་གཉིས་ལས་བྱུང་བ་རེད་ཟེར། འགྲོ་བ། དེ་ནི་རང་གི་ཕྱོགས་ནས་ཁ་བྲལ་ཏེ་ཕར་གཞན་གྱི་ཕྱོགས་སུ་འགྲོ་དགོས་པ་ཡིན་སྟབས་འགྲོ་བ་ཟེར།

ཚིག་གི་དོན་དྲུག་གི་ནང་དོན་བཞི་པ་སྤྱི་ཟེར་བའི་སྐོར།

སྤྱི་ཟེར་བ་ནི་རང་དང་རིགས་མཐུན་པའི་དངོས་པོ་བྱེ་བྲག་པ་རྣམས་ལ་དངོས་པོ་འདི་རེད་བསམ་པའི་ཐུན་མོང་གི་བསམ་བློ་དང་ཐུན་མོང་གི་ངོས་འཛིན་ཡོང་སྟངས་ཀྱི་རྒྱུ་ཞིག་ལ་ཟེར། དཔེར་ན་ཤིང་ཟེར་བ་དེ་སྤྱི་རེད། གང་གི་སྤྱི་ཡིན་ཟེར་ན་ཤིང་ཡིན་པའི་དངོས་པོ་དེ་དང་རིགས་མཐུན་པའི་ཤིང་ཡིན་པའི་རིགས་མཐའ་དག་གི་སྤྱི་ཡིན་པ་ལས་ཤིང་ཟེར་མཁན་དེ་ཤིང་མིན་པའི་དངོས་པོ་གཞན་དག་གི་རྒྱུ་མིན། དེར་བརྟེན་ཤིང་དེ་ཤིང་ཡིན་པའི་དངོས་པོ་ཚང་མའི་སྤྱི་མིང་ཡིན། མི་ཟེར་བ་དེ་ཡང་སྤྱི་ཡིན། དེ་ཡང་མི་ཡིན་པའི་རིགས་མཐའ་དག་གི་སྤྱི་ཡིན་པ་ལས་མི་མིན་པའི་དངོས་པོ་གཞན་དག་ལ་སྤྱི་འདི་ཐོབ་ཐང་མེད་དེ་མི་མིན་པའི་དངོས་པོ་གཞན་དག་མི་མིན་པས་སོ། །སྤྱི་དེ་ལ་ནང་གསེས་དབྱེ་ན་ཐམས་ཅད་ལ་ཁྱབ་པའི་སྤྱི་དང་ཉི་ཚེ་བའི་སྤྱི་(ཕྱོགས་རེ་བའི་སྤྱི་ཡང་ཟེར་)སྟེ་གཉིས་ཡོད། དཔེར་ན་ཡོད་པ་ཉིད་ཟེར་དུས་འདི་ལ་ཁྱབ་པ་དང་དེ་ལ་མ་ཁྱབ་པ་ཟེར་བ་མེད་པར་ཤེས་བྱ་ཡོན་ཏན་ཡིན་པའི་རིགས་ཚང་མར་ཁྱབ་པ་དང༌། ཕྱོགས་རེ་བའི་སྤྱི་ནི་དཔེར་ན། བ་གླང་ཉིད། ཤིང་ཉིད། མེ་ཉིད། ཆུ་ཉིད་ཟེར་བ་ལ་སོགས་པ་དེ་ཚོ་ལ་ཉིད་ཉིད་ཅེས་བཤད་ཆོག་པ་ལས་དཔེར་ན་བ་གླང་ཉིད་ཟེར་དུས་བ་གླང་ཡིན་པའི་རིགས་མཐའ་དག་ལ་ཁྱབ་པ་ལས་གཞན་ལ་མི་ཁྱབ་པ་དང༌། ཤིང་ཉིད་ཟེར་དུས་ཤིང་ཡིན་པའི་རིགས་ཚང་མར་ཁྱབ་པ་ལས་གཞན་གྱི་དངོས་པོ་ལ་མི་ཁྱབ་པའི་དཔེ་དེ་ལྟ་བུ་ཡིན་པར་བརྟེན་དེ་ལ་ཉི་ཚེ་བའམ་ཕྱོགས་རེ་བའི་སྤྱི་ཟེར། ཚིག་གི་དོན་དྲུག་གི་ནང་དོན་ལྔ་པ་བྱེ་བྲག་ཟེར་བའི་སྐོར། བྱེ་བྲག་ཟེར་བ་ནི་རང་ཉིད་ཀྱི་ཆོས་དེ་ལས་སོ་སོར་དབྱེ་བ་ཕྱེ་རྒྱུ་ཡོད་པའི་རྒྱུ་དེ་ལ་ཟེར།

ཚིག་གི་དོན་དྲུག་གི་ནང་དོན་དྲུག་པ་འདུ་བ་ཟེར་བའི་སྐོར། འདུ་བ་ཟེར་བ་ནི་དངོས་པོ་གཉིས་ཡུལ་ཁག་ཁག་སོ་སོ་མ་ཡིན་པར་རྟེན་དང་བརྟེན་པའི་ཡོན་ཏན་གཉིས་མཉམ་དུ་འཛོམས་པའི་རྒྱུ་ཞིག་ཡིན་ཟེར། རྟེན་དང་བརྟེན་པ་ཟེར་བ་དེར་གོ་བ་ལེན་སྟངས་མང་པོ་ཡོད། དཔེར་ན་ལྷ་ཁང་ལ་ཆ་བཞག་ན་དེའི་ནང་གི་སྐུ་གསུང་ཐུགས་རྟེན་དེ་ཚོ་རྟེན་ཡིན་པ་དང༌། ཕྱི་ལོགས་ཀྱི་ཁང་པ་དེ་བརྟེན་པ་ཡིན། ཡང་དཔེར་ན་ཕོར་བ་གཅིག་གི་ནང་ཆུ་བླུགས་ཡོད་པ་ཡིན་ན་ཆུ་བླུགས་སའི་ཕོར་པ་དེ་རྟེན་དང་ཆུ་དེ་བརྟེན་པ་ཡིན་ཟེར།

མུ་སྟེགས་བྱེ་བྲག་པའི་ཐར་པ་ཐོབ་རྒྱུའི་ལམ་ནི་སོ་སོའི་ལུས་པོ་གཙང་མ་ཞིག་འཁྲུ་བ་དང༌། དབང་ཞུ་བ། སོ་སོའི་ཁྱིམ་དང་ཁ་བྲལ་ཏེ་ནགས་སུ་ཕྱིན་ནས་ཚངས་སྤྱོད་སྲུང་བའམ་ཁྱིམ་དུ་བསྡད་ནས་ཚངས་སྤྱོད་སྲུང་བ། སེམས་ཅན་མང་པོ་བསད་པའི་ཁྲག་གིས་ལྷ་ལ་མཆོད་པ་འབུལ་བ་སོགས་དེ་ཚོ་ཡིན་ཟེར། ཚངས་སྤྱོད་ནི་མི་ཚངས་སྤྱོད་སྤངས་པའམ་དྲང་པོའི་དོན་ཡིན་ཏེ་དྲང་པོའི་སྤྱོད་པ་སྲུང་བ་ཟེར་བའི་དོན་རེད། མི་ཚངས་སྤྱོད་དང་ལོག་གཡེམ་ཟེར་བ་དེ་གཉིས་ལ་དབྱེ་བ་ཡོད་ཅིང༌། མི་གཞན་གྱི་བུད་མེད་ལ་འབྲེལ་བ་བྱས་པ་དེ་ལ་ལོག་གཡེམ་ཟེར་བ་དང༌། མི་ཚངས་སྤྱོད་ནི་བུད་མེད་ལ་འབྲེལ་བ་བྱས་པ་ཚང་མར་ཟེར། དཔེར་ན་དགེ་བསྙེན་ཞིག་ལ་ཆ་བཞག་ན་དེ་ལ་སྲོག་གཅོད་སྤངས་པ་དང༌། མ་བྱིན་ལེན་སྤངས་པ། ལོག་གཡེམ་སྤངས་པ། རྫུན་སྨྲ་བ་སྤངས་པ། ཆང་འཐུང་པ་སྤངས་པ་དེ་སྤང་བྱ་ལྔ་ཡོད། སྲོག་གཅོད་སྤངས་པ་ནི་སེམས་ཅན་ཆེ་ཆུང་གང་དང་གང་ཡང་སྲོག་གཅོད་མི་བྱེད་པ་དང༌། མ་བྱིན་ལེན་ནི་རྐུ་མ་མི་བརྐུ་བ་དེ་རེད། དགེ་བསྙེན་གྱིས་ལོག་གཡེམ་སྤངས་པ་ཟེར་བ་ནི་རང་གི་བུད་མེད་མ་གཏོགས་གཞན་གྱི་བུད་མེད་ལ་འབྲེལ་བ་བྱེད་རྒྱུ་སྤངས་པ་ལ་ཟེར། རྫུན་སྨྲ་བ་སྤངས་པ་ནི་མཐོང་ཡང་མཐོང་མ་བྱུང་ཟེར་བ་དང༌། ཡིན་བཞིན་དུ་མིན་ཟེར་བ། མིན་པར་རེད་ཟེར་བ། ཡོན་ཏན་མེད་བཞིན་དུ་ཡོད་ཉམས་བསྟན་པ། ལྷ་མ་མཐོང་བར་མཐོང་ཁུལ་བྱེད་པ། མ་ཤེས་ཤེས་མདོག་བྱེད་པ། མངོན་ཤེས་མེད་པར་མངོན་ཤེས་ཡོད་ཁུལ་བྱེད་པ་དེ་ཚོ་ཚང་མར་རྫུན་ཟེར། དཔེར་ན་གཞན་གྱི་སྲོག་སྐྱོབ་ཆེད་དུ་རྫུན་ཤོད་དགོས་བྱུང་ན་དེ་ལ་སངས་རྒྱས་ཀྱིས་ཉེས་པ་མེད་ཅེས་གསུངས་ཡོད། དེ་ནི་རང་གི་སྡོམ་པ་བསྲུང་རྒྱུ་དེ་དང་གཞན་གྱི་སྲོག་སྐྱབས་རྒྱུ་གཉིས་བྱས་ན་གཞན་གྱི་སྲོག་སྐྱོབ་རྒྱུ་དེ་གལ་ཆེ་བར་བརྟེན་གཞན་གྱི་སྲོག་སྐྱོབ་པའི་ཆེད་དུ་རྫུན་བཤད་ཆོག་པ་ཞིག་རེད།

ནགས་གསེབ་ཏུ་ཕྱིན་ནས་ཏིང་ངེ་འཛིན་སྒོམ་པའམ་སེམས་ཅན་མང་པོ་བསད་པའི་ཁྲག་གིས་ལྷ་ལ་མཆོད་པ་འབུལ་སྟངས་དེ་ཚོ་ཐར་པ་ཐོབ་བྱེད་ཀྱི་ལམ་ཁ་རེད་ཟེར་བ་དང༌། ནམ་ཞིག་སོ་སོའི་བླ་མ་དང་སློབ་དཔོན་གྱི་མན་ངག་ལ་བརྟེན་ནས་རང་གིས་སྒོམ་བརྒྱབ་སྟེ་བདག་ཟེར་བ་ཞིག་རང་གི་དབང་པོ་དང་ལུས་པོ་དང་སེམས་བཅས་ལས་ལོགས་སུ་ཡོད་པ་ཞིག་དང༌། ལུས་དང་སེམས་དང་དབང་པོ་སོགས་ཀྱི་རྟེན་ཡིན་པ་དེ་འདྲ་ཞིག་གི་ངོ་བོ་དེ་གསལ་པོ་ཤེས་ན་སྐབས་དེར་ལས་བཟང་ངན་ཅི་ཡང་མི་བྱེད་པ་དང༌། སྐྱེ་བའི་རྒྱུན་ཡང་ཆད་དེ་དེའི་སྐབས་སུ་ཐར་པ་ཐོབ་པ་རེད་ཟེར། སངས་རྒྱས་ཆོས་ལུགས་ཀྱི་ལྟ་ཚུལ་ལྟར་ན་ཐར་པ་ཐོབ་དུས་སོ་སོའི་བྱ་བ་ངན་པ་ཡོང་རྒྱུའི་རྩ་བ་དེ་སྤངས་ཚར་བ་ཡིན་སྟབས་བྱ་སྤྱོད་བཟང་པོ་མ་གཏོགས་བྱ་སྤྱོད་ངན་པ་ཡོང་གི་མེད་ཟེར། མུ་སྟེགས་པ་འདིའི་བཤད་ཚུལ་ལྟར་ན་ཐར་པ་ཐོབ་པའི་རྗེས་ལ་ལས་བཟང་ངན་གང་ཡང་བྱེད་ཀྱི་མ་རེད་ལ་ལས་ཟད་ནས་སྐྱེ་བ་ལེན་རྒྱུའི་རྒྱུན་ཆད་རྗེས་གཞི་ནས་ཐར་པ་ཐོབ་པ་ཡིན་ཞེས་བཤད་ཀྱི་ཡོད་ཅིང༌། དེ་ལ་སངས་རྒྱས་ཆོས་ལུགས་ཀྱིས་དགག་པ་ཇི་ལྟར་བརྒྱབ་ཡོད་མིན་སྐོར་ཚད་མ་རིག་པའི་གཞུང་གི་ནང་ཧ་ཅང་གསལ་པོ་ཡོད།

 

བདུན་པ། མུ་སྟེགས་གཅེར་བུ་པ།

 

གཅེར་བུ་པ་ཟེར་དོན་ནི་རྣམ་ཀུན་རང་གི་ལུས་པོ་ལ་འདོམས་རས་ཤིག་མ་གཏོགས་གྱོན་གོས་གཞན་གང་ཡང་མེད་སྟབས་གཅེར་བུ་པ་ཞེས་བརྗོད། དེའི་སློབ་དཔོན་ནི་རྒྱལ་བ་དམ་པ་དང་དྲང་སྲོང་མཆོད་འོས་སོགས་ཡིན་ལ་དེ་མིན་ད་དུང་སློབ་དཔོན་ནམ་སྟོན་པ་ཉི་ཤུ་རྩ་ལྔ་ཡོད་ཟེར། མུ་སྟེགས་པ་དེའི་མིང་དེ་ལ་རྣམ་གྲངས་དྲུག་ཡོད་པ་སྟེ། གཅེར་བུ་པ། ཟད་པ་བ། རྒྱལ་བ་པ། མཆོད་འོས་པ། འཚོ་བ་པ། ཀུན་ཏུ་རྒྱུ་བཅས་ཡིན། མིང་དྲུག་པོ་དེ་ཇི་ལྟར་ཐོབ་པ་ཡིན་ནམ་ཞེས་ན་གོང་དུ་གསལ་བ་ལྟར་ནམ་རྒྱུན་དུ་གོས་མི་གྱོན་པས་གཅེར་བུ་པ་དང༌། རང་ལུས་ལ་བརྟེན་ནས་དཀའ་བ་སྤྱད་དེ་སྡིག་པ་དག་རྒྱུའི་འདོད་ཚུལ་བཟུང་བས་ཟད་པ་བ། སློབ་དཔོན་རྒྱལ་བ་དམ་པའི་རྗེས་སུ་འབྲངས་ནས་གྲུབ་མཐའ་ཁས་ལེན་མཁན་ཡིན་སྟབས་རྒྱལ་བ་པ། དྲང་སྲོང་མཆོད་འོས་རང་གི་སློབ་དཔོན་ཡིན་པར་ཁས་ལེན་པ་ཡིན་སྟབས་མཆོད་འོས་པ། རང་གི་སྲོག་དེ་བདག་ཡིན་པ་དང༌། བདག་དང་སྲོག་གཉིས་གཅིག་པ་ཡིན་པར་ཁས་བླངས་སྟབས་འཚོ་བ་པ། ཉིན་ལྟར་ཕྱོགས་བཞིར་སློང་ནས་འཚོ་བ་སྐྱེལ་གྱི་ཡོད་སྟབས་ཀུན་ཏུ་རྒྱུ་ཞེས་བརྗོད། དེའི་ལྟ་བ་ནི་ཤེས་བྱ་ཐམས་ཅད་ཚིག་གི་དོན་དགུ་ཟེར་བའི་ནང་དུ་འདུས་ཡོད་ཟེར་ཞིང༌། ཚིག་གི་དོན་དགུའི་ནང་གི་དང་པོ། སྲོག དེས་སྲོག་ཟེར་བ་དེ་བདག་གི་ངོ་བོ་ཡིན་པ་ཞིག་དང༌། བདག་དང་སྲོག་གཉིས་ངོ་བོ་གཅིག་ཡིན་པར་ཁས་ལེན་གྱི་ཡོད། སངས་རྒྱས་ཆོས་ལུགས་པས་བདག་དང་སྲོག་གཉིས་ཐ་དད་ལས་དེ་གཉིས་གཅིག་པ་ཡིན་པར་ཁས་ལེན་གྱི་མེད། སངས་རྒྱས་ཆོས་ལུགས་ཀྱིས་ཚེ་དང་རྣམ་ཤེས་གཉིས་ཀྱི་རྟེན་གཞི་ཡིན་པ་དེ་ལ་སྲོག་ཟེར་ཞིང༌། སྲོག་དང་དབུགས་གཉིས་དོན་གཅིག་ཡིན། དབུགས་ཕར་བཏང་ནས་ཚུར་རྔུབ་ཐེངས་གཅིག་ལ་དབུགས་ཁུག་པ་གཅིག་ཟེར་བ་དང༌། དེ་ལྟར་རྒྱུན་གཏན་ནད་མེད་ཀྱི་མི་ཚོས་ཉི་མ་གཅིག་ལ་དབུགས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་རྔུབ་གཏོང་བྱེད་ཀྱི་ཡོད་ཅིང༌། དེ་ལས་ལྷག་ཆད་བྱུང་ན་ན་ཉེན་ནམ་འཆི་ཉེན་ཡོད། དེང་སྐབས་རྣམ་ཤེས་ཟེར་བ་དེ་རྒྱ་ཡིག་ནང་(བླ་སྲོག་灵魂)ཞེས་བསྒྱུར་བ་དེ་མ་འགྲིག་པ་རེད། (灵魂)ཞེས་པ་བླ་སྲོག་ལ་གོ་དགོས་པས་རྣམ་ཤེས་དང་བླ་སྲོག་གཉིས་ཐ་དད་ཡིན། ཆོས་ཀྱི་ནང་ལ་རྣམ་ཤེས་དང་བླ་སྲོག་གཉིས་གཅིག་པ་ཡིན་པར་ཁས་ལེན་གྱི་མེད། སྲོག་ནི་དབུགས་ལ་ཟེར་གྱི་ཡོད་པས་དབུགས་ཐག་ཇི་ཙམ་རིང་བ་དེ་ཙམ་གྱིས་ཚེ་རིང་བ་ཡོད། མུ་སྟེགས་པ་འདིས་སྲོག་དང་བདག་གཉིས་ངོ་བོ་གཅིག་པ་ཡིན་ཟེར་ཞིང༌། དེ་ཡང་མི་ཞིག་ལ་ཆ་བཞག་ན་དེའི་གཟུགས་ཚད་དང་སྲོག་གཉིས་གཅིག་པ་ཡིན་ཏེ་གཟུགས་པོ་ཆུང་བ་ཡོད་ན་སྲོག་ཆུང་བ་དང༌། གཟུགས་པོ་ཆེ་བ་ཡོད་ན་སྲོག་ཆེ་བ་ཡོད་པ་དང་སྲོག་དེ་ཡང་འདས་དང་མ་འོངས་ད་ལྟ་དུས་གསུམ་ཐམས་ཅད་ལ་ནུས་པ་བཏོན་ཐུབ་མཁན་ཞིག་ཡིན་པས། སྲོག་གི་ངོ་བོ་དེ་རྟག་པ་ཡིན་པ་དང༌། སྲོག་གི་རྣམ་གྲངས་དེ་འགྱུར་ལྡོག་འགྲོ་བ་ཞིག་སྟེ། དཔེར་ན་རྒན་རྒོན་ཆགས་དུས་ཀྱི་སྲོག་དེ་ཕྲུ་གུའི་སྐབས་ཀྱི་སྲོག་དང་མི་འདྲ་བར་འགྱུར་བ་འགྲོ་གི་རེད་ཟེར། དེས་སྲོག་ཅན་སྡེ་ཚན་དགུ་རུ་འདོད་པ་སྟེ། ༡. སྲོག ༢. ཟག་པ། ༣. སྡོམ་པ། ༤. ངེས་པར་དགའ་བ། ༥. འཆིང་བ། ༦. ལས། ༧. སྡིག་པ། ༨. བསོད་ནམས། ༩. ཐར་པ་བཅས་ཡིན།

དང་པོ། དབང་པོ་ཡོད་པའི་སྲོག་ཆགས། དབང་པོ་ཡོད་པའི་སྲོག་ཆགས་ལ་ནང་གསེས་དབྱེ་བ་ལྔ་ཡོད་དེ། དབང་པོ་གཅིག་ལྡན་གྱི་སྲོག་ཆགས། དབང་པོ་གཉིས་ལྡན་གྱི་སྲོག་ཆགས། དབང་པོ་གསུམ་ལྡན་གྱི་སྲོག་ཆགས། དབང་པོ་བཞི་ལྡན་གྱི་སྲོག་ཆགས། དབང་པོ་ལྔ་ལྡན་གྱི་སྲོག་ཆགས་བཅས་ཡིན།

དབང་པོ་གཅིག་ལྡན་གྱི་སྲོག་ཆགས་ལ་འབྱུང་བ་ལྔ་ཡི་ནང་ནས་རེག་བྱའི་དབང་པོ་མ་གཏོགས་དབང་པོ་གཞན་མེད་ཟེར། དབང་པོ་གཉིས་ལྡན་གྱི་སྲོག་ཆགས་ནི་སྲིན་བུ་པད་པ་(ཁྲག་འཇིབ་མཁན་སྲིན་བུ་སྐུད་པ་འདྲ་བ་ཞིག་སྟེ་དེ་ལ་རྩྭ་པད་དང་ཆུ་པད་གཉིས་ཡོད་)ལྟ་བུ་ཡིན་ཏེ་དེ་ལ་རོ་ཡི་དབང་པོ་དང་རེག་བྱའི་དབང་པོ་(ཚ་གྲང་དང་བྲོ་བ་མྱོང་རྒྱུ་)གཉིས་ལས་མིག་གི་དབང་པོ་དང༌། རྣ་བའི་དབང་པོ། སྣ་ཡི་དབང་པོ་བཅས་མེད། དབང་པོ་གསུམ་ལྡན་གྱི་སྲོག་ཆགས་ནི་འབུ་གྲོག་མ་དང་སྲིན་བུ་མེ་ཁྱེར་(མཚན་མོ་གྲོད་པ་ནས་མེ་འོད་འཚེར་བའི་སྦྲང་བུ་ཞིག་)གཉིས་ཡིན། དེ་གཉིས་ལ་རོ་ཡི་དབང་པོ་དང༌། རེག་བྱའི་དབང་པོ། སྣ་ཡི་དབང་པོ་བཅས་གསུམ་ལས་མིག་གི་དབང་པོ་དང་རྣ་བའི་དབང་པོ་མེད་ཟེར། མུ་སྟེགས་པ་དེའི་བཤད་སྟངས་ལྟར་ན་གྲོག་མར་རོ་ཡི་དབང་པོ་དང༌། རེག་བྱའི་དབང་པོ། སྣ་ཡི་དབང་པོ་བཅས་གསུམ་ལས་རྣ་བའི་དབང་པོ་དང་མིག་གི་དབང་པོ་མེད་པར་འདོད་པ་ཡིན། ས་སྐྱ་པཎ་ཆེན་གྱིས་ཀྱང་<<ས་སྐྱ་ལེགས་བཤད་>>ནང“སྲོག་ཆགས་གྲོག་མར་མིག་མེད་ཀྱང༌། །མིག་ལྡན་གཞན་ལས་ལྷག་པར་མགྱོགས”ཞེས་གསུངས་ཡོད་པ་དེ་ལ་མཁས་པ་ཆེན་པོ་མངའ་རིས་པཎ་ཆེན་ཞུ་བ་ཞིག་ཡོད་པ་དེས“ས་སྐྱའི་གྲོག་མ་རྟ་ལས་མགྱོགས”ཞེས་ཟུར་ཟ་གནང་མྱོང་ཡོད། འོན་ཀྱང་ས་སྐྱ་པཎ་ཆེན་གྱིས་གསུང་སྟངས་དེ་སྲོག་ཆགས་གྲོག་མའི་ལུས་གཟུགས་ཆུང་ཆུང་དེར་དཔག་ན་ཧ་ཅང་མགྱོགས་པོ་ཡིན་ཞེས་གསུངས་པ་ལས་རྟ་ལས་མགྱོགས་པ་ཡོད་ཅེས་གསུངས་མེད། དབང་པོ་བཞི་ལྡན་གྱི་སྲོག་ཆགས་ནི་སྦྲང་བུའམ་དུག་སྦྲང་སོགས་ཏེ་རོ་ཡི་དབང་པོ་དང༌། རེག་བྱའི་དབང་པོ། སྣ་ཡི་དབང་པོ། མིག་གི་དབང་པོ་བཅས་ཡོད་ནའང་རྣ་བའི་དབང་པོ་མེད་ཟེར། དབང་པོ་ལྔ་ལྡན་གྱི་སྲོག་ཆགས་ནི་མི་དང༌། བྱ་རིགས། སུག་བཞི་ས་ལ་བཙུགས་ནས་འགྲོ་མཁན་སེམས་ཅན་དེ་ཚོ་ཚང་མ་དབང་པོ་ལྔ་ལྡན་གྱི་སྲོག་ཆགས་ཡིན་ཏེ། མིག་གི་དབང་པོ་དང༌། རྣ་བའི་དབང་པོ། སྣ་ཡི་དབང་པོ། ལྕེ་ཡི་དབང་པོ། ལུས་ཀྱི་དབང་པོ་བཅས་ཚང་མ་ཡོད་ཟེར།

གཉིས་པ། ཟག་པ། ཟག་པ་ནི་དགེ་བའི་ལས་དང་མི་དགེ་བའི་ལས་གང་རུང་ལས་གྲུབ་པ་ཞིག་ཡིན་ཟེར། མུ་སྟེགས་པ་དེས་ཐར་པ་ཐོབ་པ་ཡིན་ན་དགེ་བའི་ལས་མེད་ལ་མི་དགེ་བའི་ལས་ཀྱང་མེད་པར་ལས་དང་བྲལ་བ་ཡིན་ཟེར།

གསུམ་པ། སྡོམ་པ། སྡོམ་པ་ཟེར་བ་ནི་དགེ་བ་དང་མི་དགེ་བའི་ལས་ཚང་མ་སྤངས་པ་ལ་ཟེར།

བཞི་པ། ངེས་པར་དགའ་བ། དེ་ནི་ཟ་འཐུང་ཚང་མ་སྤངས་ནས་དཀའ་བ་སྤྱད་དེ་སྒོམ་རྒྱག་སྟངས་ཤིག་ཡོད་པ་དེ་ལ་ཟེར།

ལྔ་པ། འཆིང་པ་དེ་ནི་བདེན་དོན་ལ་ཡིད་མི་ཆེས་པ་དང༌། ལོག་ལྟ་བྱས་པ། ཁས་མི་ལེན་པ་བཅས་ལ་ཟེར།

དྲུག་པ། ལས་ནི་དགེ་མི་དགེའི་ལས་རྣམས་སོ།།

བདུན་པ། སྡིག་པ། སྡིག་པ་ནི་ཆོས་དང་མི་མཐུན་པའི་བསམ་བློ་དང་བྱ་སྤྱོད་ལ་ཟེར།

བརྒྱད་པ། བསོད་ནམས། དེ་ནི་མུ་སྟེགས་པའི་ཆོས་བྱས་ན་བསོད་ནམས་ཡོང་གི་རེད་ཟེར།

དགུ་པ། ཐར་པ། དེ་ནི་དཀའ་བ་དྲག་པོ་སྤྱད་ནས་ལས་དགེ་བ་དང་མི་དགེ་བ་ཚང་མ་སྤངས་ནས་ལས་དང་བྲལ་ཐུབ་པ་བྱུང་ཚེ་སྐྱེ་བའི་རྒྱུན་ཆད་དེ་ཐར་པ་ཐོབ་རྒྱུ་རེད་ཟེར། ཡིན་ནའང་དེས་འཇིག་རྟེན་ཐོག་གི་ཤེས་བྱ་ཚང་མ་ཤེས་མཁན་གྱི་ཀུན་མཁྱེན་ཟེར་བ་དེ་རྩ་བ་ནས་ཁས་ལེན་གྱི་མེད་ཅིང༌། དེས་སྐྱོན་ཟེར་བ་དེ་རྩ་བ་ནས་མེད་པ་བཟོ་ཐུབ་ནའང་ཡོན་ཏན་ཚང་མ་ཤེས་པའི་ཀུན་མཁྱེན་ཟེར་བ་མེད་ཟེར། གོང་དུ་སྐྱོན་ཟེར་བ་དེ་ཡོད་ཕྱིན་ཆད་ལ་དེའི་སེམས་དང་འདྲེས་བསྡད་པ་ཞིག་ཡིན་སྟབས་མེད་པ་བཟོ་ཐུབ་ཐབས་མེད་པར་བརྟེན་སྐྱོན་རྩ་བ་ནས་མེད་པའི་མི་ཞིག་ཡོང་མི་སྲིད་པའི་ལྟ་ཚུལ་བཟུང་མཁན་མུ་སྟེགས་པ་ཞིག་ངོ་སྤྲོད་ཞུས་ཟིན་པ་ཡིན།

ཡང་མུ་སྟེགས་པ་འདིས་སྐྱོན་རྩ་བ་ནས་མེད་པའི་མི་ཡོད་ནའང་ཤེས་བྱ་ཡོན་ཏན་ཚང་མ་ཤེས་མཁན་ཀུན་མཁྱེན་ཟེར་བ་རྩ་བ་ནས་མེད་ཟེར། དེར་བརྟེན་མུ་སྟེགས་པ་དེ་གཉིས་ཀྱི་བར་བསམ་བློ་གཏོང་སྟངས་ཐད་ཁྱད་པར་ཧ་ཅང་ཆེན་པོ་ཡོད། མུ་སྟེགས་པ་དེའི་ལྟ་བ་གང་འདྲ་ཡིན་མིན་དང༌། དེ་ལ་སངས་རྒྱས་ཆོས་ལུགས་ཀྱིས་དགག་པ་གང་འདྲ་བརྒྱབ་ཡོད་མེད། སངས་རྒྱས་ཆོས་ལུགས་དང་ཕན་ཚུན་རྩོད་པ་བརྒྱབ་ནས་དྲི་བ་གང་བཏོན་པ་དང་ལན་གང་བརྒྱབ་པ་དེ་ཚོ་དབུ་མ་དང་ཚད་མ་རིག་པའི་གཞུང་གི་ནང་དུ་གསལ་པོ་ཡོད།

 

བརྒྱད་པ། མུ་སྟེགས་རྒྱང་འཕེན་པ།

 

རྒྱང་འཕེན་པ་ནི་མུ་སྟེགས་པའི་གྲུབ་མཐའི་ནང་གི་ཆད་པར་སྨྲ་བ་ཅིག་ཟེར་བ་དེ་ཡིན། མུ་སྟེགས་པའི་གྲུབ་མཐའ་འདི་ལ། ཚུ་རོལ་མཛེས་པ་བ། ཆད་པར་སྨྲ་བ། ལྷ་ཡི་བླ་མ། རྒྱང་འཕེན་པ། མེད་པར་སྨྲ་བ། རང་བཞིན་སྨྲ་བ་བཅས་ཏེ་མིང་དྲུག་ཡོད་ཅིང༌།  ཚུ་རོལ་མཛེས་པ་བ་ཟེར་བ་ནི་རང་ཉིད་མ་ཤི་ཚུན་ཆད་ལ་འཇིག་རྟེན་འདིའི་སྟེང་དུ་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་གང་སྐྱིད་སྐྱིད་བྱས་ནས་སྡོད་རྒྱུ་ཁོ་ན་ལས་སྐྱེ་བ་ཕྱི་མ་ཕན་ཆད་ལ་སྐྱེ་བ་ལེན་རྒྱུ་དང་འབྲས་བུ་མྱོང་རྒྱུ་གང་ཡང་མེད་ཟེར། དེར་བརྟེན་མ་ཤི་ཚུན་ཆད་ཀྱི་འཇིག་རྟེན་དེ་ལ་ཚུ་རོལ་ཟེར་བ་དང༌། ཤི་ནས་འཇིག་རྟེན་ཕྱི་མ་ཕན་ཆད་དེ་ལ་ཕ་རོལ་ཟེར་ཞིང༌། འཇིག་རྟེན་འདིའི་མ་ཤི་ཚུན་ཆད་མ་གཏོགས་ཁས་མ་བླངས་སྟབས་ཚུ་རོལ་མཛེས་པ་བ་ཞེས་བཏགས། ཆད་པར་སྨྲ་བ་ནི་མུ་སྟེགས་པ་དེས་མིའི་རྣམ་ཤེས་དེ་ལུས་པོ་དང་ཁ་མ་བྲལ་བའི་སྐབས་སུ་རྣམ་ཤེས་དེའང་གསོན་པོར་གནས་པ་ཞིག་ཡིན་པ་དང༌། ལུས་པ་དེ་འཇིག་འགྲོ་དུས་རྣམ་ཤེས་དེའང་བཞུ་མར་ལ་ཕུ་བརྒྱབ་པ་བཞིན་དུ་ཡལ་འགྲོ་བ་ལས་སྐྱེ་བ་ཕྱི་མ་ལ་ཕར་འཁྱུད་དེ་མུ་མཐུད་གནས་ཟེར་བ་དེ་མེད་པར་མི་ཤི་བའི་རྗེས་སུ་རྣམ་ཤེས་དེ་རྒྱུན་ཆད་པ་ཡིན་པར་ཁས་བླངས་སྟབས་ཆད་པར་སྨྲ་བ་ཞེས་བཏགས། ལྷ་ཡི་བླ་མ་ཟེར་བ་ནི་དྲང་སྲོང་ལྷ་ཡི་བླ་མ་བ་གྲུབ་མཐའ་དེའི་སློབ་དཔོན་ཡིན་པས་དེ་ལྟར་བཏགས། དྲང་སྲོང་ལྷ་ཡི་བླ་མ་ཟེར་བ་དེས་སྐྱེ་བ་ཕྱི་མ་ཟེར་བ་དེ་མེད་ཅེས་གསར་གཏོད་བྱས་ཤིང༌། རྒྱུ་མཚན་ནི་དེའི་ཕ་ཤི་རྗེས་རང་ཉིད་ཀྱི་མ་དང་བཟའ་ཚང་བྱས་ནས་བསྡད་པར་དེ་ལ་མི་གཞན་གྱིས་དེ་ནི་ཧ་ཅང་སྡིག་པ་ཆེ་ཞིང་ཉེས་པ་ཆེ་བའི་བྱ་སྤྱོད་ཅིག་རེད་ཅེས་བརྗོད་པར་དེས་སྡིག་པ་བསགས་ན་འབྲས་བུ་སྐྱེ་བ་རྗེས་མ་ལ་མྱོང་ཟེར་རྒྱུ་དང་བསོད་ནམས་བསགས་ནས་ལྷ་ཡུལ་ལ་འགྲོ་ཟེར་བ་དེ་ཚོ་མེད་ཟེར། ལྟ་བ་དེ་འདྲ་ཞིག་ཁས་ལེན་བྱས་ཏེ་སྐྱེ་བ་རྗེས་མ་མེད་ཅེས་གསར་གཏོད་བྱེད་མཁན་སློབ་དཔོན་དེའི་རྗེས་སུ་འབྲངས་ཏེ་གྲུབ་མཐའ་སྤེལ་མཁན་ཡིན་པས་ལྷ་ཡི་བླ་མ་བ་ཞེས་མིང་བཏགས་སོ།།

རྒྱང་འཕེན་པ། ལས་བཟང་པོ་བྱས་ན་འབྲས་བུ་བཟང་པོ་ཡོང་རྒྱུ་ཡོད་པ་དང་ལས་ངན་པ་བྱས་ན་འབྲས་བུ་ངན་པ་ཡོང་རྒྱུ་ཡོད་པ་དེ་ཡང་དག་པའི་ལྟ་བ་ཡིན་ནའང་མུ་སྟེགས་པ་དེས་ལས་བཟང་པོ་བྱས་ན་འབྲས་བུ་བཟང་པོ་ཡོང་རྒྱུ་མེད་པ་དང་ལས་ངན་པ་བྱས་ན་འབྲས་བུ་ངན་པ་སྨིན་རྒྱུ་མེད་པར་ལས་རྒྱུ་འབྲས་ཟེར་བ་མེད་པར་ཁས་བླངས་པར་བརྟེན་ལས་བཟང་ངན་ལ་གཞིགས་ཏེ་འབྲས་བུ་བཟང་ངན་སྨིན་རྒྱུ་ཡོད་པའི་ལྟ་བ་ཡང་དག་པ་དེ་རྒྱང་རིང་པོར་དོར་ནས་ལས་རྒྱུ་འབྲས་མེད་པར་ཁས་ལེན་བྱས་པ་ཡིན་སྟབས་རྒྱང་འཕེན་པ་ཞེས་བཏགས་སོ།།

མེད་པར་སྨྲ་བ་ནི་སྐྱེ་བ་ཕྱི་མ་མེད་པར་སྨྲ་བ་སྟེ། ལུས་པོ་ནི་འབྱུང་བ་བཞི་རུབ་རུབ་བྱས་ནས་བྱུང་བ་ཡིན་སྟབས་ལུས་པོ་གསོན་པོར་གནས་པའི་སྐབས་སུ་རྣམ་ཤེས་དེ་གནས་ཐུབ་པ་དང་ལུས་པོ་འཇིག་མ་ཐག་རྣམ་ཤེས་ཀྱང་བཞུ་མར་ལ་ཕུ་བཏབ་པ་བཞིན་དུ་ཡལ་འགྲོ་བར་བརྟེན་སྐྱེ་བ་ཕྱི་མ་ཟེར་བ་མེད་ལ་སྐྱེ་བ་སྔོན་མ་ཟེར་བ་དེ་ཡང་མེད། སྐྱེ་བ་སྔ་ཕྱི་མེད་སྟབས་སྐྱེ་བ་མང་པོ་ལ་ལས་ཀ་བཟང་པོ་དང་བསམ་པ་བཟང་པོར་གོམས་འདྲིས་ཆགས་ཏེ་སྐྱོན་ཚང་མ་སྤངས་ནས་ཡོན་ཏན་ཚང་མ་ཐོབ་པའི་སྐྱེས་བུ་དམ་པ་ཟེར་བ་མེད་པར། མིའི་རྣམ་ཤེས་ནི་ཚེ་འདི་ལ་ལུས་པོ་འདི་དེ་ལྟར་བྱུང་བ་ལྟར་རྣམ་ཤེས་དེ་ཡང་གློ་བུར་དུ་བྱུང་བ་ཞིག་ལས་དེ་མིན་གྱི་རྒྱུ་དང་རྐྱེན་གང་ཡང་མེད་ཟེར། སྐྱེ་བ་སྔ་ཕྱི་མེད་པར་ཁས་ལེན་པ་དང་ཡོན་ཏན་ཚང་མ་ཐོབ་པའི་སྐྱེས་བུ་དམ་པ་དང་ཉེས་པ་དང་སྐྱོན་ཚང་མ་སྤངས་པའི་སྐྱེས་བུ་དམ་པ་ཟེར་བ་མེད་པར་ཁས་བླངས་པ་ཡིན་སྟབས་མེད་པར་སྨྲ་བ་ཞེས་བཏགས་པའོ།།

རང་བཞིན་སྨྲ་བ། དེ་ནི་དངོས་པོ་གང་དང་གང་ཡིན་རུང་རྒྱུ་དང་རྐྱེན་གང་ཡང་མི་དགོས་པར་རང་བཞིན་དུ་བྱུང་བ་ཞིག་ལ་ཁས་ལེན་བྱེད་ཀྱི་ཡོད་པ་སྟེ། དཔེར་ན་འཇིག་རྟེན་འདིའི་ཐོག་ཏུ་མི་ཁ་ཤས་ཕྱུག་པོ་དང་ཁ་ཤས་དབུལ་པོ། ཡང་ཁ་ཤས་དང་པོ་ཕྱུག་པོ་ཡིན་རུང་རྗེས་སུ་སྤྲང་པོ་ཆགས་པའམ་དང་པོ་སྤྲང་པོ་ཡིན་རུང་རྗེས་སུ་ཕྱུག་པོ་ཆགས་པ་སོགས་ཕྱུག་པོ་དང་དབུལ་པོ་ཟེར་བ་དེ་སུ་གཅིག་གིས་བཀོད་སྒྲིག་བྱས་པའམ་བཟོས་པ་ཞིག་མིན་ལ། རྒྱུ་དེ་འདྲ་ཞིག་ལ་བརྟེན་ནས་ཁོ་དབུལ་པོ་ཆགས་པ་དང༌། རྒྱུ་དེ་འདྲ་ཞིག་ལ་བརྟེན་ནས་ཁོ་ཕྱུག་པོ་ཆགས་པ་རེད་ཟེར་རྒྱུ་གང་ཡང་མེད་པར་རང་བཞིན་གྱིས་བྱུང་བ་ཞིག་ཡིན་པ་དང༌། ཡང་མི་ཁ་ཤས་རྟག་ཏུ་སེམས་ཅན་ཤ་སྟག་བསད་དེ་འཚོ་བ་བསྐྱལ་རུང་ད་དུང་ཚེ་རིང་པོ་ཡོང་གི་ཡོད་པ་དང་མི་ཁ་ཤས་ན་ནས་ཚེ་ཐུང་ཐུང་ནས་ཤི་འགྲོ་གི་ཡོད་པར་བརྟེན་ཚེ་རིང་པོ་དང་ཚེ་ཐུང་ཐུང་ཟེར་བ་དེ་རང་བཞིན་གྱིས་བྱུང་བ་ཞིག་ལས་རྒྱུ་དེ་འདྲ་ཞིག་ལ་བརྟེན་ནས་བྱུང་བ་རེད་ཟེར་རྒྱུ་མེད་པ། དེ་བཞིན་མི་ཁ་ཤས་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ཁ་ཤས་སྡུག་བསྔལ་ཁོ་ནའི་ནང་མི་ཚེ་སྐྱེལ་དགོས་པ་དེ་ཚོ་ཚང་མ་རྒྱུའམ་བྱེད་པ་པོ་དེ་འདྲ་ཞིག་གིས་བཀོད་སྒྲིག་བྱས་པ་རེད་ཟེར་རྒྱུ་མེད་པར་རང་བཞིན་གྱིས་བྱུང་བ་ཞིག་ལས་བདེ་སྡུག་གང་ཡིན་ནའང་བྱུང་ཚར་བའི་རྗེས་སུ་དེ་ལ་ལྡོག་ཐབས་དང་བཟོ་ཐབས་རྩ་བ་ནས་མེད་པས་དེ་ལ་རྒྱུ་དང་རྐྱེན་གང་ཡང་མེད་ལ། ཡང་དཔེར་ན་འཚེར་མ་ལ་ཁབ་ལྟ་བུའི་རྣོ་ཡོད་པ་དེ་སུ་གཅིག་གིས་བཟོ་མཁན་དང་བཀོད་སྒྲིག་བྱེད་མཁན་མེད་ལ་རྒྱུ་དེ་འདྲ་ཞིག་ལ་བརྟེན་ནས་རྣོ་པོ་ཆགས་པ་རེད་ཅེས་བཤད་རྒྱུ་མེད་པས་རང་བཞིན་གྱིས་བྱུང་བ་ཞིག་ཡིན་པ། དེ་བཞིན་སྲན་མ་རིལ་རིལ་དེ་སུས་ཀྱང་བཟོ་མཁན་མེད་ལ་བཀོད་སྒྲིག་བྱེད་མཁན་ཡང་མེད་པར་རང་བཞིན་དུ་བྱུང་བ་ཞིག་རེད་ཟེར་བ་སོགས་མདོར་ན་དངོས་པོ་གང་འདྲ་ཞིག་ཡིན་རུང་ཚང་མ་རྒྱུ་དང་རྐྱེན་གང་ཡང་མི་དགོས་པར་རང་བཞིན་དུ་བྱུང་བར་འདོད་པ་ཡིན་སྟབས་རང་བཞིན་སྨྲ་བ་ཞེས་བཏགས་པའོ།།

མུ་སྟེགས་པ་དེའི་མིང་དྲུག་པོ་རྣམས་སངས་རྒྱས་ཆོས་ལུགས་ཀྱིས་བཏགས་པ་ཞིག་ཡིན། མུ་སྟེགས་རྒྱང་འཕེན་པ་དེའི་ནང་དུ་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་ཞིག་དང་མི་ལེན་མཁན་ཞིག་གཉིས་ཡོད་པ་དང་ལས་རྒྱུ་འབྲས་ཁས་མི་ལེན་མཁན་ནི་ཚང་མ་ཡིན། མུ་སྟེགས་རྒྱང་འཕེན་པ་དེའི་ལྟ་བ་གཙོ་བོ་ནི་སྐྱོན་ཚང་མ་སྤངས་པའི་སྐྱེས་བུ་དམ་པ་དང་ཡོན་ཏན་ཚང་མ་ཤེས་པའི་སྐྱེས་བུ་དམ་པ་མེད་དེ་མིའི་རྣམ་ཤེས་ཟེར་བ་དེ་མིའི་ལུས་པོ་ལ་བརྟེན་ནས་གནས་པ་ཞིག་ལས་ལུས་པོ་མེད་ན་རྣམ་ཤེས་གནས་ས་མེད། ལུས་པོ་ནི་རང་གི་ལུས་ཀྱི་འབྱུང་བ་ཆེན་པོ་བཞི་རུབ་རུབ་བྱས་ནས་གྲུབ་པ་ཞིག་ཡིན་པས་འབྱུང་བ་ཆེན་པོ་བཞི་པོ་དེ་ནས་ཁ་བྲལ་ན་མི་དེ་ཤི་འགྲོ་བ་དང༌། ཤི་བའི་རྗེས་སུ་རྣམ་ཤེས་གནས་ས་དང་སྡོད་སའི་ཡུལ་མེད་ལ་གཞན་ལ་འགྲོ་ས་ཡང་མེད། ལུས་པོ་དེ་མེད་པ་ལ་རྣམ་ཤེས་དེ་འདི་ནས་ཚུར་ཡོང་བ་རེད་ཟེར་སྟངས་མེད་པས་རྣམ་ཤེས་དེ་སྐྱེ་བ་སྔོན་མ་ནས་ད་ལྟའི་ལུས་པོ་དེ་ལ་ཚུར་སླེབས་པ་ཞིག་མིན་ལ་སྐྱེ་བ་གཞན་ཞིག་ལ་ཕར་ཕྱིན་པ་ཞིག་ཀྱང་མིན། དེ་འདྲ་མེད་སྟབས་སྐྱེ་བ་སྔོན་མ་འདི་ནས་ཡོང་སྟེ་སྐྱེ་བ་ཕྱི་མ་དེ་ལ་འགྲོ་ཟེར་བ་མེད། དེ་མེད་དུས་སྐྱེ་བ་སྔོན་མ་དང་སྐྱེ་བ་ཕྱི་མ་ལམ་བཟང་པོ་དང༌། ཡོན་ཏན་བཟང་པོ། བྱ་སྤྱོད་བཟང་པོ་བཅས་ལ་གོམས་འདྲིས་བྱུང་ནས་རང་གི་སྐྱོན་ཚང་མ་སྤངས། ཡོན་ཏན་ཚང་མ་ཐོབ་ཟེར་བའི་སྐྱེས་བུ་དམ་པ་དེ་རྩ་བ་ནས་མེད། སོ་སོ་རང་ཉིད་ལ་སྐྱོན་ཡོད་ཕྱིན་ཆད་ལ་དེ་སྤངས་ནས་མེད་པ་བཟོས་ཟེར་བ་དེའང་མེད་པས་སྐྱོན་རྩ་བ་ནས་མེད་པའི་སྐྱེས་བུ་ཟེར་བ་དེ་མེད་ལ་ཡོན་ཏན་ཚང་མ་ཤེས་པའི་ཀུན་མཁྱེན་ཟེར་བ་དེའང་མེད། དེར་བརྟེན་ཐར་པ་ཟེར་བ་དེ་ཡོང་མི་སྲིད་ལ་སངས་རྒྱས་དང་སྐྱེས་བུ་དམ་པ་ཟེར་བའང་མེད་ཟེར། དངོས་པོ་ཞིག་འཇིག་རྟེན་འདིའི་ཐོག་ཡོད་དང་མེད་ཀྱི་ཚད་གཞི་དེ་མཐོང་རྒྱུ་ཡོད་པ་དང༌། གོ་རྒྱུ་ཡོད་པ། བྲོ་བ་མྱོང་རྒྱུ་ཡོད་པ། ཚ་གྲང་མྱོང་རྒྱུ་ཡོད་པ། དྲི་མ་ཁ་རྒྱུ་ཡོད་པ་སྟེ་དབང་པོ་ལྔའི་ཡུལ་དུ་ཚོར་སྣང་ཡོད་ཚེ་ཁས་ལེན་པ་ལས་དེ་མིན་གཞན་ཁས་ལེན་གྱི་མེད་ཅིང༌། དེས་མངོན་སུམ་དུ་ཡོད་པ་ཞིག་ཡིན་ན་ཁས་ལེན་པ་ལས་རིགས་པའི་གཞུང་ལུགས་དང་རིགས་པ་འགྲོ་ས་མེད་ལ་འགྱུར་བ་ཡང་བཏང་ས་མེད། མུ་སྟེགས་པའི་ལྟ་བ་དེ་ལ་སངས་རྒྱས་ཆོས་ལུགས་ཀྱིས་དགག་པ་གང་འདྲ་བརྒྱབ་ཡོད་མེད་སྐོར་དང་མུ་སྟེགས་པས་ཚུར་དྲི་བ་གང་བཏོན་ཡོད་མེད་དང་ལན་གང་འདྲ་བཏབ་ཡོད་མེད་སོགས་ཞིབ་ཕྲ་དབུ་མ་དང་ཚད་མ་རིག་པའི་གཞུང་གི་ལེའུ་གཉིས་པའི་ནང་གསལ་ཐག་ཆོད་བཀོད་ཡོད། འདིར་མུ་སྟེགས་པའི་ལྟ་བ་བཤད་དགོས་པའི་རྒྱུ་མཚན་ནི་སོ་སོའི་བསམ་བློའི་ནང་མུ་སྟེགས་པའི་ལྟ་བའི་བག་ཆགས་ཡོད་ཚེ་དེ་ལ་སངས་རྒྱས་ཆོས་ལུགས་ཀྱིས་དགག་པ་ཇི་ལྟར་བརྒྱབ་ཡོད་མེད་ཉམས་ཞིབ་དང་ཤེས་རྟོགས་བྱ་རྒྱུའི་ཆེད་དུ་ཡིན། མུ་སྟེགས་པའི་གྲུབ་མཐའི་སྐོར་བཤད་ཟིན་ཏོ།།  །།

 

 

 

 

བརྒྱུད་སྐུལ།

མཆན་སྤེལ།