༄༅། །བདག་ཉིད་ཆེན་པོ་སྐྱེས་མཆོག་པོ་ཏོ་བའི་ཆིག་ལབ་རིང་མོ། རྣམ་ཐིག །གནས་ཐིག་བཅས་བཞུགས་སོ།།

༄༅། །བདག་ཉིད་ཆེན་པོ་སྐྱེས་མཆོག་པོ་ཏོ་བའི་ཆིག་ལབ་རིང་མོ། རྣམ་ཐིག །གནས་ཐིག་བཅས་བཞུགས་སོ།།

༄༅། །བདག་ཉིད་ཆེན་པོ་སྐྱེས་མཆོག་པོ་ཏོ་བའི་ཆིག་ལབ་རིང་མོ། རྣམ་ཐིག །གནས་ཐིག་བཅས་བཞུགས་སོ།།

 

༄༅། །དུས་གསུམ་གྱི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར། དུས་ཐོག་མ་མེད་པ་ནས་འཁྱམས་པ་འདི་རང་སེམས་མ་རྟོགས་པས་ལན་ནས་འདུག །སེམས་མ་རྟོགས་པ་སྒྲིབ་པས་ལན། སྒྲིབ་པ་ཚོགས་གསོག་པ་མ་ཤེས་པས་ལན། ཚོགས་གསོག་མ་ཤེས་པ་དད་པ་མེད་པས་ལན། དད་པ་མེད་པ་འཆི་བ་མ་དྲན་པས་ལན་པ་ཡིན། ད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པས་རང་གི་སེམས་རྟོགས་དགོས། སེམས་རྟོགས་པར་བྱེད་པ་ལ་སྒྲིབ་པ་སྦྱོང་དགོས།

སྒྲིབ་པ་སྦྱོང་བར་བྱེད་པ་ལ་ཚོགས་གསོག་དགོས། ཚོགས་གསོག་པ་ལ་དད་པ་དགོས། དད་པ་གཤའ་མ་དེ་འཆི་བ་རྗེས་སུ་མ་དྲན་ན་མི་སྐྱེ། འཆི་བ་གཤའ་མར་དྲན་ནས་ཆོས་མིན་ཅིས་ཀྱང་མི་ཕན་པར་འདུག་སྙམ་ཙ་ན། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཅི་ལ་ཡང་བློ་མི་འཇུག་པ་ཅིག་འོང་བ་ཡིན་ཏེ། དེ་ཙ་ན་རྫས་དང་ཡོ་བྱད་ལ་ཆགས་པ་གཏིང་ནས་མེད། ཉེ་འབྲེལ་ལ་ཞེན་པ་གཤའ་མར་ལོག་ནས་སུའི་ཡང་ངོ་མི་བསྲུང་བ་ཅིག་འོང་བར་འདུག །རྒས་ཁའི་མདུན་མ་མི་བྱེད། དེ་རྒས་རྒས་སུ་སྡོད་པའི་བློ་མེད་པས། རྒས་ཁར་སྐྱིད་སྡུག་དང་། མིའི་རྩིས་ཆེ་ཆུང་དང་། ལྟོ་གོས་ཕྱིད་མ་ཕྱིད་དང་། མིས་འཕྱ་མི་འཕྱ་དང་། སུ་ཇི་ལྟར་བྱེད་པ་གྱིས་སྙམ་པའི་ཚེ་འདིའི་སྟབས་ཀ་ལེགས་ཉེས་ཅི་ལ་ཡང་བློ་མི་འཇུག་པ་ཅིག་དགོས་པ་འདུག་སྙམ། ཚེ་འདི་ཇི་ལྟར་སོང་བ་སོང་སྙམ་ནས་ཚེ་འདི་ཁར་ཆེ་ལ་གཏོང་དགོས། མདའ་གཅིག་གིས་ཤ་བ་གཉིས་མི་སོད། ཁྱི་གཅིག་གིས་གླ་བ་གཉིས་མི་ཟིན། ཁབ་རྩེ་གཉིས་ཀྱིས་ཚེམ་བུ་མི་བཏུབ། རྐང་པ་ཡ་གཅིག་ཡར་ལ་བོར་ཡ་གཅིག་མར་ལ་བོར་བས་དོན་བསམ་སར་མི་སླེབ། དེ་བཞིན་དུ་ཚེ་འདི་དང་ཕྱི་མ་གཉིས་མི་འགྲུབ་པས། དེ་ཡང་ཕྱི་མ་ཕན་ཆད་གལ་ཆེ་བས་ཆོས་གཤའ་མ་ཅིག་བྱ་དགོས་པ་འདུག་སྙམ། འཆི་བ་གཤའ་མ་ཅིག་དྲན་ན། དངོས་པོ་ཐམས་ཅད་ལ་གཅན་གཟན་གྱི་མདུན་དུ་རྩྭ་སྦུངས་པ་དང་འདྲ་བ་ཅིག་འོང་བར་འདུག།།འཁོར་བའི་སྡུག་བསྔལ་གྱིས་སྐྱུགས་གཤའ་མར་ལོག་ན། ཅིས་ཀྱང་དགོས་པ་མེད་སྙམ་པ་ཡང་ཡང་འབྱུང་། དེ་ཙ་ན་ཚེ་འདིའི་མདུན་མ་ལ་བློ་གཤའ་མར་ལོག་ནས་གཞན་དང་བསམ་པ་ཡེ་མི་མཐུན་པ་ཅིག་འོང་བར་འདུག་སྟེ། ཚེ་འདིའི་ཕྱིད་ཐབས་དང་བཟང་ཐབས་འབའ་ཞིག་བྱེད་མི་མཐོང་ཙ་ན། མི་འདི་ཀུན་གྱི་སྙིང་ལ་ཅི་དྲན་པ་ཡིན་སྙམ་པ་འོང་བར་འདུག །རང་ལ་ཤ་ཚ་ནས་ཁྱོད་དེ་ལྟར་མ་བྱེད་རྒས་ཁར་ཉོན་མོངས་ཏེ་འགྲོ། ཀ་ཆ་བག་ཙམ་ཚགས་གྱིས་དགེ་སྦྱོར་གྱི་གྲོགས་ཡིན། རང་གཞུ་བཀང་ནས་རང་མདའ་བརྡེག་དགོས་པ་ཡིན་ཟེར་ནས་གྲོས་འདེབས་པ་མང་པོ་འབྱུང་སྟེ། དེ་རྣམས་ལ་ཡང་ཁོང་འོར་ཆེ་ང་ལ་གྲོས་འདེབས་པ་དེ་བདེན། ཁོང་ང་ལ་ཤ་ཚ་བ་ཡིན་སྙམ་པ་མ་བྱུང་། སླར་ལ་ཡི་མུག་ཞེ་ཁྲེལ་བར་བྱུང་སྟེ། འདི་ཀུན་གྱིས་ཆོས་མ་བསམས་པར་འདུག །མི་འཆི་ན་ཏ་དེ་ཙུག་ཡིན་ཡིན། འཆི་ངེས་པར་འདུག །ནམ་འཆི་ཆ་མི་འདུག་པས་ཀ་ཆ་གསོག་རིང་ལ་ཤི་ན་ཇི་ཙུག་བྱེད། ཤི་ནས་ཀྱང་མི་རང་དུ་སྐྱེ་ན་དེར་ཡང་ཆོས་བྱས་པས་ཆོག་སྟེ། ཤི་ནས་གར་སྐྱེ་དང་གར་འགྲོ་ཆ་མི་འདུག་པས། ཆོས་ན་མར་ལ་ནི་འཆི་ངེས་པས་ཆོས་བྱ་བར་ལ་བཅད། ནམ་འཆི་ཆ་མེད་པས་ཆོས་ལ་ཕྱི་བཤོལ་མི་བྱ་བར་ལ་བཅད། འཆི་བའི་དུས་སུ་ཅིས་ཀྱང་མི་སྟོངས་པས་ཅི་ལ་ཡང་མི་ཆགས་བར་ལ་བཅད། གཞན་ཡང་འགྲོན་པོ་ཕ་ཡུལ་དུ་འགྲོ་བ་ལྟ་བུ། འདོད་པའི་ཡོན་ཏན་མས་ལ་གསོད་སར་ཁྲིད་པའི་རྒྱན་ལྟ་བུ་དང་། གནད་དུ་མཚོན་ཕོག་པ་འདྲ་བ་ཞིག་དགོས་ཟེར་བ་ཡིན་ཏེ།

གཅིག་པུ་ག་ཤེད་འགྲོ་དགོས་ན། །མཛའ་དང་མི་མཛའ་ཀུན་ཅིའང་རུང་། །

ཞེས་བྱ་བ་ལ་སོགས་པ་གསུངས་ནས་འདུག་པ་མ་གོའམ་སྙམ་ནས་ཡི་མུག །སང་འཆི་ན་ཅི་ཙུག་བྱེད་སྙམ་ནས་ཁོང་ལ་སླར་སྙིང་རྗེ་སྐྱེ་བར་འདུག །འོ་སྐོལ་ཆོས་པའི་དབང་དུ་བྱས་ན། ཆོས་དང་མི་མཐུན་པའི་མི་ལ་ཁྱོད་འདི་ཙུག་མ་བྱེད་ཆོས་གྱིས་བྱ་བ་ལ་སོགས་པའི་གྲོས་འདེབས། ཆོས་དང་མཐུན་པ་རྣམས་ལ་ཡང་སེམས་རྒྱུད་ཡོན་ཏན་གོང་མ་ལ་ཡང་སྦྱོར་དགོས་པ་ཡིན། གྲོས་འདེབས་པ་སྦྱིན་པ་བཏང་བ་བས་ཚུལ་ཁྲིམས་བསྲུངས་པ་དགའ། ཐོས་པ་བྱས་པ་བས་བསྒོམས་པ་དགའ་བྱ་བ་ལ་སོགས་པ་ཡོན་ཏན་གོང་མ་ལ་སྦྱོར་དགོས་པ་ཡིན། དེ་སྐད་བྱས་པས་ཁ་ཅིག་ན་རེ། ཆོས་ནས་བཤད་པ་དེ་ད་ལྟ་སོ་སོ་སྐྱེ་བོའི་དུས་སུ་རྒྱུད་ལ་མི་སྐྱེ། ད་ལྟ་མོས་པ་སྦྱོད་པ་བྱ་བ་ཡིན་ཟེར་ཏེ། ད་ལྟ་རྒྱུད་ལ་མི་སྐྱེ་ན་ཚེ་ཕྱི་མ་ཁྱི་རུ་སྐྱེས་ཙ་ན་དེ་བས་ཀྱང་མི་སྐྱེ། བ་ལང་བོང་བུ་དུད་འགྲོ་ལ་སོགས་པ་མི་ཁོམ་པའི་གནས་བརྒྱད་དུ་སྐྱེས་ཙ་ན་དེ་བས་ཀྱང་མི་སྐྱེ་སྟེ། ད་ལྟ་རང་ཡང་ཁམས་བག་ཙམ་རེ་མ་བདེ་ཙ་ན་ཤེས་པ་བཀོལ་དུ་མི་ཉན་པར་འདུག་པ། ཆོས་བྱེད་པ་ད་ལྟ་བས་ལྷག་པ་མེད་དམ་སྙམ། སློབ་དཔོན་གྲུབ་པ་ཐོབ་པ་དང་། ཕུན་སུམ་ཚོགས་པ་ནམ་ཡང་དཀའ་བས། ད་ལྟ་སྨོན་ལམ་གྱི་སྟེང་དུ་ཕྱིན་པ་ཡིན། བདུད་བྱ་བ་མདོག་གནག་ལ་དབྱིབས་མ་ལེགས་པ་ཞིག་ལོགས་ན་མེད། རང་གི་བསམ་པ་བཟང་པོ་དང་གྲོགས་བཟང་པོས་ཡོན་ཏན་གོང་མ་ལ་སྦྱོར་མ་ནུས་པ་དེ་ཡིན། ངས་ནི་སྙིང་ནས་ཆོས་བྱེད་པ་ལ་འཆི་བ་དྲན་པ་ཁོ་ན་གནད་ཆེ་བར་གོ །འཆི་བ་མ་དྲན་ན་ཐོས་བསམ་སྒོམ་གསུམ་དང་། རི་ཁྲོད་དང་། འདག་མ་དང་། ལྡོམ་བུ་དང་། གཅིག་པུ་དང་། གདན་གཅིག་དང་། བྱ་བར་དཀའ་བའི་དཀའ་ཐུབ་ཐམས་ཅད་ཀྱང་ཚེ་འདིའི་བསོད་ནམས་ཅི་སྐྱེ་དང་། མི་རྩི་ས་ཅི་ཆེ་དང་། རྙེད་པ་དང་། གྲགས་པ་ཅི་འོང་དང་། ཚེ་འདིའི་མདུན་མར་སོང་ནས་ཆོས་སུ་མི་འགྲོ་བར་འདུག །ཆུ་ཡུར་མགོར་མ་ཚུད་ན་ཡུར་ཞབས་སུ་མི་འབྱུང་བར་འདུག །མདའ་ལྟོང་མེད་དེ་གཞུ་ཚར་ཆོད་པར་བཀང་ནས་འཕངས་ཀྱང་འགྲོ་རུ་མི་འདོད་པར་འདུག །དེ་བཞིན་དུ་འཆི་བ་མ་དྲན་པའི་ཆོས་དེ་ལམ་དུ་མི་འགྲོ་བར་འདུག །བར་སྐབས་འདི་ན་ཉམས་སུ་མྱོང་བ་ཞིག་རང་ཡོད་དེ། སྙིང་ནས་རང་དུ་འཆི་བ་གཤའ་མ་ཞིག་དྲན་ན་དེ་ནས་ཚེ་འདི་བློས་ཐོངས་པ་ཞིག་འོང་། ཆོས་ཀྱི་གཞི་མ་གཤའ་མ་ཅིག་དེར་གདོད་ཐིངས་པ་ཡིན། ལམ་སྣ་ཟིན་པ་ཡིན། ཆུ་ཡུར་མགོར་ཚུད་པ་ཡིན། ཡོན་ཏན་སྐྱེ་བ་ལ་ཚེགས་མེད། ནང་གི་ཉེར་ལེན་བཟང་པོ་ཞིག་ཡོད་པས་རྐྱེན་ངན་གྱིས་ཟློག་པར་མི་ནུས་པར་ཆོས་ཚུལ་བཞིན་དུ་བྱེད། ཆོས་ནས་ཇི་སྐད་བཤད་པ་བཞིན་དུ་བྱེད་པ་འོང་བ་ཡིན། ཚེ་འདི་ལ་བློ་མ་ལོག་ན་ཆོས་པོ་ཏི་ཅི་བྱུང་བཤད་ཤེས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོར་ཞུགས་ནས་གཉིས་མེད་ཟུང་འཇུག་ཏུ་བསྒོམས་ཀྱང་མི་སྐྱ་ཐ་མལ་བ་དང་ཁྱད་ཙམ་མེད། དེས་ན་ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་གིས་ཀྱང་སྡེ་སྣོད་མཐའ་དག་གི་དོན་སྙིང་པོར་དྲིལ་བ་སྐྱེས་བུ་རབ་འབྲིང་གསུམ་དུ་གསུངས་པ་ཡིན། དེ་ཡང་ཚེ་འདི་ལ་བློ་ལོག་ནས། ཕྱི་མ་ངན་སོང་གི་སྡུག་བསྡུལ་གྱིས་འཇིགས་ནས་ཆོས་བྱེད་པ་དེ་སྐྱེས་བུ་ཆུང་དུ་ཡིན་ཏེ། དེ་རྒྱུད་ལ་སྐྱེས་པའི་ཆོས་ལ་འཁྲིད་པ་ཙམ་ཡང་མི་འདུག །ཅི་སྟེ་ཞེ་ན། དགེ་བཤེས་ཤིག་ལ་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པའི་ཆོས་འབྲེལ་ཞུས་ནས། ཕྱིས་དགེ་བཤེས་དེ་ལ་གུས་པས་སློབ་དཔོན་མི་ཟེར་བ་འདུག །སློབ་དཔོན་བྱས་ན་ནི་མིས་འཕྱས་འོང་སྙམ་ནས་གསང་བར་གདའ། གཞན་ཞིག་གིས་དེ་ཁྱོད་ཀྱི་སློབ་དཔོན་མིན་ནམ་བྱས་ན། ངས་དེ་ལ་སྐྱབས་འགྲོ་སེམས་བསྐྱེད་ཅིག་ལས་མ་ཞུས་ཟེར། སྐྱབས་འགྲོ་སེམས་བསྐྱེད་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། མ་གོ་བ་ཡིན་པས་སྐྱོན་ཤིན་ཏུ་ཆེ། ངས་ནི་ཆོས་འབྲེལ་ཞུས་ཚད་ལ་ཚིག་རེ་ཙམ་ལ་ཡོན་ཏན་རེ་རྙེད་པས། དེ་རིན་གྱིས་ཉོ་ན་མི་རྙེད་སྙམ་པ་ཤ་སྟག་བྱུང་། དེས་ན་ཚེ་འདི་ལ་བློ་ལོག་པ་དེ་ཉུང་བར་འདུག །བྱང་ཆུབ་སེམས་པར་ཁས་ལེན་པ་མང་བར་འདུག་སྟེ། དེ་རང་ཡང་ཚེ་འདི་པར་སོང་ངམ་སྙམ། ང་ལ་ནི་དོ་ནུབ་ཤི་ན་ཇི་ཙུག་བྱེད་སྙམ་ནས་སང་ཕན་ཆད་ཀྱི་མདུན་མ་དྲན་པ་ཡང་མ་བྱུང་སྟེ། ཆོས་ཀྱི་གནད་ཐམས་ཅད་དེ་ནས་འགོ །སྒོམ་རྒྱགས་ཀྱང་དེ་ཁོ་ན་ཆེ་བར་བྱུང་། གཞན་ལ་ཡང་དེ་ཙུག་ཡོད་དེ་འོང་སྙམ་ནས་ཁོང་ལ་བཤད་པས། ཁོང་ང་དང་བསམ་པ་འཐུན་པ་ཙམ་མ་བྱུང་། ཁོང་ཡང་ང་ལ་ཞེ་ཁྲེལ། ང་ཡང་ཁོང་ལ་ཡི་མུག །ལར་ནང་དུ་ཁུ་འཕྲིག་ཅིག་མ་ཚུད་ན་ཆོས་མང་པོ་ཤེས་ཀྱང་ཕན་མི་འདུག །ད་ལྟ་ཚོགས་མ་རྫོགས་ཀྱིས་དོགས་པ་ལ། ཁྱོད་ཀྱི་དེ་ཡང་ཅུང་དྲགས་པ་ཡིན་ཟེར་ནས་འགྱོད་འདེབས་པར་འདུག་སྟེ། དེ་ནི་གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་ནག་པོའི་ཆོས་གཅིག་མ་ཡིན་ནམ། གཞན་གྱིས་དགེ་བ་བྱས་པ་ལ་རྗེས་སུ་ཡི་རང་བ་བྱས་ན་དགེ་བ་ཕྱེད་ཐོབ་པར་མདོ་ནས་གསུངས་འདུག་པ་དེ་མ་གོའམ། དེ་སྐད་བྱས་པས་ཁོང་ལ་ལ་ན་རེ། ཁྱོད་ལ་ཉེས་པ་སློབ་པ་མིན་ཤ་ཚ་ནས་གྲོས་འདེབས་པ་ཡིན་ཟེར་ཏེ། ཤ་ཚ་བའི་ཁ་ནས་སྙིང་གཏམ་དེ་འདྲ་བ་འབྱུང་བ་ཡི་མུག་པ་ཡིན། ཁོང་རང་ལ་བསམ་པ་དེ་ལས་མེད་པའི་རྟགས་ཡིན། དེ་ལ་ངོ་མཚར་དུ་དྲན་པ་ཡིན། དོན་ལ་འཁོར་བ་ནས་ཅི་མི་ཐར་དུ་གྱིས་ཟེར་བར་འདུག་པས། ཤ་ཚ་བ་ཡིན་ཡང་དེ་ལ་མི་ཉན། སྒོམ་ཆེན་བཟང་པོ་ཡིན་ཟེར་བ་དང་། ཆོས་མང་པོ་ཤེས་པའི་མཁས་བཙུན་ཡིན་ཟེར་བ་ལ་ལ་ལ་ཆོས་འབྲེལ་ཞུས། ལ་ལ་དང་ལོ་རྒྱུས་བྱས་པས་བསམ་པ་མཐུན་པ་ཙམ་མ་བྱུང་ནས་གླེང་ལངས་ཤ་ཕེབས་པ་ཙམ་གཏོང་སྙིང་མ་འདོད་ནས་ངག་འཁྱལ་ཅི་དགའ་དགའ་བཤད་བཏང་། ཆོས་པ་བཟང་པོ་ཡིན་ཟེར་བ་ཚོ་ཡང་སྔོན་ལ་ཚེ་འདིའི་ལྟོ་རྒྱབ་གཞན་ལ་རག་མ་ལས་པ་ཅིག་བསགས་ལ། ཚེ་འདི་ལ་ལྟོ་མི་ལ་མི་ཟ་བར་བྱས་ལ་དེ་ནས་ཡུལ་དེ་ནས་བཟང་པོ་གཅིག་ཏུ་སྡིག་གསོག་མེད་པའི་དགོན་པ་གཅིག་ཏུ་སྡོད་ལ། དགེ་སྦྱོར་བཏུབ་ཚད་བྱ་སྙམ་པ་ལས་ཚེ་འདི་ཇི་ཙུག་སོང་བ་སོང་སྙམ་པའི་ཆོས་པ་རེ་རེ་ཙམ་ལས་མི་འདུག །ངའི་བསམ་པ་ལ་སྤང་བྱ་འཁོར་བའི་སྡུག་བསྔལ་ཙམ་ལ་འབྲོས་དགོས། འབྲས་བུ་རྫོགས་པའི་སངས་རྒྱས་བསྒྲུབ་པ་ལ་ཚོགས་དཔག་ཏུ་མེད་པ་གསོག་དགོས། བསོད་ནམས་གང་ཆེ་ཟེར་བ་ལ་ལག་ལེན་བྱེད་དགོས་པར་འདུག་སྙམ། ཚོང་ཅིག་བྱེད་པའི་དུས་སུ་ཡང་། སྣམ་བུ་ཅིག་ལ་དཔེས་མཚོན་ན་བྲེ་བཞི་ལྔ་ཙམ་གྱིས་ཁོང་རྒྱལ་དུ་བཅུག་ནས་མ་ཚོར་བ་བཞིན་དུ་བྱས་ན་བསོད་ནམས་ཆེན་པོ་འོང་སྙམ་པ་ལ། དེ་སྐད་བྱས་པས་ཁ་ཅིག་ན་རེ། ཚོང་ལ་འཕམ་པ་དྲིན་མེད་བྱ་བ་ཡིན། དེ་བས་བྱིན་པ་དགའ་ཟེར། ཆོས་པ་བྱ་བ་དྲིན་ལན་དངོས་སུ་མི་འདོད་ཅིང་ཕ་དང་མ་ལྟར་རང་རྒྱལ་བ་བས་སེམས་ཅན་གཞན་རྒྱལ་བ་ལ་དགའ་སེམས་སྐྱེ་བ་ཞིག་དགོས། དེ་ལྟར་མ་སོང་ན་སངས་རྒྱས་པའི་ཐབས་མེད། ཚད་མེད་བཞི་བསྒོམས་ཀྱང་རྒྱབ་སྣོལ་ཡིན། སངས་རྒྱས་ཐོབ་པར་བྱེད་པ་ལ་སེམས་ཅན་ལ་ཕན་པར་འགྱུར་ན་ལོངས་སྤྱོད་ལྟ་ཅི་སྨོས། ལུས་དང་སྲོག་ཀྱང་གཏོང་ནུས་དགོས་ལ། ཚོང་ཁལ་རེ་ཙམ་འཕམ་པ་ལ་གཉིད་ཞག་འགའ་རེར་ཡར་འགྲོ་བའི་ཆོས་པ་དེས་གཞན་ལ་ལྟ་ཕན་པར་ག་ལ་ནུས་ན་རང་ལ་ཡང་ཤིན་ཏུ་གནོད་པར་འོང་སྟེ། དཔེར་ན་ཡུལ་གྲུ་གཅིག་གི་སྐྱ་བཙུན་ལ་ཚ་བ་ནང་མ་ཞིག་དྲངས་པ་ལ་གཞན་གྱིས་ཀྱང་ཁོང་གིས་དགེ་བ་གྲུབ་ཟེར། རང་ཡང་དགེ་བ་བྱས་སོ་སྙམ་ནས། ཡུལ་དང་དགོན་པ་འདུས་ཆེ་བ་རེར་བསྡད། ཟོང་མོད་དུས་ཉོས་ཤིང་དཀོན་དུས་སུ་འཚོང་བར་བྱེད། དེ་ཡང་མིས་དཔྱད་པ་དང་། བྲེ་ཚད་སྲང་ཚད་། སྤྱི་ཚད་ལ་མི་བྱེད་པར་རང་གི་ཞེ་འདོད་ཁོ་ན་མ་གྲུབ་བར་དུ་བསྒྲུབས་ནས། གཞན་དབང་མེད་དུ་གཏུགས་ཀྱིས་སེམས་མི་དགའ་བ་རེ་ལ་ཐུགས་གིས་མ་ཐོངས་བར་དུ་གཏོང་བར་འདུག །དེ་ཡང་མི་གཅིག་དང་གཉིས་ནི་མིན། ཕྱོགས་བཅུའི་འགྲོན་པ། ཉིན་གཅིག་ཟླ་གཅིག་ལོ་གཅིག་ནི་མིན། ཚེ་ཧྲིལ་གྱིས་བྱེད་པར་འདུག་སྟེ། མདོར་ན་དགེ་བ་ནང་མ་རེ་བྱས་པ་ལ་བློ་བདེ་མོར་བྱེད། སྡིག་པ་ཚེ་ཧྲིལ་གྱིས་བསགས་པ་ལ་བློ་མི་བདེ་བ་སྐད་ཅིག་ཀྱང་མི་འོང་བ་འདི་དག་ལ་ཇི་འདྲ་བའི་སེམས་ཅིག་ཡོད་ན། ཅི་འདྲ་བའི་གདེང་ཞིག་ཡོད་ན་བསམ། འདི་དག་ལ་བདག་འཛིན་འདོད་པའི་དབང་དུ་སོང་ལུགས་འདིས་སྡིག་པ་རང་བཞིན་མེད་པར་གྲོལ་བ་ལྟ་ཅི་སྨོས། སྡིག་པ་ལ་རྣམ་སྨིན་ཚེ་ཕྱི་མ་ལ་ངན་སོང་གསུམ་དུ་སྐྱེ་བ་ཡང་དང་པོར་མ་ཐོས། ཐོས་ཀྱང་མ་བསམས། དེ་བས་ཚེ་འདི་ལ་ཡང་གཏམ་ངན་དང་ཕྱི་མའི་སྡུག་བསྔལ་ལ་མ་འཛེམས་པར་ནོར་དུམ་ཅིག་ཡོང་ཡོང་འདྲ་ན་ལུས་སྲོག་ཆོས་ཐམས་ཅད་ཐེད་ལ་བོར་ནུས་པ་འདི་རྣམས་སྙིང་རྗེའི་ཡུལ། སྡུག་བསྔལ་གྱི་རྒྱུ་ལ་གནས་པ་བྱ་བ་མཐར་ཐུག་པ་དེ་ཡིན་པར་འདུག །ད་ལྟའི་སྡེ་དགོན་ཁ་ཅིག་ཏུ་ཕྱིན་ནས་ཁྱེད་ཀྱི་འདི་ན་གང་ཟག་བཟང་པོ་ཇི་ཙམ་ཡོད་བྱས་པས། འགའ་རེ་ཡོད་ཟེར། ཇི་ལྟ་བུ་ཡོད་བྱས་པས། མཁས་པ་བཙུན་པ་བཟང་བ། ཡོན་ཏན་དང་ལྡན་པ། རྟོགས་པ་དང་ལྡན་པ། གཞན་ལ་ཕན་རྒྱ་ཆེན་པོ་ཐོགས་པ་ཡོད་མི་ཟེར། འོན་ཅི་ཟེར་བྱས་པས། གསེར་གཡུ་དང། རྟ་ཕྱུགས་དང་། ཞིང་གཞིས་དང་། འཁོར་གཡོག་དང། ལོངས་སྤྱོད་འདི་ཙམ་འཛིན་པའི་གང་ཟག །སྡེ་དགོན་འདིའི་སྲོག་ཤིང་བྱེད་པ། འདི་སྐད་བྱ་བ་དང་འདི་སྐད་བྱ་བ་ལ་སོགས་པ་བཟང་པོ་ཡོད་ཟེར་ཏེ། དེ་བའི་བཟང་ལུགས་ནོར་ཆེ་བ་ལ་བྱེད་ལུགས་ཀྱིས། འདོད་པ་ཅན་ཚེ་འདི་པར་འོང་། ནོར་ཆེ་བ་དེ་ཕལ་ཆེར་སྡིག་སྡུག་གཏམ་ངན་ལ་མི་འཛེམ་པའི་རྟགས་ཡིན་པས། ཆོས་རང་བྱེད་པའི་སྡོད་ས་དེར་མི་འོང་། དེ་ཡང་མཚོ་འཁྱགས་པའི་དང་བྱ་ལྟ་བུར་སོང་བ་ཡིན་སྙམ། ལར་རང་འདོད་ཡོན་ལྔ་པོ་འདི་དག་ལ་ཞེན་ཅིང་ཆགས་པ་འདིས་གཏན་སྡུག་ལ་གཏུགས་པས་གཞན་ལ་ཕན་ཅུང་ཟད་རེ་བྱས་ཀྱང་། དེའི་འབྲས་བུ་རང་གི་རྩར་ཚེ་འདི་ལ་སླེབ་དགོས་པ་འདི་དག་གྲུབ་མཐས་བློ་སྣ་ཡེ་མ་སྒྱུར་བ་ཀུན་དང་ཁྱད་པར་མེད། དེས་ན་ཆོས་བྱེད་འདོད་པ་ཀུན་གྱིས་སེམས་ཅན་གཞན་ལ་ཕན་བཏགས་པ་ལ་ངོ་དང་དྲིན་འདོད་པ་མི་བྱེད་པ་ཡིན་ཏེ། དེ་ལ་བྱིན་ན་བཟང་ལན་བྱ་དགོས་སྙམ་ནས་ཁོང་ལ་སེམས་ཁྲལ་ཅིག་འོང་བ་ཡིན། དེ་ལ་ལན་མ་བྱུང་ན་རང་རེ་ཡང་ཁོང་ལ་ཁོང་ཁྲོ་སྐྱེ་སྲིད། ཁོང་ཡང་ངོ་དམའ་བའམ་འཁོས་ཀ་ཞན་ཅིང་ངན་པར་འགྱུར། ཆོས་བྱེད་འདོད་པ་ཀུན་ཚེ་འདིའི་ལྟོས་བཅས་ཀྱི་ཟས་ཆོས་པ་ཡ་བོ་ལ་ཡང་མི་སྦྱིན། རང་ལ་གཞན་གྱིས་བྱིན་ཡང་མི་ཟ། མཐར་ཟ་རེས་སུ་སོང་ནས་ཆོས་ཕྱིས་ཀྱིས་འཆོར་བའི་རྒྱུ་ཡིན། ཡང་ཆོས་པ་ཀུན་བློ་ཆོས་ལ་མ་ཁེལ་བར་རྒས་ཁར་སྡུག་དོགས་ནས་ནོར་གསོག །མིའི་སེམས་འཛིན། བུབ་བརྟེན་རེ་ཅི་ནས་ཚོལ་བ་དེ་ཆོས་ལ་ངེས་ཤེས་མ་སྐྱེས་པས་ལན་པ་ཡིན། ཆོས་ལ་ཡིད་ཆེས་སྐྱེས་ན། བུབ་བརྟེན་ཆོས་ལས་བཟང་བ་མེད། ཆོས་རང་ཚུལ་བཞིན་དུ་བྱས་ན་རྒས་ཁར་སྡུག་དོགས་མེད། ལར་གྱིས་རྒས་རྒས་སུ་སྡོད་པའི་གདེང་ཡོད་པ་འདྲ་བ་ཅིག །དེ་དུས་ཕན་ཐོགས་ཐོགས་འདྲ་བའི་མདུན་མ་བྱེད་པ་འདིདག་དང་བསྟུན་ན། ཕྱི་མ་ལ་འཁོར་བའི་སྡུག་བསྔལ་འདི་རྣམས་ངེས་པ་ཁོ་ནར་མྱོང་བར་འགྱུར་བ་ལ། འདི་རྣམས་ལ་གྲབས་སམ། བུབ་བརྟེན་ནམ། ཚེ་ཕྱི་མའི་མདུན་མ་ལ་ཕན་པ་རེ་ཅིས་ཀྱང་ཚགས་སུ་འཛུད་ཐང་བ་ལ། ཚེ་འདིའི་རྒས་པ་དེ་རང་རེ་ཁོ་ན་ལ་འོང་བ་ཡིན་ལ། ཕྱི་མའི་སྡུག་བསྔལ་སྡང་བའི་དགྲ་ལ་འོང་བ་ཡིན་པ་འདྲ་བ་ཤ་སྟག་བྱེད་པ་འདི་རྣམས་ཆོས་པ་ཀུན་གྱིས་ཀྱང་ཆོས་ཀྱང་མ་བསམས་པ་ཡིན། ཆོས་མ་བསམས་པས་རང་གཞན་ཐམས་ཅད་དོན་མེད་ཀྱི་སྡུག་བསྔལ་འབའ་ཞིག་ལ་སྦྱར། ད་དུང་དེ་བཞིན་དུ་འགྱུར་ཏེ་བསམས་ན་སུས་བཟོད་དམ་སྙམ། ཁ་ཅིག་ཆོས་བྱེད་པ་ལ་ཆོས་རྒྱགས་མེད་ཟེར་ཏེ། ཆོས་མི་བྱེད་ལ། སྡིག་པ་བྱེད་པ་ལ་སྡིག་རྒྱགས་རྙེད་ནས་ངང་གིས་འཇུག་སྟེ། འདི་དག་ཀྱང་སྡེ་དགོན་གྱི་བཙུན་པ་ཕྱུག་པོ། འཆི་བ་དང་འཁོར་བའི་སྡུག་བསྔལ་ཡེ་མ་བསམས་པ་ཁྱེད་དྲགས་ཅན་རྣམས་ཀྱིས་ལན་པ་འདྲ། འདི་རྣམས་ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན་འཛིན་པ་བྱ་བ་ཡིན། བྱས་པ་ཆོས་བྱས་ནས་བདག་འཛིན་ཁྱིམ་པ་བས་དམ་པ་འདི་འཁོར་བར་འཁྱམ་པའི་རྟགས་ཡིན་ཏེ་མ་གོ །ཆོས་བྱེད་པ་ལ་ཆོས་རྒྱགས་མི་རྙེད་པ་དེ་ཡང་ཆོས་ལ་ཡིད་མ་ཆེས་པས་ལན་པ་ཡིན། ཆོས་བྱས་པས་སྡུག་བསྔལ་གྱིས་དོགས། སྡིག་པ་བྱས་པས་སྐྱིད་དུ་རེ་ནས། ལག་ཐོབ་ཅུང་ཟད་རེ་འོང་ན་སྙིང་ལ་དྲན་ཚད་བྱེད། དགེ་བཤེས་ཀུན་གཞན་ལ་ཡོན་བཤད་བྱེད་ཙ་ན། ལོངས་སྤྱོད་སྙིང་པོ་མེད་པ་ཡིན་ཟེར་ནས་བདེན་བདེན་སྐད་ཟེར་ཏེ། རང་རེ་བློ་ཕུགས་ནོར་ལ་གཏད་པ་འདི་ཡི་མུག །རང་རེ་ཆོས་དང་ལག་ལེན་འཛོལ་བར་བྱས་ནས་གཞན་ཉན་དུ་གང་ནས་འོང་། རང་ཟང་ཟིང་དོན་དུ་གཉེར་བའི་རྟགས་སུ་གཞན་ལ་ཡང་བསོད་སྙོམས་གྱིས་ཟེར། ཚོང་གྱིས་ལ་ཀ་ཆ་གསོག་པ་བག་ཙམ་རེ་མེད་ན་བླ་མས་ཀྱང་ཐུགས་ལ་མི་འདོགས་ལ། གྲོགས་པོ་ཀུན་ཡང་སྡང་བ་ཡིན་ཟེར་ནས་ཁ་ཆོས་ལོག་པར་འཇུག་པར་འདུག་སྟེ། དེ་རང་གི་གཏམ་དྲོད་བསྐྱལ་བ་ཡིན། བསམ་པ་དང་སྦྱོར་གཉིས་སུ་འགྲོ་ལྡོག་ངེས་པས། བསམ་པ་ཚེ་འདིའི་བསམ་པ་ཡོད་པའི་རྟགས་སུ་ཡང་སྦྱོར་བ་ཡང་ཚེ་འདིའི་མདུན་མ་བྱེད། བསམ་པ་ངེས་འབྱུང་ཡོད་པ་དང་། བྱང་ཆུབ་ཀྱི་སེམས་ཡོད་ན་འཁོར་བ་ནས་ཅི་ཐར་དང་གཞན་དོན་དུ་ཅི་འགྱུར་བྱེད་པ་སྟེ། ལག་ལེན་ཡང་དེ་བཞིན་དུ་བྱེད་པ་ཡིན། ཆོས་ནས་ཇི་སྐད་བཤད་པ་བཞིན་རང་གིས་བྱེད་དགོས་པ་ཡིན། རང་གིས་ཇི་ལྟར་བྱས་པ་བཞིན་བཤད་དགོས་པ་ཡིན། རང་ཆོས་བཞིན་དུ་མི་བྱེད་པར་མི་ལ་བཤད་ཀྱང་། མཛེ་བོའི་བྱ་ཁྱུང་གི་སྒྲུབ་ཐབས་སུ་འགྲོ་བ་བཞིན་ཉན་མཁན་མི་འོང་། ཁ་དྲགས་པ་སྐྱེས་བཟང་བ། ཕྱུག་པ། ཕོ་ཚོད་ཆེ་བ། མདུན་མ་མཁས་པ། ཐབས་ལག་ཆེ་བ། སྦྱོར་བ་བཟོ་བ་དེ་དེ་ལ་དགེ་བཤེས་ཀྱང་ཐུགས་ལ་འདོགས། མཆེད་གྲོགས་རྣམས་ཀྱང་རྩིས་སུ་ཆེ། དད་པ་ཅན་འཆི་བས་འཇིགས་ནས་ཆོས་དོན་དུ་གཉེར་བ་རྣམས་ལ། སྲེད་ཅན་ཅོལ་ཆུང་ཡིན་ཟེར། ཁ་ཅིག་སྒོ་ཞན་མདོ་མེད་ཅོལ་ཆུང་ཡིན་ཟེར་ནས་དེ་ལ་གཉེན་འབྲེལ་གྲོགས་བཤེས། མཁན་སློབ་བླ་མ་གྲོགས་མཆེད་རྣམས་ཀྱང་ཕན་མི་འདོགས་ཀྱི་སྟེང་དུ་བརྙས་ཆོས་བྱེད་ཅིང་ཐབས་ཀྱིས་སྤོང་། ཕོ་ཚོད་དང་ནོར་ཆེ་ལ་འདུན་མ་མཁན་རྒོ་རགས་པོ་དེ་བྱང་ཆུབ་སྒྲུབ་པ་དང་འགལ་བ་ཡིན། ཆོས་བྱེད་དམན་ས་འཛིན་པ་ཚེ་འདིའི་ཁེངས་དྲེགས་དང་ལོངས་སྤྱོད་འདོད་ཡོན་ལ་དགྲ་དང་ཉེས་དམིགས་སུ་མཐོང་ཞིང་། ཚེ་འདིའི་མདུན་མ་བློས་བཏང་བ་རྣམས་ལ་གོ་མ་ཆོད་དུ་བརྩིས་ནས་ཕན་མི་འདོགས་ལ། ནོར་ཅན་ཁ་དྲག་རྒོ་རགས་པ་རྣམས་ལ་ཐུགས་ལ་འདོགས་པའི་དགེ་བཤེས་དེ་ཡང་གཤའ་མ་མིན། དགེ་བཤེས་མཚན་ཉིད་དང་ལྡན་པ་ཞིག་ཡིན་ན།

ཟང་ཟིང་མེད་པར་འགྲོ་ལ་ཆོས་ནི་སྟོན་བྱེད་ཅིང་། །

ཟེར་བས། ཆོས་ཚུལ་བཞིན་དུ་བྱེད་པ་དེ་ལ་ཐུགས་འདོགས་དགོས་པ་ཡིན། གྲྭ་པ་བཟང་པོ་བྱ་བ་འཆི་བས་འཇིགས་པ། བརྩོན་འགྲུས་ཅན་ཚེ་འདི་དོན་དུ་མི་གཉེར་བ། ཤེས་རབ་ཅན་ཆོས་ལ་བློ་ཁེལ་བ་དེ་ལ་ཟེར་བ་ཡིན། ཅི་སྟེ་ན། འོ་སྐོལ་འཁོར་བ་ལས་འབྲོས་པ་ཡིན། རྫོགས་པའི་སངས་རྒྱས་སྒྲུབ་པ་ཡིན། སངས་རྒྱས་ལ་དད་པ་ཅན་ཆོས་དོན་དུ་གཉེར་བ་ཡིན། ཕོ་ཚོད་ཆེ་བ་དང་། ཕོ་རྒོད་དྲག་པ་དང་། མདུན་མ་མཁས་པས་སངས་རྒྱས་ལས་ཐག་རིང་དུ་འགྲོ་བ་ཡིན། དེས་ན་དུས་དེ་རིང་ནས་རྫོགས་པའི་སངས་རྒྱས་ཀྱི་སར་འགྲོ་བའི་ཐབས་ལ་མཁས་པ་གཅིག་བྱུང་ན། མདུན་མ་མཁས་པ་ཡང་དེ་ལ་ཟེར་བ་ཡིན། ཕོ་ཚོད་ཆེ་བ་བྱ་བ་ཡང་དེ་ལ་ཟེར་བ་ཡིན། སྦྱོར་བ་བཟོ་བ་བྱ་བ་ཡང་དེ་ལ་ཟེར་བ་ཡིན། ཆོས་པའི་དབང་དུ་བྱས་ན་མཁས་པ་ཡང་དེ་ཡིན། བཙུན་པ་ཡང་དེ་ཡིན། །ཇོ་བོ་བཟང་པོ་བྱ་བ་ཡང་དེ་ལ་ཟེར་བ་ཡིན། མྱུར་དུ་སངས་རྒྱས་པའི་ཐབས་དེ་ཁོ་ན་ཡིན། མངོན་པ་ཡང་དེ་ཡིན། མདོ་སྡེ་ཡང་དེ་ཡིན། འདུལ་བ་ཡང་དེ་ཡིན། ཐོས་བསམ་སྒོམ་གསུམ་ཡང་དེ་ཡིན། བྱ་དཀའ་བའི་དཀའ་ཐུབ་ཐམས་ཅད་དང་ནུས་པ་ཕྱོགས་གཅིག་ཏུ་བསྡོངས་ནས་སངས་རྒྱས་སྒྲུབ་པ་ཡིན། འདུལ་པ་ཀཱ་རི་ཀཱ་ནས་དཔལ་གསང་བ་འདུས་པ་མན་ཆད་ཀྱི་བཀའ་སྡེ་སྣོད་རྒྱུད་སྡེ་ཐམས་ཅད་ཀྱང་གང་ཟག་གཅིག་གི་ཆོས་ཡིན། དུས་དང་གནས་སྐབས་འགའ་ཞིག་ལ་དགོངས་ནས་གསུངས་པ་ཡིན། མི་དགོས་པར་གསུངས་པ་འགའ་ཞིག་ཀྱང་མེད། ཆོས་ཐམས་ཅད་གཅིག་པ་ཡིན། ང་ཅག་གི་ཆོས་དང་། ཁོང་ཅག་གི་ཆོས་བྱས་ནས་གཞན་གྱི་ཆོས་ལ་སྨད་ན་དམྱལ་བར་སྐྱེ་བར་འཕགས་པ་བརྒྱད་སྟོད་པ་ནས་གསུངས། གང་ཟག་སུ་ཐོད་ཐོད་ལ་སྨྲར་མི་རུང་། ཆོས་ཐམས་ཅད་བསམ་པས་བྱེད་པ་ཡིན་པས། ཁོང་ལ་ཐུགས་དགོངས་ཇི་འདྲ་ཡོད་མི་ཤེས། ཚེ་འདི་པ་ཚོས་བལྟས་བས་ཚེ་འདི་འབའ་ཞིག་སྒྲུབ་པ་འདྲ་ཡང་། ཁོང་ལ་རང་འདོད་གཏན་ནས་མེད་པར་སེམས་ཅན་གཞན་གྱི་དོན་དུ་ཅི་འགྱུར་བྱེད་པ་ཡང་ཡོད། སེམས་ཅན་གཞན་གྱི་དོན་བྱེད་པ་སྐད་ཟེར་ནས་རང་འདོད་སྒྲུབ་པ་ཡང་ཡོད། རང་འདོད་བསྒྲུབས་པས་གཞན་དོན་དུ་འགྲོ་བ་ཡོད། རང་ཞེ་འདོད་མེད་པ་རང་མི་སྲིད་ཟེར་ན། དེ་རང་གི་བློ་སྐྱོན་ཡིན། ཁ་ཅིག་ན་རེ། ཆོས་གཤའ་མར་བྱེད་པ་ཁོ་ན་ལ་རང་ནོར་དགོས་པ་ཡིན། རང་ནོར་མེད་ན་གཞན་གྱི་ངོ་བསྲུང་དགོས། རང་ལ་ཡོད་ན་གཞན་གྱི་ངོ་བསྲུང་མི་དགོས་པས་ཀ་ཆ་འདི་ཙམ་རེ་ཆོས་ཀྱི་གྲོགས་ཡིན་ཟེར་ཏེ། དེ་ཀུན་ཡང་འཆི་བ་མ་བསམས་ཤིང་། ཆོས་ལ་ངེས་ཤེས་མ་རྙེད་པའི་གཏམ་ཡིན་པས། སྙིང་ནས་རང་འཆི་བ་གཤའ་མ་ཅིག་མ་བསམས་ཤིང་མ་དྲན་ན། ཆོས་རང་མི་འོང་བར་འདུག །འཆི་བ་གཤའ་མ་ཅིག་དྲན་ན་སེམས་ལ་ཚུགས་ཐབས་མེད་པ་ཅིག་འོང་བར་འདུག །དེ་ཙ་ན་ཀ་ཆ་ཚགས་བྱེད་སྙིང་གང་ན་འདོད། ཁཅིག་ན་རེ། མ་ཤིའི་བར་དུ་རང་ཟ་ཤི་ནས་སུ་འདོད་པ་ཁྱེར་ཟེར་ཏེ། བདག་ནི་དེ་ཀ་ལ་ཚེ་འདི་པ་ཟེར་བ་ཡིན། རང་ནོར་ཡོད་པས་གཞན་གྱི་ངོ་བསྲུང་མི་དགོས་པ་ཀུན་ཆོས་ད་ལྟ་བས་དྲག་པ་བྱེད་པར་གཤའ། རྫོགས་པའི་སངས་རྒྱས་ཙམ་སྒྲུབ་པ་ལ་དཀའ་བ་བག་ཙམ་ཡང་ཁྱད་དུ་བསད་དགོས་ཏེ། ནོར་ཆེན་པོ་ཅིག་ཉོ་བའི་དུས་སུ་རང་གི་ཡང་ནོར་གང་ཡོང་རྐང་ཚ་བ་དང་སྣོན་ཁ་དང་། ལྟ་ལེ་ཚོང་ཟན་ཐུག་པ་ལ་གཏོང་ཞིང་འདུག་པ། ལར་ཆོས་མང་པོ་ཤེས་པའི་ཁ་ན་ཡང་མི་འདུག །གདམས་ངག་ཟབ་མོའི་ཁ་ན་ཡང་མི་འདུག །བླ་མ་བཟང་པོ་ཅིག་དང་མཇལ་ནས་རང་སེམས་ཆོས་སྐུར་འགྲོ་བའི་ཞད་དུ་འདུག །བླ་མ་བཟང་པོ་ཚོལ་བའི་དུས་ད་ལྟ་ཡིན་པ་ལ། ཁ་ཅིག་ན་རེ། བླ་མ་དེའི་དྲུང་དུ་འགྲོ་བ་གང་ན་འོད་། དེ་བས་བསྒོམ་བརྫུས་བཏབ་ན་རང་དྲག་ཟེར་བའི་མི་ཡང་མང་པོ་འོང་ཞིང་འདུག །བླ་མ་བཟང་པོ་དང་མཇལ་བ་ལ་ཚོགས་དཔག་ཏུ་མེད་པ་བསོག་དགོས་པར་འདུག་པ། ད་ལྟ་བླ་མ་མི་ཚོལ་བར་བརྫུས་ནས་བསྡད་པས་གང་ནས་འོང་། བླ་མ་བཟང་པོ་དང་མཇལ་ན་བླ་མའི་བྱིན་བརླབས་ཀྱིས་རང་ལ་ཏིང་ངེ་འཛིན་སྐྱེ། དེས་སེམས་རྟོགས་ནས་སངས་རྒྱས་པ་ཡིན་ཏེ། །ལ་ལ་སངས་རྒྱས་པ་བས་མིས་མི་འཕྱ་ཙམ་ལ་དགའ་བར་འདུག །ལར་མདུན་མ་མཁས་པ་དང་ཕོ་ཚོད་ཆེ་བས་ཆོས་མི་འོང་། ཆོས་ནི་དད་པ་དང་བརྩོན་འགྲུས་དང་ཤེས་རབ་ལ་རག་ལུས་པ་ཡིན། དགེ་བའི་བཤེས་གཉེན་ཅིག་གི་སྤྱན་སྔར་འཚོགས་པ་ཚོ་ཡང་བློ་སྣ་ཆོས་ལ་ཅི་འགྲོ་ལ་འཚོགས་པ་གཅིག་དགོས་པ་ཡིན། མདུན་མ་སུ་མཁས་དང་། ཕོ་ཚོད་སུ་ཆེ་དང་། ཁྲམ་སུ་ཆེ་ལ་འཚོགས་པ་མིན། དགེ་བའི་བཤེས་གཉེན་གཅིག་གིས་ཆོས་ཟབ་མོ་ཐུགས་ལ་བཏགས་པ་ལ། ཐུགས་ལ་བཏགས་པར་མི་བྱེད་པར། ཟང་ཟིང་བག་ཙམ་བྱིན་ན་ཐུགས་ལ་བཏགས་པར་བྱེད་པ་འདུག་པ། ད་ལྟ་བླ་མ་དང་གདམས་ངག་ཚོལ་བ་ལ་འཕྱ། མི་གཅིག་ལ་བུ་ལོན་ཁལ་གཉིས་འོང་ན་རྩ་ན་འདུག་པའི་ཤ་ཚ་རུ་རེ་བ་ཀུན་གྱིས་ཀྱང་། ཁྱོད་ཀྱི་དེ་པ་ལ་ཨེན་ཅིག་འོང་གིན་འདུག་པས་དེ་ལ་ཁྱོད་རང་འགྲོ་དགོས་ཟེར། དེའི་བར་ལ་ཁང་པ་ངས་བསྲུང་གིས་ཟེར་ཏེ་ནོར་བ་ཡིན་ནོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཞལ་གྱིས་བཞག་ནས་རང་གཅིག་པུར་འགྲོ་བ་འདི་བདེན་ནམ་མི་བདེན་ཆ་མེད་པའི་ལོ་རྒྱུས་ཐོས་པ་ནི་མིན། ད་ལྟ་མངོན་སུམ་དུ་མིག་གཅེར་རེ་བར་ཐམས་ཅད་ལིངས་ཀྱིས་བཞག་ནས་འགྲོ་ཡིན་འདུག་པ་འདི་བཅད་པོ་ཕོ་ཚོད་ཅན་དང་། མདུན་མ་མཁན་ཀུན་གྱིས་ཀྱང་མ་ཚོར་བར། རྒན་པོ་ལོ་བརྒྱད་ཅུ་ལོན་པ་ཀུན་གྱིས་ཀྱང་ད་དུང་ཚེ་འདིའི་མདུན་མ་བྱེད་པར་འདུག །མི་ཕུགས་ཐེས་མེད་འཕྲལ་སྐྱིད་བྱེད་པ་ཀུན་ལ་ཡང་མདོ་མེད་ཅིག་འདུག །རྒས་ཁར་སྐྱིད་པོ་མི་འོང་ཟེར་ན། ཚེ་འདིའི་མདུན་མ་འབའ་ཞིག་བྱས་ན་ཚེ་ཕྱི་མ་ལ་དེ་བས་ཀྱང་སྐྱིད་པ་མི་འོང་། ཁ་ཅིག་ན་རེ། འཆི་བ་གྲོས་ལ་མ་གཏོགས་པ་ཡིན་ཟེར་ཏེ། ཤི་བ་གྲོས་ལ་མ་གཏོགས་ན་མི་འཆི་བའི་བསམ་པ་འབའ་ཞིག་ཡིན་ཏེ། ཚེ་འདིའི་རྣམ་རྟོག་འབའ་ཞིག་ཏུ་སོང་བ་ཡིན་པས། དེ་རིང་འདི་ཙུག་བྱ། སང་འདི་ཙུག་བྱ། སང་ཕོད་འདི་ཙུག་བྱ། རྒས་ཁར་འདི་ཙུག་བྱ་སྙམ་པ་ཚེ་འདིའི་རྣམ་རྟོག་འབའ་ཞིག་ཡིན། ཆོས་པ་ཀུན་གྱིས་དེ་ལས་ཟློག་ནས་མི་འཆི་བ་གྲོས་ལ་མ་གཏོགས་པ་ཅིག་དགོས་པ་ཡིན། དེ་ཙ་ན་འཆི་ཆས་གྲབས་བྱེད་པ་འོང་བ་ཡིན། རང་འཆི་བའི་དུས་སུ་བློ་བདེ་བ་ཅིག་དགོས། ཚེ་འདིའི་ཕུན་སུམ་ཚོགས་པ་ཐམས་ཅད་བཞག་ནས་འགྲོ་བར་འདུག་པས། ཆོས་པའི་མི་མཐུན་ཕྱོགས་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ཡིན་ཏེ། ད་ལྟ་འཇིག་རྟེན་པ་ལ་ཡིད་སྨོན་གཏོང་བར་འདུག །ཁོང་ཡང་ཚུར་ལ་ཡིད་སྨོན། འཇིག་རྟེན་པ་དང་མི་མཐུན་པ་བྱ་བ་ཁོང་ལ་ཡིད་སྨོན་མི་གཏོང་བར་ཁོང་དང་རྒྱབ་ལོག་པ་ལ་ཟེར་བ་ཡིན། ཆུང་མ་མ་བླངས་པ་གཅིག་པུས་མི་ཕན། འཇིག་རྟེན་ཆོས་བརྒྱད་ལས་གོ་ཟློག་དགོས་པ་ཡིན། བསོད་ནམས་བསགས་པ་བྱ་བ་ཡང་བློ་ཆོས་སུ་འགྲོ་བ་ལ་ཟེར་བ་ཡིན། མི་རྩིས་ཆེ་བ་དང་། གོས་བཟང་བ་ལ་ཟེར་བ་མིན། ནད་དུ་མཛེ་བྱུང་། མིག་ལང་རྐང་ལག་ཆད་དེ། དུག་པོ་ཧྲུལ་པོ་སྦར་བས་མི་སུམས་པ་ལས་མེད་ཀྱང་བློ་ཆོས་སུ་འགྲོ་བ་དེ་ལ་བསོད་ནམས་བསགས་པ་བྱ་བ་ཟེར་བ་ཡིན། ད་ལྟ་མི་ཀུན་ནོར་གསོག་མཁས་པ་ལ་ཕོ་རེང་མོ་རེང་ཅན་དུ་བྱེད་པར་འདུག་སྟེ། ནོར་བསགས་ནས་ཤི་བ་མང་པོ་མཐོང་། ནོར་གསོག་པ་བྱོལ་སོང་གིས་ཀྱང་ཤེས་ཏེ། བྱི་བས་གྲོ་མའི་མཛོད། སྦྲང་མས་སྦྲང་རྩི། བྲ་བས་རྩྭའི་བྲགས། བྱ་རྣམས་ཀྱིས་རང་རང་གི་ཚང་སྟན་ཚད་རྩི་དགའ་དགའ་འདྲ་བ་གསོག་པ་ཙམ་ཤེས། དེ་བས་སྦྱིན་པ་བཏང་ན་ཡི་དྭགས་སུ་མི་སྐྱེ་བ་དང་། འགྲོ་བ་གཞན་དུ་སྐྱེས་ཀྱང་དབུལ་པོར་མི་འགྱུར་བ་འཕགས་པ་བསྡུད་པ་ནས་གསུངས། རྒས་ཁའི་མདུན་མ་བྱེད་པའི་བསྔགས་པ་བརྗོད་པའི་ཚོད་ཀྱིས་དུས་གཏན་གྱི་སོ་ནམ་ཆོས་ཚུལ་བཞིན་བྱེད་པ་ལ་འབད་ཐང་། ལར་ཆོས་གོ་ལོ་ཟེར་བ་ཡང་སངས་རྒྱས་སྒྲུབ་པའི་ཐབས་ལ་མཁས་པ་ལ་ཟེར་བ་ཡིན། ཚིག་གི་ཁ་ན་མེད། ལམ་རྒྱུས་མཁས་པ་བས་ལམ་ལ་ཞུགས་ནས་འགྲོ་བ་དགའ་བ་ཡིན། ད་ལྟ་རང་ནས་ཉམས་སུ་མ་བླངས་ན། གྲབས་བྱས་ནས་སྒོམ་སྙམ་ཡང་གྲབས་ལ་ཚར་དུས་མི་འོང་། མི་ཚེ་གྲབས་ལ་འཛད།

ཁ་ཅིག་ན་རེ། སྔགས་དང་འདུལ་བ་འགལ་ཟེར་ཏེ། དེས་མ་གོ་བ་ཡིན། སྔགས་ཀྱི་རྟེན་དུ་མི་རུང་བ་ཅིག་བྱུང་ན་དེ་འདུལ་བ་མིན། འདུལ་བ་དང་འགལ་བ་ཞིག་བྱུང་ན་དེ་གསང་སྔགས་མིན་པའི་རྟགས་ཡིན། སྟོན་ཐོག་འདོན་པ་ལ་རེས་ཞིང་ལ་ཆུ་གཏོང་། རེས་རྨོས་ནས་ཁག་མ་བྱེད་དེ། དེ་དག་ཀྱང་ནུས་པ་ཕྱོགས་གཅིག་ཏུ་བསྡེབས་ནས་ཁག་མ་ལ་སྟོན་ཐོག་འདོན་པ་ཡིན། ཆོས་མང་པོ་ཤེས་པའི་དགེ་བཤེས་ཀུན་ལ་ཁ་སྲང་མང་པོ་འོང་བར་འདུག་པས། དེ་དག་ཀྱང་དང་པོ་ནས་འཆི་བས་འཇིགས་ནས་ཆོས་མ་བྱས་པར་ཚེ་འདི་ལ་མིས་མི་འཕྱ་ཙམ་དང་། མིས་རྩིས་ཆེ་བ། སྟོན་པ་ཟེར་བའམ། གནས་བརྟན་ནམ། དགེ་སློང་རམ། དགེ་བཤེས་ཟེར་བ་ཅིག་བྱ་དགོས་སྙམ་ནས་ཐོས་བསམ་མ་བྱས་ལ། ཤེས་ནས་ཀྱང་སྡེ་དགོན་གྱི་གཉེར་དད་ཉེ་གནས་བྱས་ལ་ཐམས་ཅད་ཀྱིས་དེའི་ངོ་བསྲུང་བ་དང་། ཡང་བསྙེན་པར་རྫོགས་པ་བྱས་ལ་བཙུན་བཙུན་བཞིན་བྱས་པས་ཐམས་ཅད་གྱིས་ཆོས་པ་ཡིན་ཟེར་བ་དང་། ཡང་དང་པོ་སྡེ་སྣོད་ཀྱི་ཐོས་པ་ཅུད་ཟད་བྱས། དེ་ནས་མན་ངག་ཀྱང་ཅུང་ཟད་ཐོབ། སྒོམ་སྒྲུབ་བྱེད་ལོ་བྱས་ཏེ་བཟང་ཐབས་སྣ་ཚོགས་ཀྱི་སྒོ་ནས་གཞན་ཐམས་ཅད་ཀྱི་གྲལ་མགོ་ཐོབ་པར་བྱས་ལ་དགེ་བཤེས་པ་ངོ་མཚར་ཅན་ཡིན་ཟེར་བའི་འདུ་ལོང་བུན་ནེ་བ། གྲགས་པ་དིར་རེ་བ་ལ་དམིགས་པའི་དགེ་བཤེས་ལ་སོགས་པ་གང་ཡང་འཁོར་བ་ལས་ཐར་པའི་རྒྱུ་རྐྱེན་མེད། དུག་ལྔའི་གཉེན་པོར་མ་གྱུར་པའི་ཆོས་མཁས་པའི་སྟོན་པས་ཅི་བྱེད། སྨན་གྱིས་མ་སོས་པའི་ནད་གང་གིས་གསོ་བར་ནུས། རང་གི་ཞེ་འདོད་མ་ཟད་ཅིང་། ལས་འབྲས་ལ་ཡིད་ཆེས་གཏིང་ནས་མ་སྐྱེས་པའི་གཉེར་དང་ལས་ཁ་བཟང་བར་གྲགས་ཀྱང་ཅི་བྱེད། ཕྱི་མ་ངན་སོང་དུ་སྐྱེས་ན་བྱས་ཡུས་སུ་ལ་འཚང་། འཁོར་བ་དང་འདོད་ཡོན་ལ་ཞེན་པ་མ་ལོག་པའི་བཙུན་ཚུལ་གྱིས་ཅི་བྱེད། གཤིན་རྗེའི་ལས་ཀྱི་མེ་ལོང་ལ་མགོ་སྐོར་སུས་ཐོངས། བྱང་སེམས་གཞན་ཕན་གྱི་བསམ་པ་ཅུང་ཟད་ཀྱང་མེད་པའི་ཆོས་བརྒྱད་རང་འདོད་ཀྱི་དགེ་བཤེས་ཀྱིས་ཅི་བྱེད། ལས་ལོག་རྣམ་སྨིན་གྱི་སྡུག་བསྔལ་མྱོང་ཙ་ན་སྐྱོ་རོགས་ཞབས་ཏོག་སུ་ལ་འཚོལ་ཏེ། དེ་ལྟར་མི་སེམས་པར་ཚེ་འདིའི་འདོད་ཡོན་དང་ཆེ་ཐབས་ཤ་སྟག་བྱེད་པ་མིན་པ། ཆོས་རང་གཞན་གྱི་རྒྱུད་ལ་ཅི་སྐྱེ་དང་བློ་སྣ་ཅི་ཐུང་དང་ཅི་འགྱུར་མ་བྱས་པས་ལན་པ་ཡིན། འཕགས་པ་རྟག་ཏུ་ངུ་བཞིན་དུ་སངས་རྒྱས་མིན་པ་ཅི་ཡང་མ་འདོད་པ་ཅིག་དགོས་པ་ཡིན། གཙོ་བོ་ཚེ་འདི་ལ་བྱས་ནས་ཆོས་ཞོར་ལ་བྱས་པས་མི་འོང་སྟེ། ཉན་མཁན་མེད། འཆི་བ་མ་དྲན་ན་ཚེ་འདིའི་ཁེ་གང་ཆེ་བྱེད་པར་འདུག །རང་གི་མདུན་མ་རྩིས་སུ་མ་བྱུང་ན་བླ་མའི་བཀའ་ཡང་གཅོག་ནུས་པར་འདུག །རང་ལ་ཚེ་འདི་ལ་ཁ་ཅིག་འོང་འོང་འདྲ་ན། དད་པ་ཆེ་ཆེ་ཙུག།།བླ་མ་ལ་གུས་གུས་ཙུག །གཏིང་ནས་རང་ཚིག་པ་ཟ་བར་འདུག །

དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །

ཟེར་བ་གཅིག་པུས་ཀྱང་ཆོག་མོད། མི་ཀུན་ཡང་ཆ་ཡོད། ཆོས་དོན་གཉེར་བ་ཙམ་མི་འདུག །མི་ཆོས་མཁས་པ་ལ་ཆོས་པའི་བསོད་ནམས་རེ་བར་འདུག །གཏིང་ནས་ནོར་ས་ཆེན་པ་ཡོད་དེ་མིས་མ་གོ །སྙིང་རྗེ་བར་འདུག་སྟེ། ཚེ་འདི་ལས་བློ་མ་ལོག་ན། རྒས་ཁར་སྡུག་གིས་དོགས་ནས་སྦྱིན་པ་གཏོང་མ་ནུས། ཚུལ་ཁྲིམས་བསྲུང་བ་ལ་ཡང་འདོད་པ་མེད་པ་ཅིག་དགོས་ཏེ། རྒས་ཁར་སྡུག་གིས་དོགས་ནས་འདོད་པ་འོང་། དེས་ན་ཚེ་འདིའི་འདོད་པ་མ་སྤངས་པར་ཚོགས་མི་རྫོགས་པས། ཚེ་འདི་བློ་ཡིས་ཐོངས་པ་གལ་ཆེ། །ཞེས་པའི་གཏམ་ལན་གསུམ་བསྐྱར་བ་ཡིན། ཆོས་ཀྱི་འགག་ཐམས་ཅད་དེ་ན་ཡོད། འཁོར་འདས་ཀྱི་ཤན་ཐམས་ཅད་དེ་ནས་འབྱེད་དགོས། དུས་གཏན་ཀྱི་མདུན་མའི་མགོ་ཐམས་ཅད་ཀྱང་འདི་ན་ཡོད། ཉེས་པའི་མགོ་ཐམས་ཅད་ཀྱང་འདི་ནས་གནོན། བདེ་ལེགས་ཐམས་ཅད་ཀྱི་རྨང་ཡང་འདི་ནས་འཛུགས་དགོས་པས། ཚེ་འདིའི་རྣམ་རྟོག་སྤོང་བ་འདི་གལ་ཤིན་ཏུ་ཆེ། མི་སྤོང་བའི་སྐབས་རང་མེད། སྡུག་ཏུ་འཇུག་པ་ཐམས་ཅད་ཀྱང་འདི་ཡིན་པས་འདི་ཅིས་ཀྱང་རང་སྤོང་དགོས། འོ་སྐོལ་ཆོས་པ་ཀུན་མི་ཆོས་ཙ་ན་ནོར་རྫས་ལ་ཞེན་པ་ཆུང་བ། ཉེ་འབྲེལ་ལ་རྩིས་གདུང་ཆུང་བ། ལས་དང་བྱ་བ་ལ་བློ་མི་འཇུག་ལ་བྱེད་སྙིང་མི་འདོད་པ་ཞིག་ཡིན་ཡང་། ཆོས་སྒོར་ཞུགས་ནས་མི་ཆོས་ཀྱི་མདུན་མ་དང་གཙོ་བོ་ཁོས་བྱེད། ཞིབ་ཏིག་དང་སེར་སྣ་ཁོས་སློབ། གཞན་གྱི་ནུས་པ་མེད་པ་ཅིག་གིས་ཀྱང་བྱ་གཏོང་། ཁུ་གཏོང་། ཐན་སྐྱེལ། ཐ་ན་བང་ཆེན་ཚུན་ཆད་བྱེད་པར་འདུག །འོངས་སྤྱོད་ལ་ཞིབ་ཏིག་ཆེར་སོང་ནས། ཚོང་ཡང་གཞན་པས་དགའ་བའི་ཚོད་ཅིག་ཏུ་འགྲོ་བར་འདུག །བྱེད་པ་ཆོས་བྱེད་དུ་བཅུག་ནས་དྲན་པ་ནོར་དྲན་ཏེ། མ་བཅོལ་བའི་ལས་འབའ་ཞིག་བྱེད་པར་འདུག་སྟེ། འདི་ཡང་འཆི་བ་མ་བསམས་པས་ལན་པ་ཡིན། ཆོས་ཚུལ་བཞིན་དུ་བྱས་ན་དགྲ་ཐམས་ཅད་ཀྱི་ཡང་སྙིང་དུ་སྡུག །ཉེ་འབྲེལ་ཐམས་ཅད་ཀྱི་སེམས་ཀྱང་དེས་ཟིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་དེ་ལ་བྱིན་གྱིས་བརློབ། བླ་མ་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱི་ཐུགས་ཀྱང་དེས་ཟིན། རང་གི་མདུན་མ་ཐམས་ཅད་ཀྱང་ལྷ་དང་ཆོས་སྐྱོང་རྣམས་ཀྱིས་བྱེད་པས། བསམ་པ་ཐམས་ཅད་ཀྱང་ཡིད་བཞིན་དུ་འགྲུབ་པར་འོང་བ་ཡིན། དེ་བས་ན་རང་གི་སེམས་ཆོས་སུ་འགྲོ་བ་ཁོ་ན་གནད་ཆེ་བར་གོ །བཀའ་སྡེ་སྣོད་ཐམས་ཅད་ཀྱང་སེམས་གཅིག་པུའི་སྟེང་དུ་སྡུད་ཤེས་པ་ཞིག་དགོས། ད་ལྟ་ཟླ་བོ་ཐམས་ཅད་པས་མཉམ་པོ་བས་ཀྱང་ལྷག་པ། རང་མགོ་མཐོ་ལ་དྲག་པ་ཚོ། ད་ལྟ་མགོ་མཐོ་མཐོ་འདྲ་ཡང་དེ་དག་ཀྱང་ངེས་པར་འཆི་ལ། ཤི་ཙ་ན་ཁྱད་ཅིག་འོང་བ་ཡིན། འུབས་ཀྱི་བསྡུས་ཤིང་ཧྲིལ་གྱིས་དྲིལ་བ་ལ་འཆི་ཁར་མི་འགྱོད་པ་གཅིག་དགོས། འཆི་ནད་ཀྱིས་ཐེབས་ཏེ་དེར་མི་ཐར་བར་ཤེས་ཙ་ན། བདག་འདི་ལྟར་འཆི་ཁོངས་སུ་མ་བཅུག་ན་འདི་བས་དྲག་ཙམ་ཞིག་བྱར་ཡོད་པ་ལ་ཏི་པོ་ད་རེས་མ་ཤི་ན་ཏ་ཆོས་གཤའ་མ་ཞིག་རང་བྱེད་དེ་ཟེར་ཙ་ན་འུ་གཏུགས་པ་ཡིན་པས། དེ་བས་ད་ལྟ་འདོད་པའི་མེ་འབར་བས་ཕན་མེད་འཁོར་བར་འཁྱམ་པ་དང་སངས་རྒྱས་པའི་ཁམས་ཡོད་པ་ཡིན་པས། ཚེ་དུམ་འདི་ཇི་ལྟར་ཡང་འཛད་ངེས། དེས་ན་ཚེ་འདི་བློས་བཏང་ལ་ཆོས་གཤའ་མ་ཅིག་རང་བྱ་དགོས། གཞན་ཅིས་ཀྱང་ཕན་མེད་སྙམ་པའི་རང་ཉིད་ཆིག་ལབ་ཤོར་བ་ཡིན། སྙིང་ནས་མིན་ན་ཆད་པ་ཆོད། བླ་མ་པོ་ཏོ་བའི་ཆིག་ལབ་རིང་མོ་ཞེས་བགྱི་བ་ཆོས་ཉམས་སུ་བླངས་པའི་རྟགས་མཐར་ཐུག་པ་ལགས་སོ།། །།

 

 

༄༅། །ཨེ་མ་ཧོ། དེང་སང་དུས་ཀྱི་སེམས་ཅན་སྐལ་བ་ཆུང་། །བསྟན་པ་འགྲིབ་པས་རྒྱུད་ལ་ཆོས་མི་བཏུབ། །སྙིགས་མའི་དུས་ཀྱི་སེམས་ཅན་བདེ་བ་མེད། །འཚོ་བ་མེད་པའི་སྐྱིད་འདོད་རབ་ཏུ་བྱུང་། །དཔོན་ལ་མི་བརྟེན་སོ་སོར་རང་དགར་སྤྱོད། །འདུལ་བ་མི་དགོས་སྤྱོད་པ་བག་ཡངས་སྐྱོང་། །ཐོས་བསམ་མི་དགོས་རི་དྭགས་ཁོང་ཚར་བཞིན། །མཁན་སློབ་མང་བས་བསྟན་པ་མྱུར་དུ་བསྣུབ། །རྒྱལ་བའི་བསྟན་པ་མུན་ནག་བཞིན་དུ་འགྲིབ། །ཆོས་མཛད་ཀུན་ཀྱང་རི་དྭགས་དམན་བཞིན་འབྲོས། །དམ་པ་ཐམས་ཅད་རིམ་གྱིས་གཤེགས་གྱུར་པས། །དེང་སང་དུས་ན་བལྟོས་ས་མེད་པར་གྱུར། །འཛམ་གླིང་སངས་རྒྱས་གཉིས་པར་གྲགས་པ་ཡི། །ཇོ་བོའི་གདམས་ངག་བདུད་རྩི་ལྟ་བུ་དེ། །ཚོང་དུས་འོ་མ་བཞིན་དུ་བསྲེས་བསླད་ནས། །དེང་སང་དུས་ན་སྒོ་སྐོར་བྱེད་པར་གྱུར། །དམ་པ་རྣམས་ཀྱི་རྟོགས་པའི་བརྒྱུད་པ་དེ། །དེང་སང་དུས་ན་ཁ་ཁ་བརྒྱུད་པར་གྱུར། །བླ་མའི་གདམས་པ་ཞལ་གྱི་བརྒྱུད་པ་དེ། །དེང་སང་དུས་ན་བེའུ་བུམ་བརྒྱུད་པར་སོང་། །བློ་སྦྱོང་རིམ་པ་ལྐོག་ཏུ་གསུངས་པ་དེ། །དེང་སང་དུས་ན་ཁྲོམ་དུ་སྐྲོག་པར་བྱེད། །འཆི་ནས་གཞི་བཟུང་ལམ་རིམ་བསྒོམ་པ་དེ། །དེང་སང་དུས་ན་མིང་ཡང་མེད་པར་གྱུར། །བླ་མའི་ཚོད་འཛིན་བློ་སྣ་འཆོས་པ་དེ། །དེང་སང་དུས་ན་མིང་ཡང་མེད་པར་གྱུར། །དམ་པ་ཕན་ཚུན་གཅིག་ལ་གཅིག་བསྟོད་དེ། །དེང་སང་དུས་ན་ཐམས་ཅད་འགྲན་པར་གྱུར། །དབེན་པར་བསྐུལ་ནས་ཚུལ་བཞིན་སེམས་པ་དེ། །དེང་སང་དུས་ན་ཉིན་སྐར་ཙམ་དུ་གྱུར། །གདམས་ངག་བསམས་ཀྱིན་རྟོགས་པ་འབུལ་བ་དེ། །དེང་སང་དུས་ན་ཉིན་སྐར་ཙམ་དུ་གྱུར། །ཟང་ཟིང་མི་ལྟ་བསྒྲུབ་པ་ལྷུར་ལེན་དེ། །དེང་སང་དུས་ན་སྙིང་རྗེའི་ཡུལ་དུ་གྱུར། །ཆོས་ཀྱི་བར་ཆད་འཇིག་ན་ཟང་ཟིང་འདི། །དེང་སང་དུས་ན་བསོད་ནམས་ཅན་དུ་བྱེད། །ཀ་ཆ་མི་སྐྱོད་གདམས་ངག་སེམས་པ་དེ། །དེང་སང་དུས་ན་གོ་བ་མེད་པར་བྱེད། །ཚིག་འཛིན་སྐམ་པོ་སྒྲེད་བསྐྱེད་བྱེད་པ་དེ། །དེང་སང་དུས་ན་ཆོས་ཀུན་གོ་བར་བྱེད། །ཚེ་འདི་བློ་བཏང་བསྒྲུབ་པ་བྱེད་པ་དེ། །དེང་སང་དུས་ན་རང་དོན་འཕྱུགས་པར་བྱེད། །ཕྱི་མར་མི་ལྟ་ཡོ་བྱད་བསོག་པ་དེ། །དེང་སང་དུས་ན་དོན་ཆེན་གྲུབ་པར་བྱེད། །བྱ་བྱེད་བཞག་ནས་སྙིང་པོ་བགྲང་བ་དེ། །དེང་སང་དུས་ན་བྱ་རྒྱུ་མེད་པར་བྱེད། །ཚེ་འདི་འདོད་པས་བྱ་བཞག་བྱེད་པ་དེ། །དེང་སང་དུས་ན་ཕན་སེམས་ཅན་དུ་བྱེད། །ཚོགས་བསོག་མི་གཏོང་ཁ་ལན་འཇལ་བ་དེ། །དེང་སང་དུས་ན་ཆོས་ཀྱི་མཆོག་ཏུ་བྱེད། །བསླབ་ལ་གུས་ཤིང་དམན་ས་འཛིན་པ་དེ། །དེང་སང་དུས་ན་ཀུན་གྱི་བརྙས་ཆོས་བྱེད། །སྡིག་ལ་མི་འཛེམ་ཙབ་ཧྲལ་བྱེད་པ་དེ། །དེང་སང་དུས་ན་སྤྱི་བོར་འཁུར་བར་བྱེད། །གཞོན་པས་རྒན་ལ་བསྙེན་བཀུར་བྱེད་པ་དང་། །རྒན་པས་གཞོན་ལ་བློ་སློང་བྱེད་པ་དང་། །དགེ་སློང་རྒན་ལ་དགེ་ཚུལ་བརྟེན་པ་དང་། །གནས་པས་གནས་ལ་བསྙེན་བཀུར་བྱེད་པ་རྣམས། །དེང་སང་དུས་ན་ལྡོག་ནས་བྱེད་པར་འགྱུར། །དེ་ཡང་གཅིག་གིས་གསུམ་དུ་མ་ངེས་ཏེ། །ཡམས་ནད་བཞིན་དུ་ཐམས་ཅད་དེ་ལྟར་གྱུར། །དེ་བས་སངས་རྒྱས་དགོས་པའི་སྤྱོད་ཡུལ་དུ། །སྔར་ཡང་མ་གྱུར་ད་རུང་འགྱུར་བ་དཀོན། །དམ་པ་ཐམས་ཅད་རིམ་གྱིས་གཤེགས་པར་གྱུར། །དེང་སང་དུས་ན་ལྟོས་ས་མེད་པར་གྱུར། །རང་གི་སྣང་བའི་སྐྱོན་ཡོན་བསམས་བྱས་ལ། །ཉེས་པ་ནང་དུ་ལོག་ནས་བལྟ་བར་བྱ། །

ཨེ་མ་ཧོ། མི་མཇེད་འཇིག་རྟེན་ཁམས་ཀྱི་བསྟན་པའི་སྙིགས་མ་ལ། །དུས་ཀྱི་སྙིགས་མར་སྐྱེས་པའི་སེམས་ཅན་བདེ་བ་མེད། །འཚོ་བ་མེད་པས་སྐྱིད་འདོད་རབ་ཏུ་བྱུང་། །དམ་ཆོས་འདུལ་བ་མི་དགོས་བག་ཡངས་སྐྱོང་། །ཉན་བཤད་བསྒོམ་གསུམ་མི་དགོས་ཟིན་བྲིས་བལྟས་པས་ཆོག །ཕྱི་མའི་རྟོགས་དཔྱོད་མི་དགོས་བཟའ་བཏུང་ཡོད་པས་ཆོག །དཔོན་དང་གཡོག་པོ་མི་དགོས་སོ་སོ་རང་དགར་སྤྱོད། །མཁན་སློབ་མི་དགོས་བསྟན་པ་མྱུར་དུ་བསྣུབ། །བསྟན་པ་དར་བ་འདྲ་ཡང་ཐོས་བསམ་བསྒོམ་གསུམ་ཉམས། །བཤའ་མའི་སློབ་མ་མེད་པས་ཤེས་པ་འཆད་མི་ཐུབ། །འདོད་པའི་རྟ་ཁས་འཁྱེར་པས་མི་ཤེས་རྟེན་འབྲེལ་སློབ། །ལོང་བས་ལོང་བ་ཁྲིད་པས་མཉམ་པོར་གཡང་ལ་མཆོང་། །བཀའ་གདམས་ཉམས་པའི་རྟགས་སུ་ཟིན་བྲིས་ཉོག་ཤེལ་བྱེད། །འཆི་བ་བློ་མ་སྐྱེས་པས་འདི་ལ་ཤི་སྦར་འཐམས། །བསྒོམ་སྒྲུབ་བྱེད་བློ་བྱས་ཀྱང་འདོད་པ་ཕྱིར་ལ་འཕེལ། །ཕན་སེམས་བྱེད་བློ་བྱས་ཀྱང་རང་གི་འཁྲིས་མ་ཆོད། །ཆོས་པར་ཞལ་གྱིས་བཞེས་ཀྱང་དགྲ་ཟུར་ངོས་མ་ཟིན། །རང་རྒྱུད་ཡལ་བར་བཏང་ནས་གཞན་གྱི་བྱ་ར་བྱེད། །དཀར་པོ་བག་ཙམ་ཡོད་པ་ལ་འུར་སོ་སྒོར་འདོན། །ཁས་བླང་མང་དུ་བྱས་ཀྱང་དཀའ་དཀའ་ས་ན་དཀའ། །རྒྱལ་པོ་གདན་ལ་བཞུགས་ཀྱང་སྤྱན་མིག་ཟན་ཁར་གཟིགས། །རྒོད་པོ་ནམ་མཁར་ལྡིང་ཡང་བཟན་མ་ས་ལ་འཚོལ། །ཁ་ལ་ཟབ་དགུ་སྨྲས་ཀྱང་ལག་ལེན་ཚེ་འདིར་ཤོར། །ཚུལ་ཁྲིམས་བླ་ཤ་བཅད་ནས་སྦྱིན་པའི་འདྲེན་བློ་བྱེད། །གཅིག་དང་གཉིས་སུ་མ་ངེས་ཐམས་ཅད་དེ་བཞིན་སོང་། །དུས་ཀྱིས་འཕྱུགས་པར་གྱུར་པས་ད་དུང་ཇེ་ཐུར་འགྲོ། །དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བའི་རྣམ་ཐིག་སྤྲིངས་ཡིག་གོ །

 

ཡོན་ཏན་རྒྱ་མཚོ་རིན་ཆེན་ལྟ་བུའི་སྐུ། །བདེ་བའི་འབྱུང་གནས་བླ་མ་ལ་ཕྱག་འཚལ། །རང་གི་བློ་སྣ་ལམ་དུ་འགྲོ་མི་འགྲོ། །བླ་མའི་མན་ངག་ལུང་ལས་ཤེས་པར་བྱ། །སངས་རྒྱས་བཀའི་དགོངས་པ་ཇི་ལྟ་བར། །མཁས་པ་ཆེན་པོ་ཀླུ་སྒྲུབ་ལ་སོགས་པས། །གཏན་ལ་ཕབ་པའི་རྗེས་འབྲང་ཇོ་བོ་ཡི། །བཀའ་བརྒྱུད་དམ་པ་རྣམས་ཀྱིས་འདི་སྐད་གསུངས། །སེམས་ཅན་གདོད་ནས་རང་བཞིན་རིགས་ལྡན་ཡང་། །བསྒྲུབ་པའི་རིགས་མེད་མཐོ་རིགས་ཐོབ་མི་འགྱུར། །དཔེར་ན་འོ་མ་མར་གྱི་རྒྱུ་ཡིན་ཡང་། །མ་དཀྲོགས་བར་དུ་མར་མི་འབྱུང་དང་མཚུངས། །དེ་བས་བདག་གཞན་སྡུག་བསྔལ་སྤོང་འདོད་པས། །རྒྱལ་བའི་བསྟན་ལ་རིམ་གྱིས་འཇུག་བྱ་སྟེ། །སྡུག་བསྔལ་འབྱུང་གནས་སྡིག་པའི་རྒྱུ་སྤང་ཞིང་། །བདེ་བའི་འབྱུང་གནས་བྱང་ཆུབ་སྒྲུབ་པར་བྱ། །བྱང་ཆུབ་དེ་ཉིད་དེ་ལ་རག་ལས་ཤིང་། །ཆོས་ཀྱི་རྩ་བ་སེམས་ལ་རག་ལས་གསུངས། །དེ་ཕྱིར་བླ་མའི་མན་ངག་རག་ལས་པས། །དེ་ཡང་དད་པའི་མཐའ་ལ་རག་ལས་གསུང་། །དད་པ་བསོད་ནམས་བསགས་ལ་རག་ལས་གསུང་། །བསོད་ནམས་བསགས་ཤིང་སེམས་ལ་གྲོས་བཏབ་སྟེ། །སེམས་ཉིད་གོང་ནས་གོང་དུ་མ་གྱུར་ན། །སྡེ་སྣོད་གསུམ་ལ་མཁས་ཀྱང་མི་ནག་ཡིན། །དང་པོར་མ་རིག་ལས་འབྲས་མ་གོ་ཞིང་། །སྲིད་ལ་མི་སྐྱོ་འདོད་ལ་སྲེད་འཕེལ་ནས། །ངན་སོང་མི་སྐྲག་སྐྱབས་ལ་མི་བརྟེན་ན། །ཁས་བླངས་མང་ཡང་བསྟན་པའི་སྒོར་མི་ཚུད། །སྔ་མ་མེད་པར་ཕྱི་མ་ཁས་བླངས་ཀྱང་། །དྲེད་མོས་ཟན་འཚོལ་རམ་བུ་ཉབ་དང་འདྲ། །སྔ་མ་མི་སྒྲུབ་ཕྱི་མ་འཚོལ་བྱེད་པ། །ཁྱི་ལ་ཟན་བྱིན་ཁྱུར་མིད་བྱེད་དང་འདྲ། །རང་ལ་མི་ཕན་གཞན་ལ་བཟློས་བྱེད་པ། །མཛེ་པོས་མཛེ་གསོའི་མན་ངག་བཟློས་དང་འདྲ། །ཚིག་ལ་མཁས་ཀྱང་ཉམས་སུ་མ་བླངས་ན། །ཆུ་ཡིས་ཁྱེར་ལ་སྐོམ་གྲིར་ཤི་དང་འདྲ། །ཐོས་བསམ་སྒོམ་གསུམ་ཉོན་མོངས་རྒྱུད་སོང་ནས། །མཚོ་ལ་མེ་ཤོར་གསོད་ཐབས་མེད་དང་འདྲ། །བླ་མ་མི་བརྟེན་རང་ཉིད་སྒྲུབ་བྱེད་པ། །ཉམ་ངའི་གནས་སུ་དམུས་ལོང་འགྲོ་བ་དང་། །བློ་ལ་མ་སྦྱངས་དམ་བཅའ་ལེན་པ་དེ། །ཅོ་འདྲི་བྱེད་པ་ཡིན་ཞེས་ཇོ་བོས་གསུངས། །མཁས་པར་བློ་སྦྱོངས་བཙུན་པར་ཁྲིམས་བསྲུངས་ཀྱང་། །བློ་མ་འགྱུར་ན་དཀའ་དཀའ་ས་ན་དཀའ། །བཀའ་དང་བསྟན་བཅོས་གསུངས་པ་ཐམས་ཅད་ཀྱང་། །སེམས་རྒྱུད་འཆོས་པའི་ཐབས་སུ་གསུངས་པ་ཡིན། །སེམས་མ་འགྱུར་བའི་ལུས་ངག་དགེ་སྦྱོར་དེ། །བསྐལ་པར་བསྒྲུབས་ཀྱང་ཐར་པའི་རྒྱུར་མི་འགྱུར། །ད་ལྟའི་ཐོས་བསམ་བསྒོམ་གསུམ་ཐམས་ཅད་ཀྱང་། །སེམས་ལ་བག་ཆགས་བསྒོ་བར་བྱེད་པ་ཡིན། །ལུས་ངག་དགེ་སྦྱོང་བརྩོན་འགྲུས་ཐམས་ཅད་ཀྱང་། །ཆོས་ཀུན་སྐྱེ་བའི་ཐབས་སམ་ཆ་ལག་ཡིན། །ཐེག་པ་ཆེ་ཆུང་གྲུབ་མཐའ་ཐམས་ཅད་ཀྱང་། །གང་ཟག་བློ་ཉམས་ཆེ་ཆུང་ཁྱད་པར་ཡིན། །འཁོར་བ་མྱ་ངན་འདས་པ་ཐམས་ཅད་ཀྱང་། །སེམས་ཉིད་རྟོགས་དང་མ་རྟོགས་ཁྱད་པར་ཡིན། །ས་དང་ལམ་གྱི་ཁྱད་པར་ཐམས་ཅད་ཀྱང་། །སེམས་ཉིད་རྟོགས་པའི་མིང་གི་རྣམ་གྲངས་ཡིན། །བློ་ཡི་སྐྱེས་ཚད་རྟགས་ཀྱིས་མཚོན་གྱུར་ཏེ། །དེ་ཕྱིར་ཆོས་ཀུན་རྟོགས་མེད་མི་སྲིད་གསུངས། །བློ་དང་ཆོས་གཉིས་ཞུས་ཐིག་བྱས་གྱུར་ན། །སེམས་མི་བཟང་དུ་བསྒོམ་པ་ག་ལ་སྲིད། །དལ་འབྱོར་རྙེད་པར་དཀའ་བར་གོ་གྱུར་ན། །ཆལ་པ་བློ་བདེར་སྡོད་པ་ག་ལ་སྲིད། །མི་རྟོགས་ཞི་ཞིང་འཆི་བ་དྲན་གྱུར་ན། །ཡོ་བྱད་ཕུགས་སུ་དགོས་པ་ག་ལ་སྲིད། །ཚེ་ལ་ལོང་མེད་ཉམས་སུ་གོ་གྱུར་ན། །རྐྱེན་གྱི་སྟོབས་ཀྱིས་འགྱུར་བ་ག་ལ་སྲིད། །འདི་ལས་ཕྱི་མ་གཅེས་པར་གོ་གྱུར་ན། །ཚེ་འདི་འབའ་ཞིག་བསྒྲུབ་པ་ག་ལ་སྲིད། །སྡིག་པས་རང་ལ་གནོད་པར་གོ་གྱུར་ན། །སྲོག་ལ་བབས་ཀྱང་བྱེད་ནུས་ག་ལ་སྲིད། །དགེ་བ་རང་ལ་གཅེས་པར་གོ་གྱུར་ན། །གཞན་ཡང་ཡུས་སུ་བྱེད་པ་ག་ལ་སྲིད། །དགེ་སྡིག་ལས་ལ་འོང་བར་གོ་གྱུར་ན། །ལེ་ལན་གཞན་ལ་འདོད་པ་ག་ལ་སྲིད། །ངན་སོང་གསུམ་ལ་འཇིགས་པའི་བློ་སྐྱེས་ན། །ཆོས་ལ་ངོ་ལྐོག་བྱེད་པ་ག་ལ་སྲིད། །འདོད་ལ་ཉེས་དམིགས་སྐྱེ་བའི་བློ་ཡོད་ན། སྐྱེས་བུ་འདོད་པས་གདུངས་པ་ག་ལ་སྲིད། །འཁོར་བ་སྡུག་བསྔལ་ཡིན་པ་གོ་གྱུར་ན། །ཕུན་སུམ་ཚོགས་ལ་སྨོན་པ་ག་ལ་སྲིད། །སྙིང་ནས་ཐར་པའི་འདོད་པ་བློ་སྐྱེས་ན། །འདོད་ཡོན་ལྔ་ལ་ཆགས་པ་ག་ལ་སྲིད། །སེམས་ཅན་ཀུན་ལ་ཕ་མའི་བློ་སྐྱེས་ན། །ཕྲག་དོག་ངན་སེམས་བྱེད་པ་ག་ལ་སྲིད། །གཞན་ཕན་བཅོས་མ་མིན་པར་ཡོད་གྱུར་ན། །ཕྱི་ནས་ཉ་ཟློག་འགྱུར་བ་ག་ལ་སྲིད། །བདག་དང་ཆོས་སུ་འཛིན་པ་འཁྲུལ་ཤེས་ན། །ང་རྒྱལ་བརློམ་སེམས་སྐྱེ་བ་ག་ལ་སྲིད། །ཆོས་ཀུན་རང་བཞིན་སྐྱེ་མེད་ཡིན་ཤེས་ན། །དངོས་དང་མཚན་མར་འགྱུར་བ་ག་ལ་སྲིད། །རང་གི་ཉོན་མོངས་རང་གི་དགྲར་ཤེས་ན། །མཐའ་གཞིག་མཐུན་པར་འགྱུར་བ་ག་ལ་སྲིད། །ཆོས་ཀུན་བཅོས་མ་དག་ཏུ་མ་སོང་ན། །ཉོན་མོངས་གཉེན་པོར་མི་འགྱུར་ག་ལ་སྲིད། །ཆོས་ཀུན་ཉོན་མོངས་གཉེན་པོ་སོང་གྱུར་ན། །སེམས་རྒྱུད་འབོལ་གྱིས་མི་འགྲོ་ག་ལ་སྲིད། །དེ་བས་ཐར་པ་འདོད་པའི་བློ་བསྒྱུར་དགོས། །ད་ལྟ་འདོད་པས་ཚེ་འདི་བློས་བཏང་བྱང་། །འདོད་པས་བྱ་བྱེད་ངན་པ་མི་སྒྲུབ་ཅིང་། །སྡིག་སྦྱངས་བསོད་ནམས་བསགས་ལ་སྐྱེ་བར་གསུངས། །གང་ཞིག་འདི་འདྲའི་ཆོས་འདི་མཐོང་བའི་ཚེ། །མཚར་དུ་གྱུར་ནས་རྣ་བར་མི་ཉན་ན། །སྣ་ཆད་མེ་ལོང་བལྟ་བར་མི་འདོད་བཞིན། །ཆོས་དང་རྒྱུད་གཉིས་འཛོལ་བར་ཤེས་པར་བྱ། །བླ་མའི་གསུང་གི་ལུང་གི་རྗེས་འབྲངས་ནས། །ཆོས་ཀྱི་སྡོམ་པའམ་གནས་ལུགས་ཡིན་པས་ན། །འདི་དང་མཐུན་ན་གང་ཟག་གང་དང་གང་། །དེ་ལ་ཆོས་ཀུན་འབྱུང་བར་ཤེས་པར་བྱ། །བདག་གིས་ཆོས་འདི་བསྒྲུབས་པའི་བསོད་ནམས་ཀྱིས། །དགེ་དེས་དམ་པས་རྟག་ཏུ་འཛིན་གྱུར་ཅིག །ཕྱིན་ཕྱི་ལོག་གི་ལས་ལས་སེམས་གོལ་ནས། །ལམ་ལྔ་བགྲོད་ནས་འགྲོ་བའི་མགོན་དུ་ཤོག །ཅེས་པ་འདི་ཡང་། དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བའི་གནས་ཐིག་སྤྲིངས་ཡིག་གོ། །།

བརྒྱུད་སྐུལ།

མཆན་སྤེལ།