ང་ཚོའི་རེ་བ།
རེ་བ་ནི་མདུན་བསྐྱོད་ཀྱི་སྙིང་སྟོབས་དང་།
གསོན་ཤུགས་སྦྱིན་པའི་མཁའ་རླུང་དེ་ཡིན་ཕྱིར།
ང་ཚོས་རེ་བ་དེ་ནམ་ཡང་གློད་མི་རུང།
གལ་ཏེ་རེ་བའི་ལྗོན་ཤིང་འགྱེལ་བའི་ཚེ།
ང་ཚོའི་མི་རིགས་འདི་ཡང་།
གཤོག་པ་ཆག་པའི་འདབ་ཆགས་ཤིག་དང་འདྲ་བར།
ས་ཕྱོགས་གང་དུ་ཡང་འཕུར་མི་ཐུབ།
མ་ཟད།
རེ་བ་ནི་ཕུགས་བསམ་མཐོང་བའི་འོད་སྣང་དང་།
སྐོམ་ངལ་སེལ་བའི་གངས་ཆུ་ཞིག་ཡིན་པས།
ང་ཚོས་རེ་བ་དེ་ནམ་ཡང་གློད་མི་རུང་།
གལ་ཏེ་རེ་བའི་ཆུ་རྒྱུན་སྐམ་པའི་ཚེ།
ང་ཚོའི་མི་རིགས་འདི་ཡང་།
སྐམ་སར་གྱར་བའི་ཉ་མོ་ཞིག་དང་འདྲ་བར།
ཡོད་ཚད་མཇུག་རྫོགས་པར་ངེས།
དེར་བརྟེན།
ང་ཚོས་རེ་བ་དེ་ནམ་ཡང་གློད་མི་རུང་ལ།
གལ་ཏེ་རེ་བའི་ས་བོན་དེ་ཡོད་པའི་ཚེ།
ང་ཚོའི་མི་རིགས་འདི་ཡང་།
མཛེས་སྡུག་ལྡན་པའི་མེ་ཏོག་ཅིག་དང་འདྲ་བར།
དུས་བཟང་ནམ་ཟླ་ཞིག་གིས་རེ་སྒུག་བྱེད་བཞིན་ཡོད།
རྩོམ་པ་པོ་གཞིས་རྩེ་བུ་ཆུང་ཚེ་རིང་། ༢༠༢༦ ཟླ་ ༨ ཚེས་ ༡༦ ལ།།