དུང་དཀར་གྲུབ་མཐའ། ས་བཅད་གཉིས་པ།

དུང་དཀར་གྲུབ་མཐའ། ས་བཅད་གཉིས་པ།
རང་སྡེའི་ལུགས་ཀྱི་གྲུབ་མཐའ་སྤྱིར་བསྟན་པ། དང་པོ། སངས་རྒྱས་ཆོས་ལུགས་ཀྱི་ཐོག་མའི་ཤེས་བྱ།
༡. སངས་རྒྱས་ཆོས་ལུགས་ཞེས་པའི་མིང་བྱུང་ཚུལ་སྐོར།

 

སངས་རྒྱས་ཆོས་ལུགས་ཞེས་པའི་མིང་དེ་ནི་སངས་རྒྱས་ཆོས་ལུགས་པ་རང་ཉིད་ཀྱིས་སོ་སོའི་ཆོས་ལུགས་ལ་བཏགས་པའི་མིང་ཞིག་རེད། དེ་ནི་སངས་རྒྱས་ཤཱཀྱ་མུ་ནེས་གསུངས་པའི་ཆོས་སམ་བསྟན་གནང་བའི་ལམ་དེ་ལ་ཡིད་ཆེས་དང་རྗེས་སུ་འབྲངས་ནས་ཆོས་བྱེད་མཁན་དང་གྲུབ་མཐའ་སྨྲ་མཁན་ཞིག་ཡིན་སྟབས་མིང་དེ་ལྟར་ཐོབ་པ་ཡིན།
ནང་པ་སངས་རྒྱས་པ་ཟེར་བ་དེ་ཡང་རང་གིས་རང་ལ་བཏགས་པའི་མིང་ཡིན་ཏེ་སངས་རྒྱས་ཆོས་ལུགས་པ་རང་ཉིད་ལ་ནང་པ་དང་མུ་སྟེགས་པ་སྟེ་རང་ཉིད་དང་ལྟ་བ་མ་མཐུན་པར་ཕྱི་པ་ཞེས་ཟེར། སངས་རྒྱས་ཆོས་ལུགས་ལ་རྒྱ་གར་དུ་གྲུབ་མཐའ་ཆེན་པོ་བཞི་དང་བོད་དུ་གྲུབ་མཐའ་ཆེ་བ་ལྔ་ཡོད་ལ་དེ་དག་ལའང་ནང་གསེས་དབྱེ་བ་མི་འདྲ་མང་པོ་ཡོད། འོན་ཀྱང་དེ་དག་ལྟ་ཚུལ་འགའ་ཞིག་སར་ཐ་དད་ཡིན་པ་ལས་སངས་རྒྱས་ཆོས་ལུགས་ཀྱི་ཁྱོན་ཡོངས་ཀྱི་ལྟ་བ་གཅིག་གྱུར་ཡིན། དེ་ནི་ཐོག་མ་སངས་རྒྱས་ཀྱིས་ཆོས་གསུངས་སྐབས་སློབ་མ་ཚོའི་ཆུ་ཚད་མཐོ་དམན་ལ་གཞིགས་ཏེ་རིམ་པ་མང་པོར་དབྱེ་ནས་གསུངས་པའི་དབང་གིས་ཡིན། ཆོས་ལུགས་ཕན་ཚུན་གཅིག་གྱུར་ཡིན་མིན་གྱི་ཚད་གཞི་དེ་ལྟ་སྒོམ་སྤྱོད་གསུམ་གྱི་ཐོག་ནས་གཅིག་མཚུངས་ཡིན་མིན་བལྟ་དགོས་པ་ལས་ཆོས་བྱེད་སྟངས་དང་གྱོན་ཆས་སོགས་ཕྱི་ཚུལ་ཁོ་ནར་བལྟས་ན་མི་འགྲིག ནང་པ་སངས་རྒྱས་པའི་ཆོས་པ་ཡིན་དང་མིན་གྱི་ཚད་གཞི་ནི། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཡིན་པར་ཁས་ལེན་མི་ལེན་གྱི་སྒོ་ནས་བཞག་པ་ཡིན། དཀོན་མཆོག་གསུམ་ནི། སངས་རྒྱས་དཀོན་མཆོག ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་བཅས་གསུམ་ལ་ཟེར། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཡིན་པར་ཁས་ལེན་མི་ལེན་གྱི་ཚད་གཞི་ནི། སངས་རྒྱས་ནི་རང་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་གྲོལ་བའི་སྐྱབས་སྟོན་པ་པོ་ཡིན་པ་དང༌། སངས་རྒྱས་དེས་གསུངས་པའི་ཆོས་ནི། རང་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྒྲོལ་བའི་སྐྱབས་དངོས་ཡིན་པ། ཆོས་དེ་ཉམས་སུ་ལེན་མཁན་གྱི་དགེ་འདུན་ནི་རང་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྒྲོལ་བའི་ལམ་གྲོགས་མཛད་མཁན་ཡིན་པར་ཡིད་ཆེས་བྱེད་པ་ལ་ཟེར།
སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སྨྲ་བ་ཡིན་དང་མིན་གྱི་ཚད་གཞི་ནི། སངས་རྒྱས་ཆོས་ལུགས་ཀྱི་རྩ་བའི་ལྟ་བ་བཞི་སྟེ། ༡. འདུས་བྱས་ཐམས་ཅད་མི་རྟག་པ། ༢. ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ༣. ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། ༤. མྱ་ངན་ལས་འདས་པ་ཞི་བ་བཅས་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མི་ལེན་གྱི་སྒོ་ནས་བཞག་པ་ཡིན་ཅིང༌། རྩ་བའི་ལྟ་བ་བཞི་པོ་དེ་ཁས་བླངས་ན་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ཡིན་ལ། དེ་བཞི་པོ་ཁས་མ་བླངས་ན་ཕྱི་པ་མུ་སྟེགས་པའི་གྲུབ་མཐའ་སྨྲ་བ་ཡིན། སྤྱིར་བཏང་ནས་བཤད་ན་ཆོས་ལུགས་གང་འདྲ་ཞིག་ཡིན་ཀྱང་ཆོས་ལུགས་དེ་ལ་དད་པ་བྱེད་མཁན་ཧ་ཅང་མང་པོ་ཡོད་ཀྱང༌། དེའི་ནང་ལ་ཆོས་ལུགས་དེའི་གྲུབ་མཐའ་སྨྲ་བ་ནི་ཉུང་ཤས་ཤིག་ལས་མེད། ཆོས་ལུགས་དེའི་རྩ་བའི་རིགས་པའི་གཞུང་ལུགས་དང་གྲུབ་མཐའ་ཤེས་མཁན་ཤིན་ཏུ་ཉུང༌། མང་ཆེ་བ་ནི་སོ་སོས་དད་པ་བྱེད་པའི་ཆོས་ལུགས་དེའི་རིགས་པའི་གཞུང་ལུགས་གང་ཡང་མི་ཤེས་ཀྱང༌། རང་གི་ཕ་མ། གྲོགས་པོ། རིགས་རྒྱུད་བཅས་ལ་བརྟེན་ནས་ཆོས་ལུགས་དེ་ལ་དད་པ་བྱས་པ་ཤ་སྟག་ཡིན་ཅིང༌། ཁོ་ཚོ་ཆོས་པ་ཡིན་ཀྱང་གྲུབ་མཐའ་སྨྲ་བ་མིན། དེའི་ནང་ཆོས་དད་ཡོད་པའི་སྐྱ་སེར་མང་ཆེ་བ་ཚུད་ཡོད།
ཆོས་ལུགས་ཁག་གི་ནང་ཆོས་ལུགས་དེའི་གྲུབ་མཐའ་ཤེས་མཁན་ཧ་ཅང་ཉུང་ཉུང་ཞིག་ལས་མེད་ཀྱང༌། ཆོས་དད་ཡོད་པའི་རྒྱ་ཆེའི་མང་ཚོགས་ཀྱི་ནང་དུ་ཁོང་ཚོའི་སྙན་གྲགས་ཆེན་པོ་ཡོད་སྟབས། ཁོང་ཚོས་མང་ཚོགས་ཀྱི་སྣེ་ཁྲིད་ནས་སྐབས་རེ་སྤྱི་ཚོགས་ཡོངས་དང་མི་རིགས་ལ་ཕན་པ་ཡོད་པའི་བྱས་རྗེས་ཆེན་པོ་འཇོག་མཁན་མང་པོ་བྱུང་ཡོད་ཅིང༌། སྐབས་རེ་སྤྱི་ཚོགས་དང་རང་གི་མི་རིགས་ལ་གནོད་སྐྱོན་ཡོད་པའི་བྱ་བ་རྒྱ་ཆེན་པོ་སྒྲུབ་མཁན་ཡང་བྱུང་ཡོད། དཔེར་ན་རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་པོ་ཐོན་མི་སམྦྷོ་ཊ་དང༌། སློབ་དཔོན་པདྨ་འབྱུང་གནས། མཁན་ཆེན་ཞི་བ་འཚོ། ལོ་ཙཱ་བ་སྐ་ཅོག་ཞང་གསུམ། གཡུ་ཐོག་ཡོན་ཏན་མགོན་པོ། སྐབས་དེ་དག་གི་རིང་བོད་དུ་ཕེབས་པ་རྒྱ་ནག་ཧཱ་ཤང༌། རྒྱ་གར་གྱི་པཎྜི་ཏ། ལོ་ཙཱ་བ་རིན་ཆེན་བཟང་པོ། ལྷ་བླ་མ་བྱང་ཆུབ་འོད། ཡེ་ཤེས་འོད། ཇོ་བོ་རྗེ་ཨ་ཏི་ཤ འབྲོམ་སྟོན་པ་སོགས་བཀའ་གདམས་པའི་དགེ་བཤེས་མང་པོ། ས་སྐྱ་པཎ་ཆེན། འགྲོ་མགོན་འཕགས་པ་སོགས་ས་སྐྱའི་བླ་ཆེན་རིམ་བྱོན། འབྲི་གུང་སྤྱན་སྔ་རིམ་བྱོན། གྲུབ་ཆེན་གླིང་རས་པ་དང༌། འབྲུག་པ་པདྨ་དཀར་པོ་སོགས་འབྲུག་པའི་བླ་རབས་རིམ་བྱོན། སྟག་ལུང་ཐང་པ་བཀྲ་ཤིས་སོགས་སྟག་ལུང་ཡ་ཐང་མ་ཐང་གི་གདན་རབས་རིམ་བྱོན། ཀུན་མཁྱེན་ཀློང་ཆེན་པ་སོགས་གསང་སྔགས་རྙིང་མའི་བསྟན་འཛིན་རིམ་བྱོན། རྗེ་ཙོང་ཁ་པ་དང༌། དེའི་སློབ་བརྒྱུད་མང་པོ། ཏཱ་ལའི་བླ་མ་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན། འཇམ་དབྱངས་བཞད་པ་སྐུ་ཕྲེང་རིམ་བྱོན། ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་རིམ་བྱོན། སྡེ་དགེ་ཀ་ཐོག་སི་ཏུ་སྐུ་ཕྲེང་རིམ་བྱོན། འཇམ་དབྱངས་མཁྱེན་བརྩེ་སྐུ་ཕྲེང་རིམ་བྱོན་སོགས་གྲུབ་མཐའ་རིས་མེད་ཀྱི་བླ་ཆེན་དང༌། མཁས་པ་མང་པོ་ཞིག་གིས་རང་གི་སྐུ་སྲོག་དང་རྒྱུ་དངོས་གང་ལའང་ཕངས་མེད་ཀྱི་སྒོ་ནས་གཞི་རྒྱ་ཆེ་བའི་དམག་འཁྲུག་གི་འདུམས་དང༌། དམག་འཁྲུག་སྔོན་འགོག་མཛད། རང་གི་མི་རིགས་དང་མི་རིགས་གཞན་དག་གི་མི་དམངས་ཁྲི་ཕྲག་མང་པོའི་སྲོག་སྐྱབས་དང༌། ཆོས་ལུགས་ཕན་ཚུན་བར་གྱི་མཐུན་སྒྲིལ་དང་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་གོང་འཕེལ་གཏོང་བ། རྒྱ་བོད་མི་རིགས་བར་དང༌། སོག་བོད་མི་རིགས་བར། རྒྱ་སོག་མི་རིགས་བར། བལ་བོད་མི་རིགས་བར་བཅས་ཀྱི་མཐུན་སྒྲིལ་སྲུང་སྐྱོབ་དང་གོང་འཕེལ་བཏང་བ། མི་རིགས་རང་ཉིད་ཀྱི་རིག་གཞུང་དང་སྤྱི་ཚོགས་ཀྱི་སྤྱོད་བཟང་དར་སྤེལ་བཏང་བ། གྲུ་ཁ་སུམ་ཅུ་ལྷག་ལ་ལྕགས་ཟམ་འཛུགས་པ། དབྱིན་ཇི་དང་གོར་ཁ་བཙན་རྒྱལ་རིང་ལུགས་པས་སྔ་ཕྱིར་བོད་ལ་བཙན་འཛུལ་བྱེད་པ་འགོག་པ། མེས་རྒྱལ་གོང་བུ་གཅིག་གྱུར་སྲ་བརྟན་དུ་གཏོང་བ་བཅས་ཀྱི་བྱ་གཞག་ནང་ཁོང་རྣམ་པ་ཚོས་མང་ཚོགས་ཀྱི་སྣེ་འཁྲིད་ནས་བྱས་རྗེས་ཆེན་པོ་འཇོག་གནང་མཛད་ཡོད། དེ་བཞིན་དུ་ཉུང་ཤས་ཤིག་གིས་ཆོས་ལུགས་གྲུབ་མཐའི་ཕྱོགས་ཞེན་མཛད་པའི་རྐྱེན་གྱིས་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་གནོད་སྐྱོན་ཐེབས་པ་དང༌། བཙན་རྒྱལ་རིང་ལུགས་པའི་བཙན་འཛུལ་སྟོབས་ཤུགས་བོད་དུ་ཡོང་བའི་སྣེ་འཁྲིད་གནང་སྟེ་རང་གི་མི་རིགས་དང༌། ཆོས་ལུགས། སྤྱི་ཚོགས་ཡོངས་ལ་གསབ་མི་ཐུབ་པའི་གྱོང་གུན་ཕོག་པ་ཡང་བྱུང་ཡོད།

 

༢. བོད་ཀྱི་བླ་མའི་ཆོས་ལུགས་ཟེར་བའི་མིང་དེ་ཡང་དག་པ་ཡིན་མིན་སྐོར།

 

དེང་སྐབས་རྒྱལ་ཁབ་ཕྱི་ནང་དུ་བོད་ཀྱི་སངས་རྒྱས་ཆོས་ལུགས་ལ་བླ་མའི་ཆོས་ལུགས་ཞེས་མིང་འདོགས་སྲོལ་འདུག་པ་དེ་ནི། ཉེ་རབས་ལོ་ཉི་ཤུ་ཡས་མས་ཀྱི་དུས་སྐབས་ནང་ཕྱི་རྒྱལ་གྱི་ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་གསར་དུ་བཏགས་པའི་མིང་ཡིན་པ་ལས། བོད་ཡིག་དང་རྒྱ་ཡིག་གི་ཡིག་ཆ་གང་གི་ནང་དུའང་དེ་འདྲ་ཤོད་སྲོལ་མེད། བོད་ཀྱི་བླ་མའི་ཆོས་ལུགས་ཟེར་བའི་མིང་དེ་ངས་ཐོག་མ་མཐོང་བ་ནི་སུའུ་ལེན་གྱི་རྩོམ་པ་པོ་ཞིག་གིས་བརྩམས་པའི་ཆོས་ལུགས་དང་ལྷ་མེད་སྨྲ་བའི་སྐོར་གྱི་དཔེ་ཆ་ཞིག་གི་ནང་ནས་རེད། དེ་མིན་ཕྱི་རྒྱལ་གྱི་མཁས་པ་མང་པོ་ཞིག་གིས་ཀྱང་མིང་དེ་ལྟར་བཏགས་པ་མ་ཟད། བོད་ཀྱི་སངས་རྒྱས་ཆོས་ལུགས་དེ་རྫུན་མ་ཡིན་པའི་རྒྱུ་མཚན་མང་པོ་ཞིག་འགྲེལ་བརྗོད་བྱས་ཡོད་པ་རེད། གནའ་རབས་རྒྱ་ཡིག་གི་ཡིག་ཚགས་ནང་(ཤི་ཞ་དུས་སྐབས་蕃དང༌། ཧན་རྒྱལ་རབས་སྐབས་西蕃僧། ཡོན་རྒྱལ་རབས་སྐབས་སུ་蕃僧之教ཞེས་ཟེར་)བོད་ཀྱི་སངས་རྒྱས་ཆོས་ལུགས་ལ་བོད་ཆོས་ཞེས་པའི་མིང་ཞིག་བཏགས་ཡོད་པ་དེའི་གོ་དོན་ནི། བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སངས་རྒྱས་ཆོས་ལུགས་ཟེར་བ་ཡིན་པས་བོད་ཀྱི་སངས་རྒྱས་ཆོས་ལུགས་ཟེར་བ་དང་གོ་དོན་ཡོངས་སུ་མཐུན་པར་མ་ཟད། མིང་འདོགས་སྟངས་དེ་རྒྱུ་མཚན་ཡོད་པ་ཞིག་རེད། བོད་ཀྱི་བླ་མའི་ཆོས་ལུགས་ཟེར་བའི་མིང་དེ་ནི་ཕྱི་རྒྱལ་གྱི་ལོ་རྒྱུས་སྨྲ་བ་ཚོས་བོད་ཀྱི་སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་ནན་ཏན་མ་བྱས་པར་དམའ་འབེབས་ཀྱི་ནང་དོན་ཡོད་པའི་མིང་འདོགས་བྱས་པ་ཞིག་རེད། ད་དུང་ཁོང་ཚོ་དང་དེ་ཚོའི་རྗེས་འབྲངས་པ་ཉུང་ཤས་དེ་ཚོས་གོང་གསལ་གྱི་མིང་དེ་ལ་རྒྱུ་མཚན་བཞི་ཤོད་ཀྱི་ཡོད་པ་རེད།
༡. བོད་ཀྱི་སངས་རྒྱས་ཆོས་ལུགས་དེ་ལ་འཛམ་གླིང་ཐོག་གི་རྒྱལ་ཁབ་དང་ས་ཁུལ་གཞན་དག་གི་སངས་རྒྱས་ཆོས་ལུགས་དང་རྩ་བ་ནས་མི་འདྲ་བའི་དམིགས་བསལ་ཁྱད་ཆོས་ཡོད་པ་རེད་ཟེར་བ་དང༌།
༢. བོད་ཀྱི་སངས་རྒྱས་ཆོས་ལུགས་སྔ་དར་སྐབས་ལ་སངས་རྒྱས་ཆོས་ལུགས་ངོ་མ་རང་ཡིན་ཀྱང་སངས་རྒྱས་ཆོས་ལུགས་དང་བོན་ཆོས་གཉིས་བར་ཛ་དྲག་ཆེ་བའི་འཐབ་རྩོད་ཐེངས་མང་བྱུང་བ་བརྒྱུད་ཕྱི་དར་སྐབས་བོད་ཀྱི་སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་བོན་ཆོས་དང་སངས་རྒྱས་ཆོས་ལུགས་གཉིས་ཕན་ཚུན་མཉམ་བསྲེས་བྱས་པ་དཔེར་ན། མདོས་བཞེངས་པ། གླུད་གཏོང་བ། གཡང་སྒྲུབ་བྱེད་པ། གཏོར་ཟོར་འཕེན་པ། ལྕགས་མཁར་སྲེག་པ། རྔ་རྡུང་སྦུབ་དཀྲོལ། ཕུང་པོ་ཞུགས་འབུལ་བྱེད་པ་བཅས་ནི་བོན་ཆོས་ཡིན་རུང་བོད་ཀྱི་སངས་རྒྱས་ཆོས་ལུགས་པས་དེ་དག་ལག་ལེན་བྱེད་ཀྱི་ཡོད་པ་དེ་ནི་སངས་རྒྱས་ཆོས་ལུགས་ངོ་མ་མིན་ཟེར།
༣. བོད་དུ་བླ་མས་སྲིད་བཟུང་བའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཤིག་ཡོད་པ་དེ་ནི་ཆོས་སྲིད་མཉམ་བསྲེས་བྱེད་པའི་བོད་ཀྱི་ཆོས་ཡིན་པ་ལས། སངས་རྒྱས་ཆོས་ལུགས་མིན་ཟེར།
༤. བླ་མའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་ལུགས་དམིགས་བསལ་ཅན་དེ་ནི་བོད་ལ་མ་གཏོགས་རྒྱལ་ཁབ་དང་ས་ཁུལ་གཞན་དག་གི་སངས་རྒྱས་ཆོས་ལུགས་ལ་གཏན་ནས་མེད་པས་དེ་ནི་བོད་ཀྱི་ཆོས་ལུགས་ཁོ་ནའི་ཁྱད་ཆོས་རེད་ཟེར།
གོང་གསལ་རྒྱུ་མཚན་བཞི་པོ་དེ་བོད་ཀྱི་སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་ནན་ཏན་མ་བྱས་པར་ཕྱི་ཚུལ་གྱི་རྣམ་པ་འགའ་ཞིག་དམ་པོར་བཟུང་ནས་ངོ་བོར་ངོས་འཛིན་བྱས་པའི་ལྟ་ཚུལ་ཕྱོགས་རེ་བ་ཞིག་རེད། དེའི་སྐོར་གསལ་བཤད་བྱེད་རྒྱུ་གཤམ་གསལ།
༡. བོད་ཀྱི་སངས་རྒྱས་ཆོས་ལུགས་ལ་བོད་མི་རིགས་ཀྱི་ཁྱད་ཆོས་ཡོད་པ་དེ་སངས་རྒྱས་ཆོས་ལུགས་རྫུན་མ་རེད་ཟེར་བཤད་ན་མི་འགྲིག གང་ཞེ་ན། མི་རིགས་གང་ཞིག་གི་ནང་དུ་ཆོས་ལུགས་གང་ཞིག་དར་བ་ཡིན་ནའང་མི་རིགས་ཀྱི་ཁྱད་ཆོས་མི་འདྲ་བ་ཡོང་གི་ཡོད་པ་དཔེར་ན་སངས་རྒྱས་ཆོས་ལུགས་རྒྱ་ནག་ཏུ་དར་བ་དེ་ལ་རྒྱ་མི་རིགས་ཀྱི་ཁྱད་ཆོས་ཡོད་པ་དང༌། སོག་ཡུལ་དུ་དར་བའི་སངས་རྒྱས་ཆོས་ལུགས་ལ་སོག་པོའི་མི་རིགས་ཀྱི་ཁྱད་ཆོས་ཡོད་པ། རི་པིན་དུ་དར་བའི་སངས་རྒྱས་ཆོས་ལུགས་ལ་རི་པིན་མི་རིགས་ཀྱི་ཁྱད་ཆོས་ཡོད་པ་སྟེ། དེ་ཡང་རྒྱ་ནག་གི་ཧྭ་ཤང་ཚོའི་ཆོས་བྱེད་སྟངས་དང༌། ཕྱག་འཚལ་སྟངས། སྒོམ་རྒྱག་སྟངས་སོགས་གཞན་དང་མི་འདྲ་བ་མ་ཟད། གོས་ཚོས་གཞི་ནག་པོ་དང་ཕུ་ཐུང་ཡོད་པ་གྱོན་པ་དེའང་སངས་རྒྱས་ཆོས་ལུགས་རང་གི་ཆོས་བྱེད་སྟངས་ཀྱི་སྲོལ་ལ་བྱས་པ་ཡིན་ན་མི་ཆོག་པ་ཞིག་ཡིན་པས་མི་རིགས་ཀྱི་ཁྱད་ཆོས་ཡོད་པ་དེ་རྒྱུ་མཚན་དུ་བྱས་ནས་བོད་ཀྱི་སངས་རྒྱས་ཆོས་ལུགས་དེ་སངས་རྒྱས་ཆོས་ལུགས་ངོ་མ་མ་རེད་ཅེས་བཤད་ན་མི་འགྲིག
༢. ཆོས་བོན་མཉམ་བསྲེས་བྱས་ཡོད་པ་ཟེར་བ་དེའང་རྒྱུ་མཚན་ཡང་དག་པ་ཞིག་མིན། བོད་ཀྱི་སངས་རྒྱས་ཆོས་ལུགས་དང་བོན་པོའི་ཆོས་ལུགས་གཉིས་ཕན་ཚུན་འདྲེས་མ་འདྲེས་ཟེར་བ་དེ་གཙོ་བོ་ཆོས་ལུགས་དེ་གཉིས་ཀྱི་ལྟ་སྒོམ་སྤྱོད་གསུམ་ཕན་ཚུན་འདྲེས་ཡོད་མེད་ལ་བལྟ་དགོས་པ་ལས་ཆོས་བྱེད་སྟངས་དང་ཆས་གོས་སོགས་ཕྱི་ཚུལ་གྱི་རྣམ་པ་འགའ་ཞིག་འདྲ་པོ་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ནས་ཆོས་བོན་མཉམ་བསྲེས་བྱས་པ་རེད་ཅེས་ཤོད་མི་རུང༌། ཆོས་བོན་གཉིས་ཕན་ཚུན་འདྲེས་འདུག་ཟེར་བའི་ཁ་གཡར་ས་གཙོ་བོ་ཞིག་ནི་སྔོན་མ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་བོན་ཆོས་བསྣུབས་དུས་བོན་གྱི་ཆོས་བྱེད་སྟངས་ཁག་ཅིག་རང་སོར་བཞག་ཡོད་པ་དཔེར་ན། མདོས་བཞེངས་པ། གླུད་གཏོང་བ། གཡང་སྒྲུབ་བྱེད་པ། གཏོར་ཟོར་འཕེན་པ། ལྕགས་མཁར་སྲེག་པ། རྔ་རྡུང་སྦུབ་དཀྲོལ། ཕུང་པོ་ཞུགས་འབུལ་བྱེད་པ་སོགས་ཡིན། དེ་དག་རང་སོར་འཇོག་དགོས་དོན་ནི་དེ་དག་མང་ཚོགས་ནང་ས་ཁྱབ་རྡོ་ཁྱབ་ཏུ་སོང་ནས་ཚང་མས་ཁས་ལེན་གྱི་ཡོད་པས་ཡིན།
མདོས་བཞེངས་པ་ཟེར་བ་ནི་སྐུད་པ་ཚོས་གཞི་སྣ་ཚོགས་ཀྱིས་བཟོས་པའི་ཁང་པ་ཞིག་རེད། དེ་བཟོ་སྟངས་ནི་དཀྱིལ་དུ་ཤིང་གི་སྲོག་ཤིང་བཙུགས་ཐོག་དེའི་སྟེང་དུ་སྨྱུག་མའི་རྩིབས་མ་མང་པོ་བཏང་ནས་ཁང་པའི་སྒྲོམ་ལྟ་བུ་ཞིག་བཟོས་ཐོག་དེའི་སྟེང་དུ་སྐུད་པ་ཚོས་གཞི་སྣ་ཚོགས་ཕར་བཏང་ཚུར་བཏང་བྱས་ནས་གོས་ཆེན་འཐག་པ་ལྟར་སྒྱུ་རྩལ་གྱི་ཆུ་ཚད་ཀྱང་ཧ་ཅང་མཐོ་པོ་ཡོད་པ་རེད། མདོས་ཆེ་བ་ལ་ཁང་པ་ཐོག་བརྩེགས་གསུམ་གྱི་མཐོ་ཚད་ལྷག་ཙམ་དང་ཆུང་བ་ནི་ཁང་པ་ཀ་གཅིག་སར་གཤོང་ཙམ་མམ་ཡང་ན་ཁྲུ་གང་ལྷག་ཡོད། མདོས་བཞེངས་ཟིན་རྗེས་དེའི་ནང་དཔེར་ན་མི་ནད་པའམ་དེ་མིན་གང་རུང་གི་འདྲ་གཟུགས་ཤིག་རི་མོ་བྲི་བའམ་ཡང་ན་འདམ་བག་གམ་སྤགས་ཀྱིས་བཟོས་ནས་ནང་དུ་བཞག་ཐོག ད་དུང་ཁྱིམ་ཚང་དེའི་ཕ་མ་དང་མེས་པོའི་དུས་ཀྱི་ལྷ་སྲུང་རྣམས་ཀྱི་བྲིས་སྐུ་བཞེངས་ནས་བཞག་སྲོལ་ཡོད་པ་དང༌། དེའི་མཐའ་རུ་གོས་ཆེན་དང༌། གསེར་དངུལ། མུ་ཏིག་རྒྱུ་དངོས་ལ་སོགས་པ་དང་དེ་བཞིན་འབྲུ་སྣ་ལྔ་སོགས་མང་པོ་སྒྲིག་སྲོལ་ཡོད་ཅིང༌། མདོས་བཞེངས་པའི་རྒྱུ་མཚན་གཉིས་ཏེ་གཅིག་ནས་མདོས་དེ་བཞེངས་ནས་ཆོ་ག་གཏོང་བ་དང་སྔགས་བརྒྱབ་ཚར་རྗེས་སོ་སོར་གནོད་པ་བྱེད་མཁན་གདོན་འདྲེ་དེ་ཚོས་ལྟ་དུས་དེ་ཁང་པ་ངོ་མ་ཞིག་ཏུ་འཁྲུལ་ནས་ཡོང་ཕོད་ཀྱི་མེད་པ་དང༌། གཉིས་ནས་སོ་སོའི་ཁྱིམ་ཚང་དེ་ལ་སྲུང་སྐྱོབ་བྱེད་མཁན་ལྷ་སྲུང་དེ་ཚོ་ཁྱིམ་ཚང་དེ་ལ་རྒྱུན་དུ་གནས་ཆེད་ཀྱི་རྟེན་ལྟ་བུ་ཞིག་ཡིན་ཟེར་སྲོལ་ཡོད།
གླུད་གཏོང་བ་ཟེར་བ་ནི་དཔེར་ན་མི་ཞིག་ལ་གདོན་འདྲེས་གནོད་ཀྱི་འདུག་ཟེར་བ་སོགས་ཀྱི་བཤད་སྲོལ་བྱུང་སྐབས་མི་དེའི་ཚབ་ལ་གླུད་ཟེར་བ་ཞིག་གཏོང་གི་ཡོད་ཅིང༌། དེ་ལ་རིགས་འདྲ་མིན་སྣ་ཚོགས་ཡོད་དེ་ལ་ལ་ནི་སྤགས་སམ་འདམ་བག་གིས་ནད་པའམ་མི་དེའི་གཟུགས་བརྙན་བཟོས་ཐོག་དེའི་མཐའ་ལ་ཟས་སྣེ་དང་གོས་སྣེ་སྣ་ཚོགས་བླུགས་ཏེ་ལམ་བཞི་མདོའམ་སུམ་མདོར་བསྐྱལ་ཐོག གཟུགས་བརྙན་དེ་སྤགས་སམ་འདམ་བག་གིས་བཟོས་ཀྱང་ཆོ་ག་བྱས་ནས་སྔགས་བརྒྱབ་ཚར་དུས་ཕར་ངོས་གདོན་འདྲེས་མི་གསོན་པོ་རང་དུ་མཐོང་གི་ཡོད་པས་ཚབ་ཏུ་མི་ངོ་མ་གཏོང་མི་དགོས་པ་བྱུང་བ་ཡིན་ཟེར། ཡང་ཡུལ་ཚོ་ཁ་ཤས་ལ་བོད་ཀྱི་ལོ་གསར་ཉི་ཤུ་དགུའི་དགོང་མོ་དགུ་ཐུག་འཐུང་ཟིན་རྗེས་མི་གཅིག་གིས་གྲོང་ཚོའི་ནང་གི་ཐེམ་དུད་ཚང་མའི་ཚབ་བྱས་ཏེ་ལུས་ལ་གྱོན་པ་ནག་པོ་གྱོན། ངོ་གདོང་ལ་ཀྲེ་ནག་བྱུགས། མགོ་བོར་སྨྱུག་ཞྭ་རྩེ་ལ་དར་ལྕོག་ནག་པོ་བཙུགས་པ་ཞིག་གྱོན། ཡང་མི་གཞན་ཞིག་གིས་སོག་མ་དང་རས་ཚལ་ཞག་རྩི་ཡོད་པ་སྣ་ཚོགས་མཉམ་དུ་རྒྱུག་པའི་ཐོག་ཏུ་བསྡམས་ནས་དེ་ལ་མེ་སྦར་ནས་ལག་ཏུ་འཁྱེར། དེ་ནས་མི་གཞན་དག་གཅིག་གིས་རྒྱ་བྲ་ཞིབ་ཞིབ་དུང་ཕན་གང་ཙམ་ཁྱེར་ནས་མེ་ལ་བཤོས་(རྒྱ་བྲ་ཡིས་བཏགས་པའི་རྩམ་པ་ཞིག་སྟེ། ལྷོ་ཁ་ཁུལ་དུ་རྒྱ་བྲ་དང་ཀོང་པོ་ལ་ཨ་ལ་ཞེས་ཟེར་ཞིང༌། དེ་མེའི་ཐོག་ཏུ་བཤོས་ཚེ་རྩམ་པ་གྲོ་ཞིབ་སོགས་དང་མི་འདྲ་བར་མེ་འབར་ཤུགས་ཆེ་རུ་འགྲོ་གི་ཡོད་)མེ་དང་རྒྱ་བྲ་འཁྱེར་མཁན་མི་གཉིས་པོས་གདོན་འདྲེའི་ཆས་གོས་སྤྲས་པའི་མི་དེའི་རྗེས་འདེད་བཏང་ནས“ལོ་གཅིག་ཟླ་བ་བཅུ་གཉིས་ཞག་མ་སུམ་བརྒྱ་དྲུག་ཅུའི་གེགས་དབང་བར་ཆད་ཚང་མ་ཁྱོད་ཀྱིས་ཁྱེར་ཅིག”ཅེས་བརྗོད་བཞིན་དུ་གདོན་འདྲེ་ཕུད་ཁུལ་བྱས་ཐོག ཐག་རིང་ལམ་བཞི་མདོའམ་སུམ་མདོ་ཁ་ཞིག་ལ་སླེབས་རྗེས་གདོན་འདྲེའི་ཆས་སྤྲས་པའི་མི་དེས་ངོ་གདོང་བཀྲུས་ནས་གྱོན་པ་བརྗེས་ཏེ་ཕྱི་བལྟས་མ་སློག་པར་ཚུར་ལོག་ཡོང་བ་དང༌། གྲོང་ཚོའི་ནང་མི་ཚང་ཚང་མས་ཁོ་ལ་ཇ་ཐུག་བླུགས་པ་དང་གསོལ་རས་སྤྲོད་པ་སོགས་བྱེད། གཞན་ཡང་ད་དུང་བོད་ཀྱི་གྲོང་ཁྱེར་ལྷ་སར་བོད་ཟླ་གཉིས་པའི་ཚེས་ཉི་ཤུ་དགུ་ལ་གླུད་འགོང་བརྫངས་པ་ཟེར་བ་ཞིག་བྱེད་སྲོལ་ཡོད། དེ་ནི་བསམ་ཡས་ལ་འགྲོ་མཁན་ཞིག་དང་འཕན་པོར་འགྲོ་མཁན་ཞིག་སྟེ་གླུད་འགོང་གཉིས་ཡོད་པ་དེ་གཉིས་ཀྱིས་ར་སྤགས་དཀར་པོ་ཕྱི་ནང་སློག་པའི་དུག་ལོག་གྱོན། ངོ་གདོང་ཕྱེད་ཀ་དཀར་པོ་དང་ཕྱེད་ཀ་ནག་པོ་བཟོས། སྨྱུག་མའི་ཞྭ་མོ་རྩེ་ལ་དར་ལྕོག་ནག་པོ་ཡོད་པ་ཞིག་གྱོན་ཐོག་ལྷ་ལྡན་གཙུག་ལག་ཁང་གི་ཁྱམས་རའི་སྒོ་འཕྱོར་འོག་ཏུ་ཆུ་ཤུལ་གྱི་རྙིང་མའི་དགོན་པ་བྱང་ཆུབ་གླིང་གི་དགེ་འདུན་པས་ཆོ་ག་བཏང་རྗེས་བྱང་ཆུབ་གླིང་དགོན་པའི་སློབ་དཔོན་གྱིས་ཞྭ་ནག་གི་ཆས་སྤྲས་ཏེ་གླུད་འགོང་གཉིས་དང་ཤོ་རྒྱག་དགོས་པ་དང༌། ཤོ་རྒྱག་སྐབས་ཏཱ་ལའི་བླ་མའི་ན་བཟའ་ནང་བཞིན་གྱོན་པའི་གྲྭ་པ་ཞིག་གིས་ཏཱ་ལའི་བླ་མའི་སྐུ་ཚབ་ཡིན་ཁུལ་གྱིས་དེར་ཡོང་དགོས། ཞྭ་ནག་གི་ཆོས་ཟེར་བ་ནི་ཕྱུ་པ་ཕུ་ཐུང་ཆེན་པོ་ནག་པོ་ཞིག་དང་ཞྭ་མོ་ནག་པོ་མཐའ་ལ་པགས་པ་དང༌། སྟེང་ལ་རྨ་བྱའི་སྒྲོ་གདོངས། དེའི་སྟེང་དུ་དཔེ་ཆའི་ནང་སེམས་ཅན་རྒང་ཟེར་བ་ཞིག་སྟེ་ཁ་སྐད་དུ་ཟེར་མོ་ཞེས་གཟུགས་པོ་ཕག་པ་དང་འདྲ་བ་ལ་ལུས་སྟེང་གི་སྒྲོ་རྣམས་ཁབ་དང་གཉིས་སུ་མེད་པ་ཞིག་ཡོད་པ་དེའི་སྤུ་སྒྲོ་མང་པོ་ཞྭ་མོའི་ཐོག་བཙུགས་བཞག་པ་དེ་འདྲ་ཞིག་ཡོད། གླུད་འགོང་གཉིས་པོ་ཞྭ་ནག་གི་ཆས་གྱོན་པའི་བྱང་ཆུབ་གླིང་གི་སློབ་དཔོན་དང་ཤོ་རྒྱག་དགོས་ཤིང༌། དེ་ཡང་གླུད་འགོང་གི་སྤགས་ཤོ་དེའི་ངོས་དྲུག་ཚང་མར་ཤོ་མིག་གཅིག་ལས་མེད་པ་དང་གླུད་འགོང་གཉིས་ཤོ་ཤོར་ནས་ཁུངས་སོ་སོར་འགྲོ་ཁར་སྡེ་པ་གཞུང་ནས་ཁོ་གཉིས་ལ་ཤ་མར་དང༌། འབྲས། ཚྭ་བུལ་སོགས་ལམ་རྒྱགས་གྱ་ནོམ་པ་སྤྲད་རྗེས་བསམ་ཡས་ལ་འགྲོ་མཁན་གླུད་འགོང་དེ་ལྷ་ས་ནས་ཐོན་ཏེ་བསམ་ཡས་པེ་ཧར་ལྕོག་ཏུ་རྒྱལ་པོའི་དབུགས་ཁང་གི་སྒོ་འགྲམ་དུ་ཞག་གཅིག་ཉལ་དགོས་ཀྱི་ཡོད་པ་རེད། རྒྱལ་པོའི་དབུགས་ཁང་ཟེར་བ་དེ་ལོ་འཁོར་བཅུ་གཉིས་ལ་སྒོ་ཐེངས་རེ་ལས་ཕྱེ་སྲོལ་མེད་པ་དང༌། ལོ་ལྟར་སྒེའུ་ཁུང་ནང་ནས་ཡར་ཤ་གཙབ་བྱེད་ཀྱི་ཨན་རྡར་རེ་དང་གྲི་རེ་གཡུགས་དགོས་པ་དེ་ལོ་གཅིག་སོང་རྗེས་ལྟ་དུས་ཨན་རྡར་གྱི་མཐིལ་རྡོལ་བ་མ་ཟད། གྲི་ཡང་རྩེ་ཚང་མ་ཆག་པ་སོགས་མཐོང་རྒྱུ་ཡོད་ཅེས་ཟེར་སྲོལ་འདུག གླུད་འགོང་བསམ་ཡས་དབུགས་ཁང་གི་སྒོ་རྩར་ཞག་གཅིག་ཉལ་རྗེས་ཕྱི་ཉིན་རང་གི་འདྲ་གསོབ་ཅིག་བཟོས་ནས་དབུགས་ཁང་ནང་དུ་བསྐྱལ་རྗེས་དྲུང་འཁོར་དཀྱུས་མའི་ཆས་སྤྲས་ཏེ་སྡེ་པ་གཞུང་གིས་རང་ལ་སྤྲད་པའི་ཟས་གོས་སོགས་གླུད་རྫས་རྣམས་ལྷོ་ཁ་ཁུལ་དུ་བཙོངས་ནས་ཚུར་ལོག་ཡོང་གི་ཡོད།
གཏོར་ཟོར་འཕེན་པ་ཟེར་བ་ནི་གཏོར་མ་ཟུར་གསུམ་ཆེན་པོ་དེ་འདྲ་བཞེངས་ཐོག ཚེ་ཟོར་ཞེས་གཏོར་མའི་སྟེང་དུ་གང་སར་པད་ཁའི་གང་བུ་འཛུགས་པ་དང༌། ཡུམ་ཟོར་ཞེས་ཤིང་སྐྱེར་པ་རིང་ཐུང་ལི་རྨི་གསུམ་ཙམ་ལ་གཞོགས་བརྒྱབ་ནས་རྩེ་རྣོ་པོ་བཟོས་ཏེ་འཛུགས་སྲོལ་ཡོད། གཏོར་མ་གཡུགས་སྟངས་ལ་གཏོར་མ་དེ་ལྷ་ཡིན་བསམ་པ་བྱས་ཏེ་གཡུགས་སྲོལ་ཞིག་དང་ལྷ་ལ་ཕུལ་བའི་དམིགས་པ་བྱས་ཏེ་གཡུགས་སྲོལ་ཞིག་གཉིས་ཡོད། གཏོར་མ་དེ་ལྷ་ཡིན་བསམ་པའི་དམིགས་པ་བྱས་ཏེ་གཡུགས་སྟངས་དེ་ཧ་ཅང་ཉེན་ཁ་ཆེན་པོར་བརྩི་གི་ཡོད།
ལྕགས་མཁར་སྲེག་པ་ཟེར་བ་ནི་སླ་ང་ཆེན་པོ་ཞིག་ནང་སྣུམ་བསྐོལ་ནས་སྣུམ་འཁོལ་མ་ཆགས་ཏེ་ལྦུ་བ་རྒྱག་པའི་སྐབས་སུ་ཨ་རག་བླུགས་དགོས། དེ་ཡང་ཨ་རག་བླུགས་མཁན་དེས་དགྲ་བོའི་(དེ་ནི་སངས་རྒྱས་ཆོས་ལུགས་སམ་ལུང་ཚོ་གཅིག་ལ་གནོད་སྐྱེལ་མཁན་དགྲ་བོ་ལྟ་བུ་)གཟུགས་བརྙན་བྲིས་ཐོག་དེའི་སྙིང་ཁར་དགྲ་བོ་དེའི་མིང་ཡིག་དང་པོ་བྲིས་ཏེ་རྫས་ངན་སྣ་ཚོགས་བྱུགས་པའི་ཤོག་ལྷེ་ཞིག་རྒྱུག་པའི་རྩེར་བསྐོན་ནས་མི་གཅིག་གིས་འཁྱེར་ཐོག ཨ་རག་བླུགས་མཁན་དེས་ཨ་རག་སྤུས་ལེགས་ཀ་ལི་གང་ལག་ཏུ་འཁྱེར་ནས་འཆམ་རྒྱག་བཞིན་དུ་མེ་ལ་སྐོར་བ་གསུམ་བརྒྱབ་རྗེས་སྣུམ་འཁོལ་མའི་ནང་ཨ་རག་དེ་བླུགས་ནས་མེ་ལྕེ་དྲག་ཏུ་འཕྱུར་བ་དང་ཆབས་ཅིག་མིའི་གཟུགས་བརྙན་བྲིས་པའི་ཤོག་ལྷེ་དེ་མེའི་ནང་སྲེག་སྲོལ་ཡོད། ཨ་རག་བླུགས་མཁས་པོ་མ་བྱུང་ན་སྣུམ་འཁོལ་མ་དེ་ཚུར་འཐོར་ནས་མེ་འབར་ཏེ་རང་ཉིད་འཚིག་ཉེན་ཡོད་པས་ཨ་རག་དེ་སྣུམ་གྱི་ཐོག་ཏུ་གནད་འཁེལ་པོ་ཞིག་བླུགས་དགོས།
གཡང་སྒྲུབ་ཟེར་བ་ནི་མི་བསོད་ནམས་དབང་ཐང་ཡོད་པ་དེ་ཚོའི་བསོད་ནམས་དང་དབང་ཐང་ཚུར་འགུགས་པའི་ཐབས་ཤིག་ཡིན་ཟེར། དེ་ནི་ལུག་དཀར་རྐྱང་ཞིག་གི་ལག་གཡས་པའི་ཤ་དར་ཚོན་སྣ་ལྔའི་ནང་སྒྲིལ་བཞག་པ་ཞིག་དང༌། གོས་ཆེན་ཚོས་གཞི་མི་འདྲ་བ་ལྔ་དང༌། གཟི། བྱུ་རུ། སྤོས་ཤེལ། འགྲོན་བུ། མེ་ལོང་བཅས་ཀྱིས་བརྒྱན་པའི་མདའ་དར་རྩེ་ལྔའམ་སྒྲོ་ལྔ་དང་ལྡན་པ་ཞིག ད་དུང་ཕྱེ་མར་དང་ཆང་ཕུད་སོགས་འཁྱེར་བའི་མི་གཅིག་གིས་ཁང་ཁྱིམ་གྱི་ཐོག་རྩེ་ནས་ཕྱྭ་འགུགས་གཡང་འགུགས་ཞེས་ཕྱག་རྒྱ་དང་བཅས་སྐད་རྒྱག་སྲོལ་ཡོད་ཅིང༌། སྤྱིར་ན་ལོ་ལྟར་སྟོན་ཁ་འབྲུ་རིགས་བསྡུ་བའི་སྐབས་སུ་གཡང་སྒྲུབ་ཅེས་དེ་ལྟར་བྱེད་སྲོལ་ཡོད་པ་དེ་ནི་མི་ཚང་དེ་རྒྱུ་སྟོབས་ཆེན་པོ་དང་བསོད་ནམས་ཆེན་པོ་ཡོང་ཆེད་ཡིན་ཟེར།
གོང་གསལ་ལུགས་སྲོལ་དེ་དག་ཚང་མ་བོན་གྱི་ལུགས་སྲོལ་ཡིན་ཅིང༌། དེ་ནི་སངས་རྒྱས་ཆོས་ལུགས་དང་བོན་པོའི་ཆོས་ལུགས་བར་འཐབ་རྩོད་ཐེངས་མང་བྱས་ཏེ་བོན་ཆོས་མེད་པ་བཟོས་རུང་གོང་གསལ་གླུད་གཏོང་བ་དང་མདོས་རྒྱག་པ་སོགས་བྱེད་སྟངས་དེ་རིགས་རང་སོར་འཇོག་དགོས་བྱུང་ཡོད། རྒྱུ་མཚན་ནི་དེ་ཚོ་མེད་པ་བཟོས་ན་མང་ཚོགས་ཀྱིས་ཁས་ལེན་གྱི་མེད་པ་རེད། དེར་བརྟེན་ཆོས་བྱེད་སྟངས་དེ་རིགས་ཕྱི་ཚུལ་དུ་བོན་གྱི་ཆོས་བྱེད་སྟངས་ཡིན་པ་ལ་ནང་དོན་དེ་སངས་རྒྱས་ཆོས་ལུགས་ཡིན་པ་ཞིག་ཆགས་པ་རེད། དེ་ནི་དཔེར་ན་དེང་སྐབས་ནང་མ་དང་སྟོད་གཞས་སོགས་ཀྱི་གཞས་གདངས་རྙིང་པར་གཞས་ཚིག་གསར་པ་བཅུག་པ་ལྟར་ཕྱི་ཚུལ་དུ་བོན་པོའི་ཆོས་བྱེད་སྟངས་བེད་སྤྱོད་བྱས་པ་ཙམ་ལས་ནང་དོན་ཐད་བོན་གྱི་ལྟ་བ་གང་ཡང་འདྲེས་མེད། སྔོན་མ་རྗེ་བཙུན་མི་ལ་མངའ་རིས་སུ་བཞུགས་སྐབས་བོན་ལ་དད་པ་བྱེད་མཁན་མི་ཚང་ཆེན་པོ་ཞིག་གི་ནང་ནད་པ་ཞིག་བྱུང་ནས་སེམས་ཅན་ཧ་ཅང་མང་པོ་བསད་པ་རེད། (བོན་པོའི་ཆོས་ལུགས་ལ་མི་ན་བ་དང༌། ཤི་བ། དེ་བཞིན་ཁྱིམ་ཚང་རྒྱུ་སྟོབས་ཆེན་པོ་ཡོང་ཆེད་བཅས་ཀྱི་དོན་དུ་སེམས་ཅན་མང་པོ་གསོད་པའི་ལུགས་སྲོལ་ཞིག་ཡོད་)སྐབས་དེ་དུས་རྗེ་བཙུན་མི་ལ་ཡང་གདན་འདྲེན་ཞུས་ནས་ཕེབས་དུས་ཞབས་བརྟན་བྱེད་ཆེད་སེམས་ཅན་མང་པོ་གསོད་ཆོག་ཆོག་བྱས་ནས་བཞག་ཡོད་པ་གཟིགས་ཏེ་ཁོང་གིས་ཕྱི་ཚུལ་དུ་བོན་གྱི་ཆོས་བྱེད་སྟངས་ཡིན་པ་ལ་ནང་དོན་སངས་རྒྱས་ཆོས་ལུགས་ཡིན་པའི་ཆོས་ཤིག་གསུངས་རྗེས་ཁྱིམ་ཚང་དེའི་མི་ཚོར་སེམས་ཅན་དེ་དག་བསད་པ་དང་གློད་པ་གཉིས་ཁྱད་མེད་པས་ད་གློད་བཀྲོལ་ཐོངས་ཤིག་ཅེས་གསུངས་པར་སྦྱིན་བདག་དེས་ཁྱེད་ཀྱི་གནང་སྟངས་བོན་ཆོས་འདྲ་ཡང་དོན་ངོ་མ་སངས་རྒྱས་ཆོས་ལུགས་རེད་འདུག་པས་དེ་ཅི་ཡིན་ཞེས་བཀའ་འདྲི་ཞུ་སྐབས་རྗེ་བཙུན་མི་ལས་ཁྱོད་ཚོས་མི་ཤི་བ་དང་ན་བ་གང་བྱུང་ཡང་སེམས་ཅན་མང་པོ་གསོད་པ་དེར་ཉེས་པ་ཆེན་པོ་ཡོད། མི་ཤི་རྗེས་སེམས་ཅན་མང་པོ་བསད་ཚེ་ཤི་མཁན་དེར་ཉེས་པ་ཡོད་པ་དང༌། མི་ཤི་ཁར་སེམས་ཅན་མང་པོ་བསད་ན་དྲག་སྐྱེད་ཡོང་རྒྱུར་ཕན་པ་མེད་པར་ནད་པ་མགྱོགས་པོ་ཤི་རྒྱུ་ལ་འགོག་རྐྱེན་ཡོང་གི་ཡོད་པས་ཤི་གསོན་གང་འདྲ་ཞིག་ལ་ཞབས་བརྟན་བྱས་ནའང་སེམས་ཅན་གསོད་པའི་ལུགས་སྲོལ་དེས་ཤི་གསོན་གཉིས་ཀར་ཕན་པ་གང་ཡང་མེད་ཅེས་གསུངས་པར་སྦྱིན་བདག་དེའང་ཧ་ཅང་མགུ་པོ་བྱུང་ནས་རྗེས་སུ་སངས་རྒྱས་ཆོས་ལུགས་པ་ཆགས་པ་དང་སེམས་ཅན་བསད་ནས་ཞབས་བརྟན་བྱེད་སྲོལ་དེའང་འགོག་ཐུབ་པ་བྱུང་བ་རེད། སངས་རྒྱས་ཆོས་ལུགས་པས་སེམས་ཅན་གྱི་སྲོག་བཅད་ན་ཉེས་པ་ཆེན་པོ་དང་སྡིག་པ་ཆེན་པོ་ཡོད་པ་དང༌། སོ་སོའི་ཚེ་ལ་གནོད་པ་དང་ཚེ་ཐུང་དུ་འགྲོ་བ་སོགས་བར་ཆད་ཡོང་རྒྱུ་རེད་ཅེས་སློབ་གསོ་རྒྱག་གི་ཡོད་པ་དེ་དང་དེང་སྐབས་ང་ཚོས་སེམས་ཅན་མང་པོ་བསད་ཚེ་ཐོན་སྐྱེད་དང་སྤྱི་ཚོགས་ལ་གནོད་ཀྱི་རེད་ཅེས་སློབ་གསོ་གཏོང་བ་དེ་ཤོད་སྟངས་མི་འདྲ་བ་ཙམ་ལས་དོན་གྱི་སྙིང་པོ་དམིགས་ཡུལ་གཅིག་རང་ཡིན། མདོར་སངས་རྒྱས་ཆོས་ལུགས་ནང་བོན་གྱི་ཆོས་བྱེད་སྟངས་ཁ་ཤས་འདྲེས་ཡོད་ཀྱང་བོན་གྱི་ལྟ་བ་རྩ་བ་ནས་འདྲེས་མེད་པས་བོད་ཀྱི་སངས་རྒྱས་ཆོས་ལུགས་ལ་བོན་གྱི་ཆོས་ལུགས་འདྲེས་ཡོད་པས་སངས་རྒྱས་ཆོས་ལུགས་རྫུན་མ་རེད་ཟེར་བ་དང་རྒྱུ་མཚན་དེར་བརྟེན་ནས་བོད་ཀྱི་སངས་རྒྱས་ཆོས་ལུགས་ལ་བླ་མའི་ཆོས་ལུགས་ཞེས་བཏགས་པ་ཡིན་ཟེར་བ་དེ་ཡང་མ་དག་པ་ཞིག་ཡིན།
༣. བོད་དུ་བླ་མས་སྲིད་དབང་བཟུང་བའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེ་ནི་ཆོས་ལུགས་བེད་སྤྱད་ནས་སྲིད་དབང་བཟུང་བའི་ཕྱི་ཚུལ་གྱི་རྣམ་པ་ཞིག་དང༌། ཆབ་སྲིད་ཀྱི་ངོ་བོ་ཞིག་ཡིན་པ་ལས་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་ངོ་བོ་གཏན་ནས་མིན་ཅིང༌། སྲིད་དབང་འཛིན་མཁན་གྱི་མི་འགའ་ཞིག་གིས་ཆོས་ལུགས་གཅིག་གམ་ཆོས་ལུགས་འགའ་ཤས་ལ་དད་པ་བྱེད་མཁན་སྣ་ཚོགས་བྱུང་ཡོད་ཀྱང༌། ཁོ་ཚོ་ནི་རང་ཉིད་ཀྱི་ཆབ་སྲིད་དབང་སྒྱུར་གྱི་དམིགས་ཡུལ་འགྲུབ་པ་དང་དེ་བརྟན་པོར་གནས་པའི་ཆེད་དུ་ཆོས་ལུགས་བེད་སྤྱོད་བྱས་པ་ཞིག་ཡིན་པ་ལས་དེ་ལ་ཆོས་སྲིད་ཟུང་འབྲེལ་གྱི་གོ་དོན་ཚང་མ་མེད་ལ། ཆོས་སྲིད་ཟུང་འབྲེལ་ནི་ཆོས་ཀྱི་བདག་པོ་དང་སྲིད་དབང་གི་བདག་པོ་གཉིས་ཀ་མི་གཅིག་གིས་བཟུང་བ་ཞིག་ལ་ཟེར་བ་ཡིན་པ་ལས། སྲིད་དབང་བཟུང་མཁན་གྱི་མིས་ཆོས་ལུགས་ལ་དད་པ་བྱེད་པ་ཙམ་གྱིས་ཆོས་སྲིད་ཟུང་འབྲེལ་དུ་རྩིས་ན། རྒྱ་གར་དང་བལ་ཡུལ་སོགས་སངས་རྒྱས་ཆོས་ལུགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཚང་མ་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་ཡིན་པར་ཁས་ལེན་དགོས་པའི་སྐྱོན་ཡོད། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ནི་འགྲོ་མགོན་འཕགས་པས་བོད་ས་གནས་ཀྱི་སྲིད་དབང་བཟུང་བ་ནས་བོད་ལ་ཐོག་མར་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་བྱུང་བ་ཡིན་པས་ཆོས་སྲིད་ཟུང་འབྲེལ་ནི་ཆབ་སྲིད་ཡིན་པ་ལས་ཆོས་ཀྱི་ངོ་བོ་གཏན་ནས་མ་ཡིན་ནོ།།
༤. བོད་ལ་བླ་མའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་ལུགས་ཤིག་ཡོད་པ་དེས་བོད་ཀྱི་ཆོས་དེ་སངས་རྒྱས་ཆོས་ལུགས་ངོ་མ་མ་རེད་ཅེས་བཤད་ན་མི་འགྲིག བོད་དུ་བླ་མའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་ལུགས་དེ་བཞིན་དུས་རབས་བཅུ་གསུམ་པའི་མཇུག་ཏུ་གཞི་ནས་བྱུང་བ་ཞིག་ཡིན་པ་ལས། རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་བོད་ལ་སངས་རྒྱས་ཆོས་ལུགས་ཐོག་མར་དར་བ་ནས་བོད་ཀྱི་རབ་བྱུང་ལྔ་པའི་མེ་ཕག་(༡༢༨༧)ལོ་བར་ལམ་ལུགས་དེ་མེད། དེའི་རིང་ལ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༌། མཁན་ཆེན་ཞི་བ་འཚོ། རྗེ་འབངས་ཉེར་ལྔ། ལོ་ཙཱ་བ་སྐ་ཅོག་ཞང་གསུམ། གཡུ་ཐོག་ཡོན་ཏན་མགོན་པོ། ལོ་ཙཱ་བ་རིན་ཆེན་བཟང་པོ། ཇོ་བོ་རྗེ་ཨ་ཏི་ཤ འབྲོམ་སྟོན་པ། མར་པ་ལོ་ཙཱ་བ། མི་ལ་རས་པ། འགོས་ལོ་ཙཱ་བ། རྭ་ལོ་ཙཱ་བ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། གྲུབ་ཆེན་གླིང་རས་པ། ས་སྐྱ་གོང་མ་ལྔ། མངའ་བདག་ཉང༌། མ་གཅིག་ལབ་སྒྲོན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་གྲངས་ལས་འདས་པ་བྱུང་བ་ཚང་མར་ཡང་སྲིད་ངོས་འཛིན་ཞུས་པ་བྱུང་མེད་ལ། བླ་མ་སྐུ་ཐོག་སྔོན་མའི་སྐུ་ཆས་རྣམས་ཤུལ་བཞག་བྱས་ཏེ་བཞག་པའི་བླ་བྲང་དང༌། ཕྱག་མཛོད། གཉེར་པ་སོགས་གཏན་ནས་མེད། བོད་ཀྱི་རབ་བྱུང་ལྔ་པའི་ཆུ་ལུག་(༡༢༨༣)ལོར་ཀརྨ་པཀྵི་(ཀརྨ་པ་ཞྭ་ནག་སྐུ་ཕྲེང་གཉིས་པ་སྟེ་པཀྵི་ནི་སོག་སྐད་དུ་བླ་མ་ཟེར་བའི་དོན་ཡིན་)སྐུ་འདས་ཤིང༌། དེའི་ཕྱི་ལོ་ཤིང་སྤྲེལ་ལོ་ཀརྨ་པ་རང་བྱུང་རྡོ་རྗེ་(ཀརྨ་པ་ཞྭ་ནག་སྐུ་ཕྲེང་གསུམ་པ་)འཁྲུངས་ནས་དགུང་ལོ་ལྔ་ལ་སླེབས་རྗེས་ས་བྱི་(༡༢༨༨)ལོར་གཞི་ནས་ཀརྨ་པཀྵིའི་སློབ་མ་གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་གྱིས་ཀརྨ་པ་རང་བྱུང་རྡོ་རྗེ་ཀརྨ་པཀྵིའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་མཚུར་ཕུའི་དགོན་པར་གདན་ཞུ་བྱས་པ་ནི་བོད་དུ་བླ་མའི་ཡང་སྲིད་ངོས་འཛིན་བྱས་པ་ཐེངས་དང་པོ་ཡིན་ཞིང། དེ་ནས་རིམ་བཞིན་བོད་ཀྱི་ཆོས་ལུགས་གྲུབ་མཐའ་གཞན་ལ་ཡང་ལམ་ལུགས་དེ་དར་ཡོད། འོན་ཀྱང་དེའི་རྗེས་སུ་བྱུང་བའི་ཀུན་མཁྱེན་ཀློང་ཆེན་པ་དང༌། གཡུང་སྟོན་རྡོ་རྗེ་དཔལ་བ། བུ་སྟོན་རིན་པོ་ཆེ། རྗེ་ཙོང་ཁ་པ་ཆེན་པོ་སོགས་གྲུབ་མཐའ་རིས་མེད་ཀྱི་བསྟན་འཛིན་མཁས་གྲུབ་གཉིས་ལྡན་མང་པོ་ཞིག་ཡང་སྲིད་ངོས་འཛིན་ཞུས་མེད།
བླ་མའི་ཡང་སྲིད་ངོས་འཛིན་ཞུ་སྲོལ་སྐོར་དེར་ྋརྒྱལ་བ་སྐུ་ཕྲེང་ལྔ་པས་མཛད་པའི་ཕྱག་དཔེ་ཞིག་ནང་མི་ཚོས་ང་ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པའི་ཡང་སྲིད་ཡིན་ཚུལ་ཤོད་ཀྱི་ཡོད་པ་དང༌། ཡིན་ལུགས་ཡིན་སྟངས་ཀྱི་རྒྱུ་མཚན་ནི་ང་སྐྱེས་པའི་སྐབས་སུ་ཁྱིམ་གྱི་ཀ་བའི་སྒང་ནས་འོ་མ་བབ་པ་རེད་ཟེར་བ་དང༌། གནམ་ལ་འཇའ་ཟུག་པ་རེད་ཟེར་བ། སྐུ་ཕྲེང་བཞི་པའི་སྐུ་ཆས་རྣམས་ངས་ངོས་འཛིན་བྱས་པ་རེད་ཟེར་བ་སོགས་བཤད་ཀྱི་ཡོད་ནའང་དེ་འདྲ་བྱས་པ་ང་རང་གིས་དྲན་གསོས་ཀྱི་མི་འདུག ངས་སྐྱེ་བ་སྔོན་མའི་མི་ངོ་ཤེས་རྒྱུ་དང་སྐྱེ་བ་སྔོན་མའི་ཅ་ལག་ཤེས་རྒྱུ་ལྟ་ཅི། ལོ་བཅུ་དྲུག་ཙམ་ལ་མ་སླེབས་བར་ཡོན་ཏན་ཡང་དགེ་རྒན་གྱི་ཉེས་རྡུང་དང་གཤེ་གཤེ་འོག་ཏུ་བསླབས་པར་བརྟེན་མ་བསླབས་པར་ཤེས་རྒྱུ་ཕར་བཞག་བསླབས་པ་དེའང་ཡག་པོ་ཤེས་ཀྱི་མི་འདུག་པས་ཐམས་ཅད་མཁྱེན་པའི་ཡང་སྲིད་དེ་བས་ཀྱང་གང་ནས་ཡིན། སྐྱེ་བ་སྔོན་མའི་མི་དང་ཅ་ལག་ངོ་ཤེས་པ་ལ་བསླབས་པའི་ཡོན་ཏན་དེ་མ་ཤེས་པ་རྩ་བ་ནས་ཡོང་མི་སྲིད་ཅིང༌། མ་བསླབས་པ་དེ་ཤེས་རྒྱུ་ཡོད་དུས་བསླབས་པ་དེ་དེ་བས་ཀྱང་ཤེས་པ་དགོས་ཀྱི་རེད། འོན་ཀྱང་བསླབས་པ་དེ་དཀའ་ལས་ག་ཚོད་བརྒྱབ་ནའང་ཤེས་ཀྱི་མི་འདུག་ལ་སང་ཉིན་མི་ལ་ཆོས་ཤོད་དགོས་བྱུང་ན་དེ་རིང་དགེ་རྒན་གྱིས་སང་ཉིན་དེ་ལྟར་ཤོད་ཨང་ཞེས་བསླབ་དགོས་ཀྱི་ཡོད། ཡིན་ནའང་ང་དགོས་པའི་དབང་གིས་ཁྲིའི་སྒང་དུ་བསྐྱལ་བ་རེད་ལ་ངས་ཀྱང་མ་ཡིན་ཡིན་མདོག་མ་བྱས་ཀ་མེད་རེད་ཅེས་དང༌། ང་སྐྱེས་པའི་སྐབས་སུ་ཆར་པ་བབ་པ་དང༌། མེ་ཏོག་ཤར་བ། འཇའ་ཟུག་པ་སོགས་ཀྱི་ཤོད་ཚུལ་དེ་དག་རྒྱུ་མཚན་དུ་བྱས་ནས་ྋརྒྱལ་བ་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་འཛིན་བྱས་ཚེ་གཏན་ནས་འགྲིག་ཐབས་མེད། དེ་གང་ཡིན་ཞེ་ན་ང་དང་དུས་མཚུངས་སུ་སྐྱེས་པའི་འབུ་གྲོག་མ་དང་སྦྲང་བུ་དེ་ཚོ་ཡང་ཚང་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེད་པོ་དེ་འདྲས་ཀྱི་སྐུ་སྐྱེ་ཡིན་ཤས་ཆེ་བས་དེ་ལྟར་རྩ་བ་ནས་ཡོང་སྲིད་ཀྱི་མ་རེད་ཅེས་གསལ་ཐག་ཆོད་འཁོད་ཡོད། ཁོང་སྐུ་ཚེ་ཧྲིལ་བུའི་རང་རྣམ་བྲིས་གནང་ཡོད་པ་དེ་ཡང་བདེན་པ་བདེན་ཐུབ་ཁོ་ན་ལས་ཐམས་ཅད་མཁྱེན་པ་ཡིན་ཚུལ་སོགས་ང་རྒྱལ་དང་ཆེ་རློམ་གཏན་ནས་གནང་མེད། ཁོང་གིས་ད་དུང“དེང་སང་སོག་པོའི་དཔོན་པོ་རྒྱུ་ཆེ་བ་དང་བོད་ཀྱི་སྐུ་དྲག་རྒྱུ་ཆེ་བ་དེ་ཚོའི་ཕྲུ་གུ་མང་ཆེ་བ་བླ་མའི་ཡང་སྲིད་ཡིན་དགོས་པ་དེ་ཚོ་ཡ་མཚན་ཞིག་མ་ཡིན་ནམ”ཞེས་གསུངས་ཡོད་པ་དེར་དེང་སང་ཡང་བསམ་བློ་གཏོང་རྒྱུ་ཞེ་དྲག་ཡོད།
ང་རང་བླ་མའི་ཡང་སྲིད་ལ་ངོས་འཛིན་བྱས་པ་དེས་ཁེ་བཟང་ཆེན་པོ་ཞིག་རག་ཡོད་ལ་གྱོང་ཡང་ཆེན་པོ་ཞིག་རག་ཡོད། ཁེ་བཟང་ནི་ང་རང་ཁྱིམ་ཚང་དབུལ་པོའི་ཕྲུ་གུ་ཡིན་པ་དང་བླ་བྲང་ཡང་རྒྱུ་སྟོབས་ཆེན་པོ་མེད་སྟབས་བླ་མའི་ཡང་སྲིད་དུ་ངོས་འཛིན་བྱས་ཀྱང་སྐྱིད་པོ་རྒྱགས་པ་བྱས་ནས་སྡོད་རྒྱུའི་གོ་སྐབས་མ་བྱུང་བར་བརྟེན་བསླབ་པ་སློབ་གཉེར་བྱེད་ཐུབ་པ་བྱུང་ཡོད། ང་རང་གི་ནང་འདི་ཕ་མ་གཉིས་ཀྱིས་ཕྲུ་གུ་གསོ་ཐུབ་ཙམ་དང་འཚོ་བ་ཁུངས་འཁྱོལ་ཙམ་ཞིག་ཡོད་ཅིང༌། ཕ་ནི་འཚེམ་བཟོ་བ་དང་མ་ནི་སྣམ་བུ་འཐག་མཁན་ཡིན་ལ་ལག་རྩལ་ཡང་གང་ལེགས་ཡོད། ཁྱིམ་ཚང་དང་བླ་བྲང་གི་དཔལ་འབྱོར་ཆ་རྐྱེན་དབང་གིས་ང་རང་ཆུང་དུས་སློབ་གཉེར་བྱེད་པའི་སྐབས་བླ་བྲང་ཆེ་བ་ཁག་ནས་དཔེ་ཆ་མང་པོ་གཡར་ཏེ་བལྟ་མྱོང་ཡོད། གལ་ཏེ་ཁྱིམ་ཙང་ཕྱུག་པོ་ཞིག་ཏུ་སྐྱེས་ཏེ་བླ་བྲང་རྒྱུ་སྟོབས་ཆེན་པོ་ཞིག་ནང་སླེབས་ན་དེ་འདྲ་བྱེད་ཐུབ་མིན་མི་ཤེས། ང་རང་གི་དྲན་ཐོག་ལ་ཀོང་པོ་ཤར་པ་རིན་པོ་ཆེ་ཞུ་བ་དེ་བློན་ཆེན་བཤད་སྒྲའི་སྲས་སུ་འཁྲུངས་ཀྱང་ཆུང་དུས་ནས་སྐུ་ཡོན་ལ་བརྩོན་ཞིབ་གང་ཆེ་མཛད་དེ་སྐད་གྲགས་ཡོད་པའི་བླ་མ་ཆེན་པོ་ཞིག་ཆགས་པ་དང༌། ང་ཕོད་དུ་འཁྲུངས་པའི་ྋརྒྱལ་བ་རིན་པོ་ཆེ་ཞུ་བ་དེའང་ཁྱིམ་དང་བླ་བྲང་གཉིས་ཀ་རྒྱུ་སྟོབས་ཧ་ཅང་ཆེན་པོ་ཡིན་ནའང་ཆུང་དུས་སློབ་གཉེར་གང་ལེགས་མཛད་དེ་ྋརྒྱལ་སྐུ་ཕྲེང་བཅུ་གསུམ་པའི་མཚན་ཞབས་ཀྱང་གནང་བ་རེད། ང་རང་གི་མི་ཐོག་འདིར་ཁོང་རྣམ་གཉིས་ཕུད་མི་ཚང་ཆེན་པོའི་ཕྲུ་གུ་བླ་མའི་ཡང་སྲིད་ལ་ངོས་འཛིན་བྱས་པ་མང་ཆེ་བ་སྤྲོ་པོ་གནང་མཁན་མ་གཏོགས་སྦྱངས་བརྩོན་གནང་མཁན་བྱུང་མེད་པ་ལྟ་བུ་ཡིན། དེར་བརྟེན་གཡུ་ཐོག་ཡོན་ཏན་མགོན་པོས་བོད་ཀྱི་ཨེམ་རྗེ་དང་མཁས་པ་ཚང་མ་སྤྲང་པོ་ཡོང་བ་ཤོག་ཅེས་ཐུགས་སྨོན་གནང་བ་དེ་ཡང་རྒྱུ་མཚན་དེ་ཡིན། སྔོན་མ་བླ་མ་ཚོས“ཧ་ཅང་དབུལ་པོའི་ཁྱིམ་དང་ནི། །ཕྱུག་པོའི་ཁྱིམ་དུ་མི་སྐྱེ་བར། །བར་མའི་ཁྱིམ་དུ་སྐྱེས་ནས་ཀྱང༌། །རྟག་ཏུ་དམ་ཆོས་བྱས་པར་ཤོག །”ཅེས་ཐུགས་སྨོན་གནང་གི་ཡོད་ཅིང༌། དེ་ནི་ཧ་ཅང་དབུལ་པོའི་ཁྱིམ་དུ་སྐྱེས་ན་འཚོ་ཐབས་དཀའ་བས་སློབ་སྦྱོང་བྱེད་པའི་གོ་སྐབས་ཡོང་མི་སྲིད་ལ་ཧ་ཅང་ཕྱུག་པོའི་ཁྱིམ་དུ་སྐྱེས་ན་ཡང་སློབ་སྦྱོང་བྱེད་ཐུབ་ཀྱི་མེད་པ་རེད། ང་རང་རྗེས་སུ་དགེ་བཤེས་བཏང་ཟིན་རྗེས་དཔལ་འབྱོར་ཆ་རྐྱེན་ཅུང་ཇེ་བཟང་དུ་ཕྱིན་ནས་ཨ་མདོ་དང་སོག་ཡུལ་སོགས་ནས་དཔེ་ཆ་མང་པོ་བླུ་ཡོན་ཞུས་པ་མ་ཟད། ཊམ་ཀ་དཀར་པོ་སྤྲད་དེ་འབྲུག་ཡུལ་ནས་འབྲུག་ཤོག་ཉོས་ཐོག་འབྲུག་ཤོག་དེ་དག་ཨ་མདོ་ཁུལ་ལ་བཏང་ནས་དཔེ་ཆ་པར་བརྒྱབ་སྟེ་ང་རང་གི་ཕ་ཡུལ་དུ་དཔེ་མཛོད་ཁང་པ་ཀ་བ་བརྒྱད་ཀྱི་ས་དང་ལྷ་སར་དཔེ་མཛོད་ཁང་པ་ཀ་བཞི་མ་ཞིག་བྱུར་བུར་བཀང་ཡོད་ལ་དཔེ་ཆ་དེ་ཚོ་ཉོས་ནས་ཚང་མ་བལྟས་ཟིན་སྟབས་ངས་བོད་ཀྱི་དཔེ་ཆ་ཡོད་དོ་ཅོག་བལྟ་མྱོང་ཞེས་ཤོད་མ་ཕོད་ཀྱང་སུམ་ཆ་གཅིག་བལྟ་མྱོང་ཞེས་བཤད་ན་བཤད་ཆོག་གི་རེད། ངས་དཔེ་ཆ་མང་པོ་དེ་ལྟ་བུ་ཉོ་བའི་དམིགས་ཡུལ་ནི་ང་རང་ལ་བླ་མའི་མིང་ཞིག་ཡོད་སྟབས་འབུལ་ཚན་རྒྱག་མཁན་མང་པོ་ཡོད་པ་དེ་དག་ཐག་གཅོད་ཡག་པོ་བྱེད་དགོས་པ་ལས་དེ་ཚོ་སོ་སོ་དང་ནང་མི་འཁོར་གཡོག་ཚོས་བཟས་ན་ཉེས་པ་ཤིན་ཏུ་ཆེན་པོ་ཡོད། དེ་མ་བླངས་ན་ཡང་མི་འགྲིག་པར་ཕ་རོལ་གྱི་འདོད་པ་དང་བསྟུན་དགོས་ལ། བླངས་ནས་བཟས་ནའང་ཉེས་པ་ཤིན་ཏུ་ཆེན་པོ་ཡིན་སྟབས་མིས་ཕུལ་བ་རྣམས་བསགས་ནས་དཔེ་ཆ་བླུ་ཡོན་ཞུ་བ་དང་ལྷ་སྐུ་བཞེངས་པ་སོགས་ཀྱི་ཐོག་ལ་བཏང་བ་ལས་རང་གི་ལྟོ་གོས་ཐོག་སྐར་ཟུར་གཅིག་ཀྱང་གཏོང་མྱོང་མེད། དེ་ནི་ང་རང་གི་ངོས་འཛིན་ལྟར་ན། མི་ཚོས་ང་ལ་རིན་པོ་ཆེ། སྐྱབས་སུ་མཆི། ཁྱེད་ཀྱིས་ང་ལ་འཁོར་བ་དང༌། སྡུག་བསྔལ། ངན་སོང་བཅས་ལས་སྒྲོལ་བ་ཞིག་སྐྱབས་འཇུག་གནང་རོགས་ཞེས་ཟེར་གྱི་ཡོད་ནའང་ངས་མི་ལ་སྐྱབས་འཇུག་གནང་རྒྱུ་ཕར་བཞག་ང་རང་སྐྱེ་བ་རྗེས་མ་ག་པར་གང་འགྲོ་རང་མགོ་མ་ཐོན་པར་གཞན་ལ་སྐྱབས་འཇུག་གནང་རྒྱུ་སྤྲོས་བྲལ་རེད། འོན་ཀྱང་མིས་ང་ལ་ཚུར་རེ་བ་བྱས་ནས་སྐྱབས་འཇུག་ཞུས་པ་དེ་ལ་ཕན་ཐོགས་པའི་ལས་ཀ་ཞིག་ངེས་པར་བྱ་དགོས་པས་དེས་ན་མིས་སྤྲད་པའི་རྒྱུ་དངུལ་དེ་དག་ལྷ་བཞེངས་རྒྱུ་དང༌། ཐང་ག་བཞེངས་རྒྱུ། དཔེ་ཆ་ཉོ་རྒྱུ་སོགས་ཀྱི་ཐོག་ཏུ་བཏང་ཚེ་ཁོ་ཚོས་ང་ལ་སྤྲད་པ་དེས་ཕན་ཞིག་ཐོགས་པ་དང་ང་རང་ལའང་ཉེས་པ་མེད་པའི་ཐོག་ད་དུང་དཔེ་ཆ་དེ་ཚོ་ངས་བལྟ་ཀློག་བྱས་ནས་ཕན་པ་བྱུང་ཡོད། འོན་ཀྱང་རྗེས་སུ་རིག་གནས་གསར་བརྗེའི་སྐབས་ཕ་ཡུལ་ལ་ཡོད་པའི་དཔེ་ཆ་དེ་དག་ཆུ་ལ་གཡུགས་པ་དང༌། ལྷ་སར་ཡོད་པ་དེ་དག་སྔ་ས་ནས་སྲིད་གྲོས་ལ་ཕུལ་ཡང་སྐབས་དེར་ཚང་མ་མེར་བསྲེགས་བཏང་བ་རེད། མདོར་ན་མིའི་རྒྱུ་དངུལ་བཏང་ནས་དཔེ་ཆ་ཉོས་ཏེ་བལྟ་རྒྱུ་བྱུང་བ་དང་མཁས་པ་ཆེན་པོ་མང་པོ་དགེ་རྒན་དུ་བསྟེན་རྒྱུ་བྱུང་བ་དེ་ཁེ་བཟང་ཆེན་པོ་ཞིག་ཡིན། གྱོང་གང་རག་ཡོད་དམ་ཞེ་ན། སྤྱིར་ན་དགེ་བཤེས་གཏོང་བར་ལོ་ཉི་ཤུ་རྩ་ལྔ་སློབ་སྦྱོང་བྱེད་དགོས་ནའང་ང་ལ་སློབ་སྦྱོང་ལོ་བཅུ་ལས་བྱེད་ཁོམ་བྱུང་མེད་པ་དང༌། ལོ་བཅུའི་ནང་ལོ་དྲུག་མིའི་བཙན་ཤེད་ཀྱི་འོག་ཏུ་བསླབ་པ་མ་གཏོགས་སོ་སོས་རང་འགུལ་གྱིས་སློབ་སྦྱོང་བྱས་མེད། ལོ་བཅུ་དྲུག་ཏུ་སླེབས་ནས་དཔེ་ཆའི་ནང་དོན་ཕྲན་བུ་ཤེས་རྟོགས་བྱུང་སྟབས་ལོ་དྲུག་རིང་རང་རྟོགས་ངང་སློབ་སྦྱོང་ཧུར་ཐག་བྱས་ཏེ་རང་ལོ་ཉི་ཤུ་རྩ་གཅིག་ལ་ལྷ་རམས་དགེ་བཤེས་བཏང་ཐུབ་ཙམ་བྱུང་ཡོད།
དགེ་བཤེས་ལྷ་རམས་པར་ཚུད་པར་ཡིག་ཚད་ཆེན་པོ་ཐེངས་ལྔ་གཏོང་དགོས་པ་སྟེ། ཐེངས་དང་པོ། འཛིན་གྲྭའི་ནང་ཡིག་ཚད་བཏང་སྟེ་སློབ་གྲོགས་ཚང་མས་དྲི་བ་བཏོན་ནས་དེར་ལན་རྒྱག་དགོས་པ་དང༌། ཐེངས་གཉིས་པ། དགོན་པ་དེའི་སོ་སོའི་ཁོངས་གཏོགས་ཀྱི་གྲྭ་ཚང་ནང་གཏོང་དགོས་པ། ཐེངས་གསུམ་པ། ཉིན་བཞིའི་རིང་འཛིན་གྲྭ་བཅུ་གསུམ་ཡོངས་རྫོགས་ཚོགས་ཆེན་ཚོགས་ཏེ་ཡིག་ཚད་གཏོང་དགོས་པ། ཐེངས་བཞི་པ། སེ་ར་དགོན་པ་ཡོངས་རྫོགས་ཀྱི་ཚོགས་ཆེན་ཐོག་ཆུ་ཚོད་བཞི་གཏོང་དགོས་པ། ཐེངས་ལྔ་པ། ནོར་བུ་གླིང་ཁར་དགེ་བཤེས་གཙོ་གྲས་ཁག་དང༌། དགའ་ལྡན་ཁྲི་པ། ཡོངས་འཛིན་རྣམ་གཉིས། མཚན་ཞབས་བཅས་ཚང་འཛོམས་ཐོག་ཡིག་ཚད་ཉིན་བཅུ་གཅིག་གཏོང་དགོས། དེ་རྗེས་མི་སོ་སོའི་ཨང་རིམ་སྤྱིར་ན་གཏན་འཁེལ་ཟིན་མཚམས་དངོས་གཞི་དེ་ལྷ་ས་སྨོན་ལམ་ཆེན་མོའི་ཐོག་སེ་འབྲས་དགའ་གསུམ་འཛོམས་སར་ཞོགས་པ་ཆུ་ཚོད་གསུམ་དང༌། ཉིན་གུང་ཆུ་ཚོད་གཉིས། དགོང་དྲོ་ཆུ་ཚོད་བརྒྱད་བཅས་གཏོང་དགོས་ཤིང༌། ང་རང་དགེ་བཤེས་གཏོང་བའི་སྐབས་དེར་མི་གྲངས་བཅུ་བདུན་ནང་ཨང་ཀི་ཡོད་པ་མི་བདུན་ཡོད་པ་དང་ང་རང་ཨང་ཀི་བཞི་པ་ཡིན། དེ་ནས་ད་དུང་མུ་མཐུད་གསང་སྔགས་སློབ་སྦྱོང་ལོ་བཅུ་གསུམ་བྱས་ཐོག་ཁྱོན་ལོ་ཉི་ཤུ་རྩ་གསུམ་རིང་མདོ་སྔགས་སློབ་གཉེར་བྱས་པ་དང༌། དེ་རྗེས་པེ་ཅིན་དུ་དགེ་རྒན་བྱེད་རིང་རིག་གནས་གཞན་དང་རྒྱ་ཡིག་སོགས་སློབ་གཉེར་བྱས་པ་ཡིན།
མདོར་ན་བོད་ལ་བླ་མའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་ལུགས་དེ་ཆོས་ཀྱི་བྱེད་སྒོ་རང་ཡིན་ནམ་ཡང་ན་ཆོས་སྲིད་ཟུང་འབྲེལ་གྱི་རྣམ་པ་གཞན་ཞིག་ཡིན་གྱི་སྐོར་དེ་ད་དུང་རྩོད་གླེང་དང་བརྟག་དཔྱད་ཞིབ་འཇུག་བྱ་བའི་ཡུལ་ཡིན་པས་སྟབས་བདེའི་སྒོ་ནས་ཁ་ཚོད་གཅོད་པའི་གནས་མ་ཡིན་ནོ།།
གཞན་ཡང༌། དེ་དང་ཕྱོགས་མཚུངས་རྙིང་མའི་ཆོས་ལུགས་འཛིན་པ་རྣམས་ཀྱི་དབུ་ཞྭ་དམར་པོ་ཡིན་པར་བརྟེན་ནས་དེ་ལ་དམར་པོའི་ཆོས་ལུགས་(红教)ཞེས་འབོད་པ་དང༌། ས་སྐྱའི་ཆོས་ལུགས་འཛིན་པའི་དགོན་པ་དང་ལྷ་ཁང་གི་ས་རྩི་ཁྲ་བོ་ཡིན་པར་བརྟེན་ནས་ཁྲ་བོའི་ཆོས་ལུགས(花教)། བཀའ་བརྒྱུད་པ་རྣམས་ཀྱི་ན་བཟའ་རས་གོས་དཀར་པོ་ཡིན་པའི་དབང་གིས་དེ་ལ་དཀར་པོའི་ཆོས་ལུགས(白教)། དགེ་ལུགས་པ་རྣམས་ཀྱི་དབུ་ཞྭའི་མདོག་སེར་པོ་ཡིན་པར་བརྟེན་སེར་པོའི་ཆོས་ལུགས(黄教)། བོན་པོ་རྣམས་ཀྱི་ཞྭ་གོས་མདོག་ནག་པོ་ཡིན་པའི་རྒྱུ་མཚན་གྱིས་ནག་པོའི་ཆོས་ལུགས་(黑教)ཞེས་མིང་བཏགས་ཡོད་ཀྱང༌། དེ་ལྟར་ན། མེས་རྒྱལ་ནང་ཁུལ་དུ་ཡོད་པའི་སངས་རྒྱས་ཆོས་ལུགས་པ་རྣམས་ཀྱི་ན་བཟའ་ཚོས་གཞི་ནག་པོ་དང༌། ཕུ་ཐུང་ཅན་ཡིན་པའི་རྒྱུ་མཚན་གྱིས་གོས་ནག་ཆོས་ལུགས་དང༌། ཕུ་ཐུང་ཅན་གྱི་ཆོས་ལུགས་ཞེས་མིང་འདོགས་དགོས་པར་རྒྱུ་མཚན་གཅིག་མཚུངས་ཡིན་པས་མིང་དེ་ལྟར་བཏགས་ན་ག་ལ་འགྲིག
བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་ལ་བཀའ་གདམས་པ་དང༌། ས་སྐྱ་བ། བཀའ་བརྒྱུད་པ། དགེ་ལུགས་པ་ཞེས་འབོད་པ་དེ་རྣམས་ཆོས་ལུགས་རང་རང་སོ་སོས་རང་ཉིད་ལ་བཏགས་པའི་མིང་ཡིན་པ་ལས་ཆོས་ལུགས་གཅིག་གིས་ཆོས་ལུགས་གཞན་དག་ལ་ཕར་བཏགས་པའི་མིང་མིན་ལ། མི་རིགས་གཅིག་གི་ཆོས་ལུགས་པས་མི་རིགས་གཞན་དག་གི་ཆོས་ལུགས་ལ་བཏགས་པའི་མིང་ཡང་མིན། དེར་བརྟེན་ཆོས་ལུགས་གྲུབ་མཐའ་ཁག་ལ་སྔར་ནས་ཡོད་པའི་མིང་དེ་རང་བེད་སྤྱོད་བྱས་ན་ལེགས་པ་ལས་གསར་དུ་འདོགས་རྒྱུའི་དགོས་པ་གང་ཡང་མེད།
སྤྱིར་ན་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་སོ་སོའི་དབུ་ཞྭའི་བཟོ་དབྱིབས་དང་མདོག་མི་འདྲ་བ་དཔེར་ན། རྙིང་མའི་ཨོ་རྒྱན་པཎ་ཞྭ། བཀའ་གདམས་པའི་བྱང་ཆུབ་སེམས་ཞྭ། ས་སྐྱའི་ས་ཞྭ། བཀའ་བརྒྱུད་པའི་དྭགས་པོའི་སྒོམ་ཞྭ། དགེ་ལུགས་པའི་ཞྭ་སེར་དང༌། པཎ་ཞྭ། པཎ་ཆེན་སྒོམ་ཞྭ་སོགས་ཡོད་ཀྱང༌། ཞྭ་མོའི་མིང་དེ་ཆོས་ལུགས་ལ་བཏགས་ན་མི་ལེགས་པའང་ཤེས་པར་བྱ་དགོས།

 

༣. རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ཐོག་མར་དར་སྐབས་ཀྱི་སྤྱི་ཚོགས་གནས་ཚུལ་སྐོར།

 

ཆོས་ལུགས་ཟེར་བ་ནི་སྟེང་གི་བཀོད་པ་ཡིན་པ་དང༌། སྟེང་གི་བཀོད་པ་དང་དཔལ་འབྱོར་གྱི་རྨང་གཞི་གཉིས་འབྲེལ་བ་ཧ་ཅང་དམ་པོ་ཡོད་སྟབས་སྟེང་གི་བཀོད་པ་དེ་ལ་ཞིབ་འཇུག་བྱེད་པར་སྐབས་དེ་དུས་ཀྱི་སྤྱི་ཚོགས་ཀྱི་དཔལ་འབྱོར་རྨང་གཞི་དེ་གང་འདྲ་ཞིག་ཡོད་མེད་ངེས་པར་དུ་ཤེས་དགོས། དེར་བརྟེན་སངས་རྒྱས་ཆོས་ལུགས་རྒྱ་གར་དུ་ཐོག་མར་དར་དུས་ཀྱི་སྤྱི་ཚོགས་གནས་ཚུལ་དེ་ཤེས་ཚེ་སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་དེས་སྐབས་དེའི་རྒྱ་གར་གྱི་སྤྱི་ཚོགས་ཀྱི་གནས་ཚུལ་གང་མཚོན་མིན་དང་སྐབས་དེའི་རྒྱ་གར་གྱི་སྤྱི་ཚོགས་གནས་ཚུལ་གང་འདྲ་ཡིན་མིན་ཤེས་ཐུབ་པར་བརྟེན། འདིར་སྔོན་ལ་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ཐོག་མར་དར་སྐབས་རྒྱ་གར་གྱི་སྐབས་དེའི་སྤྱི་ཚོགས་གནས་ཚུལ་གང་འདྲ་ཡོད་མེད་བཤད་དགོས་པའི་རྒྱུ་མཚན་དེ་ཡིན། དེས་ན་ཐོག་མར་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་དར་སྐབས་རྒྱ་གར་གྱི་སྤྱི་ཚོགས་དེ་གང་འདྲ་ཞིག་ཡོད་མེད་དེ་སངས་རྒྱས་ཆོས་ལུགས་ཀྱི་ཆོས་ཁྲིམས་དང་ཆོས་ཁྲིམས་བཟོས་པའི་ལོ་རྒྱུས་ཀྱི་ཐོག་ནས་གསལ་པོ་ཤེས་ཐུབ་པ་དཔེར་ན་དགེ་སློང་ཕ་ལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང༌། དགེ་སློང་མ་ལ་ཁྲིམས་སུམ་བརྒྱ་དྲུག་ཅུ་རེ་བཞི། དགེ་ཚུལ་ལ་ཁྲིམས་སུམ་ཅུ་སོ་དྲུག དགེ་བསྙེན་ལ་ཁྲིམས་ལྔ་བཅས་ཡོད་པ་དེ་དག་བཟོ་དགོས་པའི་རྒྱུ་མཚན་དང༌། སྐབས་དེར་སྤྱི་ཚོགས་ཐོག་གནས་ཚུལ་གང་འདྲ་བྱུང་མིན་སོགས་གསལ་ཐག་ཆོད་བཀའ་འགྱུར་གྱི་<<འདུལ་བ་ལུང་སྡེ་བཞི་>>ཡི་ནང་ཆ་ཚང་གསལ་ཡོད་པ་དང༌། གཞན་ཡང་ད་དུང་ྋརྒྱལ་བ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་ཀྱིས་མཛད་པའི་<<དམ་པའི་ཆོས་འདུལ་བའི་གླེང་གཞི་དང་རྟོགས་པ་བརྗོད་པ་ལུང་སྡེ་བཞི་ཀུན་ལས་བཏུས་པ་རིན་པོ་ཆེའི་མཛོད་>>(ཤོག་གྲངས་༥༨༡ཡོད་)བསྡུས་མིང་ལ་<<འདུལ་བའི་གླེང་འབུམ་>>ཟེར་བ་དེའི་ནང་གསལ་ཡོད་ཅིང༌། གླེང་འབུམ་ཞེས་བརྗོད་དོན་ནི་སངས་རྒྱས་ཆོས་ལུགས་ཀྱི་ཆོས་ཁྲིམས་ཀྱི་གླེང་གཞི་ཚང་མ་དེའི་ནང་བསྡུ་རུབ་བྱས་ཡོད་པ་དང་ཆོས་ཁྲིམས་ཀྱི་ལོ་རྒྱུས་ཕྱོགས་བསྡུས་བྱས་པའི་དཔེ་ཆ་ཞིག་ཡིན་པས་རེད། དེ་ཚོའི་ནང་སངས་རྒྱས་ཤཱཀྱ་མུ་ནེས་སྐབས་དེར་ཐོག་མར་སངས་རྒྱས་ཆོས་ལུགས་དར་སྤེལ་གནང་སྐབས་རྒྱ་གར་གྱི་སྤྱི་ཚོགས་གནས་ཚུལ་གང་འདྲ་ཡོད་མེད་ཧ་ཅང་གསལ་པོ་བཀོད་ཡོད། སྐབས་དེར་རྒྱ་གར་དུ་རྒྱ་གར་ལྷོ། ཤར། ནུབ། དབུས་ཞེས་ཁག་བཞི་ལ་རྒྱལ་ཁབ་ཆེ་བ་ཁག་དྲུག་ཡོད་པ་དང༌། དྲུག་པོ་དེ་དག་ལའང་རྒྱལ་ཕྲན་དུ་མ་ཡོད། སྐབས་དེའི་རྒྱ་གར་གྱི་བཟོ་པ་དང༌། ཚོང་པ་རྣམས་ཀྱིས་སོ་སོའི་ཡོང་འབབ་ཀྱི་དྲུག་ཆ་གཅིག་སྲིད་གཞུང་ལ་དཔྱ་ཁྲལ་འཇལ་དགོས་པ་དཔེར་ན་ཚོང་པས་ཕྱི་རྒྱལ་ནས་དངོས་ཟོག་ནང་འདྲེན་བྱེད་སྐབས་ནང་འདྲེན་བྱས་པའི་དངོས་ཟོག་གི་དྲུག་ཆ་གཅིག་འགག་སྒོར་སྒོ་ཁྲལ་འཇལ་དགོས་པ་དང༌། ཞིང་པས་སྒེར་གྱི་ས་ཞིང་ཐོག་ནས་བསྡུས་པའི་སྟོན་འབྲས་ཀྱི་དྲུག་ཆ་གཅིག་རྒྱལ་ཁབ་ལ་ཁྲལ་འཇལ་ཐོག ཁྲལ་དེ་འཇལ་ཟིན་རྗེས་ས་ཞིང་ཇི་ལྟར་ཐག་གཅོད་བྱེད་མིན་རང་ཉིད་ལ་རང་དབང་ཡོད། དེ་ཐོག་ནས་སྐབས་དེ་དུས་ཞིང་པར་སྒེར་ལ་དབང་བའི་ས་ཞིང་ཡོད་པ་གསལ་བཤད་བྱེད་ཐུབ། བྲན་གཡོག་ཚང་མ་བྲན་གཡོག་བདག་པོར་དབང་བར་བརྟེན་རང་ཉིད་ལ་ཁང་པ་དང་ས་ཞིང་སོགས་སྒེར་ལ་དབང་བའི་དཔལ་འབྱོར་གང་ཡང་མེད། སྒེར་གྱི་དཔལ་འབྱོར་ཡོད་མཁན་ཁྱིམ་ཚང་ལ་ཆ་བཞག་ན་ཕ་མ་འདས་རྗེས་རྒྱུ་ནོར་རྣམས་ཕྲུ་གུར་དབང་བ་དང༌། ཕྲུ་གུ་མེད་ན་སྤུན་མཆེད་(ཕ་གཅིག་མ་གཅིག་)ལ་དབང་བ། སྤུན་མཆེད་མེད་ན་སྲིད་གཞུང་ནས་བསྡུ་སྲོལ་ཡོད། བུད་མེད་ལ་ཆབ་སྲིད་དབང་ཆ་དང་ཁྱིམ་ཚང་གི་དབང་ཆ་སོགས་གང་ཡང་མེད། དཔེར་ན་གཉེན་སྒྲིག་ལྟ་བུར་ཆ་བཞག་ན་ཕ་མ་ཕན་ཚུན་སྐད་ཆ་བྱས་ནས་ཐག་གཅོད་པ་ལས་བུ་དང་བུ་མོ་སོ་སོར་དབང་ཆ་གང་ཡང་མེད་པ་དང༌། རུས་རྒྱུད་ཀྱང་ཕན་ཚུན་གཅིག་མཚུངས་དགོས་པ་ལས་མཐོ་དམན་ཡོད་རིགས་གཉེན་སྒྲིག་བྱས་མི་ཆོག མདོར་ན་སྐབས་དེའི་རྒྱ་གར་གྱི་སྤྱི་ཚོགས་གནས་ཚུལ་དེ་ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་དང་ཕྱེད་བྲན་གཡོག་སྤྱི་ཚོགས་ཀྱི་ལྷག་འཕྲོ་གཉིས་ཀ་ཡོད་པའི་ལམ་ལུགས་ཤིག་ཆགས་ཡོད་པ་དང༌། གསར་དུ་དར་བའི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་དུས་འགོའི་སྐབས་སུ་གནས་ཡོད། སངས་རྒྱས་ཆོས་ལུགས་ཀྱི་ཆོས་ཁྲིམས་དང་ཆོས་ཁྲིམས་ལོ་རྒྱུས་ནང་སྐབས་དེའི་རྒྱ་གར་གྱི་སྤྱི་ཚོགས་དེ་གང་འདྲ་ཞིག་ཡིན་མིན་མཚོན་པའི་ནང་དོན་མང་པོ་ཡོད་པ་རེད། ཆོས་ལུགས་ཟེར་བ་དེ་སྐབས་དེའི་སྤྱི་ཚོགས་དཔལ་འབྱོར་གྱི་རྨང་གཞི་ནས་ཚུར་བྱུང་བ་དང༌། སྐབས་དེའི་སྤྱི་ཚོགས་ཀྱི་དཔལ་འབྱོར་རྨང་གཞི་མཚོན་པ། སྐབས་དེ་གའི་སྤྱི་ཚོགས་ཀྱི་དཔལ་འབྱོར་རྨང་གཞི་ཡར་རྒྱས་དང་ཉམས་རྒུད་ཇི་འདྲ་བྱུང་ཡང་དེ་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན། དེར་བརྟེན་སངས་རྒྱས་ཆོས་ལུགས་དེ་སྐབས་དེའི་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་ཆབ་སྲིད་གནས་ཚུལ་དང་མ་མཐུན་ན་དར་འཕེལ་ཡོང་ཐབས་མེད།

 

༤. སངས་རྒྱས་ཆོས་ལུགས་གསར་གཏོད་མཛད་པ་པོ་ཤཱཀྱ་མུ་ནེའི་ལོ་རྒྱུས་མདོར་བསྡུས།

 

སངས་རྒྱས་ཤཱཀྱ་མུ་ནེ་(ཤཱཀྱ་ནི་རུས་མིང་སྟེ་ཕོད་པའི་དོན་དང༌། མུ་ནེ་ནི་ཐུབ་པ་ཞེས་པའི་དོན་ཏེ་ཉོན་མོངས་པའི་བདུད་དང༌། ཕུང་པོའི་བདུད། ལྷ་ཡི་བུའི་བདུད། འཆི་བདག་གི་བདུད་བཅས་བདུད་བཞི་པོ་དེ་ཐུབ་པའི་དོན་ཡིན་ཅིང༌། ཞིབ་ཕྲ་དེབ་ཐེར་དམར་པོའི་འགྲེལ་པའི་ནང་གསལ་)ནི་སངས་རྒྱས་ཆོས་ལུགས་ཐོག་མར་གསར་གཏོད་མཛད་པ་པོ་ཡིན། ཁོང་གི་འཁྲུངས་ལོ་དང་འདས་ལོའི་ཐད་ལ་རྒྱ་གར་དང༌། ནང་ས། བོད་བཅས་སུ་བཤད་ཚུལ་མི་འདྲ་བ་མང་པོ་ཡོད།
སངས་རྒྱས་ཤཱཀྱ་མུ་ནེ་ནི་ཤཱཀྱའི་རིགས་རྒྱུད་ཡིན་པ་དང་(མཛད་རྣམ་རྒྱས་པ་<<རྟོགས་བརྗོད་དཔག་བསམ་འཁྲི་ཤིང་>>དང༌། མདོར་བསྡུས་ཙམ་<<དེབ་ཐེར་དམར་པོ་>>ཤོག་གྲངས་ ༣.༡༩-༥.༡༤ བར་གསལ) ཡབ་ནི་ཤཱཀྱའི་རིགས་ཀྱི་རྒྱལ་པོ་ཟས་གཙང་མ་དང༌། ཡུམ་སྒྱུ་མ་ལྷ་མཛེས་ཡིན། ཟས་གཙང་མ་ལ་སྲས་གཉིས་ཡོད་པའི་ཆེ་བ་སངས་རྒྱས་ཤཱཀྱ་མུ་ནེ་དང་ཆུང་བ་ནི་གཅུང་དགའ་བོ་ཡིན། དགུང་ལོ་ཉི་ཤུ་རྩ་དགུ་བར་ཁྱིམ་དུ་བཞུགས་ནས། དེའི་རིང་ལ་རིག་གནས་ལྔ་དང༌། སྒྱུ་རྩལ་བཅོ་བརྒྱད། མུ་སྟེགས་ཀྱི་གྲུབ་མཐའ་སོགས་ལ་མཁས་པར་སྦྱངས། དགུང་ལོ་བཅུ་དྲུག་པར་བཙུན་མོ་བཞེས་པའི་དུས་ལ་སླེབས་པ་དང༌། སྐབས་དེར་ཤཱཀྱ་ལག་ན་བེ་ཅོན་གྱི་སྲས་མོ་གྲགས་འཛིན་མ་ཟེར་བ་ཞིག་ཡོད་པ་དེ་མཛེས་པོ་དང༌། རིག་གཞུང་ལ་མཁས་པའི་ན་གཞོན་མ་སྐད་གྲགས་ཅན་ཞིག་ཡིན་སྟབས་སློང་མཁན་ཧ་ཅང་མང་པོ་ཡོད་པར་བརྟེན་ཡབ་ཀྱིས་རྒྱུ་སྟོབས་དང་མིང་གྲགས་ལ་བལྟ་རྒྱུ་མིན་པར་རྒྱ་གར་རྒྱལ་ཡོངས་སུ་ལུས་རྩལ་འགྲན་སྡུར་ཆེན་པོ་ཞིག་བཙུགས་ནས་དེའི་ནང་ཨང་དང་པོ་ཐོབ་མཁན་དེར་སྟེར་རྒྱུ་བྱས་སྟབས་སངས་རྒྱས་ཀྱང་འགྲན་སྡུར་དེའི་ནང་ཞུགས་པ་དང༌། བཤད་སྲོལ་ལ་སངས་རྒྱས་ཀྱིས་གོམ་པ་བརྒྱའི་ནང་ཤིང་ཏཱ་ལའི་སྡོང་པོ་བདུན་བཙུགས་ཐོག་སྡོང་པོ་རེའི་སྟེང་དུ་ལྕགས་ཀྱི་སླ་ང་རེ་རེ་བཙུགས་ཏེ་དེ་ལ་མདའ་བརྒྱབ་ནས་ལྕགས་ཀྱི་སླ་ང་ཚང་མ་བརྟོལ་ནས་ད་དུང་མདའ་རྒྱང་རིང་པོ་ཕྱིན་པ་མ་ཟད། དུས་སྐབས་དེར་རྒྱ་གར་ཡོངས་སུ་སྐད་གྲགས་ཆེ་བའི་རིག་གནས་པ་དང༌། སྒྱུ་རྩལ་མཁས་པ་མང་པོ་དང་འགྲན་བསྡུར་མཛད་པས་ཡང་རྩེར་སླེབས་ཏེ་བཙུན་མོ་གྲགས་འཛིན་མ་ཁབ་ཏུ་བཞེས། གཞན་ཡང་བཙུན་མོ་སྟོང་ཕྲག་ཡོད་ཚུལ་གསལ་བ་དེ་ནི་རྒྱ་ནག་གོང་མ་དང་འདྲ་ཡང་དེ་ཚོ་ནི་བཙུན་མོའི་མིང་ཐོགས་ཙམ་ལས་རྒྱལ་པོའམ་གོང་མ་དང་འབྲེལ་བ་ཡོད་པ་ཉུང་ཤས་ཡིན། འོན་ཀྱང་བཙུན་མོ་དེ་དག་གཉེན་སྒྲིག་བྱས་མི་ཆོག་ལ་མི་ཚེ་གཅིག་བཙོན་པ་ལྟར་ཕོ་བྲང་ནང་སྡོད་དགོས། བཙུན་མོ་གྲགས་འཛིན་མ་ཁབ་ཏུ་བཞེས་ནས་ཕོ་བྲང་ནང་དགུང་ལོ་ཉི་ཤུ་རྩ་དགུ་བར་བཞུགས་ཤིང༌། དེ་ནས་ཕོ་བྲང་གི་ཕྱོགས་བཞིའི་སྒོ་འགྲམ་དུ་བྱོན་སྐབས། མི་རྒས་ཤིང་འཁོགས་པ་དང༌། ནད་ཀྱིས་མནར་བ་དང༌། ཤི་བ། དགེ་སློང་ཞི་དུལ་ཅན་བཅས་གཟིགས་པའི་རྐྱེན་བྱས་ནས་རྒྱལ་སྲིད་ལ་དབང་བསྐུར་རྒྱུའི་ཞག་བདུན་གྱི་གོང་དུ་ནམ་ཕྱེད་ལ་ཆིབས་པ་བསྔགས་ལྡན་ལ་ཆིབས་ཏེ་བྲོས་བྱོལ་དུ་ཕེབས། ས་ག་ཟླ་བའི་ཚེས་བརྒྱད་ལ་མཆོད་རྟེན་རྣམ་དག་གི་དྲུང་དུ་རང་གི་དབུ་སྐྲ་རང་གིས་བཅད་ནས་རབ་ཏུ་བྱུང༌། དེ་ནས་སྐབས་དེར་མུ་སྟེགས་པ་རྣམས་ཀྱིས་ཟས་གཅོད་པ་དང༌། མེ་ལྔ་བསྟེན་པ། མདུང་རྩེ་གསུམ་གྱི་སྟེང་དུ་མཆོངས་པ་དང༌། དཀའ་སྤྱད་དྲག་པོ་ལ་བརྟེན་ནས་ཐར་པ་ཐོབ་པར་འདོད་པ་རྣམས་ལ་ཚོད་བགམ་པའི་ཆེད་དུ་ཆུ་བོ་ནེ་རནྫའི་འགྲམ་དུ་ལོ་དྲུག་གི་བར་ཉིན་རེར་འབྲུ་འབྲུ་རྡོག་རེ་དང་ཆུ་ཆུ་ཐིགས་རེ་ལས་མི་གསོལ་བར་ཏིང་ངེ་འཛིན་བསྒོམ་ཞིང་བཞུགས། མཐར་རང་ཉིད་ལ་འདོད་པའི་འབྲས་བུ་གང་ཡང་མ་ཐོབ་པར་བརྟེན་ཏིང་ངེ་འཛིན་ལས་བཞེངས་ཏེ། རང་གི་ལུས་པོར་རང་གིས་སྡུག་པོ་གཏོང་བའི་ཆོས་དེ་ཡང་དག་པ་ཞིག་རྩ་བ་ནས་མ་ཡིན་པར་བསམ་བློ་ངན་པ་དང་བྱ་སྤྱོད་ངན་པ་ཡོང་སའི་རྩ་བ་སྟེ་རང་གཙོ་བོ་བྱེད་པའི་སྒེར་སེམས་དེ་མེད་པ་བཟོ་ཐབས་ཀྱི་ཆོས་ཤིག་ངེར་པར་དགོས་པ་འདུག་དགོངས་ནས་སངས་རྒྱས་ཆོས་ལུགས་གསར་གཏོད་གནང་བ་རེད། དེ་ནས་གྲོང་གི་བུ་མོ་ལེགས་སྐྱེས་མ་དང༌། དགའ་སྟོབས་མ་གཉིས་ཀྱིས་བ་སྟོང་གི་འོ་མ་ཉིང་ཁུར་བྱས་པ་ཕུལ་བ་བཞེས་ཏེ་སྐུ་ལུས་ཀྱི་སྟོབས་རྒྱས་ནས་མདངས་བཟང་པོར་གྱུར། དགུང་ལོ་སོ་ལྔ་པ་ཤིང་རྟ་ལོ་ལ་རྒྱ་གར་རྡོ་རྗེ་གདན་དུ་ཕེབས་ཏེ། དེར་རྩྭ་འཚོང་གི་ཁྱེའུ་བཀྲ་ཤིས་ཀྱིས་རྩྭ་ཀུ་ཤ་མང་པོ་ཕུལ་བ་རྣམས་གདན་ལ་བཏིང་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཞལ་ཤར་དུ་གཟིགས་ཏེ་བསམ་གཏན་བསྒོམ་ཞིང་བཞུགས་པས། ས་ག་ཟླ་བའི་ཚེས་བཅོ་ལྔའི་ཐོ་རངས་མངོན་པར་རྫོགས་པ་སངས་རྒྱས་(དེའི་སྐབས་ཟླ་བ་ཡང་སྒྲ་གཅན་གྱིས་བཟུང༌། རང་ཉིད་ཀྱི་བཙུན་མོ་གྲགས་འཛིན་མ་ལ་སྲས་ཤིག་ཀྱང་འཁྲུངས་ཏེ་མཚན་མཁན་གྱིས་མཚན་ལ་སྒྲ་གཅན་འཛིན་ཞེས་གསོལ་བ་དེ་ནི་གནས་བརྟན་བཅུ་དྲུག་གི་ནང་ཚན་ཞིག་ཏུ་གྱུར)། དེ་ནས་རེ་ཞིག་གདུལ་བྱ་རྣམས་ཆོས་བསྟན་པའི་སྣོད་དུ་རུང་མི་རུང་བརྟག་པའི་ཆེད་དུ་ཞག་བདུན་ཕྲག་བདུན་གྱི་བར་དུ་ཆོས་མི་གསུང་བར་བཞུགས། དེ་ནས་ལྷ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་ཡོད་པ་དང༌། བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་ཏེ་ཆོས་གསུང་བར་ཞུས་པ་བཞིན། ཟླ་བ་དྲུག་པའི་ཚེས་བཞི་ལ་ཡུལ་ཝཱ་ར་ཎཱ་སཱིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བྱོན་ནས་སློབ་མའི་དང་པོ་འཁོར་ལྔ་སྡེ་( ༡. ཀུན་ཤེས་ཀཽཎྜི་ནྱ། ༢. རྟ་ཐུལ། ༣. རླངས་པ། ༤. མིང་ཆེན། ༥. བཟང་ལྡན་)ལ་ཆོས་ཀྱི་དངོས་པོ་བདེན་བཞིའི་ཆོས་འཁོར་གསུངས་(དེ་ལ་དྲན་གསོ་ཞུ་བའི་ཆེད་དུ་བོད་ལ་དྲུག་པ་ཚེས་བཞིའི་དུས་ཆེན་འདི་བྱུང་)ཤིང༌། ཐེངས་དང་པོར་ཐེག་པ་ཆུང་ངུའི་ཆོས་གསུངས། དེ་ནས་རིམ་བཞིན་<<འདུལ་བ་ལུང་སྡེ་བཞི་>>གསུངས་ཏེ། དགེ་བསྙེན་དང༌། རབ་བྱུང༌། དགེ་ཚུལ། དགེ་སློང་ཕ། དགེ་སློང་མ་བཅས་ཀྱི་བསླབ་ཁྲིམས་རྣམས་གཏན་འབེབས་མཛད། དེའི་ཡན་ལག་ཏུ་ལས་རྒྱུ་འབྲས་ཀྱི་རྣམ་གཞག་སྟོན་པའི་<<མདོ་མཛངས་བླུན་>>(དེའི་ནང་མང་ཆེ་བ་ལས་རྒྱུ་འབྲས་གསུངས་ཡོད་)དང༌། <<ལས་བརྒྱ་པ་>><<རྟོགས་བརྗོད་བརྒྱ་པ་>>སོགས་གསུངས། ལས་རྒྱུ་འབྲས་གསུངས་པའི་དཔེ་ཆ་དེ་དག་བདེན་བཞིའི་ཆོས་འཁོར་གྱི་ཁོངས་སུ་གཏོགས་པ་ཡིན། ལས་རྒྱུ་འབྲས་སྐོར་གྱི་དཔེ་ཆའི་ནང་ནང་དོན་གཙོ་བོ་ནི་ལས་བཟང་པོ་བྱས་ན་འབྲས་བུ་བཟང་པོ་དང༌། ལས་ངན་པ་བྱས་ན་འབྲས་བུ་ངན་པ་ཡོང་གི་ཡོད་པ་དེ་གསུངས་ཡོད། དེ་ཡང་ལས་འབྲས་ཀྱི་རྣམ་གཞག་ནང་ལུས་སྡིག་པའམ་མི་དགེ་བ་གསུམ་ལས་བསམ་བློའི་ཐོག་གི་སྡིག་ཉེས་གསུངས་མེད། ལུས་ཀྱི་མི་དགེ་བ་གསུམ་ནི་སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད་བཅས་དང༌། ངག་གི་མི་དགེ་བ་བཞི་ནི་རྫུན་དང༌། ཕྲ་མ་(མི་དང་མིའི་བར་དཀྲུག་ཤིང་རྒྱག་པ་)ཚིག་རྩུབ་(མི་ལ་སྐད་ཆ་ཚིག་རྩུབ་པོ་ཤོད་པ་)ངག་འཆལ་(དོན་མེད་སྐད་ཆ་མང་པོ་ཤོད་པ་)བཅས་བཞི་ཡིན། དེ་སྔ་བོད་ལ་གེ་སར་དང་རོ་སྒྲུང་སོགས་སྒྲུང་ཚང་མ་ངག་འཆལ་གྱི་ཁོངས་སུ་བརྩི་གི་ཡོད། འོན་ཀྱང་ལོ་རྒྱུས་ཤོད་པ་ནི་ངག་འཆལ་གྱི་ཁོངས་མིན། ཆོས་ཀྱི་ནང་བྱས་ན་གླུ་གཏོང་བ་དང༌། གཞས་གཏོང་བ། བཤུ་རྒྱག་པ། ཁྱིམ་ཚང་གཞན་ལ་ཇུས་གཏོགས་བྱེད་པ་སོགས་ཚང་མ་ངག་འཆལ་གྱི་ཁོངས་སུ་གཏོགས་པ་ཡིན།
ལུས་ཀྱི་མི་དགེ་བ་གསུམ་དང་ངག་གི་མི་དགེ་བ་བཞི་ནི་སྔོན་དང་པོར་མེད་པ་བཟོ་དགོས་པ་ཞིག་ཡིན། དེ་མེད་པ་བཟོ་སྟངས་ནི་གཙོ་བོ་རང་གིས་རང་བཅུན་ནས་ལས་བཟང་པོ་བྱས་ན་འབྲས་བུ་བཟང་པོ་ཡོང་རྒྱུ་དང་ལས་ངན་པ་བྱས་ན་འབྲས་བུ་ངན་པ་ཡོང་རྒྱུ་ཡིན་པ་དེ་ཤེས་དགོས། དཔེར་ན་རང་གི་བླ་མ་དང༌། དགེ་རྒན། ཕ་མ། ནད་པ་བཅས་ཏེ་ཞིང་ཆེན་པོ་ལྔ་ལ་ལས་དགེ་སྡིག་གང་བསགས་ན་ཡང་ཚེ་རྗེས་མ་བར་སྒུག་མི་དགོས་པར་ཚེ་འདི་རང་ལ་འབྲས་བུ་སྨིན་རྒྱུ་ཡིན་པས་དེ་ལ་མཐོང་ཆོས་མྱོང་འགྱུར་གྱི་ལས་ཟེར། དེར་བརྟེན་ལུས་ཀྱི་མི་དགེ་བ་གསུམ་དང་ངག་གི་མི་དགེ་བ་བཞི་པོ་དེ་ངེས་པར་བཀག་དགོས་ཤིང༌། དེ་ནི་ཚོད་འཛིན་དང་བཙན་ཤེད་ཀྱི་ཐོག་ནས་རང་གིས་རང་གཅུན་རྒྱུ་དེ་ཡིན། རང་གིས་རང་གཅུན་དགོས་ཟེར་བ་དེ་དེང་སང་སྤྱིར་ན་བཤད་སྲོལ་དེ་ཙམ་མེད་ནའང་ང་རང་གིས་བལྟས་ན་རང་གིས་རང་གཅུན་རྒྱུ་དེ་གལ་ཆེན་པོ་ཡིན། རང་གིས་རང་མ་བཅུན་ན་མིས་ཚུར་གཅུན་དུས་འཕྱིས་དྲགས་པ་རེད་ལ་དེ་དུས་རང་ལ་རང་དབང་མེད། དེར་བརྟེན་རང་ལ་རང་དབང་ཡོད་དུས་རང་གིས་རང་གཅུན་ཐུབ་ན་ཡག་ཤོས་རེད། དཔེར་ན་མཐོ་འགོ་ཁྲིད་ནས་དམའ་མང་ཚོགས་བར་ཚང་མས་རང་གིས་རང་གཅུན་ཚེ་རང་རྟོགས་ངང་བྱ་སྤྱོད་བཟང་པོ་ལྡན་པའི་མི་ཞིག་ཆགས་ཐུབ་ཀྱི་རེད། ལེ་ཧྥུང་ལ་ཆ་བཞག་ནའང་ཐོག་མ་ཨ་མའི་ཁོག་ནས་སྐྱེ་དུས་དཔེ་བཟང་ཅན་གྱི་ལེ་ཧྥུང་དེ་མིན་པར་རྗེས་སུ་སྤྱི་ཚོགས་གསར་པའི་སློབ་གསོ་བཟང་པོ་ཟམ་མི་ཆད་པ་ཐོབ་པ་དང་ཆབས་ཅིག་རང་གིས་རང་བཅུན་ཏེ་མཐར་རང་རྟོགས་ཀྱི་བྱ་སྤྱོད་བཟང་པོ་ལྡན་པའི་དཔའ་བོ་དཔེ་བཟང་ཞིག་ཏུ་གྱུར་ཡོད།
རང་གིས་རང་གཅུན་སྟངས་ཀྱི་ཐབས་ཤེས་ནི་སྤྱི་ཚོགས་ཐོག་ཆ་བཞག་ན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཁྲིམས་ལུགས་དང༌། སྤྱི་ཚོགས་ཀྱི་སྒྲིག་སྲོལ་སྒྲིག་ལམ་ཁག་ཡིན་ལ། ཆོས་པ་ཆོས་བྱེད་མཁན་ཞིག་ལ་ཆ་བཞག་ན་གོང་གསལ་དེ་དག་གི་ཐོག་ད་དུང་ཆོས་ཁྲིམས་ཡོད་པས་དེ་ཚོ་གཞིར་བཟུང་རང་གིས་རང་གཅུན་ཚེ་སྤྱི་ཚོགས་ཀྱི་བདེ་འཇགས་དང་དཔལ་འབྱོར་གོང་འཕེལ་ཡོང་རྒྱུ་རེད། དེ་ལས་ལྡོག་སྟེ་མི་ཚང་མས་རང་སྣང་གང་ཤར་བྱས་ཚེ་རྒྱལ་ཁབ་བམ་ལས་ཁུངས་སམ་ཁྱིམ་ཚང་སོགས་གང་དང་གང་ཞིག་ནང་ལའང་བཀྲ་ཤིས་པ་ཡོང་ཐབས་མེད། དེར་བརྟེན་རང་དབང་ལ་ཚད་གཞི་ཞིག་མེད་ན་སྤྱི་ཚོགས་དང་ཡུལ་ལུང་གང་སར་བདེ་འཇགས་ཡོང་ཐབས་མེད། རང་ལ་རང་དབང་ཡོད་དུས་རང་གིས་རང་བཅུན་ནས་ཚོད་ཟིན་ཐུབ་པའི་ཚད་གཞི་དེ་ནི་ཁྲིམས་ཡིན། དེར་བརྟེན་སངས་རྒྱས་ཤཱཀྱ་མུ་ནེས་ཐོག་མ་ཆོས་མ་གསུངས་གོང་ལུས་ངག་གཉིས་ཀྱི་བྱ་སྤྱོད་ངན་པ་དེ་འགོག་བྱེད་ཀྱི་ཁྲིམས་དེ་བཟོས་གནང་བ་རེད།
སངས་རྒྱས་ཞལ་བཞུགས་སྐབས་མང་ཆེ་བ་ཐེག་པ་ཆུང་ངུའི་ཆོས་གསུངས་པ་ལས་ཐེག་པ་ཆེན་པོའི་ཆོས་དེ་སློབ་མ་ཉུང་ཤས་ལ་མ་གཏོགས་གསུངས་མེད་སྟབས་སྐབས་དེ་དུས་ཐེག་པ་ཆེན་པོའི་ཆོས་དེ་དར་པོ་བྱུང་མེད། རྒྱུ་མཚན་ནི་ཆོས་ཞུ་མཁན་གྱི་གནས་ཚད་དེ་ཐེག་པ་ཆུང་ངུའི་ཚད་ལ་མ་གཏོགས་སླེབས་མེད་པ་སྟེ། དཔེར་ན་གནས་བརྟན་བཅུ་དྲུག་ནང་ནས་སངས་རྒྱས་ཀྱི་སྲས་སྒྲ་གཅན་འཛིན་གཅིག་པུ་ཐེག་པ་ཆེན་པོའི་དགྲ་བཅོམ་པ་ཡིན་པ་ལས་གཞན་ཚང་མ་ཐེག་པ་ཆུང་ངུའི་དགྲ་བཅོམ་པ་ཡིན། ཁོང་ཚོས་ཐེག་པ་ཆུང་ངུའི་ཆོས་དེ་སངས་རྒྱས་ཀྱི་དྲུང་ནས་ཞུ་མྱོང་ཡོད་ནའང་ཆོས་ཀྱི་གནས་ཚད་དེ་ཐེག་ཆེན་གྱི་གནས་ཚད་དུ་སླེབས་མེད་པའི་དབང་གིས་ཡིན།
གསང་སྔགས་ཀྱི་ཆོས་དེ་ཐེག་པ་ཆེན་པོའི་ནང་ནས་ཀྱང་གནས་ཚད་མཐོ་བ་ཉུང་ཤས་ཤིག་ལ་མ་གཏོགས་གསུངས་མེད། ཆོས་དེ་གསུངས་སྐབས་དགེ་སློང་གི་ཆ་བྱད་བཞེས་ཏེ་གསུངས་མེད་པར་ལྷའི་རྣམ་པར་སྤྲུལ་ཏེ་དེང་སྐབས་ལྷ་ཁང་ནང་བུད་མེད་པང་དུ་བཞེས་པའི་ལྷ་སྐུ་མང་པོ་མཇལ་རྒྱུ་ཡོད་པ་དེ་ལྟར་ཡིན།
དགུང་ལོ་ང་དྲུག་པ་ཤིང་ཡོས་ལོ་ལ་མུ་སྟེགས་པའི་སྟོན་པ་དྲུག་(༡. རྫོགས་བྱེད། ༢. གནག་ལྷས་ཀྱི་བུ། ༣. ཡང་དག་རྒྱལ་བ་ཅན། ༤. མི་ཕམ་སྐྲའི་ལ་བ་ཅན། ༥. ཀ་ཏའི་བུ་ནོག་ཅན། ༦. གཅེར་བུ་བ་གཉེན་གྱི་བུ་)གིས་ཡུལ་གྱི་རྒྱལ་པོ་ཆེན་པོ་རྣམས་ལ་ཞུས་ཏེ་སངས་རྒྱས་དང་རྫུ་འཕྲུལ་འགྲན་དགོས་པར་བསྐུལ་བ་ལྟར་ཡུལ་མ་གྷ་དྷར་བྱོན་ནས་མཉན་ཡོད་གྲོང་ཁྱེར་ཆེན་པོར་མེ་འབྲུག་ལོའི་དགུན་ཟླ་ཐ་ཆུང་སྐར་མ་མཆུ་ཡིས་ཉ་བའི་ཟླ་བ་(བོད་ཟླ་དང་པོ་)དང་པོའི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་མུ་སྟེགས་སྟོན་པ་དྲུག་དང་རྫུ་འཕྲུལ་འགྲན་ནས་ཕམ་པར་མཛད་པ་དང༌། མུ་སྟེགས་སྟོན་པ་དྲུག་གི་སློབ་མ་ཁྲི་ཚོ་མང་པོ་སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་ཞུགས་པ་དང་སྟོན་པ་དྲུག་པོ་རང་སྲོག་རང་གིས་བཅད་པར་བརྟེན་དེ་སྔ་བོད་ཟླ་དང་པོའི་ཚེས་གཅིག་ནས་ཚེས་བཅོ་ལྔ་བར་རྒྱ་གར་དུ་དུས་ཆེན་མཆོད་པ་ཆེན་པོ་བྱ་སྲོལ་ཡོད་པ་ལྟར་རྗེ་ཙོང་ཁ་པས་བོད་རབ་བྱུང་བདུན་པའི་ས་གླང་(༡༤༠༩)ལོར་ལྷ་ལྡན་གཙུག་ལག་ཁང་དུ་སྨོན་ལམ་ཆེན་མོ་གསར་འཛུགས་གནང་བ་དང༌། དེ་ནས་བཟུང་བོད་རབ་བྱུང་བརྒྱད་པའི་མེ་སྦྲུལ་(༡༤༩༧)ལོ་བར་ལོ་༨༨རིང་ལྷ་ས་སྨོན་ལམ་ཆེན་མོར་ཕེབས་མཁན་སེ་འབྲས་དགེ་གསུམ་གཙོ་བོ་བྱས་པའི་ལྷ་སའི་ཉེ་འཁོར་གྱི་དགེ་ལུགས་དགོན་པའི་གྲྭ་པ་ཁེར་གཙང་ཡིན་ཀྱང་རབ་བྱུང་བརྒྱད་པའི་ལྕགས་ཕག་(༡༤༩༡)ལོར་སྡེ་སྲིད་ཕག་མོ་གྲུ་པའི་སྲིད་དབང་བཟུང་མཁན་ངག་དབང་བཀྲ་ཤིས་གྲགས་པ་ལོ་ན་ཕྲ་བའི་དབང་གིས་གནས་སྐབས་ལོ་ཤས་རིང་ཀརྨ་ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས་དང་རིན་སྤུངས་སྡེ་པ་མཚོ་སྐྱེས་རྡོ་རྗེ་གཉིས་ཀྱིས་སྲིད་ཚབ་བྱས་པའི་གོ་སྐབས་བསྟུན་ནས་རབ་བྱུང་བརྒྱད་པའི་ས་རྟ་(༡༤༩༨)ལོར་ལྷ་ས་སྨོན་ལམ་ལ་སེ་འབྲས་དགེ་གསུམ་ཡོང་མི་ཆོག་པར་ཀརྨ་བཀའ་བརྒྱུད་ཀྱི་དགེ་འདུན་ཁེར་གཙང་གིས་ཚོགས་དགོས་པའི་གཏན་འབེབས་བྱས་པ་ནས་ལོ་ཉི་ཤུ་རིང་དེ་ལྟར་གནས། དེ་རྗེས་ཕག་གྲུ་ངག་དབང་བཀྲ་ཤིས་གྲགས་པའི་དབང་ཆ་ཅུང་ཟད་ཆེ་རུ་ཕྱིན་ཏེ་རབ་བྱུང་བརྒྱད་པའི་ས་སྟག་(༡༥༡༨)ལོར་སླར་ཡང་ལྷ་ས་སྨོན་ལམ་ཆེན་མོ་སེ་འབྲས་དགེ་གསུམ་གྱིས་འཚོགས་རྒྱུར་བསྐྱར་གསོ་བྱས་ཐོག ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོས་སྨོན་ལམ་ཆེན་མོའི་ཚོགས་དབུ་གནང་བ་དང་དུས་མཚུངས་སྨོན་ལམ་ཆེན་མོའི་འདོན་རྟ་དབྱངས་དང་སྒྲིག་ལམ་གསར་པ་འགའ་ཞིག་གཏན་འབེབས་མཛད། དེ་རྗེས་རབ་བྱུང་བཅུ་པའི་ཆུ་གླང་(༡༦༡༤)ལོ་ནས་བཟུང་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ལོ་དྲུག་རིང་སྨོན་ལམ་ཆེན་མོའི་ཚོགས་དབུ་མཛད་རིང་སེ་འབྲས་དགེ་གསུམ་གྱི་དགེ་བཤེས་མཁས་པ་རྣམས་སྨོན་ལམ་ཆེན་མོར་མཚན་ཉིད་རིག་པའི་གཞུང་ཆེན་པོ་ལྔ་(ཞོགས་པ་ཚད་མ་རྣམ་འགྲེལ། ཉིན་གུང་དབུ་མ་དང་ཕར་ཕྱིན། དགོང་མོ་འདུལ་བ་དང་མཛོད་)ལ་བགྲོ་གླེང་བྱས་ཏེ་སློབ་གཉེར་བཟང་རིམ་ལ་ཨང་གྲངས་དང་བྱ་དགའི་དངོས་པོ་སྤྲོད་པའི་ལམ་སྲོལ་བཙུགས་གནང་བ་དེ་ནས་དགེ་བཤེས་ལྷ་རམས་པ་ཟེར་བའི་སྲོལ་བྱུང༌། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་(༡༦༤༢)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་ཕྱག་མཛོད་བསོད་ནམས་རབ་བརྟན་(བསོད་ནམས་ཆོས་འཕེལ་)གྱིས་རེ་འདུན་བཏོན་པ་ལྟར་གུ་ཤཱི་ཧན་གྱིས་བོད་དབུས་གཙང་དུ་དམག་དྲངས་ཏེ་གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་དབང་པོ་ཕམ་པར་བྱས་ཐོག་བོད་ས་གནས་ཀྱི་སྲིད་དབང་ཡོངས་རྫོགས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་ཕུལ་ནས་ཏཱ་ལའི་བླ་མས་གཙོ་བོ་གནང་བའི་དེ་སྔའི་བོད་ས་གནས་སྲིད་གཞུང་ཐོག་མར་བཙུགས་ཤིང༌། དེ་སྔོན་ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པས་འབྲས་སྤུངས་དགོན་པའི་མཁན་པོ་གནང་བ་ནས་བཟུང་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ཚང་མ་རྒྱུན་དུ་བཞུགས་ཡུལ་གཙོ་བོ་འབྲས་སྤུངས་སུ་ཡིན་པ་དང་དེ་སྔོན་གཙང་པ་རྒྱལ་པོས་སྲིད་དབང་བཟུང་སྐབས་སེ་འབྲས་དགེ་གསུམ་དང༌། ལྷག་པར་འབྲས་སྤུངས་དགོན་པར་གནོད་སྐྱོན་ཚབས་ཆེ་བྱུང་བའི་གུན་གསབ་ལྟ་བུར་ལྷ་ས་སྨོན་ལམ་ཆེན་མོའི་རིང་གྲོང་ཁྱེར་ནང་གི་ཁྲིམས་འཛིན་དབང་ཆ་དང་ཆོས་ཁྲིམས་ཀྱི་དབང་ཆ་འབྲས་སྤུངས་དགོན་པའི་ཚོགས་ཆེན་ཞལ་ངོས་གཅིག་ལྕོགས་བྱེད་རྒྱུ་སོགས་དམིགས་བསལ་དབང་ཆ་ཁག་ཅིག་གཏན་འབེབས་མཛད། ཐོག་མ་རྗེ་ཙོང་ཁ་པས་ལྷ་ས་སྨོན་ལམ་ཆེན་མོ་གསར་འཛུགས་གནང་སྐབས་བོད་ཟླ་དང་པོའི་ཚེས་གཅིག་ནས་འགོ་ཚུགས་ཏེ་ཚེས་བཅོ་ལྔའི་ཉིན་དུས་ཆེན་དངོས་གཞི་བྱས་ནས་ལྷ་ས་གཙུག་ལག་ཁང་གི་ཕྱིའི་སྐོར་ལམ་ཆེན་མོའི་ནང་ཐོག་ཚད་གསུམ་ཙམ་གྱི་ཚད་ལོན་པའི་བཅོ་ལྔ་མཆོད་པ་སྒྲིགས་ཏེ་མཆོད་མེའི་དུས་སྟོན་བྱས། ཚེས་བཅུ་དྲུག་ཉིན་སྐོར་ལམ་ནང་ྋརྒྱལ་བ་བྱམས་པའི་སྐུ་ཤིང་རྟ་འཁོར་ལོའི་ཐོག་གདན་དྲངས་ཏེ་བསྐོར་བ་བྱས་པ་དེ་ལ་བྱམས་པ་གདན་འདྲེན་ཟེར། དེ་རྗེས་མི་རྟ་གཉིས་ཀྱི་བང་རྒྱུག་རྩལ་སྣ་འགྲན་སྡུར་བྱས་ཏེ་ལྷ་ས་སྨོན་ལམ་ཆེན་མོ་དངོས་སུ་གྲོལ་བའི་དགའ་སྟོན་བྱེད་ཀྱི་ཡོད་རུང༌། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་འདས་པ་ནས་བཟུང་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ཚང་མའི་འདས་མཆོད་ལ་ལྷ་ས་སྨོན་ལམ་ཉིན་གཅིག་གཉིས་སོགས་རིམ་འཕར་བྱས་རྐྱེན་བོད་ཟླ་དང་པོའི་ཚེས་ཉི་ཤུ་བཞི་ལ་སྨོན་ལམ་གཏོར་རྒྱག་དང༌། ཚེས་ཉི་ཤུ་ལྔ་ཉིན་བྱམས་པ་གདན་འདྲེན་བྱས་ཏེ་སྨོན་ལམ་དངོས་སུ་གྲོལ་གྱི་ཡོད། སྨོན་ལམ་སྐབས་ཀྱི་བྱེད་སྒོ་མང་པོ་ཞིག་རྗེ་ཙོང་ཁ་པས་ཐོག་མ་གསར་འཛུགས་གནང་སྐབས་ནས་ཡོད་མུས་ཡིན་ཀྱང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་སྲིད་དབང་བཟུང་རྗེས་རིམ་བཞིན་བྱེད་སྒོ་མང་པོ་ཞིག་འཕར་འཛུགས་བྱས་ཡོད། སྨོན་ལམ་ཆེན་མོའི་མིང་གི་རྣམ་གྲངས་ནི་ཆོ་འཕྲུལ་སྨོན་ལམ་དང༌། མཉན་ཡོད་ཆོ་འཕྲུལ་མཆོད་པ། དང་པོའི་སྨོན་ལམ། སྨོན་ལམ་ཆེན་མོ་སོགས་ཡིན། ཕྱིས་སུ་སྨོན་ལམ་དངོས་གཞི་ཚེས་གསུམ་ཉིན་ནས་ཚུགས་ཐོག་ཚེས་གཅིག་དང་གཉིས་ལ་ལོ་གསར་གཏོང་གི་ཡོད། གཞན་ཡང་ཆོ་འཕྲུལ་ཟླ་བ་དེའི་ཚེས་གཅིག་ནས་བཅོ་ལྔ་བར་རྙིང་མ་དང༌། ས་སྐྱ། བཀའ་བརྒྱུད་སོགས་ཀྱི་དགོན་པ་ཚང་མར་སྨོན་ལམ་ཚུགས་སྲོལ་ཡོད་པ་དང༌། ལྷག་པར་དགེ་ལུགས་ཀྱི་ཕོ་དགོན་མོ་དགོན་ཆེ་ཆུང་ཚང་མར་སྨོན་ལམ་ཚུགས་སྲོལ་ཡོད། སྨོན་ལམ་ཆེན་མོ་ཐོག་མ་གསར་འཛུགས་གནང་སྐབས་འགྲོ་སོང་གཏོང་མཁན་གཙོ་བོ་ནི་སྐབས་དེའི་ཕག་གྲུ་སྡེ་སྲིད་དང་སྡེ་དཔོན་ཆེ་ཁག་སོགས་ཡིན། དགུང་ལོ་ང་བརྒྱད་པ་ལ་རང་ཉིད་ཀྱི་ཡུམ་ལྷ་ཡུལ་དུ་སྐྱེས་པ་ལ་དྲིན་ལན་གསབ་ཆེད་དུ་ཆོས་གསུང་བར་བྱོན་ནས་ཟླ་བ་གསུམ་བཞུགས་ཏེ་(སྐབས་དེར་སྒྲ་སྒྲོགས་ཀྱི་རྒྱལ་པོ་ཨུ་ཊ་ཡ་ན་སངས་རྒྱས་ལྷག་པར་དྲན་པའི་དབང་གིས་ལྷ་བཟོ་བ་ལ་ཙནྡན་གྱི་ཤིང་ལས་སངས་རྒྱས་ཀྱི་སྐུ་བཞེངས་སུ་བཅུག་པ་དེ་ནས་རིམ་གྱིས་རྒྱ་ནག་གི་ཡུལ་དུ་བྱོན་པ་དེ་ལ་ཙནྡན་ཇོ་བོ་ཟེར་)སྟོན་ཟླ་ཐ་ཆུང་ཐ་སྐར་ཟླ་བའི་(བོད་ཟླ་དགུ་པ་)ཚེས་ཉི་ཤུ་གཉིས་ལ་ལྷ་ཡུལ་ནས་གྲོང་ཁྱེར་གསལ་ལྡན་གྱི་འགྲམ་དུ་བབས་པར་མཛད(དེ་ལ་དྲན་གསོ་ཞུ་ཆེད་བོད་དུ་ཟླ་བ་དགུ་པའི་ཚེས་ཉི་ཤུ་གཉིས་ལ་ལྷ་བབས་དུས་ཆེན་ཞེས་འབོད་སྲོལ་ཡོད)། དེ་ནས་དགུང་ལོ་བརྒྱད་ཅུ་པ་ས་ཡོས་ལོར་མ་སླེབས་ཀྱི་བར་དུ་ཐེག་པ་ཆེ་ཆུང་དང་གསང་སྔགས་ཀྱི་ཆོས་མང་པོ་གསུངས་ཤིང༌། བརྒྱད་ཅུ་པ་དེར་ཤེར་ཕྱིན་གྱི་མདོ་ཐོག་མར་གསུངས། དེའི་ཕྱི་ལོ་ལྕགས་འབྲུག་ནག་པ་ཟླ་བའི་(བོད་ཟླ་གསུམ་པ་)ཚེས་བཅོ་ལྔ་ལ་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་<<དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་>>གསུངས། དེ་ནས་རིང་པོར་མ་ཐོགས་པར་སངས་རྒྱས་སྐུ་མྱ་ངན་ལས་མ་འདས་གོང་གི་ཞག་བདུན་གྱི་གོང་ལ་སངས་རྒྱས་ཀྱི་སློབ་མ་གཙོ་བོ་གཉིས་དང་སློབ་མའི་སློབ་མ་དང་བཅས་ཁྲི་བརྒྱད་ལྷག་ཙམ་སངས་རྒྱས་སྐུ་གཤེགས་པར་ལྟ་བར་མི་བཟོད་པར་རང་རང་མྱ་ངན་ལས་འདས་ཏེ་དགེ་སློང་ལྔ་བརྒྱ་ལས་ལྷག་མེད་སྟབས་སངས་རྒྱས་འདས་ཁར་སྐུ་ངོ་མས་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་( ༡. ཡན་ལག་འབྱུང༌། ༢. མ་ཕམ་པ། ༣. ནགས་ན་གནས། ༤. དུས་ལྡན། ༥. རྡོ་རྗེ་མོའི་བུ། ༦. བཟང་པོ། ༧. གསེར་བེའུ། ༨. བྷ་ར་དྷྭ་ཛཱ་གསེར་ཅན། ༩. བ་ཀུ་ལ། ༡༠. སྒྲ་གཅན་འཛིན། ༡༡. ལམ་ཕྲན་བསྟན། ༡༢. བྷ་ར་དྷྭ་ཛཱ་བསོད་སྙོམས་ལེན། ༡༣. ལམ་ཆེན་བསྟན། ༡༤. ཀླུའི་སྡེ། ༡༥. སྦེད་བྱེད། ༡༦. མི་ཕྱེད་པ་བཅས་བོད་ལ་བཅུ་དྲུག་བརྩི་སྲོལ་ཡོད་པ་དང༌། རྒྱ་ནག་ལ་བཅོ་བརྒྱད་བརྩི་སྲོལ་ཡོད་པའི་རྒྱུ་མཚན་ནི་ཐང་རྒྱལ་རབས་ཀྱི་གོང་མ་ལི་ཧྲི་མིང་གི་དུས་སུ་རྒྱ་གར་གྱི་གནས་བརྟན་བཅུ་དྲུག་སྐུ་ངོ་མ་སྐབས་དེའི་རྒྱལ་ས་ཁྲང་ཨན་དུ་གདན་དྲངས་ཐོག་ཁོང་རྣམ་པར་སྣེ་ལེན་ཞུ་མཁན་སྦྱིན་བདག་ཧ་ཞང་ཞེས་དགྲ་བཅོམ་པ་ཞིག་དང་དགེ་བསྙེན་དྷརྨ་ཞེས་དབུ་ལ་རས་ལྕོག་ཡོད་མཁན་ཞིག་བཀོད་སྒྲིག་བྱས་ཡོད་པ་དེ་གཉིས་བསྣན་ཏེ་བཅོ་བརྒྱད་ཡིན། དེ་ཡང་གྲྭ་པའི་གཉེར་པ་དང་མ་བྱན་དགེ་ཚུལ་མ་གཏོགས་དགེ་སློང་གིས་བྱས་ཆོག་གི་མེད་)ལ་འཛམ་གླིང་འདིར་སངས་རྒྱས་ཀྱི་བསྟན་པ་མེད་པར་མ་འགྱུར་གྱི་བར་དུ་མྱ་ངན་ལས་མི་འདའ་བར་བསྟན་པ་སྐྱོང་དགོས་པའི་བཀའ་བསྒོས། དཔྱིད་ཟླ་ཐ་ཆུང་ས་ག་ཟླ་བའི་(བོད་ཟླ་བཞི་པ་)ཚེས་བཅོ་ལྔའི་ཉིན་རྒྱ་གར་བྱང་ཕྱོགས་སེར་སྐྱའི་གྲོང་ཁྱེར་གྱི་ཤར་ཕྱོགས་གྱད་ཀྱི་ཡུལ་རྩྭ་མཆོག་གྲོང་(དེང་སང་གི་ཨ་ཟམ་ས་ཁུལ་དུ་ཡིན་)དུ་ཕེབས་ཏེ་ཤིང་སཱ་ལ་(སྤོས་དཀར་བཟོ་བྱེད་ཤིང་སྟེ་བོད་སྐད་དུ་ཐང་ཤིང་ངམ་སྤོས་དཀར་ཤིང་ཟེར་)ཟུང་གི་བར་དུ་དབུ་སྔས་བྱང༌། ཞབས་ལྷོ། སྐུ་རྒྱབ་ཤར། ཞལ་ནུབ་ཏུ་བསྟན་ནས་སྐུ་མྱ་ངན་ལས་འདས།
སངས་རྒྱས་མྱ་ངན་ལས་འདས་ནས་རིམ་བཞིན་སྟོན་པའི་གཏན་རབས་བདུན་( ༡. འོད་སྲུང༌། ༢. ཀུན་དགའ་བོ། ༣. ཤ་ནའི་གོས་ཅན། ༤. ཉེར་སྦས། ༥. དྷཱི་ཏི་ཀ ༦. ནག་པོ་པ། ༧. ལེགས་མཐོང་ཆེན་པོ་)གྱིས་ལོ་མང་པོའི་བར་བསྟན་པ་བསྐྱངས་ཏེ། འོད་སྲུང་ཆེན་པོས་ལོ་གཅིག ཀུན་དགའ་བོས་ལོ་བཞི་བཅུ། ཤ་ནའི་གོས་ཅན་གྱིས་ལོ་འགའ་ཤས། འཕགས་པ་ཉེར་སྦས་ཀྱིས་ལོ་ངོ་སུམ་ཅུ་ལྷག་ཙམ། འཕགས་པ་དྷཱི་ཏི་ཀས་ལོ་གྲངས་མང་ཙམ། འཕགས་པ་ནག་པོས་ལོ་ངོ་འགའ་ཤས། ལེགས་མཐོང་ཆེན་པོས་ལོ་ངོ་འགའ་ཤས་བཅས་ཁྱོན་བསྡོམས་གཏན་རབས་བདུན་གྱིས་ལོ་ངོ་བརྒྱ་དང་བཅུའི་བར་དུ་བསྟན་པ་བསྐྱངས་ཤིང༌། དེའི་ལོ་མང་རིང་དགྲ་བཅོམ་པ་གྲགས་པ་ལ་སོགས་པའི་དགྲ་བཅོམ་པ་དང་པཎྜི་ཏ་སྟོང་ཕྲག་ལྷག་ཙམ་བྱུང་བ་རྣམས་ཀྱིས་བསྟན་པ་དར་རྒྱས་སུ་མཛད། དེ་ནས་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་སོགས་རྒྱན་དྲུག་མཆོག་གཉིས་དང༌། དེ་དག་སོ་སོའི་སློབ་མ་ཡང་སློབ་བཅས་པས་མདོ་སྔགས་རིག་གནས་དང་བཅས་པ་ལྷག་པར་དར་རྒྱས་སུ་མཛད། ཞིབ་པར་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་<<རྒྱ་གར་ཆོས་འབྱུང་>>དང༌། བུ་སྟོན་རིན་པོ་ཆེས་མཛད་པའི་<<ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད་>>སུམ་པ་མཁན་ཆེན་གྱིས་མཛད་པའི་<<ཆོས་འབྱུང་དཔག་བསམ་ལྗོན་བཟང་>>བཅས་སུ་གསལ།

 

༥. སངས་རྒྱས་འཁྲུངས་འདས་ཀྱི་བཞེད་ཚུལ་འདྲ་མིན་སྐོར།

 

སངས་རྒྱས་ཀྱི་འཁྲུངས་ལོ་དང་འདས་ལོ་བརྩི་སྟངས་ཐད་བཞེད་ཚུལ་མི་འདྲ་བ་མང་པོ་ཞིག་ཡོད་ཅིང༌། དེའི་རྒྱུ་མཚན་ནི་གཙོ་བོ་སངས་རྒྱས་མྱ་ངན་ལས་འདས་པའི་ལོ་དེ་ལ་བཤད་སྲོལ་མི་འདྲ་བ་མང་པོ་ཡོད་དེ། སངས་རྒྱས་དགུང་ལོ་བརྒྱད་ཅུ་ཐམ་པ་བཞུགས་པ་དེ་ཚང་མའི་བཞེད་པ་གཅིག་གྱུར་ཡིན་ནའང་མྱ་ངན་ལས་འདས་པའི་ལོ་དེའི་བརྩི་སྟངས་སྐོར་རྒྱུ་མཚན་བཤད་སྟངས་སྣ་ཚོགས་ཡོད། སངས་རྒྱས་ཤཱཀྱ་མུ་ནེ་མྱ་ངན་ལས་འདས་པའི་ལོ་དེར་བོད་ལ་བཤད་སྟངས་མི་འདྲ་བ་གསུམ་དང༌། རྒྱ་གར་དུ་བཤད་སྟངས་མི་འདྲ་བ་གཉིས་ཡོད་པ་དེ་ཚོ་ཚང་མའི་གནད་འགག་ཐུག་ས་ནི་སངས་རྒྱས་དགུང་ལོ་སུམ་ཅུ་ལོ་ལྔར་ཕེབས་པའི་ལོ་དེའི་བོད་ཟླ་བཞི་པའི་ཚེས་བཅོ་ལྔའི་དགོང་མོར་ཟླ་བ་གཟའ་འཛིན་བྱུང་བ་དང་སྲས་སྒྲ་གཅན་འཛིན་འཁྲུངས་པ་དུས་མཉམ་པར་བརྟེན་སངས་རྒྱས་ལོ་དེའི་ལོ་ཁམས་དང་ལོ་རྟགས་རྩིས་སྐབས་རྩིས་འབྲས་མི་འདྲ་བ་མང་པོ་ཡོང་གི་ཡོད་པ་རེད།
ལོ་རྩིས་ལ་གྲུབ་རྩིས་དང་བྱེད་རྩིས་གཉིས་ལས། གྲུབ་རྩིས་ནི་སངས་རྒྱས་ཆོས་ལུགས་ཀྱི་རང་ལུགས་ཡིན་པ་དང་བྱེད་རྩིས་ནི་མུ་སྟེགས་པའི་ལུགས་ཡིན་ཞིང༌། དུས་སྐབས་གང་ཞིག་ལ་གཟའ་འཛིན་ཡོད་མེད་དང༌། ཆེ་ཆུང་ཇི་ཙམ་ཟ་མིན། ཕྱོགས་གང་ནས་ཟ་མིན་སོགས་ཀྱི་ཐད་གྲུབ་རྩིས་དང། བྱེད་རྩིས། གཉིས་རྩིས་རྒྱག་སྟངས་མི་འདྲ་བ་ཡོད་པས། མཁས་པ་འགའ་ཤས་ཀྱིས་གྲུབ་རྩིས་གཙོ་བོར་བྱེད་པ་དང་མཁས་པ་འགའ་ཤས་ཀྱིས་བྱེད་རྩིས་གཙོ་བོར་བྱེད་ཀྱི་ཡོད་ལ་ཡང་གྲུབ་རྩིས་དང་བྱེད་རྩིས་ཟུང་འབྲེལ་བྱེད་མཁན་ཡང་ཡོད། མཁས་པ་ལ་ལའི་གསུངས་གསལ་ལྟར་ན་གཟའ་འཛིན་ཡོད་མེད་བལྟ་དགོས་ན་གྲུབ་རྩིས་ལས་བྱེད་རྩིས་ཐིག་པ་ཡོད་པ་དང༌། གཟའ་འཛིན་ཆེ་ཆུང་སོགས་ཀྱི་སྐོར་ལ་གྲུབ་རྩིས་དེ་བྱེད་རྩིས་ལས་ཐིག་པ་ཡོད་པ་རེད། དེ་ལྟར་ཁོང་ཚོའི་ཉམས་མྱོང་གི་ཐོག་ནས་རྩིས་སྟངས་མི་འདྲ་བ་མང་པོ་ཞིག་བྱུང་བར་བརྟེན་ལོ་རྒྱུས་ཐོག་སངས་རྒྱས་ཀྱི་འདས་ལོ་བརྩི་སྟངས་སྐོར་ལ་བཤད་ཚུལ་མང་པོ་ཡོང་དགོས་པའི་རྒྱུ་མཚན་དེར་ཐུག་པ་རེད། དེང་སང་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་མཁས་པ་མང་པོ་ཞིག་གིས་རྒྱ་གར་གྱི་སངས་རྒྱས་འདས་ལོ་བརྩི་སྟངས་མི་འདྲ་བ་གཉིས་ཀྱི་ནང་ནས་ཁ་ཆེ་པཎ་ཆེན་གྱི་ལུགས་དེ་གཙོ་བོར་བཟུང་གི་ཡོད། ཁ་ཆེ་པཎ་ཆེན་ལུགས་ཀྱི་བརྩི་སྲོལ་ལྟར་ན་(༡༩༥༦)ལོ་ལ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ཧྲིལ་པོ་སོང་བར་བརྟེན་ལོ་དེར་རྒྱ་གར་དུ་དྲན་གསོའི་ཚོགས་འཛོམས་བྱས་ཏེ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་རྣམ་གཉིས་གདན་ཞུས་ལྟར་ཕེབས་པ་རེད། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་བརྩི་སྟངས་ལྟར་(༡༩༥༦)ལོར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བ་རེད་ཟེར་བ་དེ་ཡང་དག་པ་ཞིག་ཡིན།
ཁ་ཆེ་པཎ་ཆེན་གྱི་འཁྲུངས་ལོ་དང་བོད་དུ་ཕེབས་པའི་ལོ་ལ་བོད་ཀྱི་མཁས་པ་འགའ་ཞིག་བཞེད་པ་མི་འདྲ་བ་ཡོད་ཀྱང༌། <<དེབ་ཐེར་སྔོན་པོ་>>ལྕགས་དཔར་མ་དེབ་གཉིས་པའི་(ཤོག་གྲངས་ ༡༢༣༧ ནས་ ༡༣༣༩ བར་)པཎ་ཆེན་གྱི་འཁྲུངས་ལོ་རབ་བྱུང་གཉིས་པའི་མེ་ལུག་(༡༡༢༧)ལོ་ཡིན་པ་དང༌། དགུང་ལོ་བདུན་ཅུ་དོན་བརྒྱད་པ་རབ་བྱུང་གསུམ་པའི་ཤིང་བྱི་(༡༢༠༤)ལོར་བོད་དུ་ཕེབས། དེ་ནས་རབ་བྱུང་བཞི་པའི་ཆུ་བྱ་(༡༢༡༣)ལོ་བར་བོད་དུ་བཞུགས། དེའི་ཕྱི་ལོ་ཁ་ཆེའི་ཡུལ་དུ་ཕེབས་ནས་གཞན་དོན་རྒྱ་ཆེན་པོ་མཛད། དགུང་ལོ་དགུ་བཅུ་གོ་དགུ་པ་རབ་བྱུང་བཞི་པའི་ཤིང་བྱ་(༡༢༢༥)ལོར་དགོངས་པ་མྱ་ངན་ལས་འདས་པ་ཡིན་པའི་རྒྱུ་མཚན་གསལ་བཤད་དང་བཅས་པ་གསུངས་པ་འདི་རང་ཁུངས་བཙན་པ་ཡིན། འཁྲུངས་ཡུལ་ནི་རྒྱ་གར་ནུབ་ཕྱོགས་ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་པྲ་ཝ་སུ་ར་ཞེས་བྱ་བར་ཡབ་ཚོང་དཔོན་ཆེན་པོ་སམ་པ་ཀ་ཡ་དང༌། ཡུམ་ཀུམ་པ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་མེ་ལུག་(༡༡༢༧)ལོར་འཁྲུངས། དགུང་ལོ་བཅུ་ནས་བཟུང་རིག་པའི་གནས་ལྔ་ལ་སྦྱངས་པ་མཐར་ཕྱིན་པ་མཛད། དགུང་ལོ་ཉེར་གསུམ་པར་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་མཁན་པོ་སུ་ཁ་ཤྲཱི་བྷ་དྲ་ལས་རབ་ཏུ་བྱུང༌། སློབ་དཔོན་ཤནྟ་ཀ་ར་གུཔྟ་དང་བློ་སྦས་སོགས་མཁས་གྲུབ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་སུམ་ཅུ་པ་ལ་སློབ་དཔོན་ཞི་བ་འབྱུང་སྦས་པའམ་རྒྱ་གར་སྐད་དུ་ཤནྟ་ཀ་ར་གུཔྟ་ཞེས་པས་མཁན་པོ་མཛད་དེ་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དེ་ནས་བཟུང་སྐུ་ཚེ་མ་རྫོགས་ཀྱི་བར་དུ་སྦྱངས་པའི་ཡོན་ཏན་ལ་གནས་པར་མཛད་ཅིང༌། པཎ་ཆེན་དེ་བ་པུ་ཎེ་སོགས་པཎྜི་ཏའི་བླ་མ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་ཆོས་བཀའ་མཐའ་ཡས་པ་གསན་ཅིང་མཁྱེན་པའི་པཎྜི་ཏ་ཆེན་པོར་གྱུར། རབ་བྱུང་གསུམ་པའི་ལྕགས་བྱ་(༡༢༠༡)ལོ་ནས་བཟུང་ནུབ་ཕྱོགས་ཏཱ་སིག་གི་ཡུལ་ནས་དུ་རུ་ཀའི་དམག་རྒྱ་གར་དུ་ཡོང་ནས་ཤར་ཕྱོགས་དང་ལྷོ་ཕྱོགས་མ་གཏོགས། ནུབ་དང༌། བྱང༌། དབུས་བཅས་ཡོངས་རྫོགས་བཙན་བཟུང་བྱས་ཏེ་ནང་པའི་གཙུག་ལག་ཁང་གྲགས་ཅན་ཨོ་ཏནྟ་པུ་རི་དང༌། བྲི་ཀཱ་མ་ལ་ཤཱི་ལ་སོགས་མང་དུ་བཅོམ་པར་བརྟེན། ནང་པའི་པཎྜི་ཏ་དང༌། མཁས་པ། རབ་བྱུང་བཅས་མང་ཆེ་བ་རྒྱ་གར་ཤར་ཕྱོགས་འབར་མ་དང༌། ཐའེ་ལནྡྲ། ཀམ་པོ་ཙེ་སོགས་སུ་བྲོས་ཕེབས་དགོས་བྱུང་བར་བརྟེན། ཁ་ཆེ་པཎ་ཆེན་སོགས་ཉུང་ཤས་ཤིག་རྒྱ་གར་བྱང་ཕྱོགས་བོད་དང་ཐག་ཉེ་བའི་བཻཌཱུརྱའི་ཚོང་འདུས་སུ་བྲོས་ཕེབས་ཏེ་དེར་ལོ་ངོ་གཅིག་ཙམ་བཞུགས་སྐབས་རབ་བྱུང་གསུམ་པའི་ཤིང་བྱི་(༡༢༠༤)ལོར་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་གྲོ་མོ་བརྒྱུད་ནས་བོད་དུ་གདན་དྲངས། སྐབས་དེར་ཁ་ཆེ་པཎ་ཆེན་དགུང་ལོ་བདུན་ཅུ་དོན་བརྒྱད་ལ་ཕེབས་ཤིང༌། མཉམ་དུ་ཕེབས་པའི་སློབ་མ་པཎྜི་ཏ་ཆུང་བ་ཡང་དགུ་ཙམ་ཡོད་ཅིང༌། ཁྲོ་ཕུ་ལོ་ཙཱ་བ་ནི་དགུང་ལོ་སུམ་ཅུ་སོ་གཉིས་ལས་མ་ཕེབས་པའི་སྐུ་གཞོན་ནུ་ཞིག་ཡིན་སྟབས་བཙུན་ཆུང་འདི་འདྲས་པཎྜི་ཏ་ཆེན་པོའི་ཆོས་གསུངས་པའི་ལོ་ཙཱ་བ་གོ་ཆོད་ཅིག་མི་ཡོང་བས་དེ་ལས་ཁོང་ལ་ཆོས་འགའ་ཞིག་གསུངས་ནས་རྒྱ་གར་དུ་ཕྱིར་ལོག་ཕེབས་དགོས་དགོངས། སྐབས་དེར་ལོ་ཙཱ་བས་སློབ་མ་པཎྜི་ཏ་རྣམས་ལ་སོ་སོས་མཁས་པར་བཞེད་པའི་གཞུང་གི་ནང་ནས་དཀའ་གནད་མང་པོ་ཕན་ཚུན་བགྲོ་གླེང་མཛད་པ་དེ་པཎ་ཆེན་གྱིས་ཞོར་ལ་གསན་པས་ཐུགས་ཧ་ལས་ཏེ། བོད་ལ་ལོ་ཙཱ་བ་གཞོན་ནུ་མཁས་པ་ཆེན་པོ་འདི་འདྲ་ཡོད་པ་ངོ་མཚར་ཆེ་གསུངས་ནས་བོད་དུ་ཕེབས། མངའ་རིས། གཙང༌། དབུས། ལྷོ་ཁ་སོགས་ས་གནས་མང་པོར་ཆོས་གསུངས་ཏེ་འབུལ་བ་དཔག་ཏུ་མེད་པ་བྱུང་བ་ཐམས་ཅད་ལོ་ཙཱ་བས་བྱམས་ཆེན་གྱི་སྐུ་རྟེན་བཞེངས་པའི་ཆ་རྐྱེན་དུ་གནང༌། བོད་དུ་ལོ་བཅུའི་རིང་བཞུགས་ཏེ་ནང་བསྟན་ཆོས་ལུགས་ཀྱི་ཁྲིད་དང༌། ལག་ལེན། སོ་ཐར་གྱི་སྡོམ་རྒྱུན་བཅས་དར་སྤེལ་གནང་ཞིང༌། རབ་བྱུང་བཞི་པའི་མེ་ཡོས་(༡༢༠༧)ལོར་ལྷོ་ཁ་ཐང་པོ་ཆེའི་དགོན་པར་བཞུགས་སྐབས་བོད་ཀྱི་ཟླ་བ་གསུམ་པའི་ཚེས་ལྔ་ཉིན་སངས་རྒྱས་འདས་ལོའི་བསྟན་རྩིས་མཛད་སྐབས། སངས་རྒྱས་མྱ་ངན་ལས་འདས་པའི་མེ་སྦྲུལ་སྤྱི་ལོའི་གོང་གི་(༥༤༤)ལོ་ནས་གོང་ལོའི་བར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་(༡༧༥༠)དང་ཟླ་བ་གཉིས་དང་ཟླ་ཕྱེད་སོང་ཞེས་གསུངས་པ་དེ་དེང་སང་འཛམ་གླིང་ཡོངས་གྲགས་སུ་གནས་བརྟན་སྡེ་པའི་ལུགས་ཀྱི་བསྟན་རྩིས་ཞེས་བརྗོད་སྲོལ་ཡོད་པ་དེ་ཡིན། བསྟན་རྩིས་དེ་མཛད་པའི་དུས་ཚོད་ནི་མཁས་དབང་འགའ་ཞིག་གིས་པཎ་ཆེན་བོད་དུ་ཕེབས་པའི་ཤིང་བྱི་ལོ་དེ་རང་ཡིན་པར་གསུངས་ཀྱང་དེ་ལྟར་མིན་པར་དེ་ནས་ལོ་གསུམ་འདས་པ་རབ་བྱུང་བཞི་པའི་མེ་ཡོས་(༡༢༠༧)ལོ་དེ་རང་ཡིན་ནོ། །དགུང་ལོ་གྱ་བརྒྱད་པ་རང་བྱུང་བཞི་པའི་ཤིང་ཁྱི་(༡༢༡༤)ལོར་བོད་ནས་ཁ་ཆེའི་ཡུལ་དུ་ཕྱིར་ཕེབས་གནང་སྟེ། ཡུལ་དེར་བར་སྐབས་ནང་བསྟན་ཆོས་ལུགས་ཉམས་གུད་སོང་བ་རྣམས་སླར་གསོ་དང༌། ཅུང་ཟད་ཡོད་པ་རྣམས་དར་སྤེལ་མཛད་དེ་དགུང་ལོ་གོ་དགུ་པ་རབ་བྱུང་བཞི་པའི་ཤིང་བྱ་(༡༢༢༥)ལོར་ཡུལ་དེར་མྱ་ངན་ལས་འདས། པཎ་ཆེན་འདིའི་ལོ་རྒྱུས་རྒྱས་པ་ཁ་བྱང་དུ་<<ཁ་ཆེ་པཎ་ཆེན་གྱི་རྣམ་ཐར་རིན་པོ་ཆེའི་ཕྲེང་བ་>>ཞེས་དང༌། མཛད་བྱང་དུ་མངྒ་ལ་ཏི་ཥྛ་མ་ཁ་ཨརྱ་ཞེས་(ས་སྐྱའི་འཇམ་དབྱངས་རིན་ཆེན་གྱི་སློབ་མ་)འཁོད་པ་དབུ་མེད་བྲིས་མ་དཔེ་རིང་ཤོག་གྲངས་(༡༥)ཡོད་པ་ཞིག་དང༌། <<དེབ་ཐེར་སྔོན་པོ་>>ལྕགས་དཔར་མ་དེབ་གཉིས་པ། <<ཆོས་འབྱུང་མཁས་པའི་དགའ་སྟོན་>>ལྕགས་དཔར་མ་དེབ་དང་པོ་བཅས་ལ་གསལ་བ་དེ་རྣམས་ཕན་ཚུན་བསྡུར་ནས་གཟིགས་ན་ཧ་ཅང་ཆ་ཚང་པོ་ཡོད།
དེང་སང་འཛམ་གླིང་ཐོག་ཏུ་ལོ་རྒྱུས་མཁས་པ་མང་ཆེ་བས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་དེ་ཁས་ལེན་གྱི་ཡོད། འོན་ཀྱང་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ལྟར་(༡༩༥༦)ལོ་ལ་སངས་རྒྱས་མྱ་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་སོང་བ་དེ་ནས་ཡར་ཕྱི་ལོག་རྒྱབ་ནས་རྩིས་ཤིག་བརྒྱབ་ན་སངས་རྒྱས་དགུང་ལོ་༣༥ ལ་ཕེབས་པའི་ལོ་དེའི་བོད་ཟླ་བཞི་པའི་ཚེས་བཅོ་ལྔའི་དགོང་མོ་ཟླ་བ་གཟའ་འཛིན་གྱི་རི་མོ་ཡོང་གི་ཡོད་མེད་དང་དེའི་དགོང་མོ་རྒྱ་གར་ལ་ཟླ་བ་གཟའ་འཛིན་བྱུང་ཡོད་མེད་དེ་ད་ལྟ་བརྟག་དཔྱད་ཞིབ་འཇུག་བྱེད་དགོས་པ་ཞིག་ཡིན།
བོད་ཀྱི་སྨན་རྩིས་ཁང་གི་ལུགས་དེ་ཕུག་ལུགས་ཡིན། ཕུག་ལུགས་ནི་རྒྱ་མཚོ་རྣམ་གསུམ་གྱི་ཡ་གྱལ་(རྒྱ་མཚོ་རྣམ་གསུམ་ནི་ཕུག་པ་ལྷུན་གྲུབ་རྒྱ་མཚོ་དང༌། གཙང་ཆུང་ཆོས་གྲགས་རྒྱ་མཚོ། མཁས་གྲུབ་ནོར་བཟང་རྒྱ་མཚོ་བཅས་གསུམ་ལ་ཟེར་)ཕུག་པ་ལྷུན་གྲུབ་རྒྱ་མཚོའི་བཞེད་པ་ཡིན་ཅིང༌། ལུགས་དེ་ལྟར་ན་༡༩༥༦ལོ་ནས་ཡར་རྩིས་དུས་སངས་རྒྱས་དགུང་ལོ་༣༥ལ་ཕེབས་པའི་ལོ་དེའི་བོད་ཟླ་བཞི་པའི་ཚེས་བཅོ་ལྔའི་དགོང་མོར་ཟླ་བ་གཟའ་འཛིན་གྱི་རི་མོ་ཡོང་གི་མེད་ལ། སྨན་རྩིས་ཁང་རང་གི་ལུགས་ལྟར་ན་༡༩༥༦ལོར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་མིན་ཙམ་ཞིག་སོང་ཡོད།
ཕུག་ལུགས་ལོ་ཆེན་དྷརྨ་ཤྲཱིའི་ལུགས་ལྟར་ན་རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་(༡༩༥༦)ལོ་ལ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་བརྒྱད་བརྒྱ་སོ་དྲུག་སོང་ཡོད། ལོ་ཆེན་དྷརྨ་ཤྲཱི་ནི་སྨིན་གྲོལ་གླིང་གི་མཁས་པ་ཆེན་པོ་ཞིག་ཡིན་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སློབ་མ་ཡིན་པ་དང༌། བོད་དུ་སོག་པོ་ཇུན་གར་གྱི་དམག་ཡོང་དུས་ཇུན་གར་གྱིས་སྐུ་བཀྲོངས་པ་རེད། ཁོང་གིས་མཛད་པའི་<<རྩིས་གཞུང་ཉིན་བྱེད་སྣང་བ་>>ཞེས་པ་དེ་སྨན་རྩིས་ཁང་གི་བརྩི་སྟངས་དང་གཅིག་མཚུངས་ཡིན། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་རྟ་(༡༦༥༤)ལོར་སྔགས་དགོན་དར་རྒྱས་གླིང་དུ་འཁྲུངས་ཤིང༌། རབ་བྱུང་བཅུ་གཉིས་པའི་ས་ཁྱི་(༡༧༡༨)ལོར་སོག་པོ་ཇུན་གར་གྱིས་བཀྲོངས། བོད་ཀྱི་རབ་བྱུང་བཅུ་གཅིག་པའི་ལྕགས་བྱ་(༡༦༨༡)ལོར་<<རྩིས་གཞུང་ཉིན་བྱེད་སྣང་བ་>>མཛད་པ་དང༌། དེ་ནས་ལོ་ལྔ་སོང་རྗེས་མེ་སྟག་(༡༦༨༦)ལོར་<<རྩིས་གཞུང་ཉིན་བྱེད་སྣང་བ་>>ཡི་འགྲེལ་པ་<<རྣམ་འགྲེལ་གསེར་ཤིང་>>ཟེར་བ་མཛད། གཞན་ཡང་ད་དུང་སྙན་ངག་དང༌། སྨན་གཞུང༌། སྐར་རྩིས། དེ་བཞིན་ཁོང་གི་བླ་མ་གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེའི་རྣམ་ཐར་སོགས་གསུང་རྩོམ་མང་པོ་ཡོད། ལོ་ཆེན་དྷརྨ་ཤྲཱིའི་བཞེད་པ་དེ་ཡང་མིག་སྔར་སྨན་རྩིས་ཁང་གི་རང་ལུགས་ཡིན།
ཇོ་བོ་རྗེ་ཡི་ལུགས། ཇོ་བོ་རྗེ་ཨ་ཏི་ཤ་བོད་ལ་ཕེབས་རྗེས་སངས་རྒྱས་འདས་ལོའི་བསྟན་རྩིས་ཤིག་མཛད་པ་དེ་ལ་ཨ་ཏི་ཤའི་ལུགས་ཟེར། ཇོ་བོ་རྗེ་དགུང་ལོ་དྲུག་ཅུ་རེ་གཅིག་ལ་ཕེབས་པ་རབ་བྱུང་དང་པོའི་ལྕགས་འབྲུག་གི་ལོ་ལ་རྒྱ་གར་ནས་ཕེབས་རྡོག་ཐོན་ཏེ་བལ་ཡུལ་དུ་ལོ་གཅིག་ཙམ་བཞུགས་ཐོག་ཆུ་སྟག་གི་ལོ་ལ་མངའ་རིས་སུ་ཕེབས་ནས་མངའ་རིས་སུ་ལོ་གསུམ་དང༌། ལྷ་ས་སྙེ་ཐང་དུ་ལོ་དགུ། དེ་མིན་ས་ཆ་གཞན་དུ་ལོ་ཁ་ཤས་བཅས་བོད་ལ་ཁྱོན་བསྡོམས་ལོ་(༡༧)བཞུགས་ཏེ་མཐར་སྙེ་ཐང་(ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཁོངས་)དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། སྙེ་ཐང་སྒྲོལ་མ་ལྷ་ཁང་དང་མི་རིང་བའི་སར་ཞིང་ཁའི་དཀྱིལ་དུ་སྔོན་མ་ས་སྤུངས་ཆེན་པོ་ཞིག་ཡོད་པ་དེའི་ནང་ཇོ་བོ་རྗེའི་པུར་ཐལ་ཡོད་སྐད། ཇོ་བོ་རྗེ་བོད་ལ་ཕེབས་ནས་བོད་ཀྱི་རབ་བྱུང་དང་པོའི་ལྕགས་ཡོས་(༡༠༥༡)ལོར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ག་ཚོད་སོང་མིན་གྱི་བསྟན་རྩིས་ཤིག་མཛད་པ་དེ་ལ་ཇོ་བོ་རྗེའི་ལུགས་ཟེར།
ཆིམས་ནམ་མཁའ་གྲགས་དེ་ནི་བཀའ་གདམས་པའི་དགེ་བཤེས་མཁས་པ་ཆེན་པོ་ཞིག་ཡིན་པ་དང༌། ལྷག་པར་དུ་མངོན་པ་མཛོད་ལ་ཤིན་ཏུ་བྱང་ཆུབ་པ་ཞིག་ཡིན། ཡོན་རྒྱལ་རབས་ཀྱི་སྐབས་སུ་བྱང་རྒྱུད་ནས་ནང་སར་ཕེབས་ཏེ་མངོན་པ་མཛོད་ཀྱི་འགྲེལ་པ་སྐད་གྲགས་ཅན་དེ་ཡོན་རྒྱལ་རབས་ཀྱི་རྒྱལ་ས་རྙིང་པ་ཧྲང་ཏུའུ་རུ་བྲིས་གནང་བ་རེད། ཁོང་དང་ཇོ་བོ་རྗེ་རྣམ་གཉིས་སངས་རྒྱས་ཀྱི་འདས་ལོའི་ཐད་བཞེད་པ་གཅིག་མཚུངས་ཡིན།
མཚོ་སྣ་བ་ཤེས་རབ་བཟང་པོ་ཞུ་བ་དེའི་འཁྲུངས་འདས་ལོ་རྒྱུས་དཔེ་ཆ་དངོས་སུ་མཇལ་མ་མྱོང་ཡང༌། ཁོང་གི་སློབ་མ་གྲགས་དཔོན་མཁན་ཆེན་ཆོས་ཁྱབ་བཟང་པོ་ནི་རྗེ་ཙོང་ཁ་པའི་བླ་མ་ཡིན་པས་མཚོ་སྣ་བ་ཤེས་རབ་བཟང་པོ་དང་ཙོང་ཁ་པ་རྣམ་གཉིས་ཞལ་མཇལ་མྱོང་མེད། ཁོང་ནི་འདུལ་བ་ལ་ཤིན་ཏུ་མཁས་པ་ཞིག་ཡིན།
གྲུབ་ཐོབ་དབང་རྒྱལ་པ་རིན་ཆེན་དཔལ་ཞུ་བ་ནི་བཀའ་བརྒྱུད་པའི་བླ་མ་སྐད་གྲགས་ཆེ་བ་ཞིག་ཡིན་ལ་ལྷག་པར་སྐར་རྩིས་ལ་ཤིན་ཏུ་མཁས་པ་ཞིག་ཡིན། ཁོང་ཡང་ཡོན་རྒྱལ་རབས་ཀྱི་རྒྱལ་ས་ཧྲང་ཏུའུ་ལ་ཕེབས་མྱོང་ཡོད། ཁོང་གི་ལོ་རྒྱུས་ནི་བཀའ་བརྒྱུད་པའི་བླ་མ་མང་པོའི་རྣམ་ཐར་ནང་གསལ་པོ་འཁོད་ཡོད་ལ་<<དེབ་ཐེར་དམར་པོའི་མཆན་འགྲེལ་>>ནང་དུའང་མདོར་བསྡུས་ཤིག་བཀོད་ཡོད།          གཡུང་སྟོན་རྡོ་རྗེ་དཔལ་བ་ཞུ་བ་དེ་ནི་རྙིང་མའི་བླ་མ་མཚན་སྙན་གྲགས་ཧ་ཅང་ཆེ་བ་ཞིག་ཡིན། ཁོང་ཡང་གདན་ཞུས་ལྟར་ཡོན་རྒྱལ་རབས་ཀྱི་རྒྱལ་སར་ཕེབས་ཏེ་ལོ་ཤས་བཞུགས་མྱོང་ཡོད། ཁོང་གི་ལོ་རྒྱུས་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་ཕལ་མོ་ཆེའི་ནང་ཡོད་ལ་<<དེབ་ཐེར་དམར་པོའི་མཆན་འགྲེལ་>>ནང་དུའང་བཀོད་ཡོད།
བུ་སྟོན་རིན་ཆེན་གྲུབ་ནི་བོད་ཀྱི་བླ་མ་མཚན་སྙན་ཆེ་བ་ཞིག་དང་རྗེ་ཙོང་ཁ་པས་ཀྱང་ཁོང་ལ་བུ་སྟོན་ཐམས་ཅད་མཁྱེན་པ་ཞེས་གདེང་འཇོག་ཆེན་པོ་གནང་གི་ཡོད། ཁོང་གི་གསུང་འབུམ་ལ་དབུ་མ་དང༌། ཕར་ཕྱིན། མཛོད་སོགས་གཞུང་ཆེན་ཁག་དང༌། དེ་བཞིན་གསང་སྔགས་དང༌། ལོ་རྒྱུས། སྒྲ་སོགས་པོད་སུམ་ཅུ་སོ་དྲུག་ཙམ་ཡོད་པ་དེ་དག་སྔོན་མ་མང་ཆེ་བ་བྲིས་མ་ལས་པར་མ་མེད་ཀྱང་རྗེས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་དུས་སུ་གསུང་འབུམ་ཆ་ཚང་པར་གསར་པ་བརྐོས་གནང་ནས་ད་ལྟ་པར་ཤིང་རྣམས་ལྷ་ས་ཞོལ་པར་ཁང་དུ་ཡོད།
མཁས་གྲུབ་དགེ་ལེགས་དཔལ་བཟང་ཞུ་བ་ནི་རྗེ་ཙོང་ཁ་པའི་སློབ་མ་གཙོ་བོ་གཉིས་ཀྱི་ཡ་གྱལ་ཡིན་ལ་པཎ་ཆེན་རིན་པོ་ཆེའི་སྐུ་ཕྲེང་གི་གྲས་ཡིན་ཅིང༌། ཁོང་ནི་སྐར་རྩིས་ལ་ཤིན་ཏུ་མཁས་པ་ཞིག་ཡིན་པས་ཁོང་གིས་མཛད་པའི་དུས་འཁོར་གྱི་འགྲེལ་པ་དཔེ་ཆ་པོད་བཞི་ཡོད། ཁོང་གི་མཛད་རྣམ་ནི་དགེ་ལུགས་པའི་<<དགའ་ལྡན་ཆོས་འབྱུང་>>ཟེར་བའི་དཔེ་ཆ་མང་ཆེ་བར་ཡོད།
བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཞུ་བ་ནི་རྗེ་ཙོང་ཁ་པས་གསང་སྔགས་ཀྱི་ཆོས་དང་པོ་གསན་གནང་ས་དེ་རེད། ཁོང་ནི་ས་སྐྱའི་བླ་མ་ཡིན་པ་དང་གསུང་རྩོམ་དཔེ་ཆ་མང་པོ་ཡོད། ཡོངས་གྲགས་སུ་<<རྒྱལ་རབས་གསལ་བའི་མེ་ལོང་>>ཞེས་པའི་ལོ་རྒྱུས་དཔེ་ཆ་དེའི་མཛད་པ་པོ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཡིན་པར་འདོད་ཀྱང་ལ་ལས་<<རྒྱལ་རབས་གསལ་བའི་མེ་ལོང་>>ནང་ནོར་འཁྲུལ་ཧ་ཅང་མང་བས་ཁོང་གིས་མཛད་པ་གཏན་ནས་མིན་ཏེ་ཁོང་ནི་ཡོན་ཏན་ཆེ་བས་ནོར་འཁྲུལ་མང་པོ་དེ་འདྲ་ཡོང་མི་སྲིད་ཟེར། ཁོང་གི་མཛད་རྣམ་སྐོར་<<ས་སྐྱའི་གདུང་རབས་རིན་ཆེན་གཏེར་མཛོད་>>སོགས་ནང་རྒྱས་པོ་ཡོད།
ཇོ་ནང་ཕྱོགས་ལས་རྣམ་རྒྱལ་ཞུ་བ་ནི་ཇོ་ནང་པའི་ལུགས་ཡིན་ཅིང༌། དེའང་ཐོག་མར་དོལ་པོ་བ་ཤེས་རབ་རྒྱལ་མཚན་བརྒྱུད་དེ་ཇོ་ནང་གི་ལྟ་བ་དེ་བྱུང་བ་ཞིག་ཡིན། ཇོ་ནང་ཕྱོགས་ལས་རྣམ་རྒྱལ་ནི་བོད་ཀྱི་རབ་བྱུང་ལྔ་པའི་མེ་རྟ་(༡༣༠༦)ལོར་འཁྲུངས་ཤིང༌། རབ་བྱུང་དྲུག་པའི་མེ་སྟག་(༡༣༨༦)ལོར་འདས། ཁོང་གིས་མཛད་པའི་སྐར་རྩིས་དཔེ་ཆ་ཧ་ཅང་མང་པོ་ཡོད། མཛད་རྣམ་ལོ་རྒྱུས་ཆ་ཚང་བ་ད་བར་མ་མཇལ་ལགས།
བྱང་པ་བདག་པོ་རྣམ་རྒྱལ་གྲགས་བཟང་རབ་བྱུང་བདུན་པའི་ཤིང་ཕག་(༡༣༩༥)ལོར་འཁྲུངས་ཤིང༌། རབ་བྱུང་བརྒྱད་པའི་ཤིང་ལུག་(༡༤༧༥)ལོར་འདས་ཞུ་བ་སྟེ་བདག་པོ་ནི་རྒྱལ་པོའི་དོན་ཡིན་ཅིང༌། ཡོན་རྒྱལ་རབས་ཀྱིས་ཤི་ཤཱ་(མི་ཉག་)གཏོར་རྗེས་ཤི་ཤཱ་ཡི་རྒྱལ་པོ་མཐའ་མ་དེ་བོད་ལ་བྲོས་ཡོང་ནས་བྱང་ངམ་རིང་ཆོས་རྒྱལ་ཞེས་པའི་མི་རྒྱུད་དེ་བྱུང་ཞིང༌། བྱང་པ་བདག་པོ་སྟེ་བྱང་ངམ་རིང་གི་རྒྱལ་པོ་དེ་ལ་བྱང་པ་བདག་པོ་ཟེར། བྱང་པ་བདག་པོ་རྣམ་རྒྱལ་གྲགས་བཟང་ཞུ་བ་དེ་རྒྱལ་པོ་ཡིན་པ་ལ་རིག་གནས་དང་སྐར་རྩིས་མདོ་སྔགས་བཅས་ཚང་མར་མཁས་པོ་ཡོད་ཅིང༌། ཁོང་གིས་མཛད་པའི་སྨན་གཞུང་གི་དཔེ་ཆ་ཡང་ཧ་ཅང་མང་པོ་ཡོད། ཏཱ་ལའི་བླ་མ་དགེ་འདུན་གྲུབ་དང་ཁོང་རྣམ་གཉིས་ཕན་ཚུན་གཏོང་རེས་མཛད་པའི་ཕྱག་བྲིས་མང་པོ་ཡོད།
ཐང་པ་ཀུན་དགའ་རྒྱལ་མཚན་ཞུ་བ་ཞིག་ཡོད་པ་དེའི་ལོ་རྒྱུས་ཁ་གསལ་ད་ཕན་དམིགས་བསལ་མཇལ་མ་བྱུང༌།
པཎ་ཆེན་བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ་(རབ་བྱུང་བདུན་པའི་ལྕགས་འབྲུག་(༡༤༠༠)ལོར་འཁྲུངས་ཤིང༌། རབ་བྱུང་བརྒྱད་པའི་ཤིང་ལུག་(༡༤༧༥)ལོར་འདས་)ཞུ་བ་ནི་མཁས་པ་ཆེན་པོ་ཞིག་ཡིན། ཁོང་གིས་ས་སྐྱ་པཎ་ཆེན་གྱི་ས་སྐྱ་ལེགས་བཤད་ནང“སེམས་ཅན་གྲོག་མར་མིག་མེད་ཀྱང༌། །མིག་ལྡན་གཞན་ལས་ལྷག་པར་མགྱོགས”ཞེས་གསུངས་པ་དེར་ཟུར་ཟ་མཛད་མྱོང་ཡོད་པ་དང་ཁོང་གིས་མཛད་པའི་གསུང་རྩོམ་ཡང་མང་པོ་ཡོད།
འགོས་ལོ་གཞོན་ནུ་དཔལ་ཞུ་བ་ནི་རབ་བྱུང་བདུན་པའི་ཆུ་སྤྲེལ་(༡༣༩༢)ལོར་འཁྲུངས་ཤིང་རབ་བྱུང་བརྒྱད་པའི་ལྕགས་གླང་(༡༤༨༡)ལོར་སྐུ་འདས། བོད་ཀྱི་ལོ་རྒྱུས་དེབ་ཐེར་སྔོན་པོ་བྲིས་གནང་མཁན་དེ་ཡིན། ཁོང་གི་རྣམ་ཐར་བྲིས་མ་ཤོག་གྲངས་སུམ་བརྒྱ་ལྷག་ཙམ་ཡོད་པ་ཞིག་ཁོ་བོས་མཇལ་མྱོང༌། རྣམ་ཐར་མདོར་བསྡུས་ཤིག་<<དེབ་ཐེར་སྔོན་པོ་>>དེང་སྐབས་ཟི་ཁྲོན་པར་མ་དེབ་གཟུགས་དེའི་འགོ་རུ་བྲིས་ཡོད། ཁོང་ནི་སྐར་རྩིས་ལ་ཤིན་ཏུ་མཁས་པ་ཞིག་ཡིན། <<དེབ་ཐེར་སྔོན་པོ་>>དེ་ཁོང་འདས་ཁར་བརྩམས་གནང་བ་ཞིག་རེད།
དཔའ་པོ་གཙུག་ལག་ཕྲེང་བ་(རབ་བྱུང་བརྒྱད་པའི་ཤིང་བྱི་(༡༥༠༤)ལོར་འཁྲུངས་ཤིང༌། རབ་བྱུང་དགུ་པའི་མེ་སྟག་(༡༥༦༦)ལོར་འདས་)ནི་བཀའ་བརྒྱུད་པའི་བླ་མ་གྲགས་ཅན་ཞིག་ཡིན། རྒྱུན་དུ་ལྷོ་བྲག་རྒྱུད་དུ་བཞུགས་ཀྱི་ཡོད། ཁོང་གིས་མཛད་པའི་<<མཁས་པའི་དགའ་སྟོན་>>ཟེར་བའི་ལོ་རྒྱུས་དཔེ་ཆའི་ནང་ཁོང་གིས་གཟིགས་མྱོང་བའི་དཔྱད་གཞི་ཚང་མ་ཐད་ཀར་དྲངས་གནང་ཡོད་ཅིང༌། སྔོན་མ་ཁོང་གིས་གཟིགས་མྱོང་བའི་དཔེ་ཆ་མང་པོ་ཞིག་ད་ལྟ་མཐོང་རྒྱུ་མེད། དེར་བརྟེན་སྐབས་དེ་དུས་ཁོང་གིས་གཟིགས་མྱོང་བའི་དཔྱད་གཞི་དེ་དག་<<མཁས་པའི་དགའ་སྟོན་>>ནང་བཀོད་གནང་སྟབས་དེང་སང་ང་ཚོར་མཇལ་རྒྱུ་བྱུང་བ་རེད། ཁོང་གིས་གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོའི་བར་བཙན་པོ་སུམ་ཅུ་སོ་གཅིག་གི་ལོ་རྒྱུས་ཆ་ཚང་ཡོད་པའི་དཔེ་ཆ་མང་པོ་ཞིག་གཟིགས་མྱོང་འདུག་པ་དེ་ཚོའི་ཞལ་བྱང་ཡང་བཀོད་འདུག་ཀྱང་ནང་དོན་དུམ་བུ་འགའ་རེ་ལས་ཆ་ཚང་བཀོད་མེད་ཅིང༌། <<རྒྱལ་རབས་གསལ་བའི་མེ་ལོང་>>ནང་དུའང་དེ་སྔ་དཔེ་ཆ་དེ་འདྲ་ཞིག་ཡོད་པའི་སྐོར་གསལ་འདུག་ལ་དཔེ་ཆ་དེ་ཚོ་ཕལ་ཆེར་ལྷོ་བྲག་རྒྱུད་དུ་ཡོད་ཚོད་འདུག གཞན་ཡང་ཁོང་གིས་མཛད་པའི་རྩིས་དང༌། སྙན་ངག སུམ་རྟགས། སྨན་གཞུང་སོགས་ཀྱི་དཔེ་ཆ་མང་པོ་ཡོད།
འབྲུག་པ་པདྨ་དཀར་པོ་སྟེ་འབྲུག་པ་སྐྱབས་མགོན་(རབ་བྱུང་དགུ་པའི་མེ་ཕག་(༡༥༢༧)ལོར་འཁྲུངས་ཤིང་རབ་བྱུང་བཅུ་པའི་ཆུ་འབྲུག་(༡༥༩༢)ལོར་འདས་)ཞུ་བ་དེ་ཡིན་ཅིང༌། ཁོང་གིས་མཛད་པའི་སྨན་གཞུང་དང༌། རྩིས། ལོ་རྒྱུས། སྙན་ངག་སོགས་དཔེ་ཆ་པར་མ་མང་པོ་ཡོད།
འཇམ་དབྱངས་མདོ་སྔགས་བསྟན་འཛིན་ཞུ་བ་ཞིག་བྱུང་འདུག་པ་དེའི་མཛད་རྣམ་ལོ་རྒྱུས་དམིགས་བསལ་ད་ཕན་མཇལ་མ་མྱོང་བར་བརྟེན་ཞུ་ཚོད་ཐིག་མ་སོང༌།
སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་(རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ་(༡༧༠༤)ལོར་འཁྲུངས་ཤིང་རབ་བྱུང་བཅུ་གསུམ་པའི་ས་སྤྲེལ་(༡༧༨༨)ལོར་འདས་)ཞུ་བ་ནི་ཨ་མདོ་དགོན་ལུང་དགོན་པའི་བླ་མ་སྐད་གྲགས་ཆེན་པོ་ཞིག་ཡིན་ཞིང༌། གོང་མ་ཆན་ལུང་གི་དུས་ལ་པེ་ཅིན་དུའང་ཕེབས་ཏེ་ལོ་ཤས་བཞུགས་མྱོང་ཡོད། ཁོང་གི་གསུང་རྩོམ་དཔེ་ཆ་ཧ་ཅང་མང་པོ་ཡོད་པ་དང་དེའི་ནང་ནས་<<སུམ་པ་ཆོས་འབྱུང་>>ཞེས་པ་དེ་འཛམ་གླིང་ཐོག་སྐད་གྲགས་ཡོད་པ་ཞིག་ཡིན་པས་ཕྱི་རྒྱལ་གྱི་ཡི་གེར་ཡང་པར་མང་པོ་བཀོད་ཡོད། ལྷག་པར་དུ་ཁོང་གི་རང་རྣམ་དེ་ཧ་ཅང་དྲང་པོ་དྲང་བཞག་བྲིས་གནང་ཡོད་པ་སྟེ་སྐབས་དེ་དུས་སྤྱི་ཚོགས་ནང་གནས་ཚུལ་ངོ་མ་དངོས་སུ་སྤྱན་གྱིས་གཟིགས་མྱོང་བ་དང་གསན་མྱོང་བ་མང་པོ་ཞིག་བྲིས་གནང་ཡོད་པ་དེ་དག་ད་ཆ་བོད་ཀྱི་དེ་སྔའི་སྤྱི་ཚོགས་དང་ལོ་རྒྱུས་ལ་བརྟག་དཔྱད་བྱ་རྒྱུར་རིན་ཐང་ཤིན་ཏུ་ཆེན་པོ་ལྡན་ཡོད།
རྒྱ་ཡིག་གི་ཙནྡན་ཇོ་བོའི་ལོ་རྒྱུས་ནང་སངས་རྒྱས་འཁྲུངས་པའི་ལོ་དེ་ཆུ་སྤྲེལ་ཡིན་ཚུལ་འཁོད་ཡོད། ཙནྡན་ཇོ་བོ་ནི་ཤིང་ཙནྡན་ལས་བཞེངས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་བརྙན་ཏེ་དེང་སང་པེ་ཅིང་གི་གོང་མའི་ཕོ་བྲང་ནང་དུ་ཡོད་པ་དེ་ཡིན། འདི་རྒྱ་ཡིག་གི་ལོ་རྒྱུས་ནང་འཁོད་པར་གཞིགས་ན། སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་འཁྲུངས་རྗེས་ཞག་བདུན་ན་ཡུམ་སྒྱུ་མ་ལྷ་མཛེས་འདས་ནས་ལྷ་ཡུལ་དུ་སྐྱེས། སངས་རྒྱས་དགུང་ལོ་སུམ་ཅུ་པ་ལ་སངས་རྒྱས་དེ་ནས་ལོ་བརྒྱད་སོང་བ་ན་རང་ཉིད་ཀྱི་ཡུམ་ལྷ་ཡུལ་དུ་སྐྱེས་པ་དེ་ལ་དྲིན་ལན་གསབ་པའི་ཕྱིར་དུ་ཆོས་གསུངས་པར་ལྷ་ཡུལ་དུ་ཕེབས་ཏེ་ཟླ་བ་ཁ་ཤས་བཞུགས་རིང༌། རྒྱལ་པོ་ཨུ་ཏྲ་ཡ་ནས་སངས་རྒྱས་ཧ་ཅང་དྲན་ནས་ཤིང་ཙནྡན་ལས་སངས་རྒྱས་ཀྱི་སྐུ་བཞེངས། སངས་རྒྱས་ལྷ་ཡུལ་ནས་ཕྱིར་ལོག་ཕེབས་སྐབས་སྐུ་དེས་བཞེངས་ནས་གོམ་པ་ཁ་ཤས་བར་བསུ་བ་བྱས། དེ་ནས་སངས་རྒྱས་རང་ཉིད་ཀྱི་ཕྱག་གཡས་པ་ཙནྡན་གྱི་སྐུ་དེའི་དབུར་བཞག་ནས། ང་མྱ་ངན་ལས་འདས་ནས་ལོ་སྟོང་ལོན་པའི་ཚེ། སྐུ་ཁྱོད་ཀྱིས་རྒྱ་ནག་གི་ཡུལ་དུ་སེམས་ཅན་གྱི་དོན་བྱེད་པར་འགྱུར་ཞེས་ལུང་བསྟན་གནང་བ་ལྟར། དེ་ནས་བཟུང་ལོ་ཆིག་སྟོང་ཉིས་བརྒྱ་གྱ་ལྔའི་བར་རྒྱ་གར་ཡུལ་དུ་མཆོད་གནས་སུ་བཞུགས། དེ་ནས་ཁིའུ་ཆི་ཞེས་བྱ་བའི་ཡུལ་དུ་ལོ་དྲུག་ཅུ་རེ་བརྒྱད་བཞུགས། དེའི་དུས་སུ་རྒྱ་ནག་བྱང་ཕྱོགས་སུ་ཆིན་རྒྱལ་ཁབ་སྔོན་མས་སྲིད་དབང་བཟུང་བའི་སྐབས་ཡིན་པས་དེའི་གོང་མ་གསུམ་པ་ཞོན་ཀྲའོ་རྟིས་ཧྥུ་ཅིའན་གྱིས། དམག་དཔོན་ཆེན་པོ་ལུའི་བཀང་ཞེས་པ་རྒྱ་གར་གྱི་ཡུལ་དུ་མངགས་ཏེ་རྒྱ་གར་གྱི་རྒྱལ་ཕྲན་འགའ་ཞིག་མངའ་འོག་ཏུ་བསྡུས། ཇོ་བོའི་སྐུ་བརྙན་འདི་དང༌། སྟོན་པའི་རིང་བསྲེལ་ཤ་རི་རམ་ཆེ་བ། པཎྜི་ཏ་ཀུ་མ་ར་ཤིཤྷ་(རྒྱ་ཡིག་གི་ལོ་རྒྱུས་སུ་པཎྜི་ཏ་འདིའི་མིང་ལ་ཅིའུ་མོ་ལོ་ཞེས་བྲིས་འདུག་)བཅས་གདན་དྲངས། ཕྱིར་ལོག་ནས་སི་ཆོན་དུ་སླེབས་པ་ན། ཆང་མི་རིགས་ཀྱི་འགོ་པ་ཡའོ་ཁྲེང་གིས་གོང་མ་ཧྥུ་ཅིའན་བསད་ནས་རང་ཉིད་གོང་མ་བྱས་པ་དང༌། དུས་ཟིང་ཆེན་པོ་བྱུང་བ་དང་སྟབས་འཁེལ་ཏེ། རང་གི་དམག་དཔུང་རྣམས་ཁྲིད་དེ་ལིའང་ཀྲའུ་མཁར་བཟུང་ནས་སྒེར་བཙན་རྒྱལ་ཁབ་བཙུགས་པའི་མིང་ལ་ཧོའུ་ལིའང་ཟེར་ཞིང་རྒྱལ་ས་གུ་ཚང་(དེང་སང་ཀན་སུའུ་ཞིང་ཆེན་གྱི་ཝུ་ཝེའུ་རྫོང་)ཡིན། དམག་དཔོན་གོང་མ་བྱས་པའི་མིང་ལ་དབྱི་ཨུ་རྟིས་ལུའི་ཀོང་ཟེར་བ་དང༌། རུས་མིང་ནི་ལུའི་ཡིན། དེས་རྒྱལ་པོ་བྱས་རྗེས་དེ་སྔོན་སྟོན་པས་ལུང་བསྟན་པ་ལྟར་ཇོ་བོའི་སྐུ་ཡང་རྒྱལ་སར་གདན་དྲངས་ནས་རེ་ཞིག་དེར་བཞུགས། རྗེས་སུ་ཆིན་རྗེས་མའི་རྒྱལ་རབས་ཀྱི་རྒྱལ་པོ་ཡའོ་ཤིན་གྱི་ཁྲི་ལོ་གསུམ་པར་གོང་གསལ་དམག་དཔོན་རྒྱལ་པོའི་རྒྱལ་རྒྱུད་ཀྱི་ལག་ནས་ཇོ་བོའི་སྐུ་དང༌། འཕེལ་གདུང༌། པཎྜི་ཏ་རྣམས་རྒྱལ་ས་ཁྲང་ཨན་མཁར་དུ་གདན་དྲངས་ནས་གཙུག་ལག་ཁང་གསར་དུ་བཞེངས། གསུང་རབ་མང་པོ་རྒྱ་ཡིག་ཏུ་བསྒྱུར། དགེ་འདུན་སྟོང་ཕྲག་ལོངས་པའི་དགོན་སྡེ་གསར་དུ་བཙུགས། སྐུ་བརྙན་འདི་ཉིད་ཀྱང་ཧོའི་ནན་དང༌། ཅང་ནན་སོགས་ཞིང་ས་མང་པོར་རྒྱལ་པོ་རྣམས་ཀྱིས་གདན་དྲངས་ནས་མཆོད་པའི་རྟེན་དུ་བཟུང༌། དེ་ནས་མན་ཇུའི་ཅིན་རྒྱལ་རབས་ཀྱི་དུས་དཀྱིལ་དུ་པེ་ཅིང་ཕོ་བྲང་དུ་གདན་དྲངས། ལིན་ཅུང་སི་ཞེས་བྱ་བའི་ལྷ་ཁང་ནང་བཞུགས་སུ་གསོལ། དེ་རྗེས་ཡོན་རྒྱལ་རབས་ཀྱི་དུས་སུ་ཞེང་ཨན་སི་ཞེས་པའི་ལྷ་ཁང་དུ་གདན་དྲངས་ཤིང༌། དེ་ནས་མིང་རྒྱལ་རབས་ཀྱི་རིང་དང༌། ཆིང་རྒྱལ་རབས་ཀྱི་དུས་འགོ་བར་ལྷ་ཁང་འདི་ཉིད་དུ་བཞུགས་མུས་ལ། གོང་མ་ཁང་ཤིའི་ཁྲི་ལོ་བཞི་པར་ཕོ་བྲང་ནང་མའི་ཉེ་འདབས་ནུབ་བྱང་ངོས་སུ་སྙིང་རྗེ་ཆེན་པོའི་ལྷ་ཁང་ཞེས་བྱ་བ་ཞིག་གསར་དུ་བཞེངས་ནས་ལྷ་ཁང་འདི་ཉིད་དུ་བཞུགས་སུ་བཅུག་པ་ཡིན། འདིའི་ལོ་རྒྱུས་རྒྱས་པ་ལྕང་སྐྱ་ཧོ་ཐོག་ཐུ་སྐུ་འཕྲེང་གསུམ་པ་རོལ་པའི་རྡོ་རྗེས་མཛད་པའི་<<ཙནྡན་ཇོ་བོའི་ལོ་རྒྱུས་>>དང་སོག་པོ་ལོ་ཙཱ་བ་གུང་མགོན་པོ་སྐྱབས་ཀྱིས་བརྩམས་པའི་<<ཙནྡན་ཇོ་བོའི་ལོ་རྒྱུས་>>གཉིས་སུ་གསལ། ཆོས་རྗེ་ས་པཎ་གྱི་དངོས་སློབ་བྱང་ངོས་ཀྱི་མཁན་པོ་ཤེས་རབ་ཡེ་ཤེས་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་ཞིག་ཀྱང་ཡོད།
རྒྱ་ཡིག་གི་<<ཀྲུང་གོའི་ལོ་རྒྱུས་ཕྱོགས་བསྡུས་>>(中国通史)ཞེས་པའི་ནང་ཀྲུང་གོའི་ལོ་རྒྱུས་མཁས་པ་ཧྥན་ཝུན་ལན་གྱིས་(༡༩༥༦)ལོར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་སོང་བར་བཞེད་པ་དང་སྦྲགས་ཁུང་ཙེ་དང་ཤཱཀྱ་མུ་ནེ་གཉིས་བྱོན་པའི་དུས་སྐབས་ཐད་ཧེ་བག་ལོ་ཁ་ཤས་ཤིག་ལས་མེད་པ་དང་ཁོང་གཉིས་དུས་རབས་གཅིག་གི་མི་ཡིན་པའི་ངོས་འཛིན་མཛད་ཡོད་ལ་དེའི་ཁུངས་གཏུགས་ས་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ཕྱིན་པའི་ལྟ་ཚུལ་དེ་གཞིར་བཟུང་བ་ཡིན་ན་ཁུང་ཙེ་དང་ཤཱཀྱ་མུ་ནེ་གཉིས་དུས་ཐོག་གཅིག་ཡིན་ཞེས་གསུངས་ཡོད།

 

༦. རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ལ་དགྲ་ཐེངས་གསུམ་བྱུང་བའི་སྐོར།

 

རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ལ་འགྱུར་ལྡོག་ཧ་ཅང་མང་པོ་བྱུང་ཡོད་ཅིང༌། དེའི་ནང་ནས་རྩ་མེད་ཀྱི་རང་བཞིན་ལྡན་པའི་གཏོར་བཤིག་ཆེན་པོ་ཐེངས་གསུམ་བྱུང་ཡོད། དེ་ལ་ལོ་རྒྱུས་ཐོག་སངས་རྒྱས་ཀྱི་བསྟན་པ་ལ་དགྲ་ཐེངས་གསུམ་བྱུང་བ་ཟེར།
སངས་རྒྱས་ཀྱི་བསྟན་པ་ལ་དགྲ་དང་པོ་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན་རྒྱལ་པོ་ནེ་མ་ཙནྡྲ་ཡིས་སྲིད་དབང་བཟུང་ནས་ཡུན་རིང་མ་སོང་བར་བྲམ་ཟེ་རྒྱས་བཤད་ཟེར་བའི་རྒྱལ་པོའི་བློན་པོ་ཞིག་ཡོད་པ་དེས་རྒྱལ་པོར་ངོ་ལོག་ནས་རྒྱལ་པོའི་སྲིད་དབང་འཕྲོགས་ཏེ་ཁོ་རང་གིས་རྒྱལ་སྲིད་སྐྱོང་བའི་སྐབས་སུ་རྒྱལ་པོ་དེའི་གཉེན་ཚན་རྒས་མོ་ཞིག་རྒྱ་གར་ནཱ་ལེནྡྲའི་གཙུག་ལག་ཁང་དུ་འགྲོ་སྐབས་ནཱ་ལེནྡྲའི་གཙུག་ལག་ཁང་དུ་གནྜི་(གནྜི་ནི་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་དགེ་འདུན་གྱི་སྡེ་ཆེན་པོ་རྣམས་སུ་འདུ་ཚོགས་ཀྱི་བརྡ་གཏོང་བྱེད་ཤིང་གི་རིགས་སྣ་བཅུ་དྲུག་གང་རུང་ལས་བཟོས་པའི་ཡོ་བྱད་ཅིག་སྟེ། དབྱིབས་ཟུར་བརྒྱད་པ། རིང་ཐུང་འདོམ་གང་ལྷག་ཙམ་ཡོད་པ་ལ་རྡུང་བྱེད་གྷན་གཡོག་མགོ་མཇུག་སྦོམ་ཞིང་དཀྱིལ་ཕྲ་བ་ཞིག་དང་ལྡན་པ་སྟེ། དེའི་རྒྱུ་ནི་<<གནྜི་མདོ་>>ལས་གསུངས་པ་ལྟར་ན། ཙནྡན་དཀར་པོ་དང༌། བིལ་བ། པ་ལཱ་ཤ ཨ་ཤད་ཐ། ཙནྡན་དམར་པོ། སྟར་ཁ། ཏཱ་ལ། ཀེང་ཤུ་ཀ ཤཱ་པ། ཏཱ་མ་ལ། ཨམྲ། སྟར་བུ། སྐྱུ་རུ་ར། རིན་ཏི་ས་ར། ཨ་ཤྭོ་ཀ འོ་མ་སེ་བཅས་བཅུ་དྲུག་ཡོད། ཚད་གཞི་ནི་གནྜི་ཆེ་བར་རིང་ཚད་སོར་བརྒྱ་དང་བརྒྱད་དེ་ཀུང་ཕིན་(༡༧༢)ཙམ་དང༌། འབྲིང་བར་རིང་ཚད་སོར་དགུ་བཅུ་གོ་དྲུག་ཙམ་སྟེ་ཀུང་ཕིན་(༡༥༣.༦) ཆུང་བར་རིང་ཚད་སོར་བརྒྱད་ཅུ་གྱ་བཞི་སྟེ་ཀུང་ཕིན་(༡༣༤.༤)ཙམ་བཅས་ཡོད་པ་ལེབ་མོ་ཞིག་ཡིན་)བརྡུང་སྐབས་ཕ་ཊ་ཌཱ་ཡ་ཟེར་བའི་སྒྲ་ཞིག་ཐོས་པར་བརྟེན་དེའི་གོ་དོན་ཇི་ཡིན་སྐབས་དེའི་རྒྱ་གར་གྱི་སྒྲ་རིག་པ་མཁས་ཅན་ཚོར་དྲིས་པར་དེ་ཚོས་མུ་སྟེགས་པའི་ཀླད་པ་གཏོར་ཟེར་བའི་དོན་ཡིན་ཞེས་བཤད་སྟབས་མུ་སྟེགས་པ་རྣམས་རབ་ཏུ་ཁྲོས་ནས་བྲམ་ཟེའི་རྒྱལ་པོ་རྒྱས་བཤད་ཀྱིས་མུ་སྟེགས་པའི་དམག་ཁྲིད་དེ་རྒྱ་གར་དཀྱིལ་ནས་ནུབ་ཕྱོགས་ཀྱི་ཁ་ཆེའི་ཡུལ་བར་སངས་རྒྱས་ཆོས་ལུགས་ཀྱི་རབ་བྱུང་བ་མང་པོ་བསད་པ་དང་གཙུག་ལག་ཁང་མང་པོ་མེར་སྲེག་བཏང་སྟེ་གྲྭ་པ་མང་ཆེ་བ་ཡུལ་གཞན་ལ་བྲོས་དགོས་པ་སོགས་བྱུང་ཡོད། དེ་ནི་སློབ་དཔོན་ཀླུ་སྒྲུབ་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་པའི་དུས་སྐབས་ཡིན་པ་དང༌། དམག་དེ་བྱུང་བའི་དུས་ཚོད་དེ་དང་དབྱི་སེ་ལན་ཆོས་ལུགས་བྱུང་བ་གཉིས་ཕལ་ཆེར་དུས་སྐབས་གཅིག་ཡིན་ཞེས་རྒྱ་གར་གྱི་ལོ་རྒྱུས་ནང་དེ་ལྟར་འཁོད་ཡོད། དེ་ནི་བསྟན་པ་ལ་དགྲ་ཐེངས་དང་པོ་བྱུང་བ་ཟེར་བ་དེ་ཡིན།
བསྟན་པ་ལ་དགྲ་གཉིས་པ་བྱུང་ཚུལ་ནི། དེ་རྗེས་རྒྱལ་པོ་ཀོ་ནེ་ཙནྜན་ཞེས་པ་སངས་རྒྱས་ཆོས་ལུགས་ལ་དད་མོས་ཆེན་པོ་ཡོད་པ་ཞིག་བྱུང་སྟེ་དེས་དེ་སྔ་གཏོར་བཤིག་སོང་བའི་གཙུག་ལག་ཁང་རྣམས་ཉམས་གསོ་དང༌། ཡུལ་བྱོལ་དུ་ཕེབས་པའི་མཁས་པ་རྣམས་གདན་དྲངས་པ་མ་ཟད། རྒྱ་གར་མ་ག་དྷཱར་དགོན་པ་ཁག་དྲུག་ཅུ་བཏབ་པ་སོགས་སངས་རྒྱས་ཆོས་ལུགས་བསྐྱར་གསོ་བྱས་ཤིང༌། དེ་ལྟར་རྒྱལ་པོ་དེས་རྒྱལ་སྲིད་བསྐྱངས་ནས་ཡུན་རིང་མ་སོང་བར་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ལ་དགྲ་ཐེངས་གཉིས་པ་བྱུང་བ་སྟེ། དེ་རྗེས་རྒྱལ་པོ་དྷརྨཱ་ཙནྜ་ཟེར་བ་ཞིག་བྱུང་བ་དེས་སྲིད་དབང་བཟུང་རིང་རྒྱ་གར་ནུབ་ཕྱོགས་ཀྱི་སྟག་གཟིག་ཡུལ་(阿拉伯)དུ་རྒྱལ་པོ་ཁུ་ནུ་མ་མཔྟ་ཟེར་བ་ཞིག་བྱུང་བ་དེ་དང་རྒྱལ་པོ་དྷརྨཱ་ཙནྜ་ཟེར་བ་གཉིས་སྐབས་རེ་འཆམ་ཞིང་སྐབས་རེ་འཐབ་པ་སོགས་ཐེངས་མང་པོ་བྱེད་ཀྱི་ཡོད་ཅིང༌། ཕན་ཚུན་འཆམ་པོ་ཡོད་པའི་སྐབས་སུ་ཡི་གེ་དང་ལག་རྟགས་སོགས་མང་པོ་སྐྱེལ་རེས་བྱེད་ཀྱི་ཡོད་པ་དང༌། དེ་ཚོ་སྐྱེལ་མཁན་དགེ་སློང་དེ་ཚོ་ནི་སོ་སོའི་འཚོ་བ་ལ་ཆགས་ཞེན་ཆེན་པོ་ཡོད་མཁན་ཤ་སྟག་ཡིན། ཐེངས་གཅིག་སྟག་གཟིག་རྒྱལ་པོ་ལ་རྒྱལ་པོ་དྷརྨཱ་ཙནྜས་གོས་ཆེན་གྱི་གྱོན་ཆས་རིན་ཐང་ཆེན་པོ་ཞིག་བསྐུར་བ་དེ་རྒྱལ་པོས་གྱོན་དུས་འཐག་གི་རི་མོའི་ནང་ནས་རྐང་རྗེས་ལྟ་བུ་ཞིག་གསལ་བ་དེ་ཏག་ཏག་གྱོན་ཆོས་ཀྱི་ཨམ་ཕྲག་སྟེ་རྒྱལ་པོའི་སྙིང་གི་ཁ་ཐུག་སླེབས་ཀྱི་ཡོད་སྟབས་སྟག་གཟིག་རྒྱལ་པོའི་བསམ་པར་དེ་ནི་སངས་རྒྱས་ཆོས་ལུགས་པས་མཐུ་བརྒྱབ་པ་རེད་སྙམ་པའི་དོགས་པ་བྱུང་བ་དང༌། ཡང་ཐེངས་གཅིག་རྒྱལ་པོ་དྷརྨཱ་ཙནྜས་སྟག་གཟིག་རྒྱལ་པོར་ཤིང་ཏོག་མང་པོ་ཞིག་བསྐུར་བ་དེའི་ནང་ནས་ཤིང་ཏོག་གཅིག་གི་ཐོག་ལ་འཁོར་ལོ་དང་སྔགས་བྲིས་པ་ཞིག་དོན། དེ་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན་བྲམ་ཟེ་ཞིག་གིས་འཁོར་ལོ་དང་སྔགས་བྲིས་པའི་ཤོག་བུ་མང་པོ་ཞིག་ཉི་མར་སྐམ་བཞག་པ་དེར་ལྷགས་པ་བརྒྱབ་སྟེ་ཤིང་ཏོག་ཀེ་ལ་ཞེས་པ་འབྲས་བུ་ཁ་འབྱེད་པ་ཞིག་གི་ནང་དུ་འཛུལ་ཏེ་བསམ་ཡུལ་ལས་འདས་པའི་ངང་ཤིང་ཏོག་བསྐུར་རྒྱུ་དེའི་གྲས་སུ་ཚུད། དེར་བརྟེན་སྟག་གཟིག་རྒྱལ་པོའི་བསམ་པར་མཐུ་བརྒྱབ་པར་དོགས་ནས་སྟག་གཟིག་གི་དམག་ཁྲིད་དེ་རྒྱ་གར་མ་ག་དྷཱའི་གཙུག་ལག་ཁང་མང་པོ་བཤིག ལུང་པ་མང་པོ་བཅོམ། ནཱ་ལེནྡྲའི་དགོན་པ་ལའང་གནོད་འཚེ་ཆེན་པོ་བཏང་བ་མ་ཟད། དེའི་བརྒྱུད་ཀྱི་གྲྭ་པ་དང་མཁས་པ་མང་པོ་ལུང་པ་གཞན་ལ་བྲོས་བྱོལ་ཕེབས་དགོས་བྱུང༌། རྗེས་སུ་རྒྱལ་པོ་དྷརྨ་ཙནྜའི་ཨ་ཞང་གི་བུ་རྒྱ་གར་ཝཱ་རཱ་ཎ་སཱིའི་རྒྱལ་པོ་སངས་རྒྱས་ཕྱོགས་ཟེར་བ་ཞིག་བྱུང་བ་དེས་རྒྱ་ནག་ཏུ་ཐེག་པ་ཆེན་པོའི་ཆོས་ཤོད་མཁན་སློབ་དཔོན་ཁ་ཤས་བཏང་སྟབས་རྒྱ་ནག་གིས་རྒྱལ་ཕྲན་ཁག་གིས་རྒྱལ་པོ་ཚོས་རྒྱལ་པོ་སངས་རྒྱས་ཕྱོགས་ལ་ལེགས་སྐྱེས་སུ་གསེར་མིས་སྒལ་པར་འཁྱོག་ཚད་ཀྱི་དོ་པོ་བརྒྱ་ཐམ་པ་དང་དེ་མིན་མི་སྟོང་ཕྲག་བཅུས་དབོར་དགོས་པའི་དངོས་པོ་མང་པོ་བསྐུར་ཡོད་པ་དེ་དག་རྒྱ་གར་ནུབ་ཕྱོགས་དང་དཀྱིལ་བརྒྱུད་ཀྱི་རྒྱལ་ཕྲན་ཆུང་ཆུང་ཚང་མར་ཆ་བགོས་ཀྱིས་བརྔན་པར་སྤྲད་དེ་དེ་ཚོའི་དམག་དང་མཉམ་འབྲེལ་བྱས་ཏེ་སྟག་གཟིག་ལ་གཡུལ་བཤམས་ནས་སྟག་གཟིག་གི་རྒྱལ་པོ་ཁུ་ནུ་མཔྟ་དང་སྟག་གཟིག་གི་དཔའ་བོ་མང་ཆེ་བ་ཚར་བཅད་དེ་རྒྱ་གར་ཤར་ནུབ་དཀྱིལ་སོགས་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱིས་དབང་བསྒྱུར་བྱས་(རྒྱལ་པོ་སངས་རྒྱས་ཕྱོགས་ལ་འབྲེལ་བ་བྱེད་མཁན་རྒྱ་ནག་གི་གོང་མ་དེ་སུ་ཡིན་མིན་རྗེས་སུ་ཞིབ་འཇུག་བྱ་དགོས་)རྒྱལ་པོ་སངས་རྒྱས་ཕྱོགས་ཀྱིས་རྒྱ་གར་གྱི་ས་ཆ་མང་ཆེ་བ་དབང་བསྒྱུར་བྱས་པའི་རྗེས་སུ་ལྷ་ཁང་གཏོར་བཤིག་སོང་བ་མང་པོ་ཞིག་ཉམས་གསོ་བྱས་པ་དང་མཁས་པ་བྲོས་བྱོལ་ཕེབས་པ་མང་པོ་ཚུར་གདན་དྲངས་ཐོག ནཱ་ལེནྡྲར་བསླབ་པ་སློབ་གཉེར་བྱེད་སའི་གནས་གཞི་བརྒྱད་ཅུ་གྱ་བཞི་བཙུགས་པ་སྟེ། དེ་ཡང་རྒྱལ་པོས་གནས་གཞི་བདུན་ཅུ་དོན་གཅིག་དང༌། བཙུན་མོ་དང་བློན་པོ་རྣམས་ཀྱིས་གནས་གཞི་བཅུ་གསུམ་བཙུགས་ཡོད། རྒྱལ་པོ་དེས་སངས་རྒྱས་ཆོས་ལུགས་པ་དང་མུ་སྟེགས་པ་ཚང་མར་སྣེ་ལེན་བྱས་ཡོད་ཀྱང་གཙོ་བོ་སངས་རྒྱས་ཆོས་ལུགས་དར་སྤེལ་བཏང་བའི་རྨང་གཞིའི་ཐོག་མུ་སྟེགས་པར་སྣེ་ལེན་བྱས་པར་བརྟེན་སངས་རྒྱས་ཆོས་ལུགས་ལ་དགྲ་ཐེངས་གཉིས་པ་བྱུང་བ་དེ་ཡང་བསྐྱར་བསྐྱར་གསོ་ཐུབ་པ་བྱུང་ཡོད་ཅིང༌། དེ་ལྟར་ལོ་ངོ་བཞི་བཅུ་ལྷག་ཙམ་ཞིག་རིང་སངས་རྒྱས་ཆོས་ལུགས་ཧ་ཅང་དར་རྒྱས་ཆེན་པོ་བྱུང་ཡོད།
བསྟན་པ་ལ་དགྲ་གསུམ་པ་བྱུང་ཚུལ་ནི། དེའི་རྗེས་སུ་རྒྱ་གར་ནཱ་ལེནྡྲའི་རྒྱལ་པོའི་བློན་པོ་ཀ་ཀུ་སངྒཻས་ལྷ་ཁང་ཞིག་བཞེངས་ཏེ་དེའི་རྟེན་འབྲེལ་སྐབས་མི་མང་པོ་ལ་སྣེ་ལེན་བྱས་སྟབས་མུ་སྟེགས་པའི་ཆོས་བྱེད་མཁན་སྤྲང་པོ་གཉིས་ཀྱང་སློང་བར་ཡོང་བ་དང༌། སྤྲང་པོ་དེ་གཉིས་ལ་ལྷ་ཁང་ནང་གི་གྲྭ་པ་ལོ་གཞོན་པ་ཆོས་ལུགས་ཀྱི་ཕྱོགས་ཞེན་ཆེན་པོ་ཡོད་མཁན་གཉིས་ཀྱིས་མི་གཞན་གྱིས་འཁྲུད་བརྒྱབ་པའི་དྲེག་ཁུ་སྟེར་བ་མ་ཟད། སྤྲང་པོ་དེ་གཉིས་སྒོ་གཉིས་ཀྱི་བར་དུ་བཙིར་ཏེ་ཁྱི་བཏང་ནས་བཟོད་ཐབས་མེད་པའི་མནར་གཅོད་བཏང་བར་བརྟེན་སྤྲང་པོ་དེ་གཉིས་ཧ་ཅང་ཁོང་ཁྲོ་ཆེན་པོ་ཟ་ནས་ཡུལ་གཞན་ཞིག་ཏུ་ཕྱིན་ཏེ་གཅིག་གིས་འཚོ་བའི་འགན་འཁུར་བ་དང་གཅིག་གིས་ཉི་མ་སྒྲུབ་ནས་སྔོན་ལ་ལོ་དགུ་དང་རྗེས་ལ་ལོ་གསུམ་སྟེ་ཁྱོན་ལོ་བཅུ་གཉིས་ལ་ཕུག་གཏིང་རིང་ནང་བསྡད་དེ་ཉི་མ་སྒྲུབ་ནས་ལོ་བཅུ་གཉིས་སོང་རྗེས་སྦྱིན་སྲེག་གི་མཆོད་པ་ཕུལ་ཐོག་དེའི་ཐལ་བ་དེ་ལ་ཉི་མ་སྒྲུབ་རྒྱུའི་སྔགས་བརྒྱབ་སྟེ་གང་དུ་གཏོར་ནའང་དེ་གར་མེ་འབར་རྒྱུ་ཡོད་པ་ཞིག་བཟོས་རྗེས་རྒྱ་གར་ནཱ་ལེནྡྲའི་གཙུག་ལག་ཁང་དང་དེ་མིན་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་ཆེ་བ་གར་ཡོད་སར་ཕྱིན་ཏེ་ཐལ་བ་དེ་གཏོར་ནས་རྒྱ་གར་ནཱ་ལེནྡྲའི་ལྷ་ཁང་བརྒྱད་ཅུ་གྱ་བཞི་ཚང་མ་དང༌། ནཱ་ལེནྡྲར་ཡོད་པའི་དཔེ་མཛོད་ཁང་ཆེན་པོ་གསུམ། དཔེ་མཛོད་ཁང་ཆེ་ཤོས་ཁང་པ་ཐོག་སོ་དགུ་ཡོད་པ་དེའི་སྟེང་ནས་ཏོག་ཙམ་ཞིག་མ་གཏོགས་གཞན་ཚང་མ་བཅས་མེར་སྲེག་བཏང་བ་མ་ཟད། ད་དུང་ཡུལ་གཞན་དུ་ཕྱིན་ནས་གཙུག་ལག་ཁང་མང་པོ་མེ་སྲེག་བཏང༌། རྗེས་སུ་ཁོ་རང་གཉིས་ཀྱང་སོ་སོའི་གཟུགས་པོ་ལ་མེ་འབར་ནས་ཤི་བ་ཡིན་པར་བཤད།
དེའི་ནང་གཙོ་བོ་སངས་རྒྱས་ཆོས་ལུགས་ལ་དགྲ་ཐེངས་གསུམ་ཡོང་དོན་ནི། སངས་རྒྱས་ཆོས་ལུགས་དང་མུ་སྟེགས་པ་གཉིས་བར་ཕན་ཚུན་ཕྱོགས་ཞེན་གྱིས་གནོད་པ་སྐྱེལ་རེས་བྱེད་པ་དེ་ལས་བྱུང་བ་གསལ་པོ་མཐོང་ཐུབ། དེར་བརྟེན་སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་རྒྱ་གར་དུ་ཡོད་པའི་ནང་ནས་དུམ་བུ་བཅོ་ལྔ་ལ་བཏང་བ་ཡིན་ན་དུམ་བུ་གཉིས་རེ་སངས་རྒྱས་ཆོས་ལུགས་ལ་དགྲ་དང་པོ་གཉིས་པ་བྱུང་བའི་སྐབས་སུ་མེད་པ་ཆགས་པ་དང༌། དེའི་ནང་ནས་དུམ་བུ་གཅིག་དགྲ་ཡི་གནོད་པ་མེད་ཀྱང་རང་བཞིན་གྱིས་ཉམས་ཆག་ཤོར་བ། ལྷག་མ་ནས་ཆ་དགུ་སངས་རྒྱས་ཆོས་ལུགས་ལ་དགྲ་ཐེངས་གསུམ་པ་བྱུང་བའི་སྐབས་སུ་མེད་པར་གྱུར་སྟབས་མཐར་ཆ་བཅོ་ལྔ་ལ་བཏང་བའི་ཆ་གཅིག་མ་གཏོགས་ལྷག་མེད་ཟེར། འོན་ཀྱང་རྗེས་སུ་སླར་ཡང་རྒྱལ་པོ་སངས་རྒྱས་ཕྱོགས་དང༌། བྲམ་ཟེ་ཕུར་བུ། ཁྱིམ་བདག་སྡེ་པ་ཅན་དང་ཚོང་པ་སྡེ་པ་ཅན་སོགས་ཀྱིས་ལྷ་ཁང་མེས་འཚིགས་པ་རྣམས་ཉམས་གསོ་བྱས་པ་དང༌། མཁས་པ་རྣམས་གདན་དྲངས་ཏེ་སོ་སོའི་ཐུགས་སུ་ཡོད་པའི་དཔེ་ཆ་རྣམས་ཡང་བསྐྱར་ཡི་གེའི་ཐོག་ཏུ་བཀོད། དཔེ་ཆ་ལྷག་མ་ཕྲན་བུ་ཡོད་པ་རྣམས་ཡང་བསྐྱར་དར་སྤེལ་བཏང་སྟེ་སངས་རྒྱས་ཆོས་ལུགས་བསྐྱར་གསོ་ཐེངས་གསུམ་པ་བྱུང་བ་ཡིན།
བོད་དུ་ཆ་བཞག་ན་ཡང་སངས་རྒྱས་ཆོས་ལུགས་ལ་བསྟན་པ་སྔ་དར་དང་ཕྱི་དར་ཐེངས་གཉིས་བྱུང་ཡོད། སངས་རྒྱས་ཆོས་ལུགས་སྔ་དར་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་ནས་མར་བརྩིས་པའི་རྒྱལ་པོ་གླང་དར་མས་སངས་རྒྱས་ཆོས་ལུགས་མེད་པ་མ་བཟོས་བར་ལ་ཟེར། དེ་ལ་ལོ་རྩིས་པ་ཡིན་ན་རྒྱལ་པོ་སྲོང་བཙན་སྒམ་པོས་སྲིད་དབང་བཟུང་བ་ནས་རྒྱལ་པོ་གླང་དར་མས་སངས་རྒྱས་ཆོས་ལུགས་མེད་པ་མ་བཟོས་བར་ལོ་ཉིས་བརྒྱ་བཅུ་དྲུག་གི་རིང་ལ་སངས་རྒྱས་ཆོས་ལུགས་སྔ་དར་ཟེར། དེ་ཡང་ཤོད་སྟངས་དེ་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་དགུང་ལོ་སུམ་ཅུ་སོ་བཞི་ལ་འདས་པའི་དབང་དུ་བཏང་ན་བསྟན་པ་སྔ་དར་ལ་ལོ་ཉིས་བརྒྱ་དང་བཅུ་དྲུག་ཡིན། བསྟན་པ་སྔ་དར་ཉམས་ཏེ་བསྟན་པ་ཕྱི་དར་མ་ཚུགས་བར་ལ་ལོ་བདུན་ཅུ་ལྷག་ཙམ་རིང་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་དང་གྲྭ་པ་རྩ་བ་ནས་མེད་པར་གྱུར་རུང་གསུང་རབ་མང་པོ་ཞིག་མང་ཚོགས་དང་སྐྱ་ཆས་སྤྲས་ནས་གསང་སྔགས་ཀྱི་ཆོས་བྱེད་མཁན་ཁག་ཅིག་གིས་སྲུང་སྐྱོབ་བྱེད་ཐུབ་ཡོད། བསྟན་པ་ཕྱི་དར་བྱུང་བ་ནས་མར་བརྩིས་པའི་རིག་གནས་གསར་བརྗེ་མ་བྱུང་གོང་བར་སྤྱིར་ན་གཏོར་བཤིག་ཆེ་བ་གང་ཡང་བྱུང་མེད། གོང་གསལ་ནི་སངས་རྒྱས་ཆོས་ལུགས་འཕེལ་རྒྱས་དང་ཉམས་རྒུད་བྱུང་བའི་སྐོར་ཡིན།

 

༧. སངས་རྒྱས་ཀྱི་བསྟན་པ་གནས་པའི་ཡུན་ཚད་དང་རྒྱལ་བ་བྱམས་པ་འཇིག་རྟེན་དུ་འབྱོན་རྒྱུའི་སྐོར།

 

སངས་རྒྱས་ཆོས་ལུགས་དེ་ཡུན་རིང་ཐུང་ཇི་ཙམ་གནས་ཀྱི་ཡོད་དམ་ཞེ་ན་སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལྟར་ན་ལོ་ལྔ་སྟོང་གནས་པར་འདོད་ཅིང༌། སངས་རྒྱས་ཤཱཀྱ་མུ་ནེའི་ཆོས་ལུགས་དེ་ནུབ་ཚར་བའི་རྗེས་ཀྱི་ལོ་དུང་ཕྱུར་བཞི་བཅུ་ཞེ་ལྔའི་རིང་ལ་སངས་རྒྱས་ཀྱི་ཆོས་ཟེར་བ་དེ་རྩ་བ་ནས་མེད་པ་དང༌། ལོ་དུང་ཕྱུར་བཞི་བཅུ་ཞེ་ལྔ་ཕྱིན་པའི་རྗེས་ལ་རྒྱལ་བ་བྱམས་པ་འཇིག་རྟེན་དུ་འབྱོན་རྒྱུ་ཡིན་ཟེར། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། ད་ལྟ་རྒྱལ་བ་བྱམས་པ་བྱང་ཆུབ་སེམས་དཔའ་བྱས་ནས་དགའ་ལྡན་(སངས་རྒྱས་ཀྱི་ཞིང་ཁམས་ཤིག་)དུ་བཞུགས་ཡོད་པ་དང་རྗེས་སུ་ལོ་དུང་ཕྱུར་བཞི་བཅུ་ཞེ་ལྔ་སོང་རྗེས་རྒྱལ་བ་བྱམས་པ་འཛམ་བུ་གླིང་དུ་ཕེབས་ཏེ་སངས་རྒྱས་ནས་སྟོན་པ་ཤཱཀྱ་མུ་ནེ་ལྟར་ཆོས་གསུངས་ཀྱི་རེད་ཟེར། སངས་རྒྱས་ཤཱཀྱ་མུ་ནེའི་ཆོས་ལུགས་དེ་བྱུང་བ་ནས་མེད་པ་མ་ཆགས་བར་གྱི་རིང་ལ་ཆོས་ལ་དད་པ་ཡོད་རུང་ཆོས་ལུགས་ཀྱི་རྟོགས་པའི་གནས་ཚད་ལ་སླེབས་མ་ཐུབ་པའི་མི་ཚང་མ་རྒྱལ་བ་བྱམས་པའི་བསྟན་པ་དར་རྗེས་སོ་སོའི་ཆུ་ཚད་མི་འདྲ་བའི་ཐོག་ནས་ཆོས་ལུགས་ཀྱི་རྟོགས་པའི་གནས་ཚད་ཇེ་མཐོར་འགྲོ་གི་ཡོད་ཟེར།
དེ་ནས་འབྲས་བུའི་ལེའུ་གསུམ་ནི། jདགྲ་བཅོམ་པའི་ལེའུ། kཕྱིར་མི་འོང་གི་ལེའུ། lཕྱིར་འོང་གི་ལེའུ། དགྲ་བཅོམ་པ་ཟེར་བ་ནི་འཁོར་བའི་གནས་སུ་ཡང་ནས་ཡང་དུ་རང་དབང་མེད་པར་སྐྱེ་བ་ལེན་པའི་རྒྱུའི་གཙོ་བོ་ལས་མི་དགེ་བ་བཅུ་ཡིན་ཞིང༌། ལས་དེ་གསོག་པར་བྱེད་པའི་འགུལ་ཤུགས་ཀྱི་བསམ་བློ་ནི་ཉོན་མོངས་དུག་གསུམ་ཡིན་པས་ཉོན་མོངས་དུག་གསུམ་ནི་དགྲ་བོ་གཙོ་བོ་ཡིན་པ་དང༌། དེ་རྩ་བ་ནས་སྤངས་པ་ལ་དགྲ་བཅོམ་པ་ཞེས་བརྗོད། དེ་ལ་ཐེག་ཆེན་དགྲ་བཅོམ་པ་དང༌། རང་རྒྱལ་དགྲ་བཅོམ་པ། ཉན་ཐོས་དགྲ་བཅོམ་པ་བཅས་གསུམ་ཡོད། ཐེག་ཆེན་དགྲ་བཅོམ་པ་ནི་སངས་རྒྱས་ཐམས་ཅད་ལ་ཟེར་ཞིང༌། རང་རྒྱལ་དགྲ་བཅོམ་པ་ནི་སངས་རྒྱས་འཇིག་རྟེན་དུ་མ་བྱོན་པའི་དུས་སུ་རང་ཉིད་ཀྱིས་ལམ་བསྒོམས་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་རྣམས་ཡིན། ཉན་ཐོས་དགྲ་བཅོམ་པ་ནི། དཔེར་ན་བསྟན་པའི་གཏད་རབས་བདུན་དང་གནས་བརྟན་བཅུ་དྲུག་ལྟ་བུ་ཡིན། ཉོན་མོངས་དུག་གསུམ་གྱི་དགྲ་དེ་བཅོམ་ཚར་བ་ཡིན་སྟབས་དགྲ་བཅོམ་པའི་ལེའུ་ཡི་ལོ་ལྔ་བརྒྱ་དེའི་ནང་ལ་དགྲ་བཅོམ་པ་ཐོབ་པ་མང་པོ་ཡོང་གི་ཡོད་པར་བརྟེན་དགྲ་བཅོམ་པའི་ལེའུ་ཞེས་བརྗོད། དེ་ནས་སངས་རྒྱས་ཀྱི་ཆོས་དེ་རིམ་བཞིན་ཉམས་ནས་དགྲ་བཅོམ་པ་ཐོབ་མཁན་ཇེ་ཉུང་དུ་སོང་སྟེ་མཐར་མེད་པ་ཆགས་ནས་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་དེ་མང་དུ་འགྲོ་གི་ཡོད། ཕྱིར་མི་འོང་ཟེར་བ་ནི་ངན་སོང་གསུམ་ལ་སྐྱེ་བ་མི་ལེན་པའམ་ངན་སོང་གསུམ་གྱི་སྐྱེ་བ་བཀག་ཐུབ་པ་དེ་ལ་ཟེར། ཕྱིར་འོང་ཟེར་བ་ནི་ལན་གཅིག་འཁོར་བ་ལ་སྐྱེ་བ་བླངས་ཏེ་དེ་ནས་འབྲས་བུ་ཐོབ་དགོས་ཀྱི་ཡོད་སྟབས་དེ་ལ་ཡང་ལན་གཅིག་ཕྱིར་འོང་ཞེས་བརྗོད། དེ་རྣམས་ནི་འབྲས་བུའི་ལེའུ་གསུམ་ཟེར་བ་དེ་ཡིན།
སྒྲུབ་པའི་ལེའུ་གསུམ་ནི་འབྲས་བུ་ཐོབ་མཁན་མང་པོ་མེད་ཀྱང་འབྲས་བུ་ཐོབ་པར་བྱེད་པའི་ཐབས་ལ་འབད་བརྩོན་བྱེད་མཁན་ཧ་ཅང་མང་པོ་ཡོད། འབྲས་བུ་ཐོབ་པར་བྱེད་པའི་ཐབས་གསུམ་ནི་ཤེས་རབ་དང༌། ཏིང་ངེ་འཛིན། ཚུལ་ཁྲིམས་བཅས་གསུམ་ཡིན། ཤེས་རབ་ཀྱི་ལེའུ་རྫོགས་ཟིན་པ་དང༌། ཏིང་ངེ་འཛིན་གྱི་ལེའུ་ཡང་རྫོགས་ཟིན་པ་རེད། ཏིང་ངེ་འཛིན་ནམ་སྒོམ་ཐོབ་ཟེར་བ་ནི་རང་གི་སེམས་དེ་གཡེང་རྒྱུ་མེད་པ་དང་རང་གི་སེམས་ལ་རང་དབང་ཐོབ་པ་དེ་ལ་ཏིང་ངེ་འཛིན་ཐོབ་པ་ཟེར། ད་ཆ་ཏིང་ངེ་འཛིན་གྱི་ལེའུ་ཡང་རྫོགས་ནས་དེང་སང་ཚུལ་ཁྲིམས་ཀྱི་ལེའུ་ལ་བསྡད་ཡོད་ཅིང༌། ཚུལ་ཁྲིམས་ཀྱི་ལེའུ་འགོ་ཚུགས་ནས་ད་ཕན་ལོ་སུམ་བརྒྱ་ལྷག་ཙམ་སོང་ཟིན་པ་དང༌། ད་དུང་ལོ་ཉིས་བརྒྱ་ཙམ་ཞིག་ལྷག་ཡོད། ཚུལ་ཁྲིམས་ཀྱི་ལེའུའི་རིང་སྡོམ་པ་ཞུ་མཁན་ནམ་སྡོམ་པ་སྲུང་མཁན་ཧ་ཅང་མང་པོ་ཡོད།
ལུང་གི་ལེའུ། ལུང་གི་ལེའུ་གསུམ་ནི་མངོན་པའི་ལེའུ་དང༌། མདོ་སྡེའི་ལེའུ། འདུལ་བའི་ལེའུ་བཅས་གསུམ་ཡིན། ཚུལ་ཁྲིམས་ཀྱི་ལེའུ་ཉམས་ནས་སྡོམ་པ་ཡོད་མཁན་གྱི་མི་ཇེ་ཉུང་དུ་སོང་སྟེ་གྲྭ་ཆས་གྱོན་མཁན་ཡོད་ཀྱང་སྡོམ་པ་དངོས་གནས་ཡོད་མཁན་ཉུང་ཉུང་ཡིན་པ་དང༌། དཔེ་ཆ་ལྟ་མཁན་མང་པོ་ཡོད་པ་དང་ལྷག་པར་མངོན་པ་ལྟ་མཁན་མང་པོ་ཡོད་པ། མངོན་པར་བརྩོན་སེམས་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་བཅས་ཏེ་དེ་ལ་ལོ་ལྔ་བརྒྱ་བཞག་པ་རེད། དེ་རྗེས་མངོན་པའི་ལེའུ་ལ་བརྩོན་སེམས་བྱེད་མཁན་ཇེ་ཉུང་དུ་སོང་སྟེ་མདོ་སྡེའི་ལེའུ་ལ་བརྩོན་སེམས་བྱེད་མཁན་མང་དུ་འགྲོ་བ་དེ་ནི་མདོ་སྡེའི་ལེའུ་ཡིན། དེ་ནས་མདོ་སྡེའི་ལེའུ་ལ་བརྩོན་སེམས་བྱེད་མཁན་མེད་པར་འདུལ་བའི་ལེའུ་ཁོ་ནར་བརྩོན་སེམས་བྱེད་པ་དེ་ལ་འདུལ་བའི་ལེའུ་ཟེར། དེར་ལུང་གི་ལེའུ་ཞེས་བཏགས་དགོས་པའི་རྒྱུ་མཚན་ནི་ལུང་དེ་སློབ་སྦྱོང་བྱེད་རྒྱུ་ཁོ་ན་ལས་རང་གིས་ཤེས་པ་ཇི་བཞིན་སོ་སོའི་བསམ་བློའི་ནང་དུ་རྟོགས་པའི་གནས་ཚད་མེད་ཅིང༌། སྐབས་དེ་དུས་གོ་རྟོགས་ཡོད་པའི་དུས་ཚོད་དེ་ཉམས་ཟིན་པ་རེད། དེ་ཡང་གོང་གསལ་འབྲས་བུའི་ལེའུ་གསུམ་དང༌། སྒྲུབ་པའི་ལེའུ་གསུམ། ལུང་གི་ལེའུ་གསུམ་བཅས་ལེའུ་དགུ་རེ་རེ་ལ་ལོ་ལྔ་བརྒྱ་རེ་རྩིས་ལོ་ལྔ་བརྒྱ་བྱས་པ་དགུའི་ཐོག་ད་དུང་རྟགས་དང་ལྡན་པའི་ལེའུ་ཞེས་པ་ཞིག་ཡོད། རྟགས་དང་ལྡན་པའི་ལེའུ་ཞེས་པའི་དུས་སྐབས་དེར་རབ་བྱུང་རྣམས་ཀྱང་གྲྭ་ཆས་གྱོན་པ་ཙམ་ལས་སྡོམ་པ་རྩ་བ་ནས་མེད་པའམ་འཇིག་རྟེན་ཁྱིམ་པ་དང་ཁྱད་མེད་པ་ཞིག་སྟེ་དུས་ཡུན་ལོ་ལྔ་བརྒྱ་ཡིན། དེང་སང་རྒྱ་ཡིག་གི་རྩོམ་ཡིག་ཁ་ཤས་ནང་དགེ་ལུགས་པ་དང་རྙིང་མའི་ཁྱད་པར་ནི་རབ་བྱུང་ཚོས་བུད་མེད་བསྟེན་ཆོག་དང་མི་ཆོག་དེ་ཡིན་ཞེས་བྲིས་འདུག་པས་བཤད་ཚུལ་དེ་ཡང་དག་པ་ཞིག་མིན། རབ་བྱུང་ཚོས་བུད་མེད་བསྟེན་མི་ཆོག་པ་དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཚང་མ་གཅིག་གྱུར་ཡིན་ཏེ། དཔེར་ན་རྙིང་མ་ལ་ཆ་བཞག་ན་རྡོ་རྗེ་བྲག་དང༌། སྨིན་གྲོལ་གླིང༌། དེ་བཞིན་དགོན་པ་འདུལ་ཁྲིམས་དམ་པོ་ཡོད་པ་དེ་ཚོའི་ནང་ལ་རབ་བྱུང་གིས་བུད་མེད་བསྟེན་ན་དགོན་པའི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་ཀྱི་ཡོད་ཅིང༌། དགེ་ལུགས་པ་དང་བཀའ་བརྒྱུད་པ་སོགས་ཀྱང་དེ་ལྟར་ཡིན། གལ་ཏེ་བུད་མེད་བསྟེན་མཁན་ཡོད་ཚེ་དགོན་པའི་སྐྱིད་སྡུག་ནས་འཐེན་ཏེ་རས་ཀྱི་གྱོན་ཆས་སམ་རྣལ་འབྱོར་པའི་ཆོས་གྱོན་པ་ལས་གྲྭ་ཆས་གྱོན་མི་ཆོག དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཚང་མ་གཅིག་གྱུར་ཡིན། དེ་ཡང་བཟའ་ཟླ་ཡོད་ན་ཆོས་བྱས་མི་ཆོག་པ་མིན་ལ་ཆོས་བྱས་ན་ངེས་པར་གྲྭ་པ་བྱེད་དགོས་པ་དེ་ཡང་མིན། གལ་ཏེ་གྲྭ་པ་བྱས་ཚེ་གྲྭ་པའི་ཁྲིམས་དང་མཐུན་པ་ཞིག་བྱེད་དགོས་པར་བརྟེན་དེ་གཉིས་དབར་དབྱེ་མཚམས་ཤིག་ཡོད། འོན་ཀྱང་གྲྭ་པ་བྱས་ནས་ཆོས་བྱས་པ་དང་གྲྭ་པ་མ་བྱས་པར་ཆོས་བྱས་པ་གཉིས་ཀྱི་ནུས་པ་དེ་རྩ་བ་ནས་འདྲ་གི་མེད་པས་གནད་དོན་དེ་ལ་དམིགས་ནས་བཤད་པ་ལས་ཆོས་བྱས་ན་ངེས་པར་དུ་གྲྭ་པ་བྱེད་དགོས་ཞེས་སངས་རྒྱས་ཤཱཀྱ་མུ་ནེས་གསུངས་མྱོང་མེད་ལ། རྗེ་ཙོང་ཁ་པས་ཀྱང་གསུངས་མྱོང་མེད།
གོང་གསལ་དེ་ཚོ་ནི་སངས་རྒྱས་ཆོས་ལུགས་ཀྱི་མདོ་དང་སྔགས་གཉིས་ལས་མདོའི་ནང་གི་བཤད་སྟངས་རེད། སྔགས་ཕྱོགས་ཏེ་དུས་འཁོར་སྐོར་གྱི་དཔེ་ཆའི་ནང་བསྟན་པའི་གནས་ཚད་སྟོང་ཕྲག་ལྔ་ཡིན་པ་དེ་མདོ་ལུགས་ཀྱི་བཤད་སྲོལ་དང་གཅིག་མཚུངས་ཡིན། འོན་ཀྱང་དེའི་ཆོས་གནས་སྟངས་སྐོར་མུ་སྟེགས་ཁྱབ་འཇུག་པའི་ལྟ་བ་བཤད་སྐབས་ཤམ་བྷ་ལའི་སྐོར་ཞིག་ཞུས་ཡོད་པ་དེར་དྲན་གསོ་གནང་ན་འགྲིག

 

ཞར་བྱུང༌། ལྷ་སའི་ཇོ་བོའི་སྐོར།

 

སངས་རྒྱས་ཤཱཀྱ་མུ་ནེ་སྐུ་འཚོ་བཞུགས་སྐབས་བཞེངས་པའི་སྐུ་གསུམ་ཡོད་པའི་ནང་ནས་སྐུ་གཉིས་མི་ཡུལ་དུ་ཡོད་པ་དང༌། མི་ཡུལ་དུ་ཡོད་པ་དེ་གཉིས་ཀྱང་ད་ལྟ་གཉིས་ཀ་བོད་དུ་ཡོད་ཅིང༌། བོད་དུ་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན། སྔོན་མ་སྤྱི་ལོའི་དུས་རབས་གསུམ་པའི་སྐབས་རྒྱ་ནག་དང་རྒྱ་གར་གྱི་རྒྱལ་པོ་གཉིས་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པ་དང༌། སྐབས་དེ་དུས་རྒྱ་ནག་ལ་སངས་རྒྱས་ཆོས་ལུགས་དར་མེད། འོན་ཀྱང་རྒྱ་གར་ལ་དེ་དུས་སངས་རྒྱས་ཆོས་ལུགས་དར་ཟིན་ཞིང༌། སྐབས་ཤིག་རྒྱ་ནག་རྒྱལ་པོས་རྒྱ་གར་རྒྱལ་པོར་རྒྱབ་ལངས་རོགས་རམ་བྱས་པའི་དྲིན་ལན་འཇལ་ཆེད་རྩ་ཆེའི་དངོས་པོ་གང་དགོས་འབུལ་རྒྱུའི་ཡི་གེ་བཏང་བར་རྒྱ་ནག་རྒྱལ་པོས་ང་ལ་རྒྱུ་དངོས་གཞན་གང་ཡང་མི་དགོས། ང་ཚོ་རྒྱ་ནག་ལ་དཔལ་འབྱོར་དར་རྒྱས་ཆེ་རུང་སངས་རྒྱས་ཀྱི་ཆོས་མེད་པས་ཁྱེད་ཚོ་རྒྱ་གར་དུ་ཡོད་པའི་སངས་རྒྱས་འཚོ་བཞུགས་སྐབས་བཞེངས་པའི་སྐུ་དེ་ང་ཚོར་གནང་རོགས་ཞེས་ཞུས་པར་རྒྱ་གར་རྒྱལ་པོས་ཡིད་མཐུན་བྱས་ནས་སྐུ་དེ་རྒྱ་གར་ནས་མཚོ་ཐོག་བརྒྱུད་རྒྱ་ནག་ཏུ་གདན་འདྲེན་ཞུས་པ་རེད། བལ་ཡུལ་དུ་ཡོད་པའི་ཇོ་བོ་དེ་ནི་སྐབས་དེ་དུས་བལ་ཡུལ་རྒྱ་གར་གྱི་མངའ་ཁོངས་ཡིན་པ་དང༌། སངས་རྒྱས་འཁྲུངས་ས་ཡང་བལ་ཡུལ་དང་རྒྱ་གར་གྱི་ས་མཚམས་སུ་ཡིན་པར་བརྟེན་སངས་རྒྱས་འཚོ་བཞུགས་སྐབས་བཞེངས་པའི་སྐུ་དེ་བལ་ཡུལ་ལ་དེ་ལྟར་བྱུང་བ་རེད། སྐུ་དེ་བལ་ཡུལ་དུ་ལོ་ངོ་ལྔ་བརྒྱ་བཞུགས་སུ་གསོལ་རྗེས་བལ་བཟའི་རྟེན་སྐལ་དུ་བོད་དུ་གདན་དྲངས་ཤིང༌། སྲོང་བཙན་སྒམ་པོས་བལ་བཟའ་གདན་འདྲེན་ཞུ་བའི་དམིགས་ཡུལ་ཡང་བལ་ཡུལ་དུ་ཡོད་པའི་སངས་རྒྱས་ཀྱི་སྐུ་དེ་བོད་ལ་གདན་འདྲེན་ཞུ་ཆེད་ཡིན་ཞེས་དཔེ་ཆའི་ནང་འཁོད་ཡོད། སངས་རྒྱས་འཚོ་བཞུགས་སྐབས་སངས་རྒྱས་ཀྱི་འདྲ་སྐུ་བཞེངས་མཁན་གྱི་བཟོ་པ་དེ་ནི་བི་ཤྭ་ཀརྨ་ཞེས་བཟོ་རྩལ་ལ་ཤིན་ཏུ་མཁས་པ་ཞིག་ཡིན། གནའ་དུས་རྒྱ་གར་གྱི་རྒྱལ་པོར་མནའ་མ་ལེན་སྐབས་རྒྱལ་ཁབ་ནང་གི་བུ་མོ་མཛེས་མ་ཚང་མ་རྒྱལ་པོས་བསྡུ་གི་ཡོད་པར་བརྟེན་བུ་མོ་འདེམས་སྐབས་པར་ལེན་ལག་རྩལ་མེད་སྟབས་རྒྱལ་པོར་མནའ་མ་ལེན་ཁར་བློན་པོ་དང༌། རི་མོ་འབྲི་མཁན། དཀར་ཡོལ་གྱིས་མི་དབྱིབས་བཟོ་ཤེས་མཁན་སོགས་ལག་རྩལ་པ་བཏང་སྟེ་ལུང་པ་གང་ས་གང་ལ་བུ་མོ་མཛེས་མ་འཚོལ་བར་ཕྱིན་ཏེ་བུ་མོ་དེ་ཚོ་ནང་བཞིན་གྱི་རི་མོ་བཟོ་དབྱིབས་བཟོས་ནས་ཁྱེར་ཡོང་སྟེ་རྒྱལ་པོའི་ཕོ་བྲང་ནང་སྒྲིག་ཐོག་དེ་ཚོའི་ལོ་རྒྱུས་དང་སྐྱེས་ཁུངས་སོགས་གསལ་བཤད་ཞུ་དགོས་པ་དང༌། རྒྱལ་པོས་ཀྱང་རི་མོ་དང་བཟོ་དབྱིབས་ལ་བལྟས་ནས་མནའ་མ་གདམ་གྱི་ཡོད། དེར་བརྟེན་དེ་དུས་མི་གསོན་པ་ནང་བཞིན་གྱི་གཟུགས་བརྙན་བཟོ་བྲིས་ཐུབ་མཁན་ལག་རྩལ་མི་སྣ་ཡོད་ལ་སངས་རྒྱས་ཀྱི་སྐུ་བཞེངས་མཁན་ནི་དེ་བས་མཆོག་ཏུ་གྱུར་པ་མང་པོ་ཡོད། སྐབས་དེ་དུས་རྒྱ་གར་དབུས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོ་སོགས་རྒྱལ་པོ་གཉིས་ཀྱིས་སྦྱིན་བདག་བྱས་ནས་ལྷ་ཡི་བཟོ་བོ་བི་ཤྭ་ཀརྨ་ཁྲིད་དེ་སངས་རྒྱས་ལ་ང་ཚོ་སྡོད་ས་དང་སངས་རྒྱས་བཞུགས་སའི་དབར་བར་ཐག་རིང་བའི་རྐྱེན་གྱིས་སངས་རྒྱས་ཀྱི་འདྲ་སྐུ་ཞིག་མི་བཞེངས་ཐབས་མེད་ལ་བརྟེན་བཟོ་བོ་འདི་པ་སྐུ་མདུན་དུ་བསྡད་ནས་འདྲ་སྐུ་ཞིག་བཞེངས་ཆོག་པའི་སྐྱབས་འཇུག་གནང་རོགས་ཞེས་ཞུས་པར་སངས་རྒྱས་ཀྱི་ཞལ་བཞེས་ཐོབ་པ་ལྟར་བཟོ་པ་དེས་སངས་རྒྱས་ཀྱི་སྐུ་གཟུགས་དངོས་ལ་ལྟ་བཞིན་དུ་སྐུ་འདྲ་དེ་གསུམ་བཞེངས་ཏེ་ད་ལྟའི་ལྷ་སའི་ར་མོ་ཆེའི་ཇོ་བོ་དང་གཙུག་ལག་ཁང་གི་ཇོ་བོ་གཉིས་དེ་ལྟར་བྱུང་བ་ཡིན། གཞན་ཡང་རྒྱ་ནག་ཏུ་ཙནྡན་ཇོ་བོ་ཞིག་ཡོད་པ་དེའང་སངས་རྒྱས་འཚོ་བཞུགས་སྐབས་ཤིང་ལ་བརྐོས་རྒྱག་མཁན་མཁས་པ་ཞིག་བོས་ནས་སངས་རྒྱས་རང་གི་སྐུ་མདུན་དུ་བཞེངས་པ་ཡིན་ཟེར། དེ་ནི་སངས་རྒྱས་ཡར་བཞེངས་བཞུགས་པའི་དབྱིབས་གཟུགས་བཀོད་ཡོད། སྔོན་མ་ང་ཚོས་པེ་ཅིན་གྱི་གོང་མའི་ཕོ་བྲང་ནས་མཇལ་མྱོང་བའི་ཙནྡན་གྱི་སྐུ་དེ་གསུང་བྱོན་མི་ཡོང་ངམ་སྙམ་པ་ཞིག་འདུག དེ་སྐུ་ཚད་ཆེན་པོ་མེད་པར་ཕལ་ཆེར་ཕྲུ་གུ་ལོ་བཅུའི་གཟུགས་ཚད་ཙམ་ཞིག་ཡོད། དེ་ཡང་ལ་ལས་ཙནྡན་གྱི་ཇོ་བོ་ངོ་མ་དེ་བཞུགས་མེད་པར་ད་ལྟ་གོང་མའི་ཕོ་བྲང་ནང་དུ་ཡོད་པ་དེ་སྔོན་མའི་ཙནྡན་ཇོ་བོ་ལ་དཔེ་བླངས་ནས་བཟོས་པ་ཞིག་ལས། ཇོ་བོ་ངོ་མ་དེ་རི་པིན་གྱིས་འཁྱེར་བ་རེད་ཅེས་ཀྱང་ཟེར་སྲོལ་འདུག་པས་གང་ལྟར་བཤད་སྲོལ་དེ་བདེན་པ་ཡིན་མིན་གསལ་པོ་ཤེས་མ་སོང་ངོ༌།།
གཉིས་པ། སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་བྱུང་ཚུལ།
སངས་རྒྱས་ཤཱཀྱ་མུ་ནེ་དགུང་ལོ་སོ་ལྔ་པ་ལ་སངས་རྒྱས་ནས་དགུང་ལོ་བརྒྱད་ཅུར་མ་ཕེབས་བར་ལོ་ཞེ་དྲུག་གི་རིང་ཆོས་གསུངས་པའི་གསུང་རབ་རྣམས་བརྗོད་བྱའི་སྒོ་ནས་དབྱེ་བ་ཕྱེ་ན་སྡེ་སྣོད་གསུམ་སྟེ། ༡. འདུལ་བའི་སྡེ་སྣོད། ༢. མདོ་སྡེའི་སྡེ་སྣོད། ༣. མངོན་པའི་སྡེ་སྣོད་བཅས་ཡིན། དེ་ཡང་བརྗོད་བྱའི་ནང་དོན་བསླབ་པ་གསུམ་པོ་དེ་རྗོད་བྱེད་སྡེ་སྣོད་གསུམ་གྱི་སྒོ་ནས་བསྟན་པ་ལ་ཟེར་ཞིང༌། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་ཅེས་བཏགས་པ་ཡིན།
བསླབ་པ་གསུམ་དང་སྡེ་སྣོད་གསུམ་བར་གྱི་འབྲེལ་བ་ནི། སངས་རྒྱས་ཀྱི་གསུང་རབ་རྣམས་བརྗོད་བྱའི་སྒོ་ནས་ཕྱེ་ན། <<སྡེ་སྣོད་གསུམ་>>དུ་འདུས་པའི་རྒྱུ་མཚན་གང་ཡིན་ཤེས་དགོས། དེ་ཡང་རང་ཅག་མིའི་རིགས་ཀྱིས་མཚོན་པའི་འགྲོ་བ་རིགས་དྲུག་རྣམས་རང་དབང་མེད་པར་འཁོར་བའི་གནས་སུ་ཡང་ནས་ཡང་དུ་སྐྱེ་བ་ལེན་དགོས་པའི་རྒྱུ་ནི། སྡིག་པ་མི་དགེ་བ་བཅུའི་ལས་ངན་ལ་བརྟེན་ནས་བྱུང་བ་དང།  ལས་ངན་བཅུ་པོ་དེ་ཡང་རང་རང་གི་སེམས་རྒྱུད་ལ་ཡོད་པའི་ཉོན་མོངས་དུག་གསུམ་གྱིས་བསྐུལ་བ་ལ་བརྟེན་ནས་བྱུང༌། དུག་གསུམ་པོ་དེའི་ནང་གི་འདོད་ཆགས་དང་ཞེ་སྡང་གཉིས་པོ་དེ་ཡང་རང་གཅེས་འཛིན་དང༌། ངར་འཛིན་མ་རིག་པ་ལ་བརྟེན་ནས་བྱུང་བ་ཡིན་པས། འཁོར་བ་ནས་ཐར་མ་ཐུབ་པའི་རྩ་བ་མཐར་ཐུག་པ་ནི་ངར་འཛིན་མ་རིག་པ་ཡིན། དེ་སྤོང་བའི་ཐབས་སུ་སྟོང་པ་ཉིད་ཀྱི་ལྟ་བ་རྟོགས་དགོས་པས་དེའི་ཆེད་དུ་སངས་རྒྱས་ཀྱིས་<<མངོན་པའི་སྡེ་སྣོད་>>གསུངས། སྟོང་པ་ཉིད་ཀྱི་ལྟ་བ་རྟོགས་པ་ལ་རང་སེམས་རང་གིས་དབང་དུ་འདུ་ཐུབ་པ་ཞིག་དགོས། རང་སེམས་རང་གིས་དབང་དུ་འདུས་པ་བྱེད་མཁན་ནི་འདོད་ཆགས་དང་ཁོང་ཁྲོ་སོགས་རྩ་བའི་ཉོན་མོངས་དྲུག་སྤོང་བའི་བློ་དེ་(འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ། ལོག་པར་ལྟ་བ་བཅས་)ཡིན་པས་དེ་རྣམས་སྤོང་བའི་ཆེད་དུ་དམིགས་པ་གཅིག་ལ་མ་ཡེངས་པར་གནས་པའི་ཏིང་ངེ་འཛིན་སྒོམ་དགོས། དེའི་ཆེད་དུ་མདོ་སྡེའི་སྡེ་སྣོད་གསུངས། རང་སེམས་དམིགས་པ་གཅིག་ལ་མ་ཡེངས་པར་གནས་པའི་ཏིང་ངེ་འཛིན་སྒོམ་པ་ལ་སྔོན་དུ་རང་གི་ལུས་ཀྱི་མི་དགེ་བ་གསུམ་དང་ངག་གི་མི་དགེ་བ་བཞི་ལ་སོགས་པའི་ལུས་ངག་གི་བྱ་སྤྱོད་ངན་པ་རྣམས་སྤོང་བའི་ཆེད་དུ་བཙན་ཤེད་རང་བཞིན་ལྡན་པའི་སྡོམ་ཁྲིམས་ཤིག་དགོས། དེའི་ཆེད་དུ་སངས་རྒྱས་ཀྱིས་འདུལ་བའི་སྡེ་སྣོད་གསུངས་པ་ཡིན།
སངས་རྒྱས་ཀྱིས་གསུངས་པའི་གསུང་རབ་རྣམས་ཆོས་གསུང་ཡུལ་གྱི་གདུལ་བྱའི་སྒོ་ནས་ཕྱེ་ན། ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་སུ་ཕྱེ་ཞིང༌། དེ་རེ་རེ་ལ་ཡང་གོང་དུ་བཤད་པ་བཞིན་སྡེ་སྣོད་གསུམ་དུ་ཕྱེ་ཆོག་པ་བུ་སྟོན་རིན་པོ་ཆེས་མཛད་པའི་<<ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད་>>ལས་གསུངས་པ་ལྟར་ཡིན།
སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་རྣམས་ཕྱོགས་བསྒྲིགས་བྱེད་སྐབས་བཀའ་བསྡུ་ཐེངས་གསུམ་བརྒྱུད་མྱོང་བ་སྟེ།

 

བཀའ་བསྡུ་དང་པོ།

 

སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་དེ་ཤཱཀྱ་མུ་ནེ་འཚོ་བཞུགས་སྐབས་ནས་ཡོད་ན་ཡང་སངས་རྒྱས་མྱ་ངན་ལས་འདས་རྗེས་གཞི་ནས་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན། གོ་རིམ་ནི་རྒྱ་གར་དུ་བཀའ་བསྡུ་དང་པོ་དང༌། བཀའ་བསྡུ་གཉིས་པ། བཀའ་བསྡུ་གསུམ་པ་སྟེ་ཐེངས་གསུམ་བྱས་ཤིང༌། བཀའ་བསྡུ་ཞེས་པ་ནི་ཕྱོགས་བསྒྲིགས་བྱས་པའི་དོན་ཡིན། བཀའ་བསྡུ་དང་པོ་དེ་དོན་ཚན་ལྔར་དབྱེ་ནས་བཤད་ན་གོ་བདེ་བས།
jབཀའ་བསྡུ་འདིའི་འབྱུང་རྐྱེན་ནི་སངས་རྒྱས་མྱ་ངན་ལས་འདས་ནས་རེ་ཞིག་བར་དགེ་སློང་སོགས་སློབ་མ་རྣམས་ཏིང་ངེ་འཛིན་སྒོམ་པ་གཙོར་འདོན་མཛད་དེ་ཆོས་འཆད་ཉན་ལ་སྤྲོ་བ་མེད་པར་གྱུར་པ་ལ་སྐྱེ་བོ་མང་པོས་འཕྱ་སྨོད་བྱས་པ།
kབཀའ་བསྡུ་འདིའི་མཛད་པ་པོ་ནི། ཉན་ཐོས་འོད་སྲུང་ཆེན་པོས་མངོན་པའི་སྡེ་སྣོད་སྡུད་པ་པོ་དང༌། ཉེ་བར་འཁོར་གྱིས་འདུལ་བའི་སྡེ་སྣོད་སྡུད་པ་པོ། ཀུན་དཀའ་བོས་མདོ་སྡེའི་སྡེ་སྣོད་སྡུད་པ་པོ་མཛད་པ་ཡིན། དེ་ཡང་འོད་སྲུང་ཆེན་པོ་མངོན་པའི་སྡེ་སྣོད་སྡུད་པ་པོར་བསྐོ་གཞག་བྱེད་དོན་ནི་ཁོང་ནི་ཆོས་ཁྲིམས་དང་ལས་རྒྱུ་འབྲས་སྐོར་ཧ་ཅང་མཁས་པ་ཡིན་པ་མ་ཟད། སངས་རྒྱས་ཀྱི་གསུང་རབ་ནང་མི་གཞན་གྱིས་ཤེས་རྟོགས་མ་ཐུབ་པའི་དོགས་གནད་གང་ཞིག་ཡིན་ནའང་ལན་བསྐྱོན་ཐུབ་མཁན་ཞིག་ཡིན་ལ་གལ་ཏེ་ཐེ་ཚོམ་རིགས་བྱུང་ཚེ་སངས་རྒྱས་ལ་བཀའ་འདྲི་ཧ་ཅང་ཞུ་མཁས་པོ་ཡོད། ཉེ་བར་འཁོར་འདུལ་བའི་སྡེ་སྣོད་སྡུད་པ་པོར་བསྐོ་བཞག་བྱེད་དོན་ནི་ཁོང་ནི་ཆོས་ཁྲིམས་དང་དགེ་སློང་གི་ཁྲིམས་ཀྱི་སྐོར་ལ་ཧ་ཅང་མཁས་པ་ཡིན། ཁོང་གིས་ཆོས་ཁྲིམས་ཀྱི་སྐོར་ལ་དཔེར་ན་དགོན་པ་སོ་སོ་དང་གྲྭ་པ་སོ་སོར་གནས་ཚུལ་བཟང་ངན་གང་ཞིག་ཐུག་ནའང་རང་གིས་རང་ཐག་བཅད་ནས་ཐག་གཅོད་གཏན་ནས་མ་བྱས་པར་ཚང་མ་སངས་རྒྱས་ལ་བཀའ་འདྲི་ཞུས་ཐོག་སངས་རྒྱས་ཀྱིས་གསུངས་པ་དེ་དག་ཐུགས་ལ་བརྟན་པོར་བཅངས་གནང་མཁན་ཞིག་ཡིན། ཀུན་དགའ་བོ་ནི་སངས་རྒྱས་ཀྱི་ཡབ་ཟས་གཙང་མར་རང་ཉིད་བརྩིས་པའི་བུ་སྤུན་བཞི་ཡོད་པ་དེའི་ནང་གི་ཆུང་ཤོས་དེའི་སྲས་ཡིན། ཀུན་དགའ་བོ་རབ་ཏུ་བྱུང་རྗེས་ཐེངས་ཤིག་དགྲ་བཅོམ་པ་ཚང་མ་འཚོགས་པའི་དབུས་སུ་སངས་རྒྱས་གང་དུ་ཕེབས་ནའང་ལྷན་དུ་བཅར་མཁན་ཞིག་བསྐོ་གཞག་དགོས་རྒྱུའི་གྲོས་སྡུར་བྱས་ནའང་དང་བླངས་བྱེད་མཁན་གཏན་ནས་མ་བྱུང་བ་དང༌། སྐབས་དེར་སངས་རྒྱས་ཀྱི་ཐུགས་ལ་ཀུན་དགའ་བོ་བབ་པ་དེ་སྐུ་འགྲམ་གྱི་དགྲ་བཅོམ་པ་ཁ་ཤས་ཀྱིས་ཤེས་ཏེ་སངས་རྒྱས་ལ་བཀའ་འདྲི་ཞུ་སྐབས་དེ་ཉིན་དགྲ་བཅོམ་འཚོགས་སར་ཀུན་དགའ་བོ་མེད་སྟབས་སངས་རྒྱས་ཀྱིས་ངའི་བློ་ལ་བབ་རུང་ཀུན་དགའ་བོས་ཁས་ལེན་མིན་ངས་མི་ཤེས་ཞེས་གསུངས་པར་འཕྲལ་དུ་མི་མངགས་ནས་ཀུན་དགའ་བོར་སྐད་ཆ་འདྲི་སྐབས་ཀུན་དགའ་བོས་སངས་རྒྱས་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟར་ཧ་ཅང་གཟི་བརྗིད་ཆེན་པོ་ཡིན་པས་ཞབས་ཕྱི་ཞུ་ཁག་པོ་རེད་ཅེས་ཐེངས་གསུམ་ཙམ་ཁས་མ་བླངས་པ་དང༌། མཐའ་མ་ཀུན་དགའ་བོས་སངས་རྒྱས་ཀྱི་དགོངས་པ་ལྟར་ངེས་པར་ཞབས་ཞུ་བྱེད་དགོས་ན་ཆ་རྐྱེན་གསུམ་ཡོད་པས་དེ་ཞལ་བཞེས་གནང་དགོས། དེ་ནི། ༡. སངས་རྒྱས་ཀྱིས་བཞེས་མ་ལོ་བའི་གསོལ་ཆས་དང་ན་བཟའ་ང་ལ་གནང་རྒྱུ་མེད་པ་དང༌། ༢. སངས་རྒྱས་ཀྱིས་ཆོས་ག་དུས་གསུང་ནའང་ང་ཡོད་དགོས་པ་ལས་ང་མེད་ན་ཆོས་གསུང་རྒྱུ་མེད་པ། ༣. སངས་རྒྱས་ཀྱི་སྐུ་མདུན་དུ་ག་དུས་བཅར་ནའང་དེ་ལ་སུས་ཀྱང་བཀག་འགོག་མི་ཆོག་པ་བཅས་ཡིན་ཞེས་བཤད་པ་དེ་དག་སངས་རྒྱས་ལ་སྙན་སེང་ཞུ་སྐབས་སངས་རྒྱས་ཀྱིས་ཀུན་དགའ་བོས་སྐད་ཆ་དེ་དག་ལ་བསམ་བློ་གཏིང་ཟབ་པོ་བཏང་འདུག དཔེར་ན་ངས་མ་གྱོན་པའི་གོས་དང་ངས་མ་བཟས་པའི་ལྟོ་ཆས་ལྷག་མ་ཀུན་དགའ་བོ་ལ་སྟེར་ཚེ་མི་ཚོས་ཀུན་དགའ་བོ་ལྟོ་གོས་ཀྱི་དོན་དུ་སངས་རྒྱས་ཀྱི་ཞབས་ཕྱིར་བསྡད་པ་རེད་ཅེས་ཟེར་ཉེན་ཡོད་པ་དང༌། ཀུན་དགའ་བོ་མེད་དུས་ཆོས་བཤད་ན་མི་འགྲིག་ཟེར་བ་དེ་ནི་ངས་བཤད་པའི་ཆོས་རྣམས་ཚང་མ་སེམས་ལ་བརྟན་པོར་ངེས་པ་བྱས་ནས་ང་འཇིག་རྟེན་འདི་ནས་ཚེ་འཕོས་རྗེས་ངས་བཤད་པའི་ཆོས་དེ་དག་ཆ་ཚང་གཞན་ལ་བཤད་རྒྱུ་ཡོང་ཆེད་ཡིན་ལ། དུས་ཚོད་ངེས་མེད་ཐོག་ངའི་མདུན་དུ་ཡོང་ཆོག་པ་ཟེར་བ་དེའང་དགེ་སློང་དང་སྤྱིར་བཏང་གི་སེར་མོ་བའི་ནང་གི་གནས་ཚུལ་དང༌། དེ་མིན་གནས་ཚུལ་བཟང་ངན་ཅི་རིགས་དུས་ཐོག་ཏུ་ང་ལ་ཤོད་དགོས་སྙམ་པ་ཡིན་པས་ཆ་རྐྱེན་དེ་དག་ཧ་ཅང་གནད་འགག་ཆེན་པོ་རེད་ཅེས་བསྔགས་བརྗོད་མཛད་དེ་ཞལ་བཞེས་གནང་ཐོག དེ་ནས་བཟུང་སངས་རྒྱས་ཀྱིས་ཆོས་གང་དུ་གསུངས་ཀྱང་ཀུན་དགའ་བོ་ལྷན་དུ་ཕེབས་ཏེ་ཆོས་གསན་ནས་ཐུགས་ལ་ངེས་སྟབས་བཀའ་སྡུད་པ་པོར་བསྐོ་གཞག་བྱེད་དོན་དེ་ལྟར་ཡིན།
lབཀའ་བསྡུ་དང་པོའི་སྐབས་ཀྱི་སྦྱིན་བདག་ནི་སྐབས་དེའི་མ་གྷ་དྷའི་རྒྱལ་པོ་མ་སྐྱེས་དགྲ་(ཨ་མ་ལས་སྐྱེས་པའི་དགྲ་བོ་ཞེས་པའི་དོན་)ཡིན། དེ་ཡང་ཐོག་མ་མ་སྐྱེས་དགྲ་ཨ་མའི་ཁོག་ཏུ་ཡོད་སྐབས་དེའི་རྒྱ་གར་གྱི་ལུགས་སྲོལ་ལྟར་བུ་བུ་མོ་གང་ཡིན་དང་རྗེས་སུ་བཟང་ངན་ཇི་ལྟར་ཡོང་མིན་བརྟག་དཔྱད་བྱེད་སྐབས་བརྟག་དཔྱད་བྱེད་མཁན་གྱིས་ཕ་མ་གཉིས་ལ་ཁྱེད་གཉིས་ཀྱི་ཕྲུ་གུ་དེ་རྗེས་སུ་ཕ་མ་གཉིས་གསོད་མཁན་ཞིག་ཡོང་བ་འདུག་ཅེས་བརྗོད་པར་ཕ་མ་གཉིས་པོས་ང་གཉིས་གསོད་དགོས་དོན་ཅི་ལ་ཐུག་གམ་ཞེས་དྲིས་པའི་ལན་དུ་སྲིད་དབང་གི་དོན་ཡིན་འདུག་ཅེས་ལན་བཏབ་པར་བརྟེན་ཕ་མ་གཉིས་པོས་སྲིད་དབང་སྔ་ཙམ་སྤྲད་ན་ང་གཉིས་གསོད་དགོས་དོན་མེད་སྙམ་ནས་ཕྲུ་གུ་དེ་སྐྱེས་ནས་ན་སོ་དར་ལ་མ་བབ་གོང་ནས་སྲིད་དབང་སྤྲད་ནའང་མ་སྐྱེས་དགྲ་ཐོག་མར་སངས་རྒྱས་ཆོས་ལུགས་ལ་དགའ་པོ་མེད་པར་སངས་རྒྱས་ཤཱཀྱ་མུ་ནེ་བཀྲོངས་ཐབས་དུ་མ་བྱས་ཀྱང་སྒྲུབ་ཐུབ་མེད། མ་སྐྱེས་དགྲའི་པ་ཕས་སྲིད་དབང་མ་སྐྱེས་དགྲ་ལ་སྤྲད་ནས་རང་ཉིད་ཆོས་བྱེད་པར་ཕྱིན་པ་དང༌། དེའི་རིང་བློན་པོ་ངན་པ་ཁག་ཅིག་གི་ངན་སྐུལ་འོག་མ་སྐྱེས་དགྲས་ཉེས་པ་རྩ་བ་ནས་མེད་པའི་མི་མང་པོ་དམར་གསོད་བཏང་བ་དང་རང་ཉིད་ཀྱི་སྣང་བར་མི་འགྲོ་བའི་མི་མང་པོར་གནོད་འཚེ་གཏོང་བ་སོགས་བྱ་ངན་སྤྱོད་ངན་ཧ་ཅང་མང་པོ་སྤེལ་བར་བརྟེན་མཐར་གནས་ཚུལ་དེ་དག་པ་ཕས་ཐོས་ཏེ་བུ་མ་སྐྱེས་དགྲར་སློབ་གསོ་རྒྱག་པར་ཡོང་སྐབས་བློན་པོ་ཚོ་པ་ཕས་ཆོས་བྱས་པར་མི་དགའ་བར་དཀྲོག་གཏམ་བཟོས་ཏེ་མ་སྐྱེས་དགྲ་ལ་པ་ཕ་སྲིད་དབང་འཕྲོག་པར་ཡོང་བ་རེད་ཅེས་ངན་བསླབ་བྱས་སྟབས་མ་སྐྱེས་དགྲས་པ་ཕ་བཟུང་ནས་རྐང་པ་བཅད་དེ་བཙོན་དུ་བཅུག་མཐར་ལྟོགས་ཤི་ཐེབས་དགོས་བཟོས་པ་རེད། རྗེས་སུ་མ་སྐྱེས་དགྲས་རང་གི་སྔར་བྱས་ལས་ཀར་ཕྱི་མིག་བལྟ་སྐབས་འགྱོད་པ་ཤིན་ཏུ་ཆེན་པོ་སྐྱེས་ཏེ་སངས་རྒྱས་ཀྱི་ཞབས་ལ་གཏུགས་ནས་ཆོས་ཞུས་པ་དང་སངས་རྒྱས་མྱ་ངན་ལས་འདས་རྗེས་དགྲ་བཅོམ་ཚང་མ་གདན་དྲངས་ཏེ་རང་གིས་སྦྱིན་བདག་བྱས་པ་རེད།
mབཀའ་བསྡུ་དང་པོ་བྱེད་སའི་དུས་དང་གནས་ནི་སངས་རྒྱས་མྱ་ངན་ལས་འདས་པའི་ཕྱི་ལོ་སྟེ་ཕུག་ལུགས་ལྟར་ན་ལྕགས་སྦྲུལ་(སྤྱི་ལོའི་གོང་༨༨༡)ལོའམ་གནས་བརྟན་སྡེ་པའི་ལུགས་ལྟར་ན་ས་རྟ་(སྤྱི་ལོའི་གོང་༥༤༥)ལོར་རྒྱལ་པོ་མ་སྐྱེས་དགྲས་སྲིད་དབང་བཟུང་བའི་ཁྲི་ལོ་དགུ་པ་བབས་པ་རྒྱལ་པོའི་ཁབ་ཀྱི་ཤར་ལྷོའི་ཕྱོགས་སྡེ་ཅན་མའི་བྲག་ཕུག་ཏུ་བཀའ་བསྡུ་དང་པོ་མཛད། གོང་གི་རྒྱལ་པོའི་ཁབ་ཅེས་པའི་ས་ཆ་དེ་རྒྱ་གར་རྡོ་རྗེ་གདན་ནས་ཤར་ཕྱོགས་སུ་ལེ་དབར་ཉིས་བརྒྱ་དྲུག་ཅུ་ཙམ་གྱི་སར་ཡོད་པ་དང༌། ཕྱིས་སུ་གྲོང་ཁྱེར་གྱི་ཤུལ་ཙམ་ལས་མེད་ན་ཡང་སྐབས་དེ་དུས་ལྕགས་རིའི་མཐའ་སྐོར་ལ་ལེ་དབར་བརྒྱ་དང་ལྔ་བཅུ་ཙམ། མཁར་གྲོང་ནང་མའི་མཐའ་སྐོར་ལ་ལེ་དབར་སུམ་ཅུ་ཙམ་ཡོད་པར་བཤད། ས་གནས་དེར་རྒྱལ་པོའི་ཁབ་ཟེར་བའི་རྒྱུ་མཚན་ནི་རྒྱལ་པོ་གཟུགས་ཅན་སྙིང་པོས་རྒྱལ་པོ་བྱེད་སྐབས་ཀྱི་མཁར་གྲོང་སྔོན་མ་དེ་གྲོང་ཁྱེར་ནང་དུ་ཡོད་སྟབས་འབངས་ཀྱི་ཁང་ཁྱིམ་ནང་མེ་ཤོར་ནས་རྒྱལ་པོའི་ཕོ་བྲང་དུ་མཆེད་པ་ཐེངས་ཁ་ཤས་བྱུང་བའི་རྐྱེན་གྱིས་རྒྱལ་པོས་སུའི་ཁྱིམ་ཚང་ལ་མེ་ཤོར་ནའང་དེའི་ཁང་ཁྱིམ་ནང་མི་དང་བཅས་པ་དུར་ཁྲོད་དུ་ཕྱིར་འབུད་བྱ་རྒྱུའི་ཁྲིམས་བཅད་པ་དང༌། ཡུན་རིང་མ་སོང་བར་རྒྱལ་པོ་རང་གི་ཁྱིམ་དུ་མེ་ཤོར་བས་རྒྱལ་པོས་རང་གིས་གཏན་འབེབས་བཟོས་པའི་ཁྲིམས་རང་གིས་བཤིག་མི་རུང་ཞེས་ཕོ་བྲང་དུར་ཁྲོད་དུ་སྤོས་ནས་བསྡད་པར་རྒྱལ་པོའི་ཁབ་ཅེས་མིང་ཐོགས། དེ་རྒྱལ་པོ་གཞན་གྱིས་ཤེས་ཏེ་རྐུན་དམག་གཏོང་རྒྱུའི་གྲོས་བྱས་པ་རྒྱལ་པོས་གོ་ཐོས་བྱུང་བས་ལྕགས་རི་བསྐོངས་ཏེ་ཁང་ཁྱིམ་མང་པོ་བཏབ་ནས་གྲོང་ཁྱེར་དུ་བསྒྱུར་བ་ཡིན་ཀྱང་མིང་བསྒྱུར་མ་བྱས་པར་སྔོན་མའི་མིང་རྙིང་པ་རང་འཇགས་སུ་བཞག་པ་ཡིན་ཞེས་<<འདུལ་བའི་གླེང་འབུམ་>>དུ་གསལ་ལ། རྒྱལ་པོའི་ཁབ་ཅེས་པའི་གྲོང་ཁྱེར་དེ་ནས་ལྷོ་ནུབ་ཏུ་སྔོན་སྟོན་པ་ཞལ་བཞུགས་སྐབས་ཆུ་ཚན་བརྒྱ་རྩ་བརྒྱད་ཡོད་པར་མདོ་སྡེ་ལས་གསུངས་ཀྱང་ཐང་ཟན་ཙང་གནས་དེར་ཕེབས་སྐབས་ཆུ་ཚན་ཉི་ཤུ་ཙམ་ལས་ལྷག་མེད་པ་དང༌། དེང་སང་གསུམ་ཙམ་ལས་མ་ལུས་ཤིང༌། བཀའ་བསྡུ་དང་པོ་མཛད་སའི་གནས་སྡེ་ཅན་མའི་ཕུག་ཟེར་བའི་བྲག་ཕུག་དེ་ཡང་ཆུ་ཚན་གྱི་ཐག་ཉེ་སར་ཡོད་ཚུལ་སོགས་<<ཐང་ཟན་ཙང་གི་ལམ་ཡིག་>>དང་དགེ་ཆོས་རིན་པོ་ཆེའི་གསུང་འབུམ་ལས་གསལ།
nབཀའ་བསྡུ་མཛད་ཐབས་ནི། ཐོག་མ་བཀའ་སྡུད་པ་པོ་བསྐོ་གཞག་བྱེད་སྐབས་དགེ་སློང་ཡོངས་རྫོགས་འཛོམས་པའི་སར་མང་མོས་འདེམས་སྒྲུག་བྱས་པ་ཞིག་ཡིན་ཅིང༌། དེ་སྔ་དགོན་སྡེ་ཁག་ནང་འདེམས་བསྐོ་བྱེད་ཐབས་འདི་འདྲ་ཞིག་ཡོད་དེ་དགེ་སློང་ཚོས་མིང་ཐོ་བཏོན་པའི་ནང་ནས་མང་ཤོས་དེ་དང༌། དེའི་འོག་མ་གཅིག ཡང་དེའི་འོག་མ་གཅིག་བཅས་ཁག་གསུམ་མིང་བཏོན་ཏེ་དགོན་པའི་མཁན་པོས་ཚོགས་གཞུང་དུ་མི་རེ་རེ་བྱས་ནས་ངོ་སྤྲོད་བྱས་རྗེས“གལ་ཏེ་མོས་མཐུན་ཡོད་ན་ཚུལ་ཤིང་བཞེས”ཞེས་ཟེར་སྲོལ་ཡོད་པ་དང༌། ཚུལ་ཤིང་ནི་འཇམ་ཤིང་འདྲོངས་པའི་ཤིང་རིང་ཐུང་ཁྲུ་གང་ཙམ་དང་ཕྲ་སྦོམ་མཛུབ་མོ་ཙམ་བྱས་པ། ཚོས་སེར་པོ་བྱུགས་པ་ཞིག་སྟེ་མང་ཉུང་ནི་དགོན་པོ་སོ་སོའི་གྲྭ་གྲངས་ཀྱི་ཚད་དང་གཅིག་མཚུངས་ཡིན། མཁན་པོས་ཚུལ་ཤིང་བཞེས་ཞེས་བརྗོད་མ་ཐག་ཞལ་ཏ་བས་(ཞལ་ཏ་བ་ནི་དགོན་པའི་ནང་ལས་ཀ་བྱེད་མཁན་གཙོ་བོ་ཞིག་སྟེ་དེ་ཡང་དགེ་ཚུལ་ལས་དགེ་སློང་གིས་བྱེད་མི་ཆོག གང་ཡིན་ཞེ་ན་དགེ་སློང་ལ་བསླབ་ཁྲིམས་ཉིས་བརྒྱ་ལྔ་བཅུ་ང་གསུམ་ཡོད་པས་ཞལ་ཏ་བའི་ལས་ཀ་བྱེད་ཐུབ་ཐབས་མེད་ཅིང༌། དགེ་ཚུལ་ལ་བསླབ་ཁྲིམས་སུམ་ཅུ་སོ་དྲུག་ལས་ཁྲིམས་གཞན་སྲུང་མི་དགོས་སྟབས་དགེ་ཚུལ་གྱིས་བྱས་ཆོག་གི་ཡོད་)ཚུལ་ཤིང་རྣམས་ཤིང་ཁྲོལ་ཞིག་ནང་བླུགས་ཏེ་གྲལ་སོ་སོའི་ནང་ཁྱེར་ཡོང་སྐབས་མོས་མཐུན་ཡོད་མཁན་གྱིས་ཚུལ་ཤིང་རེ་བླངས་ཐོག་མོས་མཐུན་མེད་མཁན་གྱིས་ཚུལ་ཤིང་མ་བླངས་པར་བཞག་གི་ཡོད་པས་མོས་མཐུན་ཡོད་མཁན་ག་ཚོད་ཡོད་དང་མེད་མཁན་ག་ཚོད་ཡོད་ཧ་ཅང་གསལ་པོ་ཡོད། དེར་བརྟེན་མང་ཆེ་བས་མོས་མཐུན་བྱུང་ཚེ་དེར་ཐག་བཅད་དེ་ཡང་བསྐྱར་མཁན་པོས་ཁྱབ་བསྒྲགས་ཐེངས་གསུམ་པ་བྱས་ཏེ་དངོས་སུ་བསྐོ་བཞག་ཟིན་པ་རེད། དེ་ནི་འདེམས་བསྐོ་བྱ་ཐབས་སྐོར་ཡིན། བཀའ་བསྡུ་དང་པོའི་བྱ་ཐབས་ནི་དགྲ་བཅོམ་ལྔ་བརྒྱའི་ཆོས་གོས་སྣམ་སྦྱར་ཚང་མ་བརྩེགས་པའི་ཁྲིའི་སྟེང་དུ་བཀའ་སྡུད་པ་པོ་རྣམས་བཞུགས་ནས་དེ་སྔོན་སངས་རྒྱས་ཞལ་བཞུགས་སྐབས་དངོས་སུ་གསན་པའི་བཀའ་རྣམས་བློ་ཐོག་ནས་གསུངས་རྗེས་དཔང་པོར་བཞུགས་པའི་དགྲ་བཅོམ་པ་ལྔ་བརྒྱས་ཚིག་དང་དོན་ལ་ཆད་ལྷག་དང་གོ་རིམ་འཁྲུགས་སྐྱོན་སོགས་མེད་པའི་ཞལ་བཞེས་དང་བསྟོད་བསྔགས་མཛད་པ་བཅས་ཡིན།

 

བཀའ་བསྡུ་གཉིས་པ།

 

འདིའི་ཐད་དོན་ཚན་བཞི་ལ་དབྱེ་ནས་བཤད་ན་གོ་བདེ་བས། བཀའ་བསྡུ་གཉིས་པ་དེའི་འབྱུང་རྐྱེན་ནི་བཀའ་འགྱུར་འདུལ་བའི་སྐོར་<<ལུང་ཕྲན་ཚེགས་>>བམ་པོ་ང་བརྒྱད་པ་དང་ང་དགུ་པ་(སྡེ་དགེ་བཀའ་འགྱུར་པོད་དང་པོའི་ནང་ཡོད་)གཉིས་ལས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་(སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་<<རྟོག་གེ་འབར་བ་>>དང་སློབ་དཔོན་དབྱིག་བཤེས་ཀྱིས་མཛད་པའི་<<སྡེ་པ་ཐ་དད་དུ་འབྱེད་པ་>>ལས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་དྲུག་ཅུ་ན་ཡིན་ཞེས་གསལ་)སོང་བ་ན་རྒྱ་གར་ཡངས་པ་ཅན་ན་ཡོད་པའི་དགེ་སློང་རྣམས་ཀྱིས་ཧུ་ལུ་ལུ་ཡི་རུང་བ་དང༌། ཨ་ལ་ལ་ཡི་རུང་བ་སོགས་རུང་བ་བཅུ་པོ་དེ་དག་བྱས་ན་སངས་རྒྱས་ཀྱིས་ཉེས་པ་ཡོད་པར་གསུངས་པ་རྣམས་ཀྱང་ཉེས་མེད་དུ་འགྱུར་ཐུབ་ཟེར་ནས་རུང་བ་མ་ཡིན་པའི་གཞི་བཅུ་ཟེར་བ་གསར་དུ་གཏོད་དེ་རྒྱུ་ནོར་དང་བཟའ་བཏུང་མང་པོ་གསོག་འཇོག་བྱས་ཏེ་ཆོས་ཁྲིམས་བག་ཡངས་སུ་སྤྱོད་པའི་གནས་ཚུལ་བྱུང་བ་དེ་ཡིན། བཀའ་བསྡུ་འདིའི་མཛད་པོ་ནི་<<འདུལ་བ་ལུང་ཕྲན་ཚེགས་>>དང་བོད་ཀྱི་མཁས་པ་སྔ་ཕྱིས་མཛད་པའི་ལོ་རྒྱུས་ཚང་མར་དགྲ་བཅོམ་པ་གྲགས་པས་མཛད་པར་མགྲིན་གཅིག་ཏུ་གསུངས་ཤིང༌། དགྲ་བཅོམ་པ་གྲགས་པ་ཞུ་བ་སུ་ཡིན་སྐོར་<<མཁས་པ་ལྡེའུའི་ཆོས་འབྱུང་>>ནང“ཚེ་དང་ལྡན་པ་གྲགས་པ་ཞེས་བྱ་སྟེ་ཉེར་སྦས་སོ”ཞེས་གསལ་ཞིང༌། <<ཀློང་ཆེན་ཆོས་འབྱུང་>>ལའང་དེ་ལྟར་གསལ། <<ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་>>ནང“ཚེ་དང་ལྡན་པ་གྲགས་པ་ཞེས་བྱ་སྟེ་གང་པོའོ”ཞེས་གསལ་བར་ལྟར་ན་གྲགས་པ་དང་གང་པོ་མི་གཅིག་ཡིན་པར་གསུངས་པ་བརྟག་དགོས། བཀའ་བསྡུ་མཛད་སྐབས་ཀྱི་སྦྱིན་བདག་ནི་<<ལུང་ཕྲན་ཚེགས་>>ནང་གསལ་བར་གསུངས་མེད་ཀྱང་བོད་ཀྱི་མཁས་དབང་འདུལ་འཛིན་ཐམས་ཅད་ཀྱིས་བཀའ་བསྡུ་གཉིས་པའི་སྦྱིན་བདག་རྒྱལ་པོ་དྷརྨ་ཨ་ཤོ་ཀ་སྟེ་མྱ་ངན་མེད་ཡིན་པར་གསུངས་ཡོད་པ་དང༌། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ་དཔར་མ་ཡོངས་གྲགས་རྣམས་སུ་མ་འཁོད་པའི་དཔེ་རྙིང༌། ཁ་བྱང་དུ་<<སྡོམ་གསུམ་རང་མཆན་འཁྲུལ་མེད་བཞུགས་སོ་>>ཞེས་འཁོད་པ་དེའི་ནང་བསྡུ་བ་གཉིས་པ་མཛད་ཅེས་གྲགས་ཞེས་པའི་མཆན་བུའི་ཡིག་ཆུང་དུ་ཡང་བྱ་གག་གི་ཀུན་དགའ་ར་བར་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཡོན་བདག་བྱས་ནས་ཞེས་འཁོད་ཡོད། འོན་ཀྱང་ཉེ་རབས་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོ་ཞིག་གིས་གོང་གསལ་གསུང་རྒྱུན་དེ་ལ་དོགས་གནད་མང་པོ་བཀོད་གནང་ཐོག་མཇུག་བསྡོམས་སུ་རྒྱ་གར་དུ་རྒྱལ་པོ་མྱ་ངན་མེད་སྔ་རྗེས་གཉིས་བྱུང་བའི་སྔ་མ་དེ་ལ་ཀཱ་ལ་ཨ་ཤོ་ཀ་སྟེ་མྱ་ངན་མེད་ནག་པོའམ་དུས་ཀྱི་མྱ་ངན་མེད་ཅེས་འབོད་པ་དེ་དགྲ་བཅོམ་པ་གྲགས་པས་བཏུལ་ནས་བཀའ་བསྡུ་གཉིས་པའི་སྦྱིན་བདག་མཛད་མཁན་དེ་ཡིན་ཅིང༌། མྱ་ངན་མེད་ཕྱི་མ་ནི་དེའི་རྗེས་ཀྱི་རྒྱལ་རབས་ལྔ་པ་བིནྡྷུ་ས་ར་སྟེ་སྙིང་པོ་ཐིག་ལེའི་བུ་དྷརྨ་ཨ་ཤོ་ཀའམ་ཡོངས་གྲགས་སུ་ཆོས་རྒྱལ་མྱ་ངན་མེད་དུ་འབོད་པ་དེ་བྱུང་བ་སོགས་གསལ་བཤད་ཞིབ་ཕྲ་གནང་འདུག
བཀའ་བསྡུ་མཛད་སའི་གནས་ནི་རྒྱ་གར་ཡངས་པ་ཅན་གྱི་ཀུསྨ་སུ་རིའི་གཙུག་ལག་ཁང་ཡིན། བཀའ་བསྡུ་མཛད་ཐབས་ནི་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་གསར་གཏོད་བྱས་པའི་རུང་བ་མ་ཡིན་པའི་གཞི་བཅུ་རེ་རེར་དགག་པ་ཞིབ་ནན་མཛད་རྗེས་འདུལ་བའི་གཞུང་ནས་གསུངས་པ་ལྟར་བསྐྲད་པའི་ལས་ཀྱི་ཆོ་གའི་སྒོ་ནས་གནས་དབྱུང་མཛད་པ་ཡིན།

 

བཀའ་བསྡུ་གསུམ་པ།

 

འདིའི་སྐོར་འདུལ་བ་ལུང་གི་ནང་དུ་གསལ་བར་གསུངས་མེད་པ་དང༌། བྱུང་ཚུལ་ལ་ཡང་རྒྱ་གར་དུ་གསུང་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པའི་སྐོར་<<བུ་སྟོན་ཆོས་འབྱུང་>>ནང་གསལ་ཞིང༌། འདིར་ཇོ་ནང་ཏཱ་ར་ན་ཐས་མཛད་པའི་<<རྒྱ་གར་ཆོས་འབྱུང་>>དང༌། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་<<རྟོག་གེ་འབར་བ་>>ལེའུ་བཞི་པ་ཉན་ཐོས་ཀྱི་དེ་ཁོ་ན་ཉིད་གཏན་ལ་ཕབ་པའི་ལེའུ། སློབ་དཔོན་དབྱིག་བཤེས་ཀྱིས་མཛད་པའི་<<གཞུང་ལུགས་བྱེ་བྲག་བཀོད་པའི་འཁོར་ལོ་>>སློབ་དཔོན་དུལ་བ་ལྷས་མཛད་པའི་<<སྡེ་པ་ཐ་དད་པར་བསྟན་པ་བསྡུས་པ་>>བཅས་གུང་བསྒྲིགས་ནས་དོན་ཚན་ལྔར་བསྡུས་ཏེ་ཞུས་ན། བཀའ་བསྡུ་གསུམ་པའི་འབྱུང་རྐྱེན་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན་རྒྱལ་པོ་མྱ་ངན་མེད་སྔོན་མ་ཀ་ལ་ཨ་ཤོ་ཀ་སྟེ་མྱ་ངན་མེད་ནག་པོའམ་དུས་ཀྱི་མྱ་ངན་མེད་བྱུང་ཞིང༌། དེ་ནས་ལོ་དྲུག་སོང་བའི་སྐབས་སུ་ཡུལ་མ་ཊའི་ཕྱོགས་སུ་ཚོང་དཔོན་ཞིག་གི་བུ་ལྷ་ཆེན་པོ་ཞེས་འབོད་པ་ཞིག་བྱུང་བ་དེས་རང་གི་པ་ཕ་ཚོང་རྒྱག་པར་ཕྱིན་ནས་ཡུན་རིང་ཁྱིམ་དུ་མ་བསྡད་པའི་སྐབས་དང་བསྟུན་ནས་རང་གི་མ་ལ་ལུས་འབྲེལ་བྱས་ཏེ་མཐར་པ་ཕས་གནས་ཚུལ་དེ་ཤེས་ནས་ཁྱིམ་དུ་ལོག་ཡོང་སྐབས་བུ་དེས་མི་བཏང་ནས་པ་ཕ་ལམ་བར་དུ་བསད་པ་དང༌། དེ་རྗེས་ཨ་མས་མི་གཞན་ལ་ལུས་འབྲེལ་བྱས་པ་བུ་དེས་ཤེས་ནས་རང་གི་ཨ་མ་ཡང་བསད། ཨ་མ་བསད་པ་དེ་དགེ་སློང་དགྲ་བཅོམ་པ་ཞིག་གིས་མཐོང་སྟབས་དེ་ཡང་བསད་དེ་ཉེས་དམིགས་ཤིན་ཏུ་ཆེན་པོ་བསགས་སྟབས་རང་གི་སྡིག་ཉེས་ལ་སྐྲག་ནས་རང་ཡུལ་ལ་མ་བསྡད་པར་ཁ་ཆེའི་ཡུལ་དུ་བྲོས་ཏེ་རང་གི་ཉེས་པ་གསང་བ་བྱས་ནས་དགེ་སློང་བྱས་པ་དང༌། དགེ་སློང་གི་སྡོམ་པ་ཞུ་སྐབས་དགེ་སློང་ཉི་ཤུ་ཡན་འཛོམས་པའི་དབུས་སུ་མཁན་པོས“ཁྱོད་ཀྱིས་ཕ་མ་བསད་མྱོང་བ་མ་ཡིན་ནམ། དགྲ་བཅོམ་པ་བསད་མྱོང་བ་མ་ཡིན་ནམ། ཡུལ་མི་ལ་གནོད་འཚེ་བྱེད་མྱོང་བ་མ་ཡིན་ནམ། མ་ནིང་མ་ཡིན་ནམ”ཟེར་བ་སོགས་དྲི་བ་བཞི་བཅུ་ཞེ་བརྒྱད་འདོན་རྒྱུ་ཡོད་པ་དེ་དག་རེ་རེ་བཞིན་བཏོན་སྐབས“མ་ཡིན་ལགས”ཞེས་རྫུན་བཤད་ནས་དགེ་སློང་གི་སྡོམ་པ་བླངས། འོན་ཀྱང་སངས་རྒྱས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་ལྟར་ན་རང་གི་ཕ་མ་དང་དགྲ་བཅོམ་པ་བསད་པ་དེ་ཉེས་དམིགས་ཆེ་ཤོས་ཡིན་ཏེ་སྡོམ་པ་གང་ཞུས་ནའང་ཐོབ་རྒྱུ་ལྟ་ཅི། ཆོས་བྱས་ནའང་རང་གི་རྒྱུད་ལ་རྟོགས་པ་སྐྱེ་རྒྱུ་དང་ཐར་པ་འཐོབ་རྒྱུ་མེད་པ་མ་ཟད། སྐྱེ་བ་ལྔ་བརྒྱའི་རིང་དམྱལ་བའི་ནང་སྡོད་དགོས་པ་དང་དེ་ནས་ཐར་རྗེས་ད་དུང་སྐྱེ་བ་ལྔ་བརྒྱའི་རིང་འབྲས་བུ་ངན་པ་མྱོང་དགོས་ཟེར། དེ་ནས་དགེ་སློང་ལྷ་ཆེན་པོ་དེ་རིག་པ་རྣོ་བས་ནང་པ་སངས་རྒྱས་ཀྱི་གཞུང་ལུགས་ལ་མཁས་པར་གྱུར་ཏེ་སློབ་མ་ཡང་སྟོང་ཕྲག་ཁ་ཤས་ཡོད་པ་དེ་ཚོར་ཆོས་བཤད་ཀྱི་ཡོད་ནའང་མཚན་མོ་རང་གཅིག་པུར་སྡོད་སྐབས་དེ་སྔ་ཕ་མ་དང་དགྲ་བཅོམ་པ་བསད་པའི་སྡིག་ཉེས་རྣམས་དྲན་ནས་རྟག་ཏུ་ངུ་གི་ཡོད་སྟབས་དེ་སློབ་མ་ཚོས་ཐོས་ཏེ་རྒྱུ་མཚན་འདྲི་སྐབས་ཁོས་འཁོར་བ་འདི་ལ་སྙིང་པོ་མེད་པ་མཐོང་ནས་ཡིད་སྐྱོ་བས་ཡིན་ཞེས་བཤད་པ་དང༌། མཐར་མཚན་མོ་ཞིག་དེ་ལྟར་ངུས་ནས་སྡོད་སྐབས་བདུད་ཀྱི་སྤྲུལ་པ་ཡིན་ཟེར་མཁན་ཞིག་ཡོང་ནས་ཁོ་ལ་ཁྱོད་སེམས་སྐྱོ་དགོས་དོན་མེད། ཕ་མ་བསད་པར་ཉེས་པ་མེད་ལ། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཟེར་བ་མེད་པས་ཁྱོད་སེམས་ཁྲལ་བྱེད་དགོས་དོན་མེད་ཅེས་བདུད་ཀྱིས་བྱིན་གྱིས་བརླབས་ཏེ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་དང་མི་མཐུན་པའི་ལྟ་བ་གསར་པ་མང་པོ་དར་སྤེལ་བྱས། དེ་ཤི་རྗེས་སུ་ཡང་དགེ་སློང་བཟང་པོ་ཟེར་བ་ཞིག་གིས་ཀྱང་དེ་དང་མཐུན་པའི་ལྟ་བ་གསར་པ་དར་སྤེལ་བྱས་པ་མ་ཟད། གསོ་སྦྱོང་གི་<<སོ་སོ་ཐར་པའི་མདོ་>>འདོན་སྐབས་ཚིག་སྣ་རིང་ཐུང་སྣ་ཚོགས་དང་ཡུལ་སྐད་མི་འདྲ་བའི་ཐོག་ནས་བཏོན་ཏེ་རྒྱུན་ལྡན་གྱི་མདོ་ཚིག་དང་མི་མཐུན་པའི་དབང་གིས་དོན་ལ་གོ་བ་ལེན་སྟངས་མི་མཐུན་པ་མང་པོ་བྱུང་ནས་ཐོག་མར་དགེ་སློང་གནས་བརྟན་བགྲེས་པ་ཕྱོགས་གཅིག་དང༌། གཞོན་པ་མང་ཆེ་བའི་ཕྱོགས་གཉིས་སུ་གྱེས། དེ་ནས་རྒྱལ་པོ་དཔའ་བོའི་སྡེའི་བུ་དགའ་བོ་ཞེས་བྱ་བས་ལོ་ཉེར་དགུའི་རིང་སྲིད་དབང་བཟུང་སྐབས་དགེ་སློང་ཀླུའི་སྡེ་ཞེས་བྱ་བ་བྱུང་ནས་དེས་ཀྱང་དགེ་སློང་བཟང་པོའི་ལྟ་བ་གསར་པ་དེ་དར་སྤེལ་བྱས་པར་བརྟེན་དགེ་སློང་རྣམས་རྩོད་པ་བྱུང་ནས་ཐོག་མར་སྡེ་པ་བཞིར་( ༡. གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། ༢. ཕལ་ཆེན་པའི་སྡེ་པ། ༣. གནས་བརྟན་པའི་སྡེ་པ། ༤. མང་པོས་བཀུར་བའི་སྡེ་པ་བཅས་)གྱེས། བཞི་པོ་དེ་དག་ཀྱང་ནང་གསེས་ཉན་ཐོས་སྡེ་པ་བཅོ་བརྒྱད་དུ་གྱེས་ཏེ་རྒྱལ་པོ་མྱ་ངན་བྲལ་གྱི་རིང་དང༌། དཔའ་བོའི་སྡེའི་ཚེ་སྨད། རྒྱལ་པོ་དགའ་བོ་དང་པདྨ་ཆེན་པོའི་མི་ཚེ་ཧྲིལ་པོ། རྒྱལ་པོ་ཀ་ནི་ཀའི་ཚེ་སྟོད་བཅས་ལོ་དྲུག་ཅུ་རེ་གསུམ་གྱི་བར་རྩོད་པ་དྲག་པོ་བྱུང་ཞིང༌། སྔ་རྗེས་སུ་རྩོད་གླེང་ཆེ་ཆུང་སྣ་ཚོགས་བྱུང་བ་བསྡོམས་ན་ལོ་བརྒྱ་མ་ཟིན་ཙམ་བྱུང་བ་དེ་ཡིན། བཀའ་བསྡུ་གསུམ་པ་མཛད་པ་པོ་ནི་དགྲ་བཅོམ་པུརྣི་ཀ་ལ་སོགས་པ་དང་འབྲས་བུ་མ་ཐོབ་པ་བསྡོམས་པའི་ལྔ་བརྒྱ་དང༌། བ་སུ་བནྡྷིལ་སོགས་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ། པཎྜི་ཏ་དང་སྡེ་སྣོད་འཛིན་པ་མང་པོ་བཅས་དགེ་འདུན་ཆིག་ཁྲི་བདུན་སྟོང་འཛོམས་པ་དེ་ཡིན། བཀའ་བསྡུ་གསུམ་པ་མཛད་པའི་དུས་དང་གནས་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་སོང་བ་ན་ཁ་ཆེའི་ཡུལ་གྱི་ཛ་ལནྡྷ་རའི་དགོན་པར་མཛད་པ་ཡིན། བཀའ་བསྡུ་མཛད་པའི་སྐབས་ཀྱི་སྦྱིན་བདག་ནི་ཁ་ཆེའི་ཡུལ་གྱི་རྒྱལ་པོ་ཀརྣི་ཀ་ཡིན། བཀའ་བསྡུ་མཛད་ཐབས་ནི་ォརྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་ལུང་བསྟན་པའི་མདོ་サཁུངས་སུ་མཛད་དེ་སྡེ་པ་བཅོ་བརྒྱད་ཀྱི་བཞེད་པ་མི་འདྲ་བ་ཡོད་པ་རྣམས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ནང་པའི་བསྟན་པ་གཅིག་གི་ཁོངས་སུ་མཚུངས་པ་དང༌། ཐམས་ཅད་ལ་རྣམ་པར་གྲོལ་བའི་ལམ་ཡོད་པར་ཁྱད་མེད་ཡིན་ཚུལ་དགེ་འདུན་ཐམས་ཅད་མགྲིན་གཅིག་ཏུ་ཞལ་བཞེས་དགོངས་པ་གཅིག་མཐུན་མཛད་པ་དེ་ཡིན། བཀའ་བསྡུ་འདི་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་<<གསེར་ཐང་>>ནང་བཀའ་བསྡུ་བཞི་པའམ་ཐ་མར་གྲགས་པ་བྱས་ཞེས་གསལ་བ་ལྟར་ན་བཀའ་བསྡུ་གཉིས་པ་དང་འདིའི་བར་དུ་བཀའ་བསྡུ་གཞན་ཞིག་བྱུང་ཚུལ་གསུངས་དགོས་པ་ལ་དེ་ཡང་གསུངས་མི་འདུག་པས་གོང་གསལ་བཀའ་བསྡུ་བཞི་པའམ་ཞེས་པ་དེ་ཡིག་ནོར་བྱུང་བ་མིན་ནམ་བརྟག གཞན་ཡང་བོད་དུ་སངས་རྒྱས་ཀྱི་གསུང་རབ་བཀའ་འགྱུར་དང༌། དེའི་དགོངས་འགྲེལ་གྱི་བསྟན་འགྱུར་བྱུང་ཚུལ་སྐོར་<<དེབ་ཐེར་དམར་པོའི་མཆན་འགྲེལ་>>ཨང་གྲངས་(༢༥༤)དང་(༤༩༨)པ་གཉིས་སུ་གསལ་བས་དེར་གཟིགས།
གསུམ་པ། སངས་རྒྱས་ཆོས་ལུགས་ཀྱི་ནུས་པ་དང་ཁྱད་ཆོས།
འོ་ན། ཆོས་ལུགས་ཀྱིས་དུས་སྐབས་ངེས་ཅན་ཞིག་གི་ནང་སྤྱི་ཚོགས་ཀྱི་གཅིག་གྱུར་དང༌། མི་རིགས་ཀྱི་མཐུན་སྒྲིལ་གོང་འཕེལ་དུ་གཏོང་བ། ཕྱི་དགྲའི་བཙན་འཛུལ་འགོག་པ། མེས་རྒྱལ་གོང་བུ་གཅིག་གྱུར་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ཐད་ལ་ཕན་ཡོད་ཀྱི་ནུས་པ་གང་ཐོན་མྱོང་ཡོད་དམ་ཞེ་ན།
༡. མང་ཚོགས་ནང་རྨང་གཞི་གཏིང་ཟབ་ཡོད་པ།

 

སངས་རྒྱས་ཆོས་ལུགས་ནང་བཤད་པའི་དགེ་བ་བཅུ་ཞེས་པ་ནི། སངས་རྒྱས་ཀྱིས་གསར་གཏོད་གནང་བ་མ་ཡིན་པར། སྐབས་དེའི་སྤྱི་ཚོགས་ཐོག་གནས་པའི་ཡ་རབས་ཀྱི་སྤྱོད་བཟང་རྣམས་ལ་ལས་རྒྱུ་འབྲས་ཟེར་བའི་རིགས་པའི་གཞུང་ལུགས་དེ་སྦྱར་ནས་གོང་འཕེལ་བཏང་བ་ཞིག་ཡིན་པ་སྟེ། དཔེར་ན། སྲོག་མི་གཅོད་པ། མ་བྱིན་པར་མི་ལེན་པ་(རྐུ་མ་མི་བརྐུ་བ་)ལོག་གཡེམ་མི་བྱེད་པ། བརྫུན་མི་ཤོད་པ། ཕྲ་མ་མི་བྱེད་པ་(མི་ཕན་ཚུན་དབར་དཀྲུག་ཤིང་མི་རྒྱག་པ)། ཚིག་རྩུབ་མི་སྨྲ་བ་(མི་ལ་སྐད་ཆ་འཇམ་པོ་ཤོད་པ)། ངག་ཀྱལ་མི་སྨྲ་བ་(ཆོ་མེད་པའི་སྐད་ཆ་མི་ཤོད་པ)། གཞན་གྱི་ནོར་ལ་ཆགས་སྲེད་མི་བྱེད་པ། གཞན་ལ་གནོད་སེམས་མི་བྱེད་པ། ལོག་ལྟ་མི་བྱེད་པ་བཅས་བཅུའི་ནང་ནས་ལོག་ལྟ་མི་བྱེད་པ་ཟེར་བ་དེ་སངས་རྒྱས་ཀྱི་ཆོས་ལ་ལོག་ལྟ་མི་བྱེད་པ་ཟེར་བ་ཡིན་པས་དེ་ཕུད་འཕྲོས་དགུ་པོ་ཚང་མ་ཀུན་གྱིས་བསྔགས་བརྗོད་བྱ་ཡུལ་ཡིན་ལ་དེས་སྤྱི་ཚོགས་བདེ་འཇགས་དང་ཐོན་སྐྱེད་གོང་འཕེལ་ཡོང་བར་ནུས་པ་ཆེན་པོ་ཐོན་ཡོད་པ་དང༌། དེ་བཞིན་དུ་ཞིང་གི་སྒོ་ནས་སྟོབས་ཆེ་བ་ལྔ་ཞེས་(རང་ཉིད་ཀྱི་ཕ་མ་དང༌། དགེ་རྒན། སྲོག་ལ་ཐུག་པའི་ནད་པ་ཉམ་ཐག་པ། སྐྱེ་བ་མཐའ་མའི་བྱང་ཆུབ་སེམས་དཔའ་སྟེ་སྐྱེ་བ་གཅིག་གི་རྗེས་ལ་འཚང་རྒྱ་ཐུབ་མཁན་གྱི་བྱང་ཆུབ་སེམས་དཔའ་)བཅས་ལ་ཕན་གནོད་གང་འདྲ་ཞིག་བྱས་ཀྱང་རང་ཉིད་མ་ཤི་གོང་ཚེ་འདི་རང་ལ་འབྲས་བུ་མྱོང་ངེས་པ་ཡིན་པས་མཐོང་ཆོས་མྱོང་གྱུར་གྱི་ལས་ཡིན་ཞེས་བསྟན་པ་དེས། སྤྱི་ཚོགས་ཐོག་རང་ཉིད་ཀྱི་ཕ་མ་དང༌། དགེ་རྒན། སྲོག་ལ་ཐུག་པའི་ནད་པ་ཉམ་ཐག་པ་བཅས་ལ་བརྩི་བཀུར་དང་རོགས་རམ་བྱེད་པའི་བྱ་སྤྱོད་བཟང་པོ་སྔར་ཡོད་པ་དེ་ལ་ལས་རྒྱུ་འབྲས་ཀྱི་གཏན་ཚིགས་རིག་པའི་ཐོག་ནས་གསལ་བཤད་གནང་བ་ཞིག་ཡིན་སྟབས། དེས་སྤྱི་ཚོགས་ཐོག་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཏེ། སངས་རྒྱས་ཆོས་ལུགས་ལ་མང་ཚོགས་ཀྱིས་བརྩི་བཀུར་ཆེན་པོ་ཐོབ་ནས་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བྱུང་བ་རེད། གོང་གསལ་དཔེ་དེ་གཉིས་གཅིག་པུར་ཆ་བཞག་ནའང་རང་རེའི་ད་ལྟའི་སྤྱི་ཚོགས་ཐོག་དགོས་ངེས་ཅན་ཡིན་པར་བརྟེན་སྤྱི་ཚོགས་ལ་ངེས་པར་མཁོ་བ་དང་མི་ཚང་མས་བསྟོད་བསྔགས་བྱེད་པའི་སྤྱོད་པ་བཟང་པོ་དེ་དག་དར་ཁྱབ་བཏང་སྟབས་སངས་རྒྱས་ཆོས་ལུགས་ལ་རང་ཤུགས་སུ་ཚང་མས་བརྩི་བཀུར་བྱེད་དགོས་པ་ཞིག་ཆགས་པ་མ་ཟད། ལོ་ངོ་སྟོང་ཕྲག་འགའ་ཤས་ཕྱིན་ནའང་སྤྱི་ཚོགས་ཐོག་རྨང་གཞི་ཤུགས་ཆེན་པོ་ཡོང་དོན་དེ་ལྟར་ཡིན། རིག་གནས་གསར་བརྗེའི་སྐབས་སངས་རྒྱས་ཆོས་ལུགས་ལ་དགག་པ་རྒྱག་པའི་རྩོམ་ཡིག་མང་པོ་ཐོན་ཡོད་པ་དེ་དག་ནང་སངས་རྒྱས་ཆོས་ལུགས་དེ་བཤུ་གཞོག་གྲལ་རིམ་ལ་ཞབས་འདེགས་ཞུ་ཆེད་གསར་གཏོད་བྱས་པ་ཞིག་ཡིན་པ་དང༌། སྤྱི་ཚོགས་གོང་འཕེལ་འགྲོ་བའི་བཀག་རྡོ་གཙོ་བོ་ཡིན་པ། བོད་ཀྱི་རིག་གནས་གོང་འཕེལ་འགྲོ་བར་བཀག་འགོག་བྱེད་མཁན་གཙོ་བོ་ཡིན་པ། བོད་ཀྱི་མི་འབོར་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་མཁན་གཙོ་བོ་ཡིན་པ་བཅས་སྐྱོན་ཆ་ཆེ་ཁག་ལྔ་བཏོན་ཡོད། སངས་རྒྱས་ཆོས་ལུགས་ལ་དངོས་འབྲེལ་སྐྱོན་ཆ་དེ་དག་ཚང་ཡོད་ནའང་འདྲ། མེད་ནའང་འདྲ། གང་ལྟར་རྒྱ་གར་རམ་བོད་ཀྱི་སྐབས་དེའི་སྤྱི་ཚོགས་ཀྱི་དཔལ་འབྱོར་རྨང་གཞིར་བརྟེན་ནས་བྱུང་བའི་སྟེང་གི་བཀོད་པ་ཞིག་ཡིན་སྟབས། སྤྱི་ཚོགས་རྙིང་པའི་དཔལ་འབྱོར་རྨང་གཞིར་བརྟེན་ནས་བྱུང་བའི་སྟེང་གི་བཀོད་པ་ཞིག་ཡིན་ཕྱིན་སྤྱི་ཚོགས་རྙིང་པའི་དཔལ་འབྱོར་གྱི་རྨང་གཞི་དང་ལམ་ལུགས་དེ་དང་མཐུན་པ་ཞིག་ལས་དེ་དང་མ་མཐུན་པ་ཞིག་ཡོང་ཤེས་ཐབས་མེད། གལ་ཏེ་སངས་རྒྱས་ཤཱཀྱ་མུ་ནེས་སངས་རྒྱས་ཆོས་ལུགས་ཐོག་མར་དར་སྤེལ་གཏོང་བའི་སྐབས་སུ་སྐབས་དེའི་སྤྱི་ཚོགས་ཀྱི་དཔལ་འབྱོར་རྨང་གཞི་དང་ལམ་ལུགས་དང་མ་མཐུན་པའི་བསམ་བློ་གསར་པ་ཞིག་བཏོན་གནང་ཡོད་ཚེ་སྐབས་དེའི་སྤྱི་ཚོགས་ཐོག་གནས་ཐབས་མེད་ལ་སྲིད་གཞུང་དང་མང་ཚོགས་ཀྱིས་ཀྱང་ཁས་ལེན་ཐབས་མེད། དེར་བརྟེན་ཤཱཀྱ་མུ་ནེས་ཆོས་གསུངས་སྐབས་སྤྱི་ཚོགས་ཀྱི་དཔལ་འབྱོར་རྨང་གཞི་དང་ལམ་ལུགས་ལ་བསྟུན་ནས་གསུངས་པ་མ་གཏོགས་དེ་དང་རྒྱབ་འགལ་བྱས་ནས་གསུངས་མེད། དེར་བརྟེན་སངས་རྒྱས་ཆོས་ལུགས་དེ་སྤྱི་ཚོགས་རྙིང་པའི་དཔལ་འབྱོར་གྱི་རྨང་གཞིའི་ཐོག་བྱུང་བ་ཞིག་དང༌། དེའི་དཔལ་འབྱོར་གྱི་རྨང་གཞི་མཚོན་པ་ཞིག རྨང་གཞི་དེ་དང་བསྟུན་ནས་འཕེལ་རྒྱས་བྱུང་བ་ཞིག་བཅས་ཡིན་པ་ལས་དེ་དག་དང་མ་མཐུན་པའི་ཆོས་གསར་པ་ཞིག་མིན། གལ་ཏེ་ཆོས་གསར་པ་དེ་འདྲ་ཞིག་བྱུང་བའི་དབང་དུ་བཏང་ནའང་འཕེལ་རྒྱས་འགྲོ་རྒྱུ་ལྟ་ཅི་གནས་ཀྱང་ཐུབ་ཐབས་མེད།
ཆོས་སྲིད་གཉིས་ཀྱི་འབྲེལ་བའི་ཐོག་ནས་བཤད་ན་དཔེར་ན་སངས་རྒྱས་ཆོས་ལུགས་ཀྱི་དགོན་པའི་ནང་གི་སེར་མོ་བ་རྣམས་རང་ཁ་རང་གསོ་ཐུབ་ཀྱི་མེད་པར་རྒྱལ་ཁབ་བམ་མང་ཚོགས་ལ་ལག་པ་བརྐྱངས་དགོས་པར་བརྟེན་ཆབ་སྲིད་ལ་མ་བརྟེན་ཀ་མེད་ཡིན་པ་དང༌། ལོ་རྒྱུས་ཐོག་སྲིད་དབང་དང༌། དམག་དཔུང༌། ཁྲིམས་ཁང་སོགས་ཀྱིས་མིའི་བསམ་བློར་དབང་བསྒྱུར་བྱེད་མི་ཐུབ་སྟབས་སྲིད་དབང་བཟུང་མཁན་ཏེ་དབང་བསྒྱུར་གྲལ་རིམ་ཚང་མས་མིའི་བསམ་བློར་དབང་བསྒྱུར་བྱེད་ཆེད་ཆོས་ལུགས་བེད་སྤྱོད་བཏང་བ་དང༌། ཆོས་བྱེད་མཁན་གྱི་འཚོ་བ་དེ་སྲིད་ལ་བརྟེན་དགོས་པར་བརྟེན་སྣང་ཚུལ་དེའི་ཐོག་ནས་བལྟས་ན་ཆོས་ལུགས་ཀྱིས་དུས་སྐབས་སོ་སོའི་སྲིད་དབང་ལ་ཞབས་འདེགས་མ་ཞུ་ཀ་མེད་ཐུག་ཡོད།

 

༢. སྒེར་སེམས་སྤོང་རྒྱུའི་སློབ་གསོ་གཏོང་བའི་རིགས་པའི་གཞུང་ལུགས་ཆ་ཚང་ཞིག་ཡོད་པ།

 

དེ་ཡང་འཇིག་རྟེན་ཐོག་གི་བྱ་སྤྱོད་ངན་པ་ཚང་མའི་རྩ་བ་ནི་སྒེར་སེམས་ལ་ཐུག་ཡོད་པ་དང༌། མིའི་རིགས་ཀྱི་སྤྱི་ཚོགས་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་ཡང་སྒེར་སེམས་ཁོ་ནར་ཐུག་ཡོད་ཅིང༌། གལ་ཏེ་མི་རྣམས་ཚང་མ་སྒེར་སེམས་མེད་པ་ཞིག་ཏུ་འགྱུར་ཚེ་སྤྱི་ཚོགས་ཐོག་ཕན་ཚུན་གསོད་རེས་བྱེད་པ་དང༌། རྐུན་མ་བརྐུ་བ། འཕྲོག་བཅོམ་བྱེད་པ། ལོག་གཡེམ་བྱེད་པ་སོགས་ཀྱི་བྱ་ངན་སྤྱོད་ངན་རིགས་ཡོང་མི་སྲིད་པར་བརྟེན་ཁྲིམས་ཁང་དང༌། བཙོན་ཁང༌། དམག་དཔུང༌། དཔོན་པོ། རྒྱལ་པོ་སོགས་མི་དགོས་པའི་རང་དབང་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་ལོངས་སུ་སྤྱོད་ཐུབ་ཅེས་བཤད་པ་དེ་ནི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང༌། སྒེར་སེམས་གཉིས་བར་གྱི་འབྲེལ་བ་དམ་པོ་ཡོད་པའི་རིགས་པའི་གཞུང་ལུགས་ཀྱི་རང་བཞིན་དང་གོ་བསྐོན་བློ་འགུགས་ཀྱི་ནུས་པ་ཆེན་པོ་ཡོད་པ་ཞིག་ཡིན་ལ། བཤད་སྟངས་དེ་མ་འོངས་གུང་ཁྲན་རིང་ལུགས་སྤྱི་ཚོགས་སུ་སླེབས་སྐབས་མི་ཚང་མ་སྒེར་སེམས་མེད་པར་གྱུར་ཟིན་པའི་རིགས་པའི་གཞུང་ལུགས་དེ་དང་ཡོངས་སུ་གཅིག་མཚུངས་མིན་ནའང་འདྲ་བའི་ཕྱོགས་མང་པོ་ཡོད་པས་སངས་རྒྱས་ཆོས་ལུགས་ཀྱི་ལྟ་ཚུལ་དང་གུང་ཁྲན་རིང་ལུགས་ཀྱི་ལྟ་ཚུལ་དེ་གཉིས་མི་རོ་རྒྱབ་ཏུ་འཁུར་བ་ལྟར་རྦད་དེ་རྒྱབ་འགལ་དེ་འདྲ་ཡིན་བཟོ་མིན་འདུག་སྙམ།

 

༣. མི་རིགས་ཀྱི་ཁྱད་ཆོས་ལྡན་པ།

 

གོང་དུ་བཤད་པ་ལྟར་སངས་རྒྱས་ཆོས་ལུགས་ལ་གཞི་རྒྱ་ཆེ་བའི་མང་ཚོགས་ཀྱི་རྨང་གཞི་དང་རིགས་པའི་གཞུང་ལུགས་ཀྱི་རང་བཞིན་ལྡན་པ་དེ་ལ་བརྟེན་ནས་མི་རིགས་ཁག་གི་ནང་དུ་སྤྱི་ཚོགས་ཀྱི་བསམ་བློ་གཅིག་གྱུར་ཡོང་བ་དང༌། མཐུན་སྒྲིལ། བདེ་འཇགས་ཀྱི་ནུས་པ་ངེས་ཅན་ཞིག་ཐོན་པ་མ་ཟད། ཐུན་མོང་ཐོག་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་ཕྱི་ནས་ཡོང་བའི་བཙན་འཛུལ་པར་ངོ་རྒོལ་དང༌། རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་ནང་བྱས་རྗེས་འཇོག་མཁན་ཆོས་པ་མང་པོ་བྱུང་ཡོད་ཅིང༌། སྤྱི་ཚོགས་ཀྱི་ཚོགས་པ་ཕན་ཚུན་དང༌། མི་རིགས་ཕན་ཚུན། རྒྱལ་ཁབ་ཕན་ཚུན་བཅས་བར་མཐུན་ཐབས་མེད་པའི་འགལ་བ་བྱུང་སྟེ་གཞི་རྒྱ་ཆེ་བའི་དམག་འཁྲུག་བྱུང་ཐོག་སྲིད་གཞུང་ངོས་ནས་བྱ་ཐབས་མེད་པར་གྱུར་སྐབས་ཆོས་ལུགས་གྲུབ་མཐའ་ཁག་གི་གྲགས་ཅན་མི་སྣ་ཚོས་ཆོས་ལུགས་ཀྱི་བསམ་བློའི་སློབ་གསོའི་ཐབས་ཤེས་སྤྱད་ནས་ཕན་ཚུན་བར་འདུམ་དང༌། དམག་འཁྲུག་བཀག་འགོག་བྱེད་ཐུབ་པའི་ལོ་རྒྱུས་ཧ་ཅང་མང་པོ་ཞིག་སྒྲུང་གཏམ་ཙམ་མིན་པར་དངོས་སུ་བྱུང་ཡོད།
གཞན་ཡང་སངས་རྒྱས་ཆོས་ལུགས་དེར་མང་ཚོགས་ཀྱི་རྨང་གཞི་རྒྱ་ཆེན་པོ་ཡོད་པར་བརྟེན་ནས་མི་རིགས་ཁག་གི་མི་མང་པོ་ཞིག་གིས་ཐུན་མོང་གི་དད་པ་བྱེད་ཡུལ་དུ་གྱུར་པ་མ་ཟད། མི་རིགས་ཁག་སོ་སོའི་ཐུན་མོང་གི་ཁྱད་ཆོས་དང་དམིགས་བསལ་གྱི་ཁྱད་ཆོས་ཡོད་པའི་ཆོས་ལུགས་ཀྱི་བྱེད་སྒོ་མི་འདྲ་བ་སྣ་ཚོགས་ཡོད་པ་དཔེར་ན། རྒྱ་གར་དང༌། བལ་པོ། སིངྒ་ལ། འབར་མ། ཅན་ཧྥུ་ཀྲེ། ལའོ་ཝོ། ཐའེ་གོ མ་ལེ་ཤི་ཡ། ཀྲུང་གོ རི་པིན། ཁྲའོ་ཤན། ཕྱི་སོག་སོགས་ཀྱི་ནང་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་མ་ཟད། དེ་ཚོ་ཚང་མར་དམིགས་བསལ་གྱི་ཁྱད་ཆོས་མི་འདྲ་བ་ཡོད་པ་སྟེ། འགའ་ཞིག་གིས་ཐེག་པ་ཆུང་ངུའི་ཆོས་མ་གཏོགས་ཐེག་པ་ཆེན་པོའི་ཆོས་ཁས་མི་ལེན་པ་དང༌། འགའ་ཞིག་གིས་ཐེག་པ་ཆེན་པོའི་ཆོས་ཀྱི་ནང་ནས་མདོ་ཕྱོགས་རྣམས་ཁས་ལེན་ཀྱང་གསང་སྔགས་ཀྱི་ཆོས་ཁས་མི་ལེན་པ་ལྟ་བུ་ཕྲན་བུ་མི་འདྲ་བ་ཡོད་པ་དང༌། ཆོས་ལུགས་ཀྱི་བྱེད་སྒོའི་ཐད་ཤ་ཟ་མི་ཟ་དང༌། ཕྱག་འཚལ་སྟངས། མཆོད་འབུལ་བྱེད་སྟངས་སོགས་མི་འདྲ་བ། དེ་བཞིན་ལྷ་ཁང་དང༌། ལྷ་སྐུ། གྱོན་ཆས། སྒྲིག་འཛུགས་སྒྲིག་ཁྲིམས་སོགས་མི་འདྲ་བ་ཡོད་པ་ལྟ་བུ་རེད། འོན་ཀྱང་ཚང་མས་སངས་རྒྱས་ཆོས་ལུགས་ཀྱི་རྩ་བའི་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང༌། བདེན་པ་བཞིའི་རྣམ་གཞག་ཁས་ལེན་པ་ནི་ཡོངས་སུ་གཅིག་གྱུར་ཡིན་པ་དང༌། མི་རིགས་མི་འདྲ་ཡང་ཐུན་མོང་གི་དད་པ་བྱེད་ཡུལ་དང༌། མཐར་ཐུག་གི་དམིགས་ཡུལ་གཅིག་གྱུར་ཡིན་པར་བརྟེན། སྤྱི་ཚོགས་ཧྲིལ་པོ་མཐུན་སྒྲིལ་དང༌། བདེ་འཇགས་ཡོང་རྒྱུར་ནུས་པ་གལ་ཆེན་འདོན་ཐུབ་ཀྱི་ཡོད་པ་རེད།

 

༤. རྒྱ་ཁྱབ་ཆེ་བའི་རྒྱལ་སྤྱིའི་རང་བཞིན་ལྡན་པ།

 

རྒྱ་ཆེ་བའི་མང་ཚོགས་རང་བཞིན་དང་མི་རིགས་ཀྱི་རང་བཞིན་ལྡན་པ་དེའི་དབང་གིས་སངས་རྒྱས་ཆོས་ལུགས་ལ་རྒྱལ་སྤྱིའི་རང་བཞིན་ཡང་ལྡན་ཡོད་པ་སྟེ་སངས་རྒྱས་ཆོས་ལུགས་དེ་རྒྱལ་སྤྱིའི་ཐོག་གི་ཆོས་ལུགས་ཆེན་པོ་གསུམ་( ༡. སངས་རྒྱས་ཆོས་ལུགས། ༢. ཡེ་ཤུའི་ཆོས་ལུགས། ༣. དབྱི་སི་ལན་ཆོས་ལུགས་)གྱི་ཡ་གྱལ་ཞིག་ཡིན་པ་དང༌། འཛམ་གླིང་རྒྱལ་ཁབ་ཁག་ནང་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་ཚོགས་པ་ཧ་ཅང་མང་པོ་ཡོད་པ་དེ་དག་ཚད་གཞི་མི་འདྲ་བའི་སྒོ་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རབས་གསར་པའི་ཕྱོགས་སུ་ཁ་གཏད་ནས་བསྐྱོད་བཞིན་ཡོད་པ་དང༌། འགའ་ཞིག་གིས་ཆོས་ལུགས་ཀྱི་བྱེད་སྒོ་དང༌། སྒྲིག་འཛུགས་ཀྱི་རྣམ་པ། འཚོ་བའི་འབྱུང་ཁུངས་བཅས་ལ་དུས་བབ་གསར་པའི་འཕེལ་ཕྱོགས་དང་མཐུན་པའི་ལེགས་བཅོས་བྱས་པར་བརྟེན་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད། ལྷག་པར་དུ་དོ་སྣང་བྱེད་དགོས་པ་ནི་ཁོ་ཚོའི་ནང་ནས་ལོ་ན་རྒན་པའི་དགེ་སློང་རྣམས་ཐོན་སྐྱེད་ངལ་རྩོལ་དུ་ཞུགས་མི་དགོས་པ་ཕུད། དེ་བྱིངས་ལོ་ན་གཞོན་པའི་དགེ་ཚུལ་དང༌། དགེ་སློང་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་ཆོས་ཁྲིམས་དང་མི་འགལ་བའི་ཞིང་ལས་ཐོན་སྐྱེད་ངལ་རྩོལ་དང༌། སྤྱི་ཚོགས་ཐོག་མཁོ་བའི་སྣ་མང་ཐོན་སྐྱེད་ངལ་རྩོལ་ནང་ཞུགས་(གདན་འཐག་པ། རས་འཐག་པ། བལ་གྱི་སྟོད་ཐུང་སླ་བ། རི་མོ་འབྲི་བ་)ཏེ་རང་ཁ་རང་གསོ་བྱེད་པའི་འགོ་ཚུགས་པ་སོགས་སྤྱི་ཚོགས་གསར་པའི་ཁྱད་ཆོས་དང་མཐུན་པའི་ཆོས་བྱེད་སྟངས་གསར་པ་ཞིག་ཏུ་འཕེལ་རྒྱས་བྱུང་ཡོད་པ་དེ་ནི་བསྟོད་བསྔགས་དང་མིག་དཔེར་འོས་པའི་བྱ་བ་བཟང་པོ་ཞིག་རེད།

 

༥. ཡུན་རིང་གནས་ཐུབ་པའི་རང་བཞིན་ལྡན་པ།

 

གོང་དུ་བཤད་པའི་ཁྱད་ཆོས་དེ་དག་ལ་བརྟེན་ནས་སངས་རྒྱས་ཆོས་ལུགས་དེ་དུས་ཡུན་ཐུང་ཐུང་ནང་མེད་པར་འགྲོ་རྒྱུ་ལྟ་ཞོག ད་དུང་ལོ་བརྒྱ་ཕྲག་ཁ་ཤས་བར་གནས་ཐུབ་པའི་རྒྱུན་རིང་གི་རང་བཞིན་ལྡན་ཡོད་ཅིང༌། སངས་རྒྱས་ཆོས་ལུགས་རང་ཉིད་ཀྱི་བཤད་སྲོལ་ལྟར་བྱས་ན། སངས་རྒྱས་ཤཱཀྱ་མུ་ནེའི་བསྟན་པའི་གནས་ཚད་ལ་ལོ་ལྔ་སྟོང་ཡོད་པ་དང༌། དེ་དག་ཆ་སྙོམས་ཀྱིས་ལྔ་བརྒྱ་པ་ཕྲག་བཅུར་བགོས་པའི་ལྔ་བརྒྱ་པ་དང་པོ་ལ་དགྲ་བཅོམ་གྱི་ལེའུ། གཉིས་པར་ཕྱིར་མི་འོང་གི་ལེའུ། གསུམ་པར་རྒྱུན་ཞུགས་ཀྱི་ལེའུ་(དེ་གསུམ་ལ་ཁོང་དུ་ཆུད་པའི་ལེའུའམ་འབྲས་བུའི་ལེའུ་ཟེར་)བཞི་པར་ལྷག་མཐོང་གི་ལེའུ། ལྔ་པར་ཏིང་ངེ་འཛིན་གྱི་ལེའུ། དྲུག་པར་ཚུལ་ཁྲིམས་ཀྱི་ལེའུ་(དེ་གསུམ་ལ་སྒྲུབ་པའི་ལེའུ་ཟེར་)བདུན་པར་མངོན་པའི་ལེའུ། བརྒྱད་པར་མདོ་སྡེའི་ལེའུ། དགུ་པར་འདུལ་བའི་ལེའུ་(དེ་གསུམ་ལ་ལུང་གི་ལེའུ་ཟེར་)བཅུ་པར་རྟགས་ཙམ་འཛིན་པའི་ལེའུ་བཅས་བསྡོམས་ན་ལོ་ལྔ་སྟོང་ཡོད། ད་ཕན་ལྔ་བརྒྱ་ཕྲག་བཅུའི་ནང་ནས་ཇི་ཙམ་འདས་པ་དང༌། ལྷག་མ་ཇི་ཙམ་ལུས་པའི་སྐོར་ལ་སངས་རྒྱས་ཀྱི་འདས་ལོ་བརྩི་ཚུལ་མི་འདྲ་བའི་དབང་གིས་བཞེད་པ་མི་འདྲ་བ་བྱུང་ཞིང༌། བོད་ཀྱི་མཁས་པ་མང་ཆེ་བས་ཕུག་ལུགས་སྐར་རྩིས་པའི་བཞེད་པ་ཁུངས་བཙན་པར་གསུངས་པ་ལྟར་ན། སྔ་ལོ་རབ་བྱུང་བཅུ་དྲུག་པའི་ལྕགས་བྱ་(༡༩༨༡)འདས་པ་ཕན་ལྔ་བརྒྱ་པ་ལྔ་དང་ལྔ་བརྒྱ་པ་དྲུག་པ་ཚུལ་ཁྲིམས་ལེའུའི་སྟེང་ནས་ལོ་སུམ་བརྒྱ་དྲུག་ཅུ་རེ་གཉིས་བཅས་ཁྱོན་བསྡོམས་ལོ་ཉིས་སྟོང་བརྒྱད་བརྒྱ་དྲུག་ཅུ་རེ་གཉིས་སོང་ཟིན་པ་དང་ལྷག་མ་ཚུལ་ཁྲིམས་ལེའུའི་ལོ་བརྒྱ་དང་སུམ་ཅུ་ལོ་བརྒྱད་ཐོག ལུང་གི་ལེའུ་གསུམ་དང་རྟགས་ཙམ་འཛིན་པའི་ལེའུ་བཅས་ལ་ལོ་ཉིས་སྟོང་ཡོད་པ་བསྣན་པས་ལོ་ཉིས་སྟོང་བརྒྱ་དང་སུམ་ཅུ་སོ་བརྒྱད་ཡོད་པར་ཁས་ལེན། དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་སྨྲ་བ་མང་ཆེ་བས་ཁ་ཆེ་པཎ་ཆེན་ལུགས་ཀྱི་བཞེད་པ་ཉིད་རང་ལུགས་སུ་ཁས་ལེན་པ་ལྟར་ན། སྔ་ལོ་རབ་བྱུང་བཅུ་དྲུག་པའི་ལྕགས་བྱ་(༡༩༨༡)འདས་པ་ཡན་ལོ་ལྔ་སྟོང་གི་སྟེང་ནས་ལོ་ཉིས་སྟོང་ལྔ་བརྒྱ་ཉི་ཤུ་རྩ་ལྔ་ལས་མ་སོང་ཞིང༌། ད་དུང་ལོ་ཉིས་སྟོང་བཞི་བརྒྱ་དང་བདུན་ཅུ་དོན་ལྔ་ལྷག་མར་ལུས་ཡོད་ཅེས་ཟེར། དུས་འཁོར་གྱི་ལུགས་ལྟར་བྱས་ན་སངས་རྒྱས་ཤཱཀྱ་མུ་ནེའི་བསྟན་པའི་གནས་ཚད་ནི། སངས་རྒྱས་རང་ཉིད་ཀྱིས་དངོས་སུ་ཆོས་གསུངས་པའི་ལོ་ནས་བརྩིས་ན་དུས་བཞི་(༡. རྫོགས་ལྡན། ༢. གསུམ་ལྡན། ༣. གཉིས་ལྡན། ༤. རྩོད་ལྡན)། སྔ་ཕྱི་གཉིས་ཡོད་པའི་དུས་བཞི་སྔ་མ་ལ་ཆ་སྙོམས་ཀྱིས་ལོ་བརྒྱད་བརྒྱ་དང་ཕྱེད་དང་བཅུ་གསུམ་རེ་ཡོད་པ་བསྡོམས་པའི་ལོ་སུམ་སྟོང་ཉིས་བརྒྱ་ལྔ་བཅུ་ང་བཞི་ཡོད་ཅིང༌། དུས་བཞི་ཕྱི་མ་ལ་ཆ་སྙོམས་ཀྱིས་ལོ་བཞི་བརྒྱ་ལྔ་བཅུ་རེ་བགོས་པའི་ལོ་ཆིག་སྟོང་བརྒྱད་བརྒྱ་ཡོད་པ་དེ་གོང་གི་དུས་བཞི་སྔ་མའི་ལོ་གྲངས་ཀྱི་སྟེང་དུ་བསྣན་པས་ལོ་ལྔ་སྟོང་བརྒྱ་མེད་ལྔ་བཅུ་ང་བཞི་ཡོད། དེའི་ནང་ནས་སངས་རྒྱས་ཀྱིས་ཆོས་གསུངས་པའི་ལོ་གྲངས་བཞི་བཅུ་ཞེ་ལྔ་ཕུད་ན་སྐུ་མྱ་ངན་ལས་འདས་པ་ནས་སྔ་ལོ་རབ་བྱུང་བཅུ་དྲུག་པའི་ལྕགས་བྱ་(༡༩༨༡)འདས་པ་ཡན་ལོ་ཉིས་སྟོང་དྲུག་བརྒྱ་ཉི་ཤུ་རྩ་བཞི་སོང་ཞིང༌། ལྷག་མ་ལོ་ཉིས་སྟོང་བཞི་བརྒྱ་ཐམ་པ་ལུས་པ་ཡིན་ལ། དུས་བཞི་སྔ་མའི་མཇུག་རབ་བྱུང་ཉེར་གསུམ་པའི་(ད་ལྟ་རབ་བྱུང་བཅུ་དྲུག་པའི་ལོ་ང་དྲུག་པ་ཡིན་)མེ་སྤྲེལ་ལོར་རྒྱ་གར་ནུབ་ཕྱོགས་ཀྱི་ཡུལ་ཌཱི་ལི་པཱ་ཆའམ། རུམ་པཱ་ཆ་ཡང་ཟེར་བའི་(འདི་ནི་དུས་རབས་དང་པོའི་འགོར་བྱུང་བའི་ཡེ་ཤུའི་ཆོས་ལུགས་དང༌། དུས་རབས་བདུན་པའི་འགོར་བྱུང་བའི་དབྱི་སི་ལིན་ཆོས་ལུགས་གཉིས་ལ་ཟེར་བར་ཆོས་འབྱུང་འགའ་ཞིག་ལས་བཤད་)སོག་པོའི་རྒྱལ་པོ་སྟོབས་ཆེན་ཞིག་བྱུང་ནས་དེའི་ཆུ་བོ་ཤི་ཏའི་ལྷོ་ཕྱོགས་ཀྱི་ཡུལ་རྒྱ་གར་དང༌། དེ་ཡི་ཉེ་འཁོར་གྱི་རྒྱལ་ཁབ་མང་པོ། བོད་དང་བཅས་པ་བཅོམ་ནས་འཛམ་གླིང་འདིའི་ཕྱེད་ཙམ་ལ་དབང་བསྒྱུར་བྱེད་ཐུབ་པ་ཞིག་བྱུང༌། དེས་སླར་ཡང་ཤམ་བྷ་ལ་(<<དུས་འཁོར་རྩ་རྒྱུད་>>ལས་རྒྱ་གར་ནས་བྱང་ཕྱོགས་སུ་རིམ་བཞིན་བོད་དང༌། ལི་ཡུལ། རྒྱ་ནག ཤམ་བྷ་ལ། གངས་ལྡན་བཅས་ཡུལ་དྲུག་ཡོད་པར་བཤད་ཡོད། དེ་ལ་ཁ་གཡར་ནས་ཉེ་བའི་ལོ་ཤས་གོང་སུའུ་ལེན་གྱི་རྩོམ་པ་པོ་ཞིག་གིས་སངས་རྒྱས་ཆོས་ལུགས་ཀྱི་<<དུས་འཁོར་>>ནས་བཤད་པའི་ཤམ་བྷ་ལ་ནི། དེང་སྐབས་ཀྱི་སུའུ་ལེན་ཡིན་པའི་སྐོར་གྱི་བཤད་ཚུལ་བྲིས་པ་ཡང་འདུག་)ལ་དམག་དྲངས་པ་ན། ཤམ་བྷ་ལའི་རིགས་ལྡན་གྱི་རྒྱལ་པོ་ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་དང༌། དེའི་དམག་དཔོན་ཧ་ལུ་མྠན་གཉིས་ཀྱིས་གཏོར་ཕམ་བཏང་ནས་འཛམ་གླིང་ཡོངས་ལ་དབང་བསྒྱུར་བྱས་ཏེ། སླར་ཡང་སངས་རྒྱས་ཆོས་ལུགས་ཕྱི་དར་གྱི་དུས་བཞི་ཕྱི་མ་འགོ་ཚུགས་ཤིང༌། ལོ་ཆིག་སྟོང་བརྒྱད་བརྒྱ་སོང་རྗེས་འཛམ་གླིང་འདིར་སངས་རྒྱས་ཆོས་ལུགས་རྩ་བ་ནས་ནུབ་པར་བཤད།
གོང་དུ་བཤད་པ་ལྟར། སངས་རྒྱས་ཤཱཀྱ་མུ་ནེས་ཆོས་ལུགས་ཐོག་མར་གསུངས་པ་ནས་བརྩིས་ན་བསྟན་པའི་གནས་ཚད་དུས་བཞི་སྔ་ཕྱི་གཉིས་ལ་ལོ་ལྔ་སྟོང་བརྒྱ་མེད་ལྔ་བཅུ་ང་བཞི་ཡོད་ཀྱང༌། ཆོས་ཐོག་མར་གསུངས་པ་ནས་སྐུ་མྱ་ངན་ལས་འདས་བར་ལོ་གྲངས་བཞི་བཅུ་ཞེ་ལྔའམ་ཞེ་དྲུག་ཡོད་པ་ཕུད་ན་ལོ་ལྔ་སྟོང་བརྒྱ་མེད་བརྒྱད་བྱུང་བ་དེ་དང་མདོ་ལུགས་ནས་བཤད་པའི་བསྟན་པའི་གནས་ཚད་ལོ་ལྔ་སྟོང་གི་བར་དུ་ལོ་གྲངས་བརྒྱད་དགུ་ཙམ་གྱི་བར་ཁྱད་མ་གཏོགས་ཡོངས་སུ་མཐུན་པ་ཡིན། སངས་རྒྱས་ཆོས་ལུགས་དེ་ད་དུང་ལོ་སྟོང་ཕྲག་གཅིག་རིང་གི་དུས་ཡུན་རིང་པོ་དེ་ཙམ་གནས་ཐུབ་མིན་སྐོར་ཁ་ཚོན་བཅད་ནས་བཤད་མི་ཐུབ་ཀྱང༌། ལོ་བརྒྱ་ཕྲག་ཁ་ཤས་ནི་གནས་ཐུབ་པ་ཡིན་ཏེ། མི་རྣམས་ཀྱི་ཤེས་རིག་ཆུ་ཚད་དང་ཚན་རིག་དར་རྒྱས་ཆེ་ཆུང་གི་ཁྱད་པར་ལ་བརྟེན་ནས་འཛམ་གླིང་གི་ས་གནས་འགའ་ཞིག་ཏུ་ནུབ་པ་དང༌། འགའ་ཞིག་ཏུ་མུ་མཐུད་ནས་གནས་པ་སོགས་གནས་ཚུལ་མི་འདྲ་བ་སྣ་ཚོགས་ཡོང་སྲིད་པ་དང༌། སངས་རྒྱས་ཆོས་ལུགས་རྩ་བ་ནས་མེད་པར་གྱུར་པ་ནི་ལོ་འགའ་ཤས་རིང་གི་བྱ་བ་ཞིག་མ་ཡིན་པར་ད་དུང་ལོ་བརྒྱ་ཕྲག་ཁ་ཤས་བརྒྱུད་དགོས།
ཞར་བྱུང༌། སངས་རྒྱས་ཆོས་ལུགས་ལ་འཕེལ་རྒྱས་དང༌། ཉམས་རྒུད་བྱུང་བའི་སྐོར། དེ་སྔོན་རྒྱ་གར་དང༌། ལི་ཡུལ། རྒྱ་ནག བོད། སོག་ཡུལ་བཅས་ལ་སངས་རྒྱས་ཆོས་ལུགས་དར་སྤེལ་དང༌། ཉམས་རྒུད་ཇི་ལྟར་བྱུང་བའི་སྐོར་ནི། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་<<རྒྱ་གར་ཆོས་འབྱུང་>>དང་། སོག་པོ་ལོ་ཙཱ་བ་གུང་མགོན་པོ་སྐྱབས་ཀྱིས་མཛད་པའི་<<རྒྱ་ནག་ཆོས་འབྱུང་>>འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི་<<དེབ་ཐེར་སྔོན་པོ་>>དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་<<ཆོས་འབྱུང་མཁས་པའི་དགའ་སྟོན་>>སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི་<<ཆོས་འབྱུང་དཔག་བསམ་ལྗོན་བཟང་>>ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་<<ཤེས་བྱ་ཀུན་ཁྱབ་>>བཅས་ཐོག་མར་ཆོས་འབྱུང་དེ་རྣམས་གཟིགས་ན་ལོ་རྒྱུས་སྤྱིའི་ཤེས་ཡོན་ཙམ་ཤེས་པ་ལ་ཕན་ཐོགས་ཆེན་པོ་ཡོད།

བརྒྱུད་སྐུལ།

མཆན་སྤེལ།