དུང་དཀར་གྲུབ་མཐའ། ས་བཅད་གསུམ་པ།

དུང་དཀར་གྲུབ་མཐའ། ས་བཅད་གསུམ་པ།

ས་བཅད་གསུམ་པ། སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སྤྱིའི་རྩ་བའི་ལྟ་ཚུལ།

 

རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ལ་དད་པ་ཡོད་པའི་མིའི་གོ་རྟོགས་མཐོ་དམན་གྱི་དབང་གིས་གྲུབ་མཐའ་མི་འདྲ་བ་བཞི་( ༡. བྱེ་བྲག་སྨྲ་བ། ༢. མདོ་སྡེ་པ། ༣. སེམས་ཙམ་པ། ༤. དབུ་མ་པ་)ཡོད། དེའི་ནང་ནས་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ནི་ཐེག་པ་ཆུང་ངུའི་གྲུབ་མཐའ་སྨྲ་བ་ཡིན་ཅིང༌། སེམས་ཙམ་པ་དང་དབུ་མ་པ་གཉིས་ནི་ཐེག་པ་ཆེན་པོའི་གྲུབ་མཐའ་སྨྲ་བ་ཡིན། གྲུབ་མཐའ་བཞི་པོ་དེ་ཡང་འོག་མ་འོག་མའི་ལྟ་བ་དེ་གོང་མ་གོང་མའི་ལྟ་བ་ཤེས་རྟོགས་བྱེད་རྒྱུར་ཕན་ཐོགས་ཡོད་པ་ནི་སྐས་ལ་འཛེགས་པའི་ཐེམ་སྐས་ཀྱི་བང་རིམ་དང་འདྲ་བ་ཞིག་ཡིན།

དེ་ཡང་སངས་རྒྱས་ཤཱཀྱ་མུ་ནེས་ཆོས་གསུངས་སྐབས་ཆོས་ཉན་པ་པོ་རྣམས་ལ་ཐོག་མར་ཐེག་པ་ཆུང་ངུའི་ཆོས་བསྟན་པས། ཐེག་པ་ཆུང་ངུའི་གྲུབ་མཐའ་སྨྲ་བ་གཉིས་བྱུང་ཞིང༌། དེ་ནས་གོ་རྟོགས་མཐོ་བ་ཉུས་ཤས་ལ་ཐེག་པ་ཆེན་པོའི་ཆོས་རིམ་པ་གསུམ་ཙམ་བསྟན་པས་ཐེག་པ་ཆེན་པོའི་གྲུབ་མཐའ་སྨྲ་བ་རྣམས་བྱུང་ཞིང༌། རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ལ་གྲུབ་མཐའ་ཆེན་པོ་བཞི་ཡོང་དོན་ནི་སངས་རྒྱས་ཀྱིས་ཐོག་མ་ཆོས་གསུངས་སྐབས་མིའི་བསམ་བློའི་གནས་ཚད་ལ་བསྟུན་ནས་རིམ་པ་མི་འདྲ་བ་བཞི་གསུངས་པ་ལས་ཕན་ཚུན་རྒྱབ་འགལ་དང་རྩོད་པ་ཡོད་པ་ཞིག་གཏན་ནས་མིན། བོད་དུ་སངས་རྒྱས་ཆོས་ལུགས་ལ་གྲུབ་མཐའ་མང་པོ་ཡོད་པ་དེ་ནི་དབུ་མའི་ལྟ་བ་དང་སྟོང་པ་ཉིད་ཀྱི་ལྟ་བའི་ཐད་ལྟ་ཚུལ་མི་འདྲ་བ་ཡོད་པ་ཙམ་ལས་ཁྱོན་ཡོངས་ཀྱི་ལྟ་བ་གཅིག་མཚུངས་ཡིན་པས་དེའི་ཐད་དེང་སང་གི་བསམ་བློའི་ལྟ་བ་མི་འདྲ་བ་ཟེར་བ་དེར་གོ་བ་བླངས་ན་མི་འགྲིག སངས་རྒྱས་ཞལ་བཞུགས་སྐབས་མང་ཆེ་བ་ཐེག་པ་ཆུང་ངུའི་ཆོས་གསུངས་པ་ལས་ཐེག་པ་ཆེན་པོའི་ཆོས་དང་གསང་སྔགས་ཀྱི་ཆོས་དེ་མི་ཉུང་ཤས་ལ་མ་གཏོགས་གསུངས་མེད་ཅིང༌། རྒྱུ་མཚན་ནི་སྐབས་དེར་ཐེག་ཆེན་དང་གསང་སྔགས་ཀྱི་ཆོས་ཀྱི་གནས་ཚད་ལ་སླེབས་མཁན་ཧ་ཅང་ཉུང་ཉུང་ཡིན། དེར་བརྟེན་རྒྱ་གར་དུ་སངས་རྒྱས་མྱ་ངན་ལས་འདས་པ་ནས་སྤྱི་ལོའི་དུས་རབས་དང་པོའི་མཇུག་བར་མི་ཚོས་བྱེད་རྒྱུ་མང་ཆེ་བ་ཐེག་པ་ཆུང་ངུའི་ཆོས་ཡིན། ཐེག་ཆུང་གི་གྲུབ་མཐའ་སྨྲ་བའི་ནང་གི་བྱེ་བྲག་སྨྲ་བར་ནང་གསེས་བཅོ་བརྒྱད་ཡོད་པ་དེའི་རྩ་བའི་སྡེ་བཞི་སྟེ། མང་བཀུར་སྡེ་པ་དང༌། ཕལ་ཆེན་པའི་སྡེ་པ། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། གནས་བརྟན་པའི་སྡེ་པ་བཅས་ཀྱི་ནང་ནས་མང་བཀུར་སྡེ་པས་ཐེག་པ་ཆེན་པོའི་ཆོས་ཁས་ལེན་གྱི་མེད་པ་ལས་དེ་བྱིངས་ཚང་མས་ཐེག་ཆེན་ཁས་ལེན་གྱི་ཡོད། འོན་ཀྱང་ཁོ་ཚོར་ཐེག་ཆེན་གྱི་ཆོས་དེ་བྱེད་ཐུབ་པའི་གནས་ཚད་མེད། མང་བཀུར་སྡེ་པས་ཐེག་ཆེན་ཁས་མི་ལེན་པའི་རྒྱུ་མཚན་ནི་ཐེག་ཆེན་དེ་སངས་རྒྱས་ཀྱིས་གསུངས་པའི་ཆོས་མིན་ཟེར། གཞན་ཡང་ཐེག་ཆུང་གི་ཆོས་བྱེད་མཁན་ཚོས་གསང་སྔགས་ཀྱི་ཆོས་དེ་སངས་རྒྱས་ཀྱིས་གསུངས་པའི་ཆོས་མིན་པར་ངོས་འཛིན་བྱས་ནས་ཁས་ལེན་བྱེད་ཀྱི་མེད། བོད་དུ་གསང་སྔགས་ཀྱི་ཆོས་དེ་དར་ཁྱབ་ཆེན་པོ་ཡོད་སྟབས་སྤྱིར་ན་གསང་བ་མེད་པ་ལྟ་བུ་ཡིན། རྒྱ་གར་དུ་གསང་སྔགས་ཀྱི་ཆོས་བྱེད་མཁན་ཡིན་མིན་དེ་ཤི་ཚར་ནས་མ་གཏོགས་ཤེས་ཐབས་མེད་པ་དེ་ལྟ་བུའི་གསང་བ་ཆེན་པོ་ཡོད། དེར་བརྟེན་དེ་སྔ་རྒྱ་གར་དུ་གསང་བ་བྱས་ནས་བྱེད་དགོས་པའི་ཆོས་ཡིན་སྟབས་གསང་སྔགས་ཞེས་བཏགས་པ་རེད།

ཐེག་པ་ཆུང་ངུ་དང་ཐེག་པ་ཆེན་པོའི་གྲུབ་མཐའ་སོ་སོ་ལ་ཡང་ནང་གསེས་ཁག་མང་པོར་གྱེས་པ་ནི། སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་རྗེས་སུ་རིམ་བཞིན་བྱུང་བ་དང༌། ཐེག་པ་ཆེན་པོ་དར་རྒྱས་ཆེ་བའི་དུས་སྐབས་ནི་སློབ་དཔོན་ཐོགས་མེད་ཀྱིས་ཆོས་གསུངས་པའི་དུས་ནས་(སྤྱི་ལོའི་དུས་རབས་དྲུག་པའི་འགོ་ནས་བདུན་པའི་འགོ་བར་)དར་རྒྱས་བྱུང་སྟེ་ཐེག་པ་ཆེ་ཆུང་གི་གྲུབ་མཐའི་བར་ལ་ལྟ་བ་མི་མཐུན་པའི་རྩོད་གླེང་ཡང་ཐེངས་འགའ་ཤས་བྱུང་བ་བརྒྱུད་ཐེག་པ་ཆུང་ངུའི་གྲུབ་མཐའ་སྨྲ་བ་མང་པོ་ཞིག་ཐེག་པ་ཆེན་པོའི་གྲུབ་མཐའ་སྨྲ་བར་གྱུར་པ་ཡིན་ཅིང༌། དེ་དང་འདྲ་བར་མུ་སྟེགས་པ་དང་སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་རྣམས་རྩོད་གླེང་ཛ་དྲག་ཆེན་པོ་བྱུང་མཐར། མུ་སྟེགས་པའི་མཁས་པ་འགའ་ཞིག་རང་སྲོག་བཅད་པ་དང༌། མཁས་པ་མང་པོ་ཞིག་སངས་རྒྱས་ཆོས་ལུགས་ལ་ཞུགས་པའི་རྐྱེན་གྱིས་མུ་སྟེགས་པ་ཁྲི་སྟོང་མང་པོ་སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་ཆེན་པོར་གྱུར་ཏེ། སྐད་གྲགས་ཡོད་པའི་བསྟན་བཅོས་མང་པོ་བརྩམས་པ་ཡང་བྱུང་ཡོད། དེའི་སྐོར་གྱི་ལོ་རྒྱུས་རྣམས་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་<<རྒྱ་གར་ཆོས་འབྱུང་>>གི་ནང་གསལ།

སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོའི་ལྟ་ཚུལ་མ་བཤད་གོང་དུ་ཐུན་མོང་གི་ལྟ་ཚུལ་རྣམས་བཤད་གཞི་ཆེ་བ་དང་གོ་བདེ་ལ། སོ་སོའི་ལྟ་ཚུལ་རྣམས་བཤད་གཞི་ཆེ་བ་མ་ཟད་གོ་ཡང་དཀའ་བ་བཅས་ལ་བརྟེན་ཐོག་མར་གོ་བདེ་བ་རྣམས་སྔོན་ལ་བཤད་ནས་དཀའ་བ་རྣམས་གནད་བསྡུས་མཛུབ་མོ་རི་སྟོན་ཙམ་དུ་བཤད་པར་བྱའོ།།

 

དང་པོ། ཐེག་པ་ཆེ་ཆུང་གཉིས་ཐུན་མོང་གི་ལྟ་ཚུལ།

 

༡. བཤེས་གཉེན་བསྟེན་ཚུལ། ༢. དལ་འབྱོར་རྙེད་དཀའ། ༣. འཆི་བ་མི་རྟག་པ། ༤. སྐྱེ་བ་སྔ་ཕྱི། ༥. ངན་སོང་གི་སྡུག་བསྔལ། ༦. སྐྱབས་འགྲོ ༧. ལས་འབྲས། ༨. སྡུག་བདེན་འཁོར་བའི་ཉེས་དམིགས། ༩. ཀུན་འབྱུང་འཁོར་བའི་འཇུག་རིམ། ༡༠. འཁོར་བ་ལྡོག་པའི་རྟེན། ༡༡.ལམ་བསླབ་པ་གསུམ་བཅས་ཡོད།

༡. བཤེས་གཉེན་བསྟེན་ཚུལ།

བཤེས་གཉེན་བསྟེན་ཚུལ་ཟེར་བ་དེ་དགེ་རྒན་བསྟེན་སྟངས་དང༌། དགེ་རྒན་གང་འདྲ་ཞིག་བསྟེན་དགོས་མིན། དགེ་རྒན་ལ་བརྩི་བཀུར་ཇི་འདྲ་བྱེད་དགོས་མིན་སོགས་ཀྱི་སྐོར་ཡིན་པས་ཆོས་བྱེད་མཁན་དང་མི་བྱེད་མཁན་གཉིས་ཀར་དགོས་མཁོ་ཡོད་པ་ཞིག་ཡིན། བཤེས་གཉེན་བསྟེན་ཚུལ་དེ་ལའང་ནང་གསེས་དུ་མ་ཡོད་དེ།

(༡)བཤེས་གཉེན་བསྟེན་དགོས་པའི་རྒྱུ་མཚན།

<༡> བསླབ་ཤེས་ཀྱི་ཡོན་ཏན་ནི་དེའི་དུས་རིམ་དམའ་ཤོས་ཡིན། རང་ཉིད་ཡོན་ཏན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་ལ་རང་ལ་བླང་དོར་སྟོན་པའི་སློབ་དཔོན་དང་དགེ་བའི་བཤེས་གཉེན་ཞིག་དགོས། དེ་མིན་ན་རང་ལ་ཡོན་ཏན་གང་ཡང་ཡོང་ཐབས་མེད། ཤེས་ཡོན་གང་ཡིན་ཀྱང་དེ་ལེགས་པར་ཤེས་མཁན་ཀྱི་སློབ་དཔོན་ལ་བསྟེན་ནས་བསླབ་དགོས། དགེ་བའི་བཤེས་གཉེན་ཞེས་པ་ནི་དགེ་རྒན་ཀྱི་དོན་ཡིན་པ་དང༌། དགེ་རྒན་ཞེས་པའི་གོ་དོན་ནི་རང་ཉིད་སྒོ་གསུམ་དགེ་ལ་སྦྱར་ཞིང༌། རང་ལས་ཡོན་ཏན་གྱིས་རྒན་པ་ཡིན་པས་དགེ་རྒན་ཞེས་འབོད། ལུས་ངག་ཡིད་གསུམ་ནི་ལུས་ཀྱི་བྱ་སྤྱོད། ངག་གི་གཏམ་བརྗོད། ཡིད་ཀྱི་བསམ་བློ་གཏོང་སྟངས་ཏེ་དེ་གསུམ་ཡིན་ཅིང༌། དགེ་རྒན་ཞིག་ལ་ཆ་བཞག་ན་མི་གཞན་སྒོ་གསུམ་དགེ་ལ་སྦྱོར་བར་སྔོན་ལ་རང་ཉིད་སྒོ་གསུམ་དགེ་བ་ལ་སླེབས་པ་ཞིག་དགོས་པ་དང༌། དགེ་ཕྲུག་ལས་ཡོན་ཏན་གྱིས་རྒན་པ་སྟེ་ཤེས་བྱའི་གནས་ཚད་མཐོ་བ་ཞིག་དགོས། དེ་ཡང་བསླབ་ཤེས་ཀྱི་ཡོན་ཏན་ནི་དེའི་དུས་རིམ་དམའ་ཤོས་ཡིན་ཏེ་ཡོན་ཏན་ནམ་ལག་ཤེས་གང་ཡིན་ཀྱང་བསླབ་ནས་ཤེས་དགོས་པ་ལས་མ་བསླབ་པའི་ཡོན་ཏན་དང་མ་སྒོམ་པའི་གྲུབ་ཐོབ་ཟེར་བ་ཡོང་ཐབས་མེད། ཡོན་ཏན་དང་ལག་ཤེས་གང་ཞིག་ཡིན་ནའང་དེ་སློབ་སྦྱོང་བྱེད་པའི་དུས་རིམ་ལ་མཐོ་དམན་གཉིས་ཡོད་དེ་ཐོག་མ་མིའི་མདུན་ནས་ཚུར་སློབ་སྦྱོང་བྱེད་པའི་དུས་རིམ་དེ་ནི་དུས་རིམ་དམའ་བ་དེ་ཡིན་པ་དང༌། རང་གིས་རང་སྦྱོང་བྱེད་ཐུབ་པའི་གནས་ཚད་ལ་སླེབས་ནས་མང་ཆེ་བ་རང་གིས་བལྟས་ནས་ཤེས་ཐུབ་པའི་དུས་རིམ་དེ་ནི་མཐོ་བ་དེ་ཡིན། དེ་ནི་ཤིང་བཟོ་རྡོ་བཟོ་དང་རོལ་མོ་སོགས་ཚང་མ་དེ་ལྟར་ཡིན་ཏེ་དགེ་རྒན་མ་བསྟེན་པའི་ཡོན་ཏན་དེས་ཕུགས་འཁྱོལ་ཐབས་གཏན་ནས་མེད་ལ་དཔེར་ན་སློབ་དེབ་འདིར་ཆ་བཞག་ནའང་ཁྱེད་ཚོས་གཟིགས་དུས་ནང་དོན་ཚང་མ་མཁྱེན་གྱི་ཡོད་པ་ལྟ་བུ་ཞིག་ཡོད་ནའང་ངས་ཡང་བསྐྱར་འགྲེལ་བཤད་བྱས་ནས་སློབ་ཁྲིད་བྱེད་དུས་དཔེ་ཆ་གསར་པ་ཞིག་ཁྲིད་པ་ལྟ་བུའི་ཚོར་སྣང་ཡོང་གི་ཡོད་པ་ལྟ་བུ་ཡིན། དེང་སྐབས་གཞོན་ནུ་མང་པོ་ཞིག་རང་སྦྱོང་བྱས་ནས་མཁས་པ་ཆགས་ཡོད་ནའང་དེ་ཚོ་རང་སྦྱོང་བྱས་ནས་མཁས་པ་ཆགས་ཐུབ་པའི་རྨང་གཞི་དེ་དགེ་རྒན་གྱིས་བསླབ་ནས་བྱུང་བ་རེད། རྨང་གཞི་ངེས་ཅན་ཞིག་ཏུ་སླེབས་རྗེས་གཞི་ནས་སོ་སོས་བལྟས་ན་ཤེས་ཐུབ། འོན་ཀྱང་རང་གིས་བལྟས་ནས་ཤེས་པ་དང་དགེ་རྒན་གྱིས་བསླབ་པ་དེ་གཏིང་ཟབ་ལོས་དང་རྒྱ་ཆེ་ཆུང་རྩ་བ་ནས་འདྲ་ས་མེད། དཔེར་ན་<<ས་སྐྱ་ལེགས་བཤད་>>དང༌། <<བྱ་སྤྲེལ་གཏམ་རྒྱུད་>>སོགས་ཀྱི་དཔེ་ཆ་དེ་ཚོ་ཧ་ཅང་གོ་བདེ་པོ་ཡོད་ནའང་རང་སོ་སོས་བལྟས་པ་དང་དགེ་རྒན་གྱིས་ཁྲིད་པ་དེ་གཏན་ནས་འདྲ་ས་མེད། དེའི་ཐད་ང་རང་ལ་ཉམས་མྱོང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། སློབ་མཁན་མེད་པར་རང་གིས་མིག་བལྟས་ནས་ཤེས་པ་དང༌། དཔེ་ཐོག་ནས་ཤེས་པ། རྐུ་ཐབས་ཀྱིས་ཤེས་པ་བཅས་ཀྱི་ཤེས་ཡོན་གང་ཡིན་ཀྱང་དགོས་དུས་སུ་ཕན་ནུས་ཐོན་པ་ཧ་ཅང་དཀའ་བས། ཤེས་ཡོན་གང་འདྲ་ཞིག་ཤེས་འདོད་ཡོད་ན་ཡང༌། ཡོན་ཏན་དེ་ལ་མཁས་ཤིང་བྱང་ཆུབ་པའི་སློབ་དཔོན་བསྟེན་ནས་ཁེངས་སྐྱུངས་ཀྱིས་སློབ་སྦྱོང་བྱེད་དགོས། བསླབས་ཤེས་ཀྱི་ཡོན་ཏན་དེ་འབྲས་བུ་ཅན་གྱི་ལྗོན་ཤིང་དང་འདྲ་བར་དུས་སུ་བབས་པ་ན་ཕན་འབྲས་གཞན་དང་མི་འདྲ་བ་ཐོན་ཐུབ།

<༢> བསླབས་ནས་ཤེས་པའི་ཡོན་ཏན་དེ་ཡོན་ཏན་ཀུན་གྱི་རྨང་གཞི་དང་མཇུག་ཏུ་འབྲས་བུ་སྨིན་པའི་རྒྱུ་ཡིན། བསླབས་ཤེས་ཀྱི་ཡོན་ཏན་དེ་བརྒྱུད་ནས་རང་གིས་དེ་སྔོན་སློབ་སྦྱོང་བྱེད་མ་མྱོང་བའི་ཡོན་ཏན་མང་པོ་ཞིག་གི་སྒོ་ཕྱེ་བ་ལྟར་གཅིག་ལ་གཅིག་བརྒྱུད་ཀྱི་རང་སྦྱོང་བྱེད་ཐུབ་པ་ཡོང་རྒྱུ་རེད། སྔོན་བྱུང་གི་མཁས་པ་མང་པོ་དང༌། དེང་རབས་ཀྱི་གསར་བརྗེའི་སློབ་དཔོན་རྣམ་པ། ཚན་རིག་མཁས་ཅན་མང་པོ་ཞིག་བཅས་ཀྱང་ཐོག་མར་ཤེས་ཡོན་སྣེ་གཅིག་ལ་མཁས་པའི་སློབ་དཔོན་མང་པོ་བསྟེན་ནས་བསླབས་ཤེས་བྱུང་བའི་ཡོན་ཏན་གྱི་རྨང་གཞི་དེ་ཚོ་བརྒྱུད་ནས་ཤེས་ཡོན་སྣེ་གཅིག་ལ་བྱང་ཆུབ་པ་དང༌། སྣེ་མང་ལ་མཁས་པ་ཞིག་ཏུ་གྱུར་པ་ཤ་སྟག་ཡིན། དེ་ཡང༌། རིག་པ་གཞོན་པའི་དུས་སུ་སློབས། །ཞོ་འདོད་བ་མོ་དགུན་ནས་གསོ། །ཞིང་ནི་དྲོད་གཤེར་ལྡན་ཚེ་རྨོ། །འདི་གསུམ་འབྲས་བུ་སྨིན་པའི་རྒྱུ། །ཞེས་པ་ལྟར་རོ།།

<༣> བསླབས་ཤེས་ཀྱི་ཡོན་ཏན་ནི་རང་སྦྱོང་བྱ་རྒྱུའི་རྨང་གཞི་མེད་དུ་མི་རུང་བ་ཞིག་ཡིན་པ། འགའ་ཞིག་གི་བསམ་པར། ཡོན་ཏན་ཐམས་ཅད་བསླབས་ནས་ཤེས་དགོས་པའི་ངེས་པ་མེད་ཅིང༌། སློབ་མཁན་མེད་པར་རང་སྦྱོང་བྱས་ནས་མཁས་པ་ཆགས་པ་མང་པོ་འདུག་བསམས་ན། དེ་ནི་ཐོག་མ་ཉིད་ནས་སློབ་མཁན་མེད་པར་རང་ཉིད་ལ་ཡོད་པའི་སྐྱེས་སྟོབས་ཀྱི་ཤེས་རབ་ལ་བརྟེན་ནས་ཤེས་པ་ཞིག་མིན། རང་སྦྱོང་བྱས་ཏེ་ཤེས་པའི་ཡོན་ཏན་དེ་འདྲ་ཡོང་བ་ལ་ངེས་པར་དུ་རང་ལ་ཤེས་ཡོན་གྱི་རྨང་གཞིའི་ཆུ་ཚད་མཐོ་ཙམ་ཞིག་ཡོད་དགོས། དེ་མེད་ན་རང་ཉིད་ལ་སྐྱེས་སྟོབས་ཀྱི་ཤེས་རབ་ཇི་ཙམ་རྣོན་པོ་ཡོད་ཀྱང༌། གྲུབ་འབྲས་དེ་འདྲ་ཐོབ་མི་ཐུབ། ད་ལྟ་རང་ཉིད་ཀྱིས་རང་སྦྱོང་བྱས་ཏེ་ཤེས་པའི་ཤེས་ཡོན་དེ་དག་དེ་སྔོན་སློབ་དཔོན་གྱིས་རང་ལ་བསླབས་མྱོང་བའི་ཤེས་ཡོན་དེ་ཚོ་དང་དངོས་བརྒྱུད་གང་ཐད་ནས་འབྲེལ་བ་ཡོད་པ་ཤ་སྟག་ཡིན་པས། རང་སྦྱོང་བྱས་ནས་ཤེས་པའི་ཡོན་ཏན་ལ་བསླབས་ཤེས་ཀྱི་ཡོན་ཏན་དང་འདྲ་བའི་རྒྱ་ཆེ་བ་དང་གཏིང་ཟབ་པའི་ཁྱད་ཆོས་དེ་འདྲ་མེད།

<༤> སློབ་དཔོན་བསྟེན་ནས་ཤེས་པའི་ཡོན་ཏན་ལ་ཁྱད་ཆོས་བརྒྱད་ཡོད།

jབླང་དོར་མི་ཤེས་པའི་སྐབས་སུ་ལེགས་ཉེས་སྟོན་པའི་མིག་ལྟ་བུ།

kསློབ་དཔོན་མེད་པའི་སྐབས་སུ་ལམ་སྟོན་སྒྲོན་མེ་ལྟ་བུ།

lསེམས་ཞུམ་པའི་སྐབས་སུ་སྤྲོ་བ་བསྐྱེད་པའི་བདུད་རྩི་ལྟ་བུ།

mང་རྒྱལ་སྐྱེ་བའི་སྐབས་སུ་རང་སྐྱོན་མཐོང་བའི་མེ་ལོང་ལྟ་བུ།

nསྐྱིད་སྡུག་གང་གི་སྐབས་སུ་འགྱུར་བ་མེད་པའི་གྲོགས་ལྟ་བུ།

oདཀའ་ངལ་ཕྲད་པའི་སྐབས་སུ་ཐབས་ཤེས་འདོན་པའི་གྲོས་འདྲི་ས་ལྟ་བུ།

pཉོན་མོངས་དུག་གསུམ་གྱི་ནད་སེལ་བའི་སྨན་ལྟ་བུ།

qརྐུན་པོས་ནམ་ཡང་འཕྲོག་མི་ཐུབ་པའི་ནོར་གྱི་མཆོག་ལྟ་བུ་བཅས་ཡིན།

(༢) བསྟེན་བྱའི་བཤེས་གཉེན་དང་སློབ་དཔོན་གྱི་མཚན་ཉིད།

འདིར་མཚན་ཉིད་ཅེས་པ་ནི་ཚད་གཞིའི་དོན་ཡིན། འོ་ན་བཤེས་གཉེན་དང་སློབ་དཔོན་གང་འདྲ་ཞིག་བསྟེན་དགོས་ཟེར་ན། སྤྱིར་ན་སློབ་དཔོན་རིགས་བཅུར་དབྱེ་ཡོད་དེ། ༡. དགེ་བསྙེན་གྱི་སློབ་དཔོན། ༢. བསྙེན་གནས་ཀྱི་སློབ་དཔོན། ༣. དགེ་ཚུལ་གྱི་སློབ་དཔོན། ༤. གསང་སྟོན་གྱི་སློབ་དཔོན་(གསང་བའི་ཐོག་ནས་རོགས་རམ་བྱེད་མཁན་གྱི་སློབ་དཔོན)། ༥. ལས་ཀྱི་སློབ་དཔོན་(སྡོམ་པ་གཏད་མཁན་གྱི་སློབ་དཔོན)། ༦. འཕྲིན་གྱི་སློབ་དཔོན་(སོ་སོ་རང་ཉིད་ཆོས་ཞུ་བར་འགྲོ་མ་ཐུབ་ན་ཡི་གེ་དང་ལན་གྱི་ཐོས་ནས་རོགས་རམ་བྱེད་མཁན་གྱི་སློབ་དཔོན)། ༧. ཀློག་པའི་སློབ་དཔོན། ༨. གནས་ཀྱི་སློབ་དཔོན་(རང་དང་མཉམ་དུ་འཚོ་བ་སྐྱེལ་མཁན་གྱི་དགེ་རྒན)། ༩. ཐེག་པ་ཆེན་པོའི་སློབ་དཔོན། ༡༠. གསང་སྔགས་ཀྱི་སློབ་དཔོན་བཅས་ཡོད་པ་དང༌། དེ་དག་སོ་སོ་ལ་ཡང་ཁྱད་ཆོས་དང་ཡོན་ཏན་གནས་ཚད་ཇི་འདྲ་དགོས་མིན་མཚན་ཉིད་གཞུང་ལས་ཞིབ་ཕྲ་གསུངས་ཡོད་ནའང༌། སྤྱིར་བཏང་སློབ་དཔོན་ལ། ༡. དུལ་བ། ༢. ཞི་བ། ༣. ཉེ་བར་ཞི་བ། ༤. རང་ལས་ཡོན་ཏན་ལྷག་པ། ༥. བརྩོན་འགྲུས་དང་ལྡན་པ། ༦. ལུང་རིགས་ལ་མཁས་པ། ༧. དེ་ཉིད་རྟོགས་པ། ༨. སྨྲ་མཁས་པ། ༩. སློབ་མ་ལ་བརྩེ་སེམས་དང་ལྡན་པ། ༡༠. སྐྱོ་ངལ་མེད་པ། ༡༡. དུས་སུ་འདོམས་པ་བཅས་ངེས་པར་དུ་ཚང་དགོས་པ་ཞིག་ཡིན་ཏེ།

༡. དུལ་བ་ནི། ལུས་ངག་གཉིས་ཀྱི་སྤྱོད་ལམ་ངན་པ་སྤངས་ཏེ་ཀུན་སྤྱོད་གཙང་བ་ཞིག་དགོས་ཏེ། སློབ་དཔོན་ནམ་དགེ་རྒན་གྱི་ཀུན་སྤྱོད་ནི་སློབ་མའི་མིག་དཔེ་ཡིན་པས་ཐོག་མ་སློབ་དཔོན་ནམ་དགེ་རྒན་གྱི་ཀུན་སྤྱོད་གཙང་མ་ཡོད་དགོས།

༢. ཞི་བ། བསམ་པ་ངན་པ། གཞན་ལ་ཕྲག་དོག་དང༌། ང་རྒྱལ། སེར་སྣ། ཕྱོགས་ལྷུང༌། གཡོ་སྒྱུ་སོགས་མེད་པ་སྟེ། རང་ལས་གནས་ཚད་མཐོ་བ་ལ་ཕྲག་དོག་དང༌། རང་ལས་དམའ་བ་ལ་ང་རྒྱལ། རང་དང་མཉམ་པར་འགྲན་སེམས། རང་གི་རྒྱུ་ལ་སེར་སྣ། མ་ཤེས་ཤེས་མདོག་དང་མ་འཇོན་འཇོན་མདོག་བྱེད་པ་སོགས་ཀྱི་སྐྱོན་དང་བྲལ་བ་ཞིག་དགོས་ཤིང༌། དེ་དག་མེད་ན་སློབ་མ་མང་པོ་ལ་ཕན་ཐོགས་ཆེན་པོ་ཡོད།

༣. ཉེ་བར་ཞི་བ། ལེ་ལོ་དང་བག་མེད་ཀྱི་དབང་དུ་མ་སོང་བ་སྟེ། དོན་མེད་ཀྱི་བྱ་བ་ལ་མགོ་གཡེང་ནས་སློབ་མར་སློབ་ཁྲིད་བྱ་རྒྱུ་དེ་ཞག་འགྱངས་ཉིན་འགྱངས་ཀྱིས་འཐུས་ཤོར་དུ་གཏོང་མཁན་དེ་འདྲ་མིན་པར་དུས་ཐོག་ཏུ་སློབ་ཁྲིད་བྱེད་ཐུབ་མཁན་ཞིག་དགོས་པ་ཡིན།

༤. རང་ལས་ཡོན་ཏན་ལྷག་པ། སློབ་མ་ལས་ཡོན་ཏན་ཆེ་བ་དགོས་ཏེ། དགེ་རྒན་དང་སློབ་མ་གནས་ཚད་མཐོ་དམན་ཁྱད་མེད་ན་སློབ་ཁྲིད་བྱེད་སྐབས་གཏིང་ཟབ་པོ་མེད་པས་སློབ་མའི་གནས་ཚད་མཐོ་རུ་འགྲོ་རྒྱུར་ཕན་ཐོགས་མེད། <<ས་སྐྱ་ལེགས་བཤད་>>ལྟ་བུར་ཆ་མཚོན་ནའང་ཚིག་དེ་ཁོ་ནའི་ཐད་ཀའི་འགྲེལ་པ་ལས་གོ་དོན་ངོ་མ་སློབ་མར་གསལ་འགྲེལ་མ་ཐུབ་ན་དོན་སྙིང་གསལ་བོ་རྟོགས་མི་ཐུབ་སྟེ། དཔེར་ན། <<བྱ་སྤྲེལ་གཏམ་རྒྱུད་>>ནང༌། སྒོར་མོ་རྔ་འདྲ་བའི་གྲོས་ཤིག་བྱེད། །གྲུ་བཞི་ཤོ་འདྲ་བའི་གྲོས་ཤིག་བྱེད། །དཀར་པོ་དངུལ་འདྲ་བའི་གྲོས་ཤིག་བྱེད། །དམར་པོ་མཆོང་འདྲ་བའི་གྲོས་ཤིག་བྱེད། །གྲོས་ཐག་ཆོད་པའི་མཚམས་དེ་ན། །དེ་ལས་ཚིག་གི་ལན་ཞིག་འདེབས། །ཟེར་བ་ཞིག་ཡོད་པ་དེ་ཐད་ཀར་བཤད་ན་བྲོ་བ་གང་ཡང་མེད་ཀྱང༌། གོ་དོན་ཧ་ཅང་གཏིང་ཟབ་པོ་ཡོད་དེ“སྒོར་མོ་རྔ་འདྲ་བའི་གྲོས་ཤིག་བྱེད”ཟེར་བ་ནི་རྔའི་དབྱིབས་སྒོར་སྒོར་དེ་དང་འདྲ་བར་མི་ཚང་མ་སྒོར་འཁྱིལ་ལེར་འཛོམས་ཏེ་མ་གོ་མ་ཤེས་ཟེར་མི་དགོས་པའི་གྲོས་ཤིག་བྱ་རྒྱུ་ཡིན་ཟེར་བའི་དོན་དང༌། “གྲུ་བཞི་ཤོ་འདྲ་བའི་གྲོས་ཤིག་བྱེད”ཟེར་བ་ནི་ཚང་མས་ཕྱར་བ་ཟུར་འདེགས་ཀྱིས་གྲོས་བྱས་ནས་ཐབས་དང་ཇུས་བཏོན་ཏེ་དོན་དག་ཆད་ལུས་མེད་པ་ཆ་ཚང་བ་ཞིག་བྱེད་རྒྱུ་ཡིན་ཟེར་བ། “དཀར་པོ་དངུལ་འདྲ་བའི་གྲོས་ཤིག་བྱེད”ཟེར་བ་ནི་དངུལ་དེ་དཀར་པོ་ཡིན་པ་ནང་བཞིན་ཚང་མས་བློ་དཀར་སེམས་དཀར་བྱས་ནས་སྤྱི་དོན་ལ་ཕན་པའི་བསམ་འཆར་ཤོད་རྒྱུ་ཟེར་བ། “དམར་པོ་མཆོང་འདྲ་བའི་གྲོས་ཤིག་བྱེད”ཟེར་བ་ནི་ཚང་མས་གང་བསམ་དྲང་པོར་ཆ་ཚང་ཤོད་པ་ལས་ཕྱེད་བཤད་ཕྱེད་བསྐུམས་དང་རྫུན་མི་ཤོད་པར་དམར་དམར་ཐིང་ཐིང་ཤོད་དགོས་ཟེར་བ་བཅས་ཀྱི་དོན་ཡིན། དེར་བརྟེན་དེ་ལྟ་བུའི་རིགས་རྣམས་ཚིག་གི་དོན་དག་སྤྱིར་བཏང་ཞིག་བཤད་ན་མི་འགྲིག་པར་དོན་སྙིང་ཟབ་ཏུ་བཏང་ནས་བཤད་ཐུབ་ན་སློབ་མའི་སེམས་ལའང་ངས་ཤེས་པ་དེ་ཙམ་གྱིས་མི་ཚད་པར་ད་དུང་ཚིག་དེ་ལ་གོ་བ་ཧ་ཅང་གཏིང་ཟབ་པོ་ལེན་རྒྱུ་འདུག་བསམ་པ་ཞིག་ཡོང་ངེས་ཡིན་ལ། ཡོན་ཏན་ཆེ་ཆུང་མཉམ་ན་ཕན་ཚུན་བསྟེན་མི་དགོས་ཤིང༌། རང་ལས་ཡོན་ཏན་ཆུང་ན་སློབ་མ་ལ་ཡར་སྐྱེད་གང་ཡང་མི་འབྱུང༌།

༥. བརྩོན་འགྲུས་དང་ལྡན་པ། བྱ་བ་གང་བརྩམས་རུང་མཐར་ཐོན་པའི་བརྩོན་འགྲུས་དང་ལྡན་པ་དགོས་ཏེ། སློབ་མ་དེ་ལ་ཡར་སྐྱེད་མ་བྱུང་གི་བར་དུ་མཐར་ཐོན་པ་མ་གཏོགས་སློབ་མ་མང་པོ་ཡོད་པའི་སྙན་གྲགས་ཙམ་དོན་དུ་མི་གཉེར་བ།

༦. ལུང་རིགས་ལ་མཁས་པ། མང་དུ་ཐོས་པའི་ལུང་གི་ཡོན་ཏན་དང་ལྡན་པ་སྟེ། མང་དུ་ཐོས་པའི་ལུང་གི་ཡོན་ཏན་ཟེར་བ་ནི། མང་པོ་ཐོས་པ། མང་དུ་ཐོས་པ། མང་པོ་ལས་ཐོས་པ། མང་པོ་དང་ཐོས་པ་བཅས་ཚད་མ་རིག་པའི་ནང་བཤད་པའི་མང་དུ་ཐོས་པ་ཕུན་སུམ་ཚོགས་པ་བཞི་ཞེས་པ་དེ་ཡིན།

༡. མང་པོ་ཐོས་པ་ནི་ཡོན་ཏན་སྣ་གཅིག་མ་ཡིན་པར་སྣ་མང་པོ་སློབ་སྦྱོང་བྱེད་མྱོང་བའི་དོན་ཡིན་ཅིང༌། དེའི་དགོས་པ་རྒྱུ་མཚན་ནི་ཡོན་ཏན་ཚང་མ་ཕན་ཚུན་འབྲེལ་བ་ཡོད་པ་ཤ་སྟག་ཡིན་པས་ཕྱོགས་གང་ཅིའི་ཐད་ཀྱི་ཡོན་ཏན་འཛོམས་ཚེ་སློབ་ཁྲིད་བྱེད་སྐབས་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད།

༢. མང་པོ་ཐོས་པ་ནི་ཡོན་ཏན་གང་འདྲ་ཞིག་ཡིན་རུང་དེ་ཚོ་ཐེངས་གཅིག་ཙམ་མ་ཡིན་པར་ཐེངས་མང་པོ་ཉན་མྱོང་བ་དཔེར་ན་སུམ་རྟགས་ལྟ་བུར་ཆ་བཞག་ན་དགེ་རྒན་གཅིག་གམ་ཡང་ན་ཁ་ཤས་ས་ནས་ཐེངས་མང་པོ་ཉན་མྱོང་ཡོད་པ།

༣. མང་པོ་ལས་ཐོས་པ་ནི་དཔེར་ན་སྙན་ངག་ལྟ་བུར་ཆ་བཞག་ན་དགེ་རྒན་ཁ་ཤས་ཀྱི་ས་ནས་ཁྲིད་མྱོང་ཡོད་ན་དགེ་རྒན་གཅིག་གིས་ཆད་ལུས་མེད་པ་ཁྲིད་མ་ཐུབ་ནའང་གཞན་ཚོས་ཁ་གསབ་དང་དེ་ལས་གཏིང་ཟབ་པ་ཁྲིད་ཐུབ་པ།

༤. མང་པོ་དང་ཐོས་པ་ནི་ཡོན་ཏན་སློབ་པའི་སྐབས་སུ་སློབ་མ་མང་པོ་དང་མཉམ་དུ་སློབ་སྦྱོང་བྱེད་མྱོང་བ་ཞིག་དགོས་པ་སྟེ་དེ་ནི་ཤག་ནང་དུ་དཔེ་ཁྲིད་ཞུས་པ་ལས་འཛིན་གྲྭའི་ནང་དཔེ་ཁྲིད་ཉན་ན་ཟབ་པ་དང་རྒྱས་པ་ཡོང་གི་ཡོད། གཞན་ཡང་ལུང་རིགས་ཏེ་རིག་པ་ལ་མཁས་པ་དེ་ནི་ཡོན་ཏན་དེ་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་སློབ་མར་གཏིང་ཟབ་པོ་དང་རྒྱ་ཆེན་པོ་ཤོད་ཐུབ་པ་ཞིག་དགོས་པ་སྟེ། དཔེར་ན་མཚན་ཉིད་དང༌། དཔེར་བརྗོད་བྱེ་བྲག་པ་དང་སྤྱིར་བཏང་པ་ལྟ་བུ།

༧. དེ་ཉིད་རྟོགས་པ། འཆད་བྱའི་གཞུང་གི་དགོངས་དོན་མཐར་ཕྱིན་པར་རྟོགས་ནས་སྒྲོ་འདོགས་ཆོད་པ་སྟེ། རང་གིས་ལེགས་པར་མ་རྟོགས་ན་སློབ་མ་ལ་ཡང་དག་པར་འཆད་མི་ནུས།

༨. སྨྲ་མཁས་པ། སློབ་མའི་གནས་ཚད་རབ་འབྲིང་ཐ་གསུམ་དང་མཐུན་པར་སློབ་ཁྲིད་བྱེད་སྐབས་དོན་མཚོན་པའི་དཔེ་ཡོད་པ་དང༌། དོན་ངེས་པའི་སྒྲུབ་བྱེད་ཡོད་པ། ཡིད་ཆེས་པའི་ཁུངས་དང་ལུང་ཡོད་པ། གོ་བདེ་ལ་དོན་དག་གོ་བ་ལོན་པར་ནུས་པ་ཆེན་པོ་ཡོད་པའི་དཔེ་དྲངས་ནས་གོ་བསྐོན་བློ་འགུགས་ཀྱི་ནུས་པ་ལྡན་པ།

༩. སློབ་མ་ལ་སྙིང་བརྩེ་བ། སློབ་མ་ལ་དཀའ་ངལ་ཕྲད་སྐབས་གང་ལ་ཅི་འོས་ཀྱི་ཕན་འདོགས་མཛད་ནུས་པ། ཕ་མས་བུ་སྐྱོང་བ་དང་ཁྱད་མེད་པ།

༡༠. སྐྱོ་ངལ་མེད་པ། སློབ་མས་ཡོན་ཏན་དེ་མ་ཤེས་ཀྱི་བར་དུ་ཡང་ནས་ཡང་དུ་འཆད་དེ་སུན་སྣང་དང་སྐྱོ་སྣང་མེད་པར་སློབ་མའི་འདོད་པ་སྐོང་ཐུབ་པ།

༡༡. དུས་སུ་འདོམས་པ། སློབ་མར་འཇམ་རྩུབ་གང་འོས་ཀྱི་སྐྱོན་བརྗོད་དང་བསླབ་བྱ་དུས་ཐོག་ཏུ་གནང་ཐུབ་པ་སྟེ། དུས་ལ་མ་བབས་པར་སྔ་དྲགས་པའམ། དུས་ལས་ཡོལ་ཚེ་ཕན་ཐོགས་མེད། གོང་གསལ་གྱི་ཡོན་ཏན་དེ་དག་ནི་དེང་སང་གི་སློབ་དཔོན་དང་དགེ་རྒན་ལ་ཡང་ཚང་དགོས་པ་ཞིག་ཡིན་པ་མ་ཟད། ཡོན་ཏན་དེ་དག་ཚང་བའི་དགེ་རྒན་ལ་རྒྱལ་ཁབ་དང༌། མི་དམངས། སློབ་ཕྲུག ཕ་མ་བཅས་ཚང་མས་བརྩི་བཀུར་བྱེད་ཀྱི་ཡོད།

འོན་ཀྱང་ཡོན་ཏན་དེ་དག་ཡོངས་སུ་ཚང་བ་ཤིན་ཏུ་དཀོན་ཞིང༌། སྐྱོན་དང་ཡོན་ཏན་འདྲེས་པ་མང་བས་དེས་ན་ཡོན་ཏན་མང་ཞིང་སྐྱོན་ཉུང་བ་ཞིག་ལ་བསྟེན་དགོས་པ་ཡིན། སྐྱོན་མང་བ་དང༌། ཡོན་ཏན་ཉུང་བ། ལྷག་པར་དུ་སྡིག་པའི་གྲོགས་པོ་དང༌། མི་དགེ་བའི་བཤེས་གཉེན་བསྟེན་ན་རང་ཡང་དེ་དང་མཐུན་པར་སྤྱོད་ངན་གྱིས་བསླད་སྐྱོན་བྱུང་ནས་ཉེས་སྤྱོད་གང་ལ་ཡང་མི་འཛེམས་མཁན་ཞིག་ཏུ་འགྱུར་ཉེན་ཡོད་པས། སློབ་དཔོན་བཟང་པོ་ལ་བསྟེན་པ་དང༌། གྲོགས་བཟང་པོ་དང་འགྲོགས་པ་ཞིག་ཧ་ཅང་གལ་ཆེ་སྟེ། སྔོན་གྱི་མཁས་པ་ཚོའི་གསུང་རྒྱུན་ལ། མི་ཐ་མ་ཞིག་གྲོགས་བཟང་པོ་དང་འགྲོགས་ཀྱང་འབྲིང་ཙམ་ལས་མི་འོང༌། མི་རབ་ཅིག་ཐ་མ་དང་འགྲོགས་ན་ཐ་མར་འགྲོ་བ་ལ་དཀའ་ཚེགས་མེད་ཅེས་གསུངས་པ་ལྟར། རང་གིས་བསྟེན་པའི་སློབ་དཔོན་བཟང་པོ་ཞིག་དང་ཕྲད་ན་ཡང༌། དུས་རྒྱུན་པར་མཉམ་དུ་འགྲོགས་པའི་གྲོགས་བཟང་པོ་མེད་ན་མི་ངན་གྱིས་བསླུས་ཏེ་མཐར་རང་གཞན་གཉིས་ཀ་ཕུང་བའི་ལམ་དུ་འགྲོ་བ་མང་པོ་བྱུང་བའི་གཏམ་རྒྱུད་ཡོད་པ་ལྟར་ཡིན།

(༣) བསྟེན་པ་པོ་སློབ་མའི་མཚན་ཉིད།

སློབ་དཔོན་བཟང་པོ་ལ་བསྟེན་པར་འདོད་པའི་སློབ་མ་ལ་ཡོན་ཏན་གང་ཚང་དགོས་ཤེ་ན། གཙོ་ཆེ་བ་དྲུག་ཚང་དགོས་ཏེ། ༡. སློབ་དཔོན་ལ་གུས་པ། ༢. བློ་གཟུ་བོར་གནས་པ། ༣. དོན་གཉེར་ཆེ་བ། ༤. ཤེས་རབ་དང་ལྡན་པ། ༥. བཟོད་བསྲན་ཆེ་བ། ༦. ཀུན་སྤྱོད་གཙང་བ་བཅས་ཡིན།

༡. སློབ་དཔོན་ལ་གུས་པ། སློབ་དཔོན་དང་དགེ་རྒན་ལ་གུས་ཞབས་དང་ལྡན་པ་སྟེ་མཚན་བརྗོད་སྐབས་ཞེ་ས་བྱེད་པ། སྔོན་དུ་ལྡང་བ། གུས་འདུད་བྱེད་པ། སྤྱན་གྱིས་གཟིགས་སར་སྤྱོད་ལམ་གང་བྱུང་མི་བྱེད་པ། འདྲ་མཉམ་མི་བྱེད་པ། བཀའ་ལ་བརྩི་བཀུར་ཞུ་བ་བཅས་ཡིན།

༢. བློ་གཟུ་བོར་གནས་པ། རང་ཕྱོགས་དང་གཞན་ཕྱོགས་ལ་ཕྱོགས་རིས་སུ་ཕྱེ་ནས་ཆགས་སྡང་མི་བྱེད་པ་སྟེ། སློབ་མས་ཕྱོགས་རིས་བྱས་ན་སློབ་དཔོན་དང་དགེ་རྒན་ནང་ཕན་ཚུན་མཐུན་སྒྲིལ་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད།

༣. དོན་གཉེར་ཆེ་བ། རང་ཉིད་ཀྱི་བསླབ་བྱའི་ཡོན་ཏན་ལ་སྐོམ་པ་ཆུ་འདོད་ལྟར་གྱི་དོན་གཉེར་ཡོད་པ་སྟེ། བསླབ་བྱའི་ཡོན་ཏན་ལེགས་པར་མ་ཤེས་ཀྱི་བར་དུ་འབད་བརྩོན་མཐའ་འཁྱོལ་བའི་ཆོད་སེམས་ཡོད་པ།

༤. ཤེས་རབ་དང་ལྡན་པ། ལེགས་བཤད་དང་ཉེས་བཤད་དབྱེ་བ་ལེགས་པར་འབྱེད་ནུས་པའི་བློ་གྲོས་ཡོད་པ་སྟེ། ལེགས་བཤད་ཉུང་ངུ་ཞིག་ལས་མེད་ཀྱང་དང་དུ་ལེན་མཁས་པ་དང༌། ཉེས་བཤད་ལ་ལེགས་བཤད་དུ་བཟུང་སྟེ་ཆུ་སྣ་གར་ཁྲིད་ལ་མི་འགྲོ་བ།

༥. བཟོད་བསྲན་ཆེ་བ། སློབ་དཔོན་གྱི་དོན་དུ་དཀའ་ངལ་ཇི་འདྲ་ཕྲད་ཀྱང་ཡིད་མི་ཞུམ་པ་སྟེ། གནས་སྐབས་ཀྱི་དཀའ་སྡུག་ཕྲན་བུ་ཙམ་ལ་གཡོལ་ཐབས་མི་བྱེད་པར་དང་དུ་ལེན་ཐུབ་པའི་སྙིང་རུས་ཡོད་པ།

༦. སྒོ་གསུམ་བག་ཡོད་དུ་གནས་པ། ཀུན་སྤྱོད་གཙང་ཞིང་སེམས་ཞི་དུལ་ལ་གནས་པ་སྟེ། མི་ཤེས་པའི་རྒྱུ་བཞི་སྤོང་བའི་ཀུན་སྤྱོད་གཙང་བ་དང༌། མི་གཤིས་ལེགས་པ་གཉིས་འཛོམས་པ་ཞིག་དགོས།

(༤) སློབ་དཔོན་མ་བསྟེན་གོང་དུ་བརྟག་དཔྱད་ནན་ཏན་བྱ་དགོས་པ།

སློབ་དཔོན་ནམ་དགེ་རྒན་མ་བསྟེན་གོང་དུ་དེ་ལ་སྐྱོན་གང་ཡོད་མེད་དང༌། ཡོན་ཏན་ཆེ་ཆུང༌། རང་ཉིད་ཀྱིས་བསྟེན་ཟིན་པའི་རྗེས་སུ་དད་པ་ལོག་པའི་ཉེན་ཁ་ཡོད་མེད་བཅས་བརྟག་དཔྱད་བྱ་དགོས་ཏེ། བརྟག་དཔྱད་མ་བྱས་པར་ཁྱི་དང་གློ་བ་ཕྲད་པ་ལྟར་གང་བྱུང་གིས་བསྟེན་པ་དང༌། བསྟེན་ཟིན་ནས་འཕྱ་སྨོད་དང༌། སྐྱོན་འདོགས། མ་གུས་པ། རྒྱབ་གཏོད་སོགས་བྱས་ན་རང་ཉིད་ཀྱི་ཡོན་ཏན་སྔར་ཡོད་ཉམས་ཤིང་གསར་དུ་ཡོན་ཏན་གང་ཡང་ཐོབ་མི་ཐུབ། སློབ་དཔོན་དང་དགེ་རྒན་གྱིས་སློབ་མ་བྱེད་འདོད་པའི་མི་དེར་དགོས་ངེས་ཀྱི་ཡོན་ཏན་རྣམས་ཚང་མི་ཚང་ལེགས་པར་བརྟག་དགོས་ཏེ། རང་གི་མདུན་དུ་རྐུ་ཐབས་ཀྱིས་ཡོན་ཏན་སློབ་པར་ཡོང་བ་ཡིན་མིན་དང༌། དངོས་འབྲེལ་ཡོན་ཏན་སློབ་སྦྱོང་བྱེད་འདོད་ཡོད་མེད། སློབ་དཔོན་དང་དགེ་རྒན་གཞན་གྱི་གནང་བ་ཐོབ་ཡོད་མེད་བཅས་བརྟག་དཔྱད་ལེགས་པར་བྱས་རྗེས་གཞི་ནས་སློབ་དཔོན་དང་སློབ་མའི་འབྲེལ་བ་འཛུགས་དགོས། གལ་ཏེ་བརྟག་དཔྱད་ནན་ཏན་མ་བྱས་པར་སློབ་མ་བསྡུས་པ་ཡིན་ན་སློབ་དཔོན་དང་སློབ་མ་གཉིས་ཀར་ཕན་པ་མེད་པའི་ཐོག་གནོད་སྐྱོན་ཚབས་ཆེན་ཡོང་ངེས་ཡིན། དེང་སྐབས་ཀྱི་སློབ་དཔོན་དང་སློབ་མའི་འབྲེལ་བ་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་ཁས་བླངས་ཤིང་གཏན་ལ་ཕབ་པའི་སློབ་དཔོན་དང་དགེ་རྒན་གྱི་དམིགས་ཚད་གཞིར་བཟུང་ནས་བསྐོ་བཞག་བྱས་པ་ཡིན་པས་སློབ་དཔོན་དང་སློབ་མ་ཕན་ཚུན་བར་དུ་བརྟག་དཔྱད་བྱེད་པའི་བྱ་རིམ་དེ་བརྒྱུད་མྱོང་མེད་ཅིང༌། གལ་ཏེ་སློབ་དཔོན་དང་སློབ་མའི་བར་ཆོས་ཀྱི་འབྲེལ་བ་འཛུགས་དགོས་པ་ཡིན་ན་དེ་ནི་ཕན་ཚུན་སྒེར་གྱི་གནད་དོན་ཞིག་ཡིན་སྟབས། ངེས་པར་དུ་ཕན་ཚུན་བརྟག་དཔྱད་བྱེད་དགོས། དཔེར་ན། འཇིག་རྟེན་ཐོག་བུ་དང་བུ་མོ་ཕན་ཚུན་གཉེན་འབྲེལ་བྱ་རྒྱུ་དེ་མི་ཚེ་གཅིག་གི་དོན་ཆེན་ཡིན་སྟབས་གཉེན་སྒྲིག་མ་བྱས་གོང་ཕན་ཚུན་ཡུན་རིང་བརྟག་དཔྱད་བྱས་ཏེ་གདེང་ཚོད་བྱུང་མཚམས་གཞི་ནས་གཏན་འཁེལ་བྱེད་པ་ལྟ་བུ་རེད། སློབ་དཔོན་དང་སློབ་མའི་བར་ཆོས་ཀྱི་འབྲེལ་བ་འཛུགས་རྒྱུ་དེ་ནི་ཆོས་ལུགས་ཀྱི་ཐོག་ནས་བཤད་ན་མི་ཚེ་གཅིག་གི་འབྲེལ་བ་ཙམ་མ་ཡིན་པར་སྐྱེ་བ་མང་པོའི་རིང་གི་བྱ་སྤྱོད་ཀྱི་འགོ་འཛུགས་སའི་ཐོག་མ་ཡིན་པས་དེ་འཕྱུགས་ན་སྐྱེ་བ་འདི་གཅིག་པུ་ཙམ་མ་ཡིན་པར་སྐྱེ་བ་གཏན་གྱི་མདུན་ལམ་འཕྱུགས་འགྲོ་བ་ཡིན་ཟེར།

བརྟག་དཔྱད་བྱ་ཐབས་ནི། ཐོག་མར་སློབ་དཔོན་དང་དགེ་རྒན་དེ་ལ་འབྲེལ་གཏུགས་ཐད་ཀར་མི་བྱེད་པར་དེའི་སློབ་མ་མང་པོར་རང་གི་དོགས་པ་ཡོད་པའི་གནད་དོན་ཁག་ལ་དྲི་བ་འདོན་པ་དང༌། དེ་ནས་ཡི་གེའི་ཐོག་ནས་དཀའ་གནད་འདྲི་བ། དེ་ནས་འབྲེལ་གཏུགས་བྱས་ཏེ་ཆོས་ཀྱི་གནད་དོན་སྐོར་ལ་དོགས་པ་ཡོད་པའི་གནད་དོན་དྲི་བ་བཅས་བརྒྱུད་ནས་སློབ་དཔོན་དེའི་ཡོན་ཏན་དང་ཀུན་སྤྱོད་ལ་བརྟག་དགོས། དེའི་རིང་ལ་དངོས་སུ་ཆོས་ཀྱི་འབྲེལ་བ་མི་ཞུ་བ་གལ་ཆེ་ཞིང༌། བརྟག་དཔྱད་བྱས་པའི་རིང་ལ་དྲི་བ་འདོན་པའི་ལན་བྱུང་བ་རྣམས་ཆོས་འབྲེལ་ཞུས་པའི་ཁོངས་སུ་མི་བརྩི་བ་ཡིན།

བརྟག་དཔྱད་བྱེད་ཡུན་ནི་ཐུང་ཤོས་སུ་ཡང་ལོ་གཅིག་ནས་འགའ་ཤས་བར་ཡིན་ཞིང༌། ཧ་ཅང་དུས་ཡུན་རིང་ན་སློབ་དཔོན་བསྟེན་པའི་གོ་སྐབས་བཟང་པོ་ཤོར་ནས་རྗེས་སུ་རང་ཉིད་འགྱོད་པ་སྐྱེ་དགོས་པ་ཡང་ཡོང་སྲིད་པས་དུས་ཡུན་རིང་ཐུང་འཚམས་པོ་ཞིག་བྱེད་དགོས།

བརྟག་དཔྱད་བྱས་པའི་འབྲས་བུ་ནི། འགའ་ཞིག་བརྟག་དཔྱད་བྱས་ནས་དུས་ཡུན་རིང་པོ་མ་སོང་བར་བཟང་ངན་ཤེས་རྟོགས་ཐུབ་པ་དང༌། འགའ་ཞིག་ཡུན་རིང་བརྟག་དཔྱད་བྱས་ཀྱང་ད་དུང་བཟང་ངན་མི་ཤེས་པ་ཡང་ཡོད་པས་དུས་ཡུན་རིང་ཐུང་གང་ལྟར་ཡང་བཟང་ངན་དོགས་པ་ཆོད་པའི་གདེང་ཚོད་ཡོད་པ་ཞིག་མ་བྱུང་བར་དུ་བརྟག་དཔྱད་ནན་ཏན་བྱས་ན་སློབ་དཔོན་དང་སློབ་མ་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོད།

(༥) སློབ་དཔོན་དང་དགེ་རྒན་བསྟེན་པའི་ཚུལ་ནི།

སློབ་དཔོན་དང་དགེ་རྒན་བསྟེན་པའི་སྐབས་སུ་བསམ་པ་དགུ་དང༌། འདུ་ཤེས་གཉིས། སྦྱོར་བ་གསུམ་གྱི་སྒོ་ནས་བསྟེན་དགོས།

<༡> བསམ་པ་དགུ་ནི། ༡. བུ་མཛངས་པ་ལྟ་བུའི་སེམས། ༢. རྡོ་རྗེ་ལྟ་བུའི་སེམས། ༣. ས་ལྟ་བུའི་སེམས། ༤. རི་ལྟ་བུའི་སེམས། ༥. བྲན་ལྟ་བུའི་སེམས། ༦. ཕྱག་དར་བ་ལྟ་བུའི་སེམས། ༧. ཐེག་པ་ལྟ་བུའི་སེམས། ༨. ཁྱི་ལྟ་བུའི་སེམས། ༩. གྲུ་ལྟ་བུའི་སེམས་བཅས་ཡིན།

༡. བུ་མཛངས་པ་ལྟ་བུའི་སེམས། བུ་མཛངས་པ་དེས་བྱ་བ་གང་བྱས་ཀྱང་ཚང་མ་ཕ་མའི་བློ་དང་བསྟུན་ནས་བྱེད་པ་ལྟར་རང་གི་སྒོ་གསུམ་གྱི་བྱ་བ་ཆེ་ཆུང་ཚང་མ་སློབ་དཔོན་གྱི་ཐུགས་དང་བསྟུན་ནས་བྱེད་པ།

༢. རྡོ་རྗེ་ལྟ་བུའི་སེམས། རྡོ་རྗེ་ནི་དངོས་པོ་གཞན་གྱིས་ཚུར་འཇོམས་པར་མི་ནུས་པ་ལྟར་གྲོགས་ངན་པའི་བསླུ་བྲིད་ཀྱི་དབང་དུ་མི་འགྲོ་བ་བྱེད་པ།

༣. ས་ལྟ་བུའི་སེམས། ས་གཞི་འདིར་འཇིག་རྟེན་གྱི་དངོས་པོ་ཀུན་འདེགས་ནུས་པ་ལྟར་སློབ་དཔོན་གྱིས་བསྒྲུབ་ཏུ་བཅུག་པའི་བྱ་བ་གང་ཡིན་ཀྱང་སྒྲུབ་ཕོད་པ།

༤. རི་ལྟ་བུའི་སེམས། སློབ་དཔོན་ནམ་སློབ་སྦྱོང་གི་དོན་དུ་ལུས་དང་སེམས་ལ་དཀའ་ངལ་དང་སྡུག་བསྔལ་ཇི་འདྲ་ཞིག་བྱུང་ན་ཡང་གཡོ་འགུལ་མི་བྱེད་པ།

༥. བྲན་ལྟ་བུའི་སེམས། བྲན་གཡོག་དང་འདྲ་བར་སློབ་དཔོན་གྱི་དོན་དུ་བྱ་བ་དམན་པ་ངན་ལས་ཀྱི་རིགས་གང་འདྲ་ཞིག་མཐོང་ཡང་དགའ་སྤྲོའི་ངང་ནས་སྒྲུབ་པ།

༦. ཕྱག་དར་བ་ལྟ་བུའི་སེམས། ཕྱག་དར་བ་ཞེས་པ་ནི་གད་ཕྱིས་བྱེད་མཁན་གྱི་དོན་ཡིན་ཏེ་གད་ཕྱིས་བྱེད་མཁན་ལ་རང་ཉིད་མི་གཞན་ལས་མཐོ་བ་ཡོད་སྙམ་པའི་ལྟ་བ་མཐོ་པོ་ཡོང་མི་སྲིད་པའི་དཔེ་ལྟར་སློབ་དཔོན་གྱི་རྒྱབ་མདུན་གང་ལའང་དམའ་ས་བཟུང་ནས་རང་ཉིད་དགེ་རྒན་ལས་ལྷག་པ་ཡོད་སྙམ་པའི་ང་རྒྱལ་དང་རློམ་སེམས་མི་བྱེད་པ།

༧. ཐེག་པ་ལྟ་བུའི་སེམས། ཐེག་པ་ནི་རྟ་དང་གླང་པོ་སོགས་བཞོན་པའི་རིགས་ལ་ཟེར་ཞིང༌། དེ་ནི་རྟ་དང་གླང་པོ་སོགས་ཀྱིས་མི་རྒྱབ་ཏུ་འཁུར་ཏེ་དཀའ་ངལ་ལ་མ་འཛེམས་པར་ཐག་རིང་དུ་འགྲུལ་བཞུད་བྱེད་པ་ལྟར་རང་གིས་དགེ་རྒན་གྱི་ཆེད་དུ་བྱ་བ་གང་འདྲ་ཞིག་ཡིན་ནའང་སྒྲུབ་ནུས་པ།

༨. ཁྱི་ལྟ་བུའི་སེམས། དཔེར་ན་ཁྱི་ཞིག་ལ་ཆ་བཞག་ན་བདག་པོས་ཉེས་རྡུང་བཏང་ནའང་བདག་པོའི་སར་ཚུར་ཡོང་བ་ལས་རྒྱབ་ལྟོས་བྱས་ནས་འགྲོ་མི་སྲིད་པའི་དཔེ་ལྟར་སློབ་དཔོན་དང་དགེ་རྒན་གྱིས་སྐྱོན་བརྗོད་གནང་བ་དང་རང་གི་སེམས་ལ་ཅུང་མ་བབས་པའི་བཀའ་མོལ་འགའ་ཞིག་གསུངས་ནའང་དེར་བློ་མི་ལོག་པ་དང་རྒྱབ་ལྟོས་མི་བྱེད།

༩. གྲུ་ལྟ་བུའི་སེམས། གྲུ་གཟིངས་ཀྱིས་ཉིན་མཚན་མེད་པ་འགྲུལ་པ་སྟོང་ཕྲག་མང་པོ་ཕར་སྐྱེལ་ཚུར་སྐྱེལ་བྱེད་དགོས་ཀྱང་སུན་སྣང་མི་བྱེད་པ་ལྟར་སློབ་དཔོན་དང་དགེ་རྒན་གྱི་དོན་དུ་དུས་ནམ་ཡང་སྐྱོ་ངལ་མི་བྱེད་པ་བཅས་ནི་བསམ་པ་དགུའིསྒོ་ནས་སློབ་དཔོན་བསྟེན་ཚུལ་ཡིན།

<༢> འདུ་ཤེས་གཉིས་ཀྱི་སྒོ་ནས་བསྟེན་ཚུལ། དེ་ནི་སློབ་མས་སློབ་དཔོན་དང་དགེ་རྒན་ལ་འདུ་ཤེས་གང་འདྲ་འཛིན་མིན་སྐོར་ཡིན་ཏེ། དེ་ལ་གཉིས་ལས་ཡོན་ཏན་མཐོང་བས་དད་པ་བསྒོམ་པ་དང༌། བཀའ་དྲིན་དྲན་པས་གུས་པ་སྐྱེ་བ་ཡིན།

༡. ཡོན་ཏན་མཐོང་བས་དད་པ་བསྒོམ་པ་ནི། སློབ་དཔོན་ལ་སྐྱོན་འགའ་ཞིག་མཐོང་ན་ཡང་སྐྱོན་འདོགས་མི་བྱེད་པར་ཡོན་ཏན་གྱི་ཕྱོགས་ནས་དད་པ་བསྒོམས་པ་ཡིན། འདི་ལ་སངས་རྒྱས་ཆོས་ལུགས་ནང་རྒྱུ་མཚན་མང་པོ་ཤོད་རྒྱུ་ཡོད་ཀྱང་དེང་སྐབས་དགོས་པ་ཆེ་བ་མེད་པས་འདིར་མི་འཆད་ལ་མཁྱེན་པར་འདོད་ན་བཀའ་གདམས་གསར་རྙིང་གི་ལམ་རིམ་རྣམས་སུ་གཟིགས་ན་གསལ།

༢. བཀའ་དྲིན་དྲན་པས་གུས་པ་སྐྱེ་ཚུལ། དེ་ཧ་ཅང་གལ་ཆེན་པོ་ཡིན་ཏེ་བཀའ་དྲིན་ངོས་འཛིན་མ་ཐུབ་ན་གུས་ཞབས་ཡོང་མི་སྲིད་ཅིང༌། གུས་ཞབས་ནི་བཀའ་དྲིན་དྲན་པས་རང་ཤུགས་སུ་བྱུང་བ་ཡིན། དེ་ཡང་སློབ་དཔོན་དང་དགེ་རྒན་ནི་བཀའ་དྲིན་གསུམ་དང་ལྡན་པར་བསམས་ནས་གུས་བཀུར་བྱེད་པ་སྟེ། བཀའ་དྲིན་གསུམ་ནི། ཆོས་གསུངས་པའམ་ཤེས་ཡོན་སློབ་པའི་བཀའ་དྲིན། གཤིས་རྒྱུད་བྱིན་གྱིས་རློབས་པའི་བཀའ་དྲིན། ཟང་ཟིང་གིས་ཕན་འདོགས་གནང་བའི་བཀའ་དྲིན་བཅས་ཡིན།

ཆོས་གསུངས་པའམ་ཡོན་ཏན་སློབ་པའི་བཀའ་དྲིན། ཐོག་མར་བྱིས་པ་ཆུང་ངུ་གང་ཡང་མི་ཤེས་པའི་སྐབས་ནས་ཀློག་པའི་སློབ་དཔོན་གྱིས་ཀ་ཁ་ནས་འགོ་བཙུགས་ཏེ་ཡོན་ཏན་གྱི་རྨང་གཞི་འདིང་བར་མཛད། དེ་ནས་གཞོན་ནུའི་དུས་སྐབས་སུ་གསུང་རབ་དང་རིག་གནས་ཀྱི་ནང་དོན་རྣམས་བྱ་ཐབས་སྣ་ཚོགས་ཀྱི་སྒོ་ནས་སློབ་པ་གནང༌། ནར་སོན་ནས་སྔར་ལས་ཀྱང་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཤེས་ཡོན་རྣམས་རང་གིས་བསླབ་ཐུབ་པ་རང་གིས་བསླབས། རང་གིས་སློབ་ཁྲིད་གནང་མ་ཐུབ་པ་རྣམས་གཞན་གྱི་སར་སློབ་ཏུ་གཏོང་གནང་མཛད་པ་སོགས་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན།

གཤིས་རྒྱུད་བྱིན་གྱིས་རློབས་པའི་བཀའ་དྲིན། རང་གི་སེམས་རྒྱུད་མ་རུངས་པ་བཏུལ་ནས་བཟང་པོར་བསྒྱུར་བར་མཛད་ཡོད། རང་ཉིད་སེམས་ཞུམ་པའི་སྐབས་དགེ་མཚན་གསུངས་ཏེ་རང་ཡར་སྐྱེད་བྱུང་བའི་གདེང་ཚོད་ཡོད་པར་མཛད། ང་རྒྱལ་དང་ཁེངས་སེམས་སྐྱེ་བའི་སྐབས་སུ་རང་སྐྱོན་བསྟན་ནས་དམའ་ཕབ། སྒྱིད་ལུག་པའི་སྐབས་སུ་མིག་དཔེ་བསྟན་ནས་ཆོད་སེམས་མཐོ་རུ་བཏང༌། དོན་མེད་ཀྱི་བྱ་བ་ལ་མགོ་འཁོར་བའི་སྐབས་སྐྱོན་བརྗོད་དང་བསླབ་བྱ་གནང་བ་སོགས་རྟ་བཟང་པོར་སྲབ་ཀྱིས་ཁ་ལོ་བསྒྱུར་བ་ལྟར་མཛད་དེ་སྔོན་ཆད་བྱིས་པ་བསམ་མེད་ཀྱི་དུས་སྐབས་དང་བསྡུར་ན་དུད་འགྲོ་མིར་འགྱུར་བ་ལྟ་བུའི་ཡར་སྐྱེད་བྱུང་བ་དེ་སློབ་དཔོན་དང་དགེ་རྒན་བཟང་པོའི་བཀའ་དྲིན་ཡིན་པར་ཤེས་དགོས་པ།

ཟང་ཟིང་གི་ཕན་ཐོགས་གནང་བའི་བཀའ་དྲིན། རང་ལ་དགོས་མཁོ་ཡོད་པའི་སྐབས་སུ་ཟས་གོས་དང༌། ན་བའི་སྐབས་སུ་སྨན། ཐ་ན་སློབ་སྦྱོང་གི་དཔེ་དེབ་ཚུན་ཆད་ཀྱི་མཐུན་རྐྱེན་གནང་ནས་སྐྱོང་བར་མཛད། དེང་སང་སློབ་སྦྱོང་གི་མཐུན་རྐྱེན་ཧ་ཅང་བཟང་པོ་ཡོད་པ་ཚང་མ་རྒྱལ་ཁབ་ནས་གནང་བས་སློབ་དཔོན་དང་དགེ་རྒན་གྱིས་སློབ་མའི་འཚོ་བའི་ཐོག་ལ་ལྟ་རྟོག་བྱེད་དགོས་པའི་འགན་ཆེན་པོ་འཁུར་དགོས་ཀྱི་མེད། དེ་སྔོན་ཤེས་ཡོན་སློབ་སྦྱོང་གི་མཐུན་རྐྱེན་ཧ་ཅང་ཞན་པོ་ཡིན་པའི་སྐབས་སུ་སློབ་དཔོན་དང་དགེ་རྒན་གྱིས་སློབ་མའི་འཚོ་བར་ལྟ་རྟོག་མི་བྱེད་ཀ་མེད་ཡིན་ཀྱང་མི་སྒེར་གྱིས་སློབ་མ་མང་པོ་དེ་ཙམ་སྐྱོང་བ་ཤིན་ཏུ་དཀའ་ངལ་ཆེ་བས་སློབ་མས་རང་མཁོ་རང་ལྡེང་གིས་ཐག་གཅོད་བྱེད་དགོས་ཀྱི་ཡོད།

<༣> སྦྱོར་བ་གསུམ་གྱི་སྒོ་ནས་བསྟེན་ཚུལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་བསྟེན་ཚུལ།

དེ་ལ་ནང་གསེས་གསུམ་ལས། ༡. རྙེད་པ་ཟང་ཟིང་འབུལ་བ། ༢. བཀུར་བསྟི་རིམ་གྲོ་བྱེད་པ། ༣. ཅི་གསུང་བཀའ་བཞིན་དུ་བསྒྲུབ་པ་བཅས་ཡིན།

༡. རྙེད་པ་ཟང་ཟིང་འབུལ་བ། རང་གི་དཔལ་འབྱོར་གྱི་ཆ་རྐྱེན་དང་བསྟུན་ནས་སློབ་དཔོན་དང་དགེ་རྒན་ལ་ན་བཟའ་དང་གསོལ་ཆས་སོགས་བཀའ་དྲིན་གསབ་ཕྱིར་འབུལ་བ་དང༌། སྐུ་འདས་རྗེས་འདས་མཆོད་སོགས་ཕུལ་ནས་རྗེས་དྲན་ཞུ་བ། དེ་ཡང་དེ་སྔ་བོད་དུ་༡༩༥༩ ལོའི་གོང་ལ་སྒེར་གྱིས་བཙུགས་པའི་སློབ་གྲྭ་ཁག་ནང་དགེ་རྒན་ལ་སློབ་ཡོན་དང་དངོས་པོ་འབུལ་སྲོལ་ཡོད་ལ། སློབ་ཕྲུག་གསར་དུ་སློབ་གྲྭར་འཛུལ་སྐབས་ཞུགས་ཇ་ཞེས་དགེ་སློབ་ཡོངས་ལ་ཇ་ཐུག་གཏོང་བ་དང་དཔལ་འབྱོར་ཡོད་མཁན་ཚོས་དེ་ལས་རྒྱས་ཙམ་གཏོང་སྲོལ་ཡོད། སློབ་གྲྭ་ཐོན་སྐབས་སུ་ཡང་ཐོན་ཇ་ཞེས་གོང་གསལ་ལྟར་གཏོང་སྲོལ་ཡོད་ཅིང། དེ་དག་ནི་གཙོ་བོ་དགེ་རྒན་ལ་ཐུགས་རྗེས་ལེགས་འབུལ་ཞུ་ཆེད་ཡིན། གཞན་ཡང་ད་དུང་ལོ་གསར་དང་ཚེས་བཟང་དུས་བཟང་སྐབས་དགེ་རྒན་ལ་ཤ་མར་སོགས་གསོལ་ཆས་སྟོང་མིན་དུ་འབུལ་སྲོལ་ཡོད།

༢. བཀུར་བསྟི་རིམ་གྲོ་བྱེད་པ་(བཀུར་ནི་གུས་ཞབས་ཀྱི་དོན་དང་བསྟི་ནི་ཕན་ཐོགས་བྱས་པའི་དོན་ཡིན་)སློབ་དཔོན་དང་དགེ་རྒན་ལ་མེ་གཏོང་ཆུ་ལེན། ན་བཟའ་འཁྲུ་བ་སོགས་བྱེད་པ་དང༌། བསྙུན་གཡོག་ཞུ་བ། མཚན་རྗེན་པ་མ་བརྗོད་པ། གྲིབ་མ་ལ་མི་འགོམ་པ། སྔོན་དུ་ལྡང་བ། མཇལ་དུས་གུས་འདུད་ཞུ་བ་སོགས་ཡིན།

༣. ཅི་གསུང་བཀའ་བཞིན་དུ་བསྒྲུབ་པ། སློབ་དཔོན་དང་དགེ་རྒན་གྱིས་གསུངས་པའི་བསླབ་བྱ་རྣམས་ལག་ལེན་དུ་བསྟར་གང་ཐུབ་བྱ་རྒྱུ་དེ་ནི་གལ་ཆེ་ཤོས་ཤིག་ཡིན། སློབ་དཔོན་དང་དགེ་རྒན་གྱིས་གསུངས་པའི་བསླབ་བྱ་ལག་ལེན་དུ་མ་བསྟར་བར་རང་འདོད་ལྟར་བྱས་ཚེ་རང་གི་འདོད་པ་དེ་འགྲུབ་མི་ཐུབ་པར་མ་ཟད། རང་གིས་ངེས་པར་འགྲུབ་ཐུབ་ངེས་ཀྱི་བྱ་བ་ཞིག་ཡིན་ཀྱང་རྐྱེན་སྣ་ཚོགས་ལ་བརྟེན་ནས་འགྲུབ་མི་ཐུབ་པའི་མཐོང་ཆོས་མྱོང་འགྱུར་གྱི་གཏམ་དཔེ་མང་པོ་ཡོད།

 

ཞར་བྱུང༌། jཉན་བཤད་ཇི་ལྟར་བྱ་ཚུལ་ལས་ཉན་སྟངས་སྐོར།

དགེ་རྒན་བསྟེན་ཟིན་རྗེས་དགེ་རྒན་གྱིས་སློབ་ཁྲིད་བྱེད་དགོས་པ་དང་སློབ་མས་སློབ་ཁྲིད་ཉན་དགོས་སྟབས་གཤམ་དུ་ཉན་བཤད་ཇི་ལྟར་བྱ་ཚུལ་སྐོར་ཞུ་རྒྱུ་ཡིན། ཐོག་མ་ཉན་པ་པོའི་སྐྱོན་གསུམ་སྤོང་བ་དང་འདུ་ཤེས་དྲུག་བསྟེན་པ་སྟེ། ས་པཎ་གྱིས“ཉན་པའི་སྐྱོན་གསུམ་སྤངས་ནས་ནི། །ཤེས་པར་འདོད་པས་ལེགས་པར་ཉན། །”ཞེས་བསྟན་གནང་ཡོད།

དེ་ཡང་ཉན་པ་པོ་སློབ་མའི་སྐྱོན་གསུམ་ནི། ༡. སྣོད་ཁ་སྦུབ་པ་ལྟ་བུའི་སྐྱོན། ༢. སྣོད་ཞབས་རྡོལ་བ་ལྟ་བུའི་སྐྱོན། ༣. སྣོད་མི་གཙང་བ་ལྟ་བུའི་སྐྱོན་བཅས་ཡིན།

༡. སྣོད་ཁ་སྦུབ་པ་ལྟ་བུའི་སྐྱོན་ནི་སྣོད་ཁ་སྦུབ་པའི་ནང་དུ་གང་ཡང་བླུགས་ཐུབ་ཐབས་མེད་པ་ལྟར་དགེ་རྒན་གྱིས་ཁྲིད་པའི་སློབ་ཚན་ཉན་འདོད་མེད་པ་དང་སློབ་སྦྱོང་བྱེད་འདོད་མེད་པའི་སྐྱོན།

༢. སྣོད་ཞབས་རྡོལ་བ་ལྟ་བུའི་སྐྱོན་ནི་སྣོད་དེ་ཁ་སྦུབ་མེད་ནའང་མཐིལ་རྡོལ་ཡོད་ན་དེའི་ནང་ཇི་ཙམ་བླུགས་ནའང་འཛག་འགྲོ་བ་ལྟར་སློབ་སྦྱོང་བྱས་རྗེས་སེམས་ལ་མ་བཟུང་བར་བསླབ་ཚར་དུས་བརྗེད་ཚར་བའི་སྐྱོན།

༣. སྣོད་མི་གཙང་བ་ལྟ་བུའི་སྐྱོན་ནི་སྣོད་དེ་ཁ་སྦུབ་པ་དང་ཞབས་རྡོལ་བ་མ་ཡིན་ནའང་གཙང་མ་མེད་ན་དེའི་ནང་རྒྱུ་གཙང་མ་གང་ཞིག་བླུགས་ཀྱང་བཙོག་པ་དང་འདྲེས་ཏེ་ཕན་མི་ཐོགས་པའི་དཔེ་ལྟར་སློབ་སྦྱོང་བྱེད་སྐབས་ཀུན་སློང་བཟང་པོ་མེད་པའི་སྐྱོན་བཅས་ཡིན།

འདུ་ཤེས་དྲུག་བསྟེན་པ་ནི། ༡. རང་ལ་ནད་པ་ལྟ་བུའི་འདུ་ཤེས། ༢. རང་གིས་སློབ་སྦྱོང་བྱེད་པའི་ཡོན་ཏན་དེ་ལ་སྨན་ལྟ་བུའི་འདུ་ཤེས། ༣. སློབ་དཔོན་ལ་སྨན་པ་ལྟ་བུའི་འདུ་ཤེས། ༤. རང་གིས་ལག་ལེན་བསྟར་བར་ནད་བཅོས་པའི་འདུ་ཤེས། ༥. ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་ཤེས། ༦. ཆོས་གསུང་མཁན་སངས་རྒྱས་ལ་སྐྱེས་བུ་དམ་པའི་འདུ་ཤེས་བཅས་ཡིན།

༡. རང་ལ་ནད་པ་ལྟ་བུའི་འདུ་ཤེས་ནི་རང་སོ་སོ་ནད་པ་ཡིན་པར་ཆ་བཞག་པ་སྟེ། དེ་ཡང་སོ་སོ་འབྱུང་བ་འཁྲུགས་པའི་ནད་པ་མ་ཡིན་པར་བསམ་བློ་འཁྲུགས་པའི་ནད་པ་ཡིན་པ་དང༌། འབྱུང་བ་འཁྲུགས་པའི་ནད་པ་དེ་སྨན་ཁང་དུ་ཕྱིན་ནས་བཅོས་ཐབས་བྱེད་དགོས་པ་ལྟར་བསམ་བློ་འཁྲུགས་པའི་ནད་པ་དེ་དགེ་རྒན་བསྟེན་ནས་བཅོས་དགོས་ཤིང༌། རང་ཉིད་ལ་འདོད་ཆགས་དབང་གིས་བྱུང་བའི་ན་ཚ་དང༌། ཞེ་སྡང་དབང་གིས་བྱུང་བའི་ན་ཚ། ང་རྒྱལ་དབང་གིས་བྱུང་བའི་ན་ཚ། གཏི་མུག་དབང་གིས་བྱུང་བའི་ན་ཚ་བཅས་ཏེ་ན་ཚ་མང་པོ་འཛོམས་ཡོད།

༢. རང་གིས་སློབ་སྦྱོང་བྱས་པའི་ཡོན་ཏན་དེ་ལ་སྨན་ལྟ་བུའི་འདུ་ཤེས་ཟེར་བ་ནི། རང་གིས་རང་བསམ་བློ་འཁྲུགས་པའི་ནད་པ་ཡིན་པ་ཤེས་ཚེ་རང་གིས་སློབ་སྦྱོང་བྱེད་པའི་ཡོན་ཏན་དེ་སྨན་ཡིན་པ་ཤེས་ཐུབ། བསམ་བློ་དང་པོ་དེ་མེད་ན་གཉིས་པ་དེ་ཡོང་མི་སྲིད། ཡོན་ཏན་སྦྱངས་ཚེ་རང་གི་བསམ་བློའི་ནང་གི་ན་ཚ་ཚང་མ་མེ་ལོང་ནང་བལྟས་པ་ལྟར་མངོན་ཐུབ་པ་མ་ཟད། བསམ་བློ་འཁྲུགས་པའི་ན་ཚ་དེ་ལ་ཡོན་ཏན་བསླབ་ཚེ་ཕན་ཐོགས་ཡོད།

༣. རང་གིས་ལག་ལེན་བསྟར་བར་ནད་གསོ་བའི་འདུ་ཤེས་ནི་ནད་བཅོས་པར་སྨན་ཟ་དགོས་པ་ལས་སྨན་མ་ཟོས་ན་ནད་དྲག་སྐྱེད་ཡོང་ཐབས་མེད་པ་ལྟར་དཔེ་ཆའི་ནང་བཤད་པའི་ནང་དོན་དེ་དག་ལག་བསྟར་མ་བྱས་ན་རང་གི་བསམ་བློའི་ནང་གི་ན་ཚ་དེ་བཅོས་ཐུབ་ཐབས་མེད་པས་དེས་ན་རང་གིས་ལག་ལེན་བསྟར་བ་ལ་ནད་གསོ་བའི་འདུ་ཤེས་སྐྱེ་དགོས་པ།

༤. སློབ་དཔོན་ལ་སྨན་པ་ལྟ་བུའི་འདུ་ཤེས་ནི་རང་ནད་པ་ཡིན་སྟབས་སྨན་བཟའ་དགོས་པས་དེས་ན་སྨན་གང་བཟའ་དགོས་མིན་དང༌། གང་ཞིག་བཟའ་དགོས་མིན། ཇི་ལྟར་བཟའ་དགོས་མིན་སོགས་ཞིབ་ཕྲ་སྨན་པར་མ་བསྟེན་ཐབས་མེད་ཡིན་པ་ལྟར་རང་གི་ཉོན་མོངས་དུག་གསུམ་གྱི་བསླད་སྐྱོན་ཕོག་པའི་བསམ་བློའི་ནད་དེ་སློབ་དཔོན་ནམ་དགེ་རྒན་ལ་བསྟེན་ནས་བཅོས་དགོས་པར་བརྟེན་སློབ་དཔོན་ལ་སྨན་པ་ལྟ་བུའི་འདུ་ཤེས་སྐྱེ་དགོས་པ།

༥. ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་ཤེས་ནི་རང་གི་ལག་ལེན་དེ་རྒྱུན་རིང་པོའི་བར་རྒྱུན་འཁྱོངས་བ་བྱེད་པའི་བསམ་བློ།

༦. ཆོས་གསུང་མཁན་སངས་རྒྱས་ལ་སྐྱེས་བུ་དམ་པའི་འདུ་ཤེས་ཟེར་བ་ནི་ཆོས་བྱེད་མཁན་ཞིག་ཡིན་ན་བསམ་བློ་དེ་འདྲ་ཞིག་དགོས་ཀྱི་ཡོད་པ་རེད། འོན་ཀྱང་ང་ཚོར་དེའི་སྐོར་མང་པོ་ཞུ་དགོས་དོན་མི་འདུག མདོར་ན་རང་གི་ཡོན་ཏན་དེ་ཐོག་མར་འབྱུང་སའི་སློབ་དཔོན་མེས་པོ་གོང་མ་ཚོ་ཚད་ལྡན་གྱི་མི་ཞིག་ཡིན་པར་ཆ་འཇོག་བྱ་དགོས་པ་དེ་ཡིན། དཔེར་ན་ང་རང་ལ་ཆ་བཞག་ནའང་ད་ལྟ་ཁྱེད་ཚོར་བཤད་རྒྱུ་དེ་དག་དགེ་རྒན་མང་པོས་གསུངས་པ་རྣམས་སེམས་ནང་བཞག་ནས་ཡང་བསྐྱར་བཤད་པ་ཞིག་ཡིན་པ་ལས་ཐོག་མ་ནས་ཀླད་པའི་ནང་ཡོད་པ་ཞིག་མིན། དེ་ཡང་རྒྱལ་སྲས་ཞི་བ་ལྷས། སྔོན་ཆད་མ་བྱུང་བ་ཞིག་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་སེམས་པའང་བདག་ལ་མེད། །རང་གི་ཡིད་ལ་གོམས་ཕྱིར་ངས་འདི་བརྩམས། །ཞེས་གསུངས་པ་དེའི་གོ་དོན་ནི། སྔོན་ཆད་མ་བྱུང་བ་ཞིག་ངས་ཁྱོད་ཚོར་ཤོད་རྒྱུ་མེད། དེ་བཞིན་རྩོམ་མཁས་པོ་དང་བཤད་མཁས་པོའང་ང་ལ་མེད། མི་གཞན་ལ་ཕན་སེམས་བྱེད་པའི་ཀུན་སློང་བཟང་པོའང་ང་ལ་མེད། འོ་ན་གང་གི་ཆེད་དུ་ཡིན་ནམ་ཞེ་ན་རང་གི་སེམས་ལ་གོམས་འདྲིས་ཡོང་བའི་ཆེད་དུ་འདི་བརྩམས་པ་ཡིན་ཞེས་གསུངས་པ་ཡིན་པས་ངས་ཀྱང་འདིར་སྔོན་ཆད་མ་བྱུང་བ་དང་མ་བསླབ་པའི་གསར་པ་གང་ཡང་བཤད་རྒྱུ་མེད་པར་སློབ་དཔོན་མེས་པོ་དམ་པ་ཚོའི་ས་ནས་བྱུང་བ་ཤ་སྟག་ཡིན།

 

ཉན་བཤད་ཇི་ལྟར་བྱ་ཚུལ་ལས་བཤད་སྟངས་སྐོར།

བློ་མཐུན་མང་པོ་ཞིག་གིས་དེ་སྔ་བོད་ལ་སློབ་གསོ་རིག་པ་ཞེས་པའི་རིག་ཚན་དེ་མེད་པའི་ངོས་འཛིན་གནང་གི་འདུག འོན་ཀྱང་བོད་ལ་སློབ་གསོ་རིག་པ་ཡོད་པ་མ་ཟད། སྔ་དུས་ནས་ཡོད། བོད་ཀྱི་སློབ་གསོ་རིག་པའི་ཐད་ལ་ཅུང་ཆ་ཚང་བའི་བཤད་པ་དང་པོ་གནང་མཁན་དེ་ས་སྐྱ་པཎ་ཆེན་ཡིན་ཞིང༌། ཁོང་གིས་མཛད་པའི་<<མཁས་པ་འཇུག་པའི་སྒོ་>>ཞེས་པའི་རྩོམ་ཡིག་དེའི་ནང་སློབ་ཁྲིད་བྱེད་ཕྱོགས་སྐོར་མདོར་བསྡུས་གསུངས་ཡོད་པ་དང༌། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་<<ཤེས་བྱ་ཀུན་ཁྱབ་>>དེབ་གཉིས་པའི་ནང་<<མཁས་པ་འཇུག་པའི་སྒོ་>>ལས་ཅུང་རྒྱས་ཙམ་བྲིས་གནང་ཡོད། <<མཁས་པ་འཇུག་པའི་སྒོ་>>ཡི་འགྲེལ་པ་ཡོན་རྒྱལ་རབས་སྐབས་ཀྱི་བོད་ཀྱི་མཁས་པ་ཆེན་པོ་ས་སྐྱ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་མཛད་པ་བྲིས་མ་ཤོག་གྲངས་༣༦༠ ཡོད་པ་ཞིག་ཀྱང་ཡོད། དེའི་ནང་དོན་ཁག་རགས་ཙམ་ཞུས་ན།

སློབ་ཁྲིད་བྱེད་སྟངས་ཐད། ༡. སྔོན་འགྲོ་དང༌། ༢. གླེང་གཞི། ༣. མཇུག་ཅེས་རྩ་བའི་ས་བཅད་གསུམ་དུ་དབྱེ་ཡོད།

༡. སྔོན་འགྲོ་ནི་སློབ་ཚན་དངོས་སུ་མ་ཁྲིད་གོང་སློབ་ཚན་འདི་ཁྲིད་ནས་དགོས་པ་རྒྱུ་མཚན་གང་ཞིག་ཡོད་མེད་དང༌། ཕན་ཐོགས་གང་ཡོད་མེད་སོགས་ངོ་སྤྲོད་བྱེད་པ་དེ་ལ་སྔོན་འགྲོ་ཟེར། དངོས་གཞི་ལ་བཤད་ཁྲིད་དང༌། དམར་ཁྲིད། མཛུབ་ཁྲིད། བསྡུས་བརྗོད་བཅས་བཤད་སྟངས་མི་འདྲ་བ་བཞི་ཡོད། དེ་ཡང་སྔོན་འགྲོའི་སྐབས་འཆད་བྱའི་གཞུང་གི་ཡོན་ཏན་བཤད་པ་ཞེས་དཔེར་ན་<<ཤེས་བྱ་ཀུན་ཁྱབ་>>སློབ་ཁྲིད་བྱེད་དགོས་ཚེ་སྔོན་ལ་དེབ་འདིར་ཁྱད་ཆོས་གང་ཡོད་མེད་དང་དེ་སློབ་སྦྱོང་བྱས་ནས་ཕན་པ་ག་རེ་ཡོད་མེད་བཅས་གསལ་བཤད་བྱེད་དགོས་ལ་དེ་རྗེས་རྩོམ་པ་པོའི་ལོ་རྒྱུས་ཤོད་དགོས། རང་རྟོགས་ཀྱི་ཐོག་ནས་སློབ་སྦྱོང་བྱ་རྒྱུར་སྤྲོ་བ་སྐྱེ་ཆེད་འཆད་བྱའི་གཞུང་གི་ཡོན་ཏན་དེ་སྔོན་ལ་ཤོད་དགོས། དེ་བཤད་ན་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱེད་ཐུབ། རྩོམ་པ་པོའི་ལོ་རྒྱུས་བཤད་པ་དེ་ལ་མཛད་པ་པོའི་ཆེ་བ་བསྟན་པ་ཟེར། དེ་ནས་དེའི་མཇུག་ཏུ་བསྡུས་དོན་ཤོད་དགོས། དེ་ལ་དོན་གྱི་ཁོག་འབུབས་པ་ཟེར་བ་དང་དཀྱུས་ཀྱི་ས་བཅད་པ་གཉིས་ཡོད། བསྡུས་དོན་ཤོད་པ་ཟེར་བ་དེར་མིང་གཞན་འཆད་བྱའི་ངོ་བོ་ངེས་པ་ཟེར། ས་པཎ་གྱིས་“ཉུང་ཞིང་འདུས་ལ་གོ་བདེ་ཞིང༌། །གཟུང་སླའི་ངག་དོན་ཐོག་མར་བཤད། །”ཅེས་གསུངས་ཡོད། བསྡུས་དོན་བཤད་ན་ཕན་ཐོགས་གང་ཡོད་ཅེ་ན། དཔེ་ཆ་ཆ་ཚང་མ་ཁྲིད་གོང་དེའི་འགོ་ནས་མཇུག་བར་གྱི་ནང་དོན་རོབ་ཙམ་བཤད་ཚེ་རི་མཐོན་པོའི་སྟེང་ནས་ལུང་པའི་གཞུང་ལ་བལྟས་པ་ལྟར་ཞིབ་ཕྲའི་གནས་ཚུལ་མ་ཤེས་ནའང་བློ་སྒོ་ཕྲན་བུ་འབྱེད་ཐུབ་པ་དང་སློབ་སྦྱོང་ལ་ཧུར་བརྩོན་བྱ་རྒྱུའི་བསམ་བློར་ཤུགས་སྣོན་ཐེབས་ཐུབ།

དཀྱུས་ཀྱི་ས་བཅད་པ་ཞེས་པ་ནི་ས་བཅད་ལ་ཟེར། དེའི་ཁྱད་ཆོས་སྐོར་ལ་ས་པཎ་གྱིས“དོན་བསྡུས་ཚིག་གསལ་བརྗོད་པ་བདེ། །ངག་ཉུང་ཚིག་སྙོམས་གཟུང་བ་སླ། །བསྡུས་དོན་ཉིད་ཀྱིས་གཞུང་གོ་བ། །དེ་འདྲ་གང་གིས་ཤེས་དེ་མཁས། །”ཞེས་གསུངས་པ་ལྟར་ཡིན། དེ་ནི་མིའི་རིགས་ཀྱི་བསམ་བློའི་ངོས་འཛིན་རགས་པ་ནས་ཞིབ་པར་འགྲོ་བའི་གོ་རིམ་དང་མཐུན་པ་ཞིག་ཡིན།

༢. དལ་འབྱོར་རྙེད་དཀའ།

སློབ་དཔོན་བསྟན་ཟིན་རྗེས་སློབ་དཔོན་གྱིས་གསུངས་པ་དེ་ལག་ལེན་བསྟར་དགོས་ཤིང༌། ལག་ལེན་བྱེད་པར་སྐུལ་ལྕགས་གཏོང་མཁན་བསམ་བློ་ཞིག་སྟེ་ལག་ལེན་བསྟར་འདོད་ཀྱི་བསམ་པ་ཞིག་ཡོད་དགོས་པར་བརྟེན་དལ་འབྱོར་རྙེད་དཀའ་ཞེས་པ་དེ་བཤད་ནས་ལག་ལེན་བསྟར་འདོད་ཀྱི་བསམ་བློ་དེ་ཤུགས་ཆེན་པོ་ཞིག་སླེབས་པ་བྱེད་དགོས། ལག་ལེན་གང་ཞིག་བྱེད་དགོས་སམ་ཞེ་ན་རང་གི་བསམ་བློར་སྒྱུར་བཀོད་བྱ་རྒྱུ་དེ་ཡིན་ཞིང༌། དེ་ནི་ཆོས་ལུགས་དང་མར་ཁེ་སི་རིང་ལུགས་གཉིས་ཀ་གཅིག་མཚུངས་ཡིན། བསམ་བློ་སྒྱུར་བཀོད་ཇི་ལྟར་བྱ་དགོས་ཤེ་ན། བསམ་བློ་ངན་པ་དེ་མེད་པ་བཟོས་ནས་བསམ་བློ་བཟང་པོ་ཞིག་གོམས་འདྲིས་ཆགས་པ་བྱ་རྒྱུ་དེ་ཡིན་པས་དེ་ནི་ཐོག་མ་སྒོམ་རྒྱུ་དེ་ཡིན།

སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་པའི་སྒོམ་ལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཡོད་པའི་ནང་ནས། དང་པོ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནས་ཕར་ཕྱིན་དྲུག་གི་ནང་ནས་ཞི་གནས་ཕུད་སྒོམ་ཕལ་ཆེ་བ་དཔྱད་སྒོམ་དང༌། འགའ་ཞིག་དཔྱད་འཇོག་ཟུང་འབྲེལ། ཞི་གནས་ནི་འཇོག་སྒོམ་ཁོ་ན་ཡིན།

དཔྱད་སྒོམ་ཞེས་པ་ནི། བསྒོམ་བྱའི་གནད་དོན་དེ་ལ་ལུང་དང༌། རིགས་པ། མན་ངག དཔེ་དང་དོན་བཅས་རྒྱུ་མཚན་མང་པོའི་ཐོག་ནས་དཔྱད་པ་བྱས་ཏེ་བསམ་བློ་གཏོང་བ་ལ་ཟེར།

འཇོག་སྒོམ་ནི། སྒོམ་གྱི་དམིགས་རྟེན་གཅིག་ལ་སེམས་མ་གཡེངས་པར་རྩེ་གཅིག་ཏུ་བཞག་ནས་རང་གི་སེམས་དང་དམིགས་རྟེན་དེ་གཉིས་ཆུ་དང་འོ་མ་འདྲེས་པ་ལྟ་བུའི་འཆར་སྣང་གི་རྩལ་མ་ཐོན་བར་དུ་བསྒོམ་པ་ཞིག་ལ་ཟེར།

ཐོག་མའི་བསྒོམ་བྱ་ནི། དལ་འབྱོར་རྙེད་དཀའ་ཟེར་བ་ཡིན། འདི་ལ་ནང་གསེས་ཀྱི་དོན་ཚན་ཆེ་བ་གསུམ་ཡོད།

(༡) དལ་འབྱོར་ངོས་བཟུང་བ། དལ་འབྱོར་ཞེས་པ་ནི་དལ་བ་བརྒྱད་དང་འབྱོར་པ་བཅུ་སྟེ། དལ་བ་ནི་མི་ཁོམ་པའི་སྐྱོན་བརྒྱད་དང་བྲལ་བ་སྟེ་ཆོས་བྱེད་ཁོམ་ཡོད་པ་ལ་ཟེར་ཞིང༌། དེ་ཡང་ཆོས་བྱེད་པ་ལ་སྤྱིར་མི་ལུས་ཐོབ་པ་ཙམ་གྱིས་མི་འགྲིག་པར་དལ་བ་བརྒྱད་དང་འབྱོར་པ་བཅུ་སྟེ་དལ་འབྱོར་ཚང་བའི་མི་ལུས་ཤིག་ཐོབ་དགོས། དེ་ཐོབ་ན་ཆོས་བྱེད་པ་ལ་ས་ཕྱོད་དང་མྱུར་ཁྱད་གཞན་དང་མི་འདྲ་བའི་དབང་གིས་ཡིན།

དལ་བ་བརྒྱད་ནི།

༡. དམྱལ་བར་མ་སྐྱེས་པ། དམྱར་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ་བཟོད་ཐབས་མེད་པས་ཆོས་བྱེད་མི་ནུས།

༢. དུད་འགྲོར་མ་སྐྱེས་པ། དུད་འགྲོར་སྐྱེས་ན་གླེན་ཞིང་གཏི་མུག་པའི་དབང་གིས་ཆོས་གོ་བའི་ནུས་པ་མེད་ལ། ཆོས་གོ་བའི་ནུས་པ་ཡོད་པའི་དབང་དུ་བྱས་ནའང་བཀོལ་སྤྱོད་ཀྱི་སྡུག་བསྔལ་གྱིས་མནར་ཏེ་ཆོས་བྱེད་ཁོམ་མེད།

༣. ཡི་དྭགས་སུ་མ་སྐྱེས་པ། (ཡི་དྭགས་ནི་གཙོ་བོ་བསོད་བདེ་བསོད་ནམས་མེད་པ་ལ་ཟེར་ཞིང༌། དེ་ནི་སྐྱེ་བ་སྔོན་མ་རང་ཉིད་འབྱོར་པ་ཆེན་པོ་ཡིན་ནའང་བེད་སྤྱོད་བྱེད་མ་ཕོད་པར་ཤི་ཁར་ཡང་སེར་སྣ་ཆེན་པོ་བྱེད་མཁན་དེ་ཚོ་ཡི་དྭགས་ལ་སྐྱེ་བ་ཡིན་ཟེར་)ཡི་དྭགས་ལ་སྐྱེས་ན་བཀྲེས་སྐོམ་གྱི་སྡུག་བསྔལ་ཆེ་བས་ཆོས་བྱེད་མི་ནུས།

༤. ལྷ་ཚེ་རིང་པོར་མ་སྐྱེས་པ། ལྷ་ཚེ་རིང་པོར་སྐྱེས་ན་འདུ་ཤེས་མེད་པའི་ཏིང་ངེ་འཛིན་ལ་བསྐལ་པའི་བར་དུ་གནས་པའི་དབང་གིས་ཆོས་གོ་བ་དང་བྱེད་པའི་གོ་སྐབས་མེད།

༥. ཆོས་དར་བའི་ཡུལ་དུ་མ་སྐྱེས་པ། མིར་སྐྱེས་ཀྱང་ཆོས་མ་དར་བའི་ཡུལ་དུ་སྐྱེས་ན་བྱ་རྒྱུའི་ཆོས་མེད།

༦. ཀླ་ཀློར་མ་སྐྱེས་པ། འཇིག་རྟེན་ཐོག་ཆོས་དར་ཡང་རང་ཉིད་ཆོས་ལ་དད་པ་མེད་པའི་མིར་སྐྱེས་ན་ཆོས་བྱེད་སེམས་མི་འབྱུང༌། དེ་ཡང་ཀླ་ཀློ་ཟེར་བ་ནི་སྤྱིར་ན་རང་གི་ཕ་གསོད་ཐུབ་ན་དཔའ་བོ་རེད་ཟེར་བ་དང༌། མ་དང་ལུས་འབྲེལ་བྱས་ཀྱང་ཉེས་པ་མེད་ཟེར་བ། སེམས་ཅན་ག་ཚོད་བསད་ནའང་སྡིག་པ་མེད་ཟེར་བ་སོགས་ཀྱི་ལྟ་བ་བཟུང་མཁན་དེ་དག་ལ་ཟེར་ཞིང༌། སྐབས་འདིར་ཆོས་ལ་དད་པ་མེད་པའི་མི་ལ་མ་སྐྱེས་པའི་དོན་ཡིན་ནའང་ཆོས་མི་བྱེད་མཁན་ཚང་མ་ཀླ་ཀློ་ཡིན་པས་མ་ཁྱབ།

༧. གླེན་ལྐུགས་སུ་མ་སྐྱེས་པ། རང་ཉིད་ཆོས་ལ་དད་པ་ཡོད་ཀྱང་གླེན་ལྐུགས་སུ་སྐྱེས་ན་ཆོས་བྱེད་ཚུལ་མི་ཤེས།

༨. ལོག་ལྟ་ཅན་དུ་མ་སྐྱེས་པ། དཀོན་མཆོག་དང་ལས་འབྲས་ཁས་མི་ལེན་པའི་མིར་སྐྱེས་ན་ཆོས་བྱེད་འདོད་མི་འབྱུང་བ་བཅས་ཡིན། དལ་བ་བརྒྱད་ཚང་བའི་སྟེང་དུ་ད་དུང་འབྱོར་པ་བཅུ་སྟེ་ཆོས་བྱེད་པའི་ཆ་རྐྱེན་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་ཚང་དགོས།

རང་འབྱོར་ལྔ་ནི། ཆོས་བྱེད་པར་རང་ཉིད་ལ་ཚང་དགོས་པའི་ཆ་རྐྱེན་ཏེ།

༡. མིར་སྐྱེས་པ། སྲོག་ཆགས་ཀྱི་ནང་ནས་ཚད་མཐོ་ཤོས་མི་ཡིན་པས་མིར་སྐྱེས་ན་ཆོས་བྱེད་ཐུབ་པ།

༢. ཡུལ་དབུས་སུ་སྐྱེས་པ། ཆོས་དར་བའི་ཡུལ་དུ་སྐྱེ་དགོས་ཤིང་རང་ཉིད་མི་ལུས་བླངས་ཀྱང་རང་གི་ཡུལ་དུ་ཆོས་མེད་ན་ཆོས་བྱེད་ཐབས་བྲལ་ཞིང༌། ཤེས་ཡོན་གཞན་སློབ་སྦྱོང་བྱེད་པར་ཡང་དེ་ལྟར་ཡིན་ཏེ་རང་གི་ཡུལ་དུ་སློབ་གྲྭ་དང་དགེ་རྒན་སོགས་མེད་ན་སློབ་སྦྱོང་བྱེད་པའི་ཆ་རྐྱེན་མེད།

༣. དབང་པོ་ཚང་བ། ལོང་བ་དང་འོན་པ་གླེན་ལྐུགས་སོགས་མ་ཡིན་པ།

༤. ལས་མཐའ་མ་ལོག་པ། ཕ་མ་བསད་པ་དང༌། དགེ་འདུན་བཀྲོངས་པ། རྟེན་གསུམ་བཤིག་པ་སོགས་བྱས་མེད་པ། དེ་གསུམ་ནང་ནས་སྣེ་གཅིག་བྱས་ཡོད་ནའང་ཉེས་དམིགས་ཤིན་ཏུ་ཆེན་པོ་ཡིན་པས་ཆོས་བྱས་ནའང་འབྲས་བུ་ཤིན་ཏུ་ཐོབ་དཀའ།

༥. གནས་ལ་དད་པ། སངས་རྒྱས་ཀྱི་ཆོས་ལ་ཡིད་ཆེས་དང་དོན་གཉེར་ཡོད་པ་བཅས་ཡིན།

གཞན་འབྱོར་ལྔ་ནི། ཆོས་བྱེད་པར་གཞན་ངོས་ནས་ཚང་དགོས་པའི་ཆ་རྐྱེན་ཏེ།

༡. སངས་རྒྱས་འཇིག་རྟེན་དུ་བྱོན་པ། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་དེ་དང་འདྲ་བའི་དགེ་བའི་བཤེས་གཉེན་དང་མཇལ་བ། སྐབས་རེ་བསྐལ་པ་གཅིག་ནང་ལོ་དུང་ཕྱུར་མང་པོ་སངས་རྒྱས་རྩ་བ་ནས་མ་བྱོན་པའང་ཡོད། ད་ལྟ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་ནས་དེའི་བསྟན་པ་མི་ཉམས་པར་གནས་པའི་དུས་སྐབས་ཡིན།

༢. དེས་ཆོས་གསུངས་པ། སངས་རྒྱས་དེས་ཆོས་གསུངས་པ་དང་དེའི་གསུང་རབ་ཀྱང་མཇལ་རྒྱུ་ཡོད་པ། སངས་རྒྱས་ཁ་ཤས་འཇིག་རྟེན་དུ་བྱོན་ནའང་ཆོས་རྩ་བ་ནས་གསུངས་མ་མྱོང་མཁན་ཡང་ཡོད། ད་ལྟ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་མ་ཟད་ཆོས་ཀྱང་མང་པོ་གསུངས་ཡོད་པ་དང༌། གསུང་རབ་ཀྱང་ད་ལྟ་མཇལ་རྒྱུ་ཡོད་ལ། སངས་རྒྱས་དང་གཉིས་སུ་མེད་པའི་དགེ་བའི་བཤེས་གཉེན་དུ་མ་འཚོ་ཞིང་གཞེས་པ།

༣. བསྟན་པ་གནས་པ། འཇིག་རྟེན་ཐོག་སངས་རྒྱས་ཀྱི་བསྟན་པ་མ་ཉམས་པར་གནས་པ་སྟེ་བསྟན་པ་ཉམས་ཆག་སོང་རྗེས་མི་ལུས་བླངས་ནའང་སྙིང་པོ་མེད་ཟེར།

༤. དེའི་རྗེས་སུ་འཇུག་པ། སངས་རྒྱས་ཀྱི་གསུང་རབ་ལ་ཐོས་བསམ་དང་ཉམས་ལེན་བྱེད་མཁན་གྱི་མིག་དཔེ་ཡོད་པ།

༥. གཞན་ཕྱིར་སྙིང་བརྩེ་བ། ཆོས་བྱེད་མཁན་ལ་འབྱོར་ལྡན་སོགས་གཞན་གྱིས་འཚོ་བའི་མཐུན་རྐྱེན་སྦྱོར་མཁན་ཡོད་དགོས་པའི་དོན་ཡིན་པས་དེ་ཐོག་ནས་ཆོས་བྱེད་མཁན་གྱི་འཚོ་བ་དེ་མི་གཞན་ལ་བརྟེན་དགོས་པ་ཧ་ཅང་གསལ་པོ་ཡིན། ད་ལྟ་སྤྱི་ཚོགས་གསར་པའི་ནང་ཆོས་བྱེད་མཁན་གྱིས་ད་དུང་གཞན་ཕྱིར་སྙིང་བརྩེ་བའི་བསམ་པ་འཁྱེར་ནས་བསྡད་ན་མ་འགྲིགས་པར་རང་ཁ་རང་གསོ་ཐུབ་ཐབས་བྱ་དགོས། ཡུལ་ཕྱོགས་གཞན་དུ་ཡོད་པའི་སངས་རྒྱས་ཆོས་ལུགས་པ་རྣམས་ཀྱི་ཆོས་བྱེད་སྟངས་ལའང་ལེགས་བཅོས་ཤུགས་ཆེན་པོ་བྱུང་ཡོད།

དལ་འབྱོར་ངོས་བཟུང་བ་ཟེར་བ་དེར་མཇུག་བསྡོམས་ཤིག་ཡོད་པ་སྟེ་དལ་འབྱོར་ངོས་ཟིན་རྗེས་རང་སོ་སོར་དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་ཡོད་མེད་བལྟས་ཐོག གལ་ཏེ་ཚང་ཡོད་ན་ངེས་པར་ཆོས་བྱེད་དགོས་པ་ཡིན་ཟེར་བ་དེ་ཡིན། འོན་ཀྱང་ང་ཚོ་ཆོས་བྱེད་མཁན་མིན་སྟབས་ཡོད་ཏན་སློབ་སྦྱོང་བྱེད་རྒྱུའི་བསྡོམས་ཚིག་ཅིག་འཇོག་དགོས།

 

(༢) དལ་འབྱོར་དོན་ཆེ་བ།

ཆོས་བྱེད་དགོས་ཀྱང་ཆོས་བྱེད་ཨེ་ཐུབ་བསམ་ན་ཆོས་བྱེད་ཐུབ་སྟེ། ཆོས་འགྲུབ་པའི་ལུས་རྟེན་འདི་ཐོབ་པ་ནི་གནས་སྐབས་དང་མཐར་ཐུག་གཉིས་ཀྱི་སྒོ་ནས་དོན་ཆེ་བ་ཡིན། གནས་སྐབས་ཀྱི་སྒོ་ནས་དོན་ཆེ་བ་ནི། ཚེ་འདིར་དལ་འབྱོར་གྱི་མི་ལུས་ཐོབ་པར་བརྟེན་དགེ་སྡིག་གང་ཡང་སྟོབས་ཆེན་པོ་གསོག་ཐུབ་པ། དཔེར་ན་མི་དམངས་ལ་ཞབས་འདེགས་ཞུ་རྒྱུར་ཆ་མཚོན་ན་མིས་ཞབས་འདེགས་སྟོབས་ཆེན་པོ་ཞུ་ཐུབ་པ་ཡིན་ཏེ་རང་རྟོགས་ངང་ཕན་ཐོགས་ཡོད་པའི་བྱ་བ་མང་པོ་བྱེད་ཐུབ་ལ་བོང་བུ་ལྟ་བུར་ཆ་བཞག་ན་ཇི་ལྟར་བྱས་ཀྱང་མི་དང་སྡུར་ཐུབ་ཐབས་མེད།

མཐར་ཐུག་ལ་ལྟོས་ཏེ་དོན་ཆེ་བ་ནི། རྟེན་འདི་ལ་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་སྟེ་ང་རང་ཚོའི་ལུས་པོ་འདི་སྲོག་ཆགས་གཞན་གྱི་ལུས་པོ་དང་མི་འདྲ་བར་ཁམས་དྲུག་ཚང་བའི་ལུས་པོ་ཞིག་ཡིན་པར་བརྟེན་ཆོས་ཀྱི་གོ་དོན་ཟབ་མོ་རྟོགས་ཐུབ་པ་དང༌། ལག་ལེན་ཡང་མཐར་ཕྱིན་པ་བྱེད་ཐུབ་མཁན་ཞིག་ཡིན།

དེར་བརྟེན་དེའི་མཇུག་བསྡོམས་སུ་ཆོས་བྱེད་ཐུབ་ངེས་ཡིན་པར་ཐག་གཅོད་དགོས།

(༣) དལ་འབྱོར་རྙེད་དཀའ་བ། ཆོས་བྱེད་ཐུབ་ཀྱང་ཚེ་འདིར་བྱེད་མི་ཐུབ་པས་སྐྱེ་བ་རྗེས་མ་ལ་ཆོས་བྱེད་བསམ་ན། ཚེ་འདིར་ངེས་པར་དུ་ཆོས་བྱེད་དགོས་ཏེ། སྐྱེ་བ་འདི་ལ་མ་ཐུབ་ན་སྐྱེ་བ་ཕྱི་མ་མི་ལུས་ཐོབ་པའི་ངེས་པ་མེད། གལ་ཏེ་མི་ལུས་ཐོབ་པའི་དབང་དུ་བཏང་ནའང་དལ་འབྱོར་ཚང་བའི་མི་ལུས་ཤིག་ཐོབ་པ་ཧ་ཅང་ཁག་པོ་ཡིན། འོ་ན་ཚེ་ཕྱི་མ་མི་ལུས་ཐོབ་པར་བྱེད་པའི་རྒྱུ་དེ་གང་ཡིན་ཞེ་ན། དགེ་བ་བཅུ་དེ་ཡིན། དགེ་བ་བཅུའི་ཁྲིམས་དེ་ཡག་པོ་བསྲུང་ཚེ་སྐྱེ་བ་རྗེས་མ་མི་ལུས་ཐོབ་རྒྱུའི་རེ་བ་ཡོད། ང་རང་ཚོ་ད་ལྟའི་ཚེ་འདིར་བསམ་བློ་བཏང་ནའང་སྡིག་པ་ནི་སུས་ཀྱང་བསླབ་མཁན་མེད་པར་མང་པོ་བསགས་ཡོད་པ་དང་དགེ་བའི་ལས་དེ་བསླབས་ནའང་གོམས་འདྲིས་ཧ་ཅང་ཡོང་ཁག་པོ་ཡིན། དེར་བརྟེན། སྔོན་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། །ཕྱི་མ་གང་འགྲོ་རང་གི་སེམས་ལ་དྲིས། །ཞེས་པ་ལྟར་སྐྱེ་བ་སྔོན་མ་གང་བྱས་དང་མ་བྱས་ད་ལྟའི་རང་གི་ལུས་ལ་བལྟས་ན་ཤེས་ཐུབ་ལ། སྐྱེ་བ་ཕྱི་མ་གང་དུ་སླེབས་མིན་དེ་རང་གི་སེམས་ལ་དྲིས་ན་ཤེས་ཐུབ་པས་དེ་ལ་སྨོན་ལམ་རྒྱག་པ་དང་མོ་རྒྱག་པ་སོགས་གང་ཡང་བྱེད་དགོས་དོན་མེད། ད་དུང༌། ཚེ་སྔོན་སྐྱེ་བ་རིན་པོ་ཆེ། །ད་ལྟའི་མི་ལུས་རིན་ཆེན་མཛད། །ད་ལྟའི་དགེ་སློང་རིན་པོ་ཆེ། །ཕྱི་མ་དམྱལ་བར་མ་འགྲོ་ཨང༌། །ཞེས་པ་སྟེ། ཚེ་སྔོན་མའི་སྐྱེ་བ་རིན་པོ་ཆེ་དེས་ད་ལྟའི་མི་ལུས་དེ་གསོལ་རས་གནང་བ་དང༌། ད་ལྟའི་དགེ་སློང་རིན་པོ་ཆེ་འདི་སྐྱེ་བ་ཕྱི་མ་དམྱལ་བ་ལ་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པས་དགེ་སློང་མ་ཡིན་པ་རྣམས་ནི་དེ་བས་ཤོད་མི་དགོས། དེར་བརྟེན་མི་ལུས་རིན་ཆེན་ཐོབ་པར་བྱེད་པའི་རྒྱུ་དེ་བསྒྲུབ་དཀའ་བ་ཞིག་ཡིན་སྟབས་དལ་འབྱོར་དེ་རྙེད་དཀའ་བ་ཞིག་ཡིན་ཟེར། དལ་འབྱོར་གྱི་མི་ལུས་ནི་ད་རེས་ལན་གཅིག་ཡིན་པ་ལས་སྐྱེ་བ་རྗེས་མ་མི་ལུས་ཐོབ་པ་ཧ་ཅང་དཀའ་སྟེ། དེ་ནི་རྒྱུ་བསྒྲུབ་དཀའ་བས་ན་རྙེད་དཀའ་བ་དང༌། ངོ་བོ་འཛོམས་དཀའ་བས་ན་རྙེད་དཀའ་བ། དཔེ་སྲིད་དཀའ་བས་ན་རྙེད་དཀའ་བ་བཅས་ཡིན།

༡. རྒྱུ་བསྒྲུབ་དཀའ་བས་ན་རྙེད་དཀའ་བ་ནི། སྤྱིར་མི་ལུས་ཙམ་ཐོབ་པ་ལ་ཡང་དགེ་བ་བཅུའི་ཁྲིམས་སྲུང་བ་ཞིག་དགོས། ལྷག་པར་དུ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་མི་ལུས་ཐོབ་པ་ལ། དགེ་བ་བཅུའི་ཁྲིམས་གཙང་མར་སྲུང་བའི་སྟེང་དུ། ཕར་ཕྱིན་དྲུག་གིས་གྲོགས་བྱས་པ་དང༌། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བ་ཞིག་དགོས་པ་ལ་རྒྱུ་དེ་འདྲ་ཆ་ཚང་ལྟ་ཞོག་སྣ་རེ་གཉིས་ཙམ་སྒྲུབ་ཐུབ་པ་ནི་རང་དང་རང་མཉམ་གྱི་ནང་ན་ཧ་ཅང་དཀོན་པ་ཡིན།

༢. ངོ་བོ་འཛོམས་དཀའ་བས་ན་རྙེད་དཀའ་བ།

ཆོས་བསྒྲུབ་པ་ལ་དགོས་པའི་མི་ལུས་ནི་སྤྱིར་བཏང་གི་མི་ལུས་ཙམ་གྱིས་མི་ཆོག་པར་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པ་ཞིག་དགོས། ཆོས་བཅོ་བརྒྱད་པོ་ཆ་ཚང་བ་ལྟ་ཞོག་སྣ་འགའ་ཞིག་ཚང་བ་ཡང་མི་ལུས་ཐོབ་པའི་ནང་ནས་ཧ་ཅང་དཀོན་པ་ཞིག་ཡིན།

༣. དཔེ་སྲིད་དཀའ་བས་ན་རྙེད་དཀའ་བ། དཔེ་འདི་བསམ་བློ་བཏང་བའི་དཔེ་ཞིག་ལས་དངོས་སུ་བྱུང་བ་ཞིག་མིན་ཏེ། དཔེར་ན་མུ་མཐའ་མེད་པའི་རྒྱ་མཚོ་ཆེན་པོ་ཞིག་ནང་གསེར་གྱི་གཉའ་ཤིང་བུ་ག་གཅིག་ལས་མེད་པ་དང་བུ་ག་དེ་ཡང་རུས་སྦལ་གྱི་མགོ་ཐར་ཙམ་ཞིག་ལས་མེད་པ་ཞིག་ཡོད་པ་དེ་སྐབས་རེ་རྒྱ་མཚོའི་གཏིང་དུ་འགྲོ་བ་དང༌། སྐབས་རེ་རྒྱ་མཚོའི་ཁར་གཡེང་བ། དེ་དང་ཕྱོགས་མཚུངས་རྒྱ་མཚོ་ཆེན་པོ་དེའི་གཏིང་དུ་རུས་སྦལ་ལོང་བ་ལོ་བརྒྱ་རེའི་མཚམས་སུ་རྒྱ་མཚོ་ཆེན་པོའི་ཁར་མགོ་རྡོག་ཙམ་བྱེད་མཁན་དེ་འདྲ་ཞིག་ཡོད་པའི་དབང་དུ་བྱས་ན། རུས་སྦལ་དེའི་མགོ་བོ་གསེར་གྱི་གཉའ་ཤིང་བུ་ག་གཅིག་ལས་མེད་པ་དེའི་ནང་དུ་ཏག་ཏག་འཛུལ་ཐུབ་པ་ཞིག་ཧ་ཅང་ཁག་པོ་ཡིན་ཏེ། གསེར་གྱི་གཉའ་ཤིང་དེ་གནས་ས་གཅིག་ཏུ་གནས་པ་ཞིག་མ་ཡིན་པ་དང༌། གཉའ་ཤིང་དེ་ལ་བུ་ག་གཅིག་ལས་མེད་པ་དེའང་རུས་སྦལ་གྱི་མགོ་ཐར་ཙམ་ལས་མེད། རུས་སྦལ་དེའང་མཚོ་ཁར་ལོ་བརྒྱ་རེའི་མཚམས་སུ་ཐེངས་རེ་མ་གཏོགས་བཏོན་གྱི་མེད། གལ་ཏེ་གསེར་གྱི་གཉའ་ཤིང་མཚོ་ཁར་གཡེངས་པ་དང་སྟབས་འཁེལ་ནའང་རུས་སྦལ་ལོང་བ་ཡིན་པས་རང་གི་མགོ་ཐར་ཙམ་གྱི་བུ་ག་དེ་རྙེད་དཀའ་བ་སོགས་འགོག་རྐྱེན་མང་པོ་ཞིག་གི་དབང་གིས་དེའི་ནང་མགོ་ཐར་དཀའ་བ་མཐོང་ཆོས་སུ་གྱུར་པ་ལྟར་རང་རེར་ཆ་བཞག་ནའང་རུས་སྦལ་ལོང་བ་རྒྱ་མཚོའི་ནང་ལོ་བརྒྱ་བསྡད་པ་དང་འདྲ་བར་ངན་སོང་གསུམ་ནང་སྐྱེ་བ་ཡང་ནས་ཡང་དུ་བླངས་ཐོག སྐབས་རེ་མི་ལུས་ཐེངས་གཅིག་ཙམ་ཐོབ་པའི་དབང་དུ་བྱས་ནའང་དལ་བ་བརྒྱད་དང་འབྱོར་པ་བཅུ་མི་ཚང་བར་བརྟེན་ཆོས་བྱེད་པའི་གོ་སྐབས་མ་ཐོབ་པར་ལུས་ཤིང༌། ཆ་རྐྱེན་ཆ་ཚང་ཚང་བ་ནི་ད་རེས་ཀྱི་ལུས་རྟེན་འདིའི་ཐོག་ཡིན་པས་ད་དུང་སྐྱེ་བ་རྗེས་མ་ལ་ཆོས་བྱ་རྒྱུའི་རེ་བ་བཅོལ་ན་མི་འགྲིག་ཟེར།

དེ་ཡང་ཆོས་འདི་ཚེ་ད་རེས་རང་ལ་བྱེད་དགོས་པ་གཏན་འཁེལ་ཟིན་ནའང་རང་གི་བསམ་བློའི་ནང་རང་ཉིད་ཚེ་རིང་པོ་བྱུང་ན་ཆོས་བྱེད་ཁོམ་ཡོད་པས་ལོ་གཞོན་པའི་དུས་སུ་སྐྱིད་པོ་བྱས་ནས་སྡོད་དགོས་སྙམ་པ་བྱུང་ཚེ་དེ་འགོག་བྱེད་དུ་གཤམ་ལ་འཆི་བ་མི་རྟག་པ་ཞེས་པ་དེ་བྱུང་བ་རེད།

༣. འཆི་བ་མི་རྟག་པ།

ཚེ་འདིར་ངེས་པར་དུ་ཆོས་བྱེད་དགོས་ཀྱང༌། ཚེ་རིང་དུ་གནས་ན་ཆོས་བྱ་ལོང་ཡོད་པས་དེ་དུས་ཆོས་བྱས་པས་ཆོག་སྙམ་ན། བསམ་བློ་དེ་འགོག་པའི་ཐབས་སུ་རྩ་བ་གསུམ་དང༌། དེ་རེ་རེར་རྒྱུ་མཚན་གསུམ་རེ། རྒྱུ་མཚན་གསུམ་རེའི་མཇུག་ཏུ་ཐག་བཅད་པ་རེ་རེ་བཅས་ཡོད་པས། དོན་བསྡུས་ན། རྩ་བ་གསུམ། རྒྱུ་མཚན་དགུ། ཐག་གཅོད་དགོས་པ་གསུམ་ཟེར།

(༡) ངེས་པར་འཆི་བ་བསམ་པ། འདི་ལ་རྒྱུ་མཚན་གསུམ་ཡོད།

རྒྱུ་མཚན་དང་པོ། འཆི་བདག་ངེས་པར་འོང་ལ་འཆི་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པས་ངེས་པར་འཆི་བ་ནི། ལུས་བཟང་པོ་ཇི་འདྲ་ཞིག་བླངས་པའམ། ཡུལ་ཇི་འདྲ་ཞིག་ཏུ་གནས་པ། སྟོབས་དང་ལོངས་སྤྱོད། སྨན་དང་སྔགས་ལ་སོགས་པའི་ཐབས་གང་འདྲ་ཡོད་ཀྱང་བཟློག་ཐབས་མེད་པས་ངེས་པར་དུ་འཆི་བ་སྟེ་དཔེར་ན་རང་གི་ཕ་ཡུལ་དུ་ལོག་སྟེ་གབ་ནའང་ཐར་ས་མེད་པ་དང༌། མི་བཟོས་སྲུང་སྐར་ནང་བསྡད་དེ་ཟླ་བའི་གྲོང་ཁྱེར་ནང་འགྲོ་བའམ་རྒྱ་མཚོའི་གཏིང་དུ་སོང་ཡང་ཤི་རྒྱུ་ཡིན་ལ། སྟོབས་འབྱོར་མངའ་ཐང་ལྡན་པའི་རྒྱལ་པོ་གསེར་གྱི་ཁྲིའི་སྟེང་དུ་བསྡད་ནས་གསེར་གྱི་ཕོར་པའི་ནང་ཟས་ཟ་མཁན་དང་སྤྲང་པོ་གད་སྙིགས་ཁྲོད་དུ་སྡོད་མཁན་ཡང་གཉིས་ཀ་མ་ཤི་བར་སྡོད་ཐབས་མེད་ལ། ཤི་བའི་ཉིན་ནས་རྒྱལ་པོ་རྒྱལ་གཞིས་བཞག་ནས་འགྲོ་རྒྱུ་དང་སྤྲང་པོ་ཐང་ཁུག་བཞག་ནས་འགྲོ་བའི་ཁྱད་པར་ཙམ་ལས་གཞན་ཁྱད་པར་གང་ཡང་མེད། སྨན་དང༌། སྔགས་དང༌། མཐུ་ལ་སོགས་པས་ཀྱང་མི་ཕན་པར་དཔེར་ན་མར་པ་ལོ་ཙཱ་བ་སོགས་མཐུ་བརྒྱབ་ནས་བྲག་རི་རྣམས་ཀྱང་ཕར་སྤོ་ཚུར་སྤོ་མཛད་མཁན་རྣམས་ད་ཆ་ཚང་མ་མྱ་ངན་ལས་འདས་ཟིན་པ་དང༌། སྟོན་པ་བཅོམ་ལྡན་འདས་ལ་ཆ་བཞག་ནའང་སྐུ་ལུས་ལ་མཚོན་ཆ་རིགས་གང་གིས་ཀྱང་གནོད་བསྐྱལ་ཐུབ་ཐབས་མེད་པར་འཆི་མེད་རྡོ་རྗེའི་སྐུ་བརྙེས་ཟིན་པ་མ་ཟད། གསོལ་སྨན་བཞེས་དགོས་ཚེ་མི་གཞན་ལས་ལྡབ་ལྔ་བཅུས་མང་བ་བཞེས་ན་མ་གཏོགས་མི་ཕན་པའི་སྐུ་གཟུགས་སྟོབས་ཆེན་པོ་དེ་ལྟ་བུ་ཡོད་ནའང་ད་ཆ་སྐུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་སོང་ཟིན་པར་བརྟེན་ངེས་པར་འཆི་བ་ཡོང་རྒྱུ་དེ་ལ་སྟོབས་ཀྱིས་བཟློག་ཐབས་དང༌། ནོར་ལོངས་སྤྱོད་ཀྱིས་བཟློག་ཐབས། གཟུགས་མཛེས་པོས་བཟློག་ཐབས། ཁ་བདེ་པོས་བཟློག་ཐབས་སོགས་གཏན་ནས་བྱ་ཐབས་མེད།

རྒྱུ་མཚན་གཉིས་པ། ཚེ་ནི་ཉིན་རེ་བཞིན་ཐུང་དུ་འགྲོ་བ་ལས་དེ་ལ་ཁ་སྣོན་བྱེད་ཐབས་མེད་པ། ཚེ་ཚད་ལོ་དྲུག་ཅུ་ཐུབ་པའི་དབང་དུ་བཏང་ཡང་སྔར་ཕན་ལོ་མང་པོ་འདས་ཟིན་པ་དང༌། ལྷག་མ་དེ་ཡང་ལོ་ནི་ཟླ་བ། ཟླ་བ་ནི་ཉིན་ཞག ཉིན་ཞག་ནི་དབུགས་འགྲོ་འོང་གི་ཆ་ཤས་རེ་རེ་སོང་ནས་ཟད་པར་གྱུར་པས་སྐྱེས་པའི་ཉིན་མོ་ནས་བཟུང་དབུགས་ཐེངས་གཅིག་ཀྱང་མི་སྡོད་པར་ཤི་རྒྱུར་ཐག་ཉེ་རུ་འགྲོ་གི་ཡོད་ཅིང༌། ཚེ་དབང་ཞུ་བ་དང་ཚེ་སྒྲུབ་བྱེད་རྒྱུ་དེ་ཚོ་ཡང་ཚེ་ལ་བར་ཆད་མི་ཡོང་བ་དང་ཤི་མ་རན་གོང་ནས་མ་ཤི་བའི་ཆེད་དུ་ཡིན་པ་ལས་ཚེ་ལ་ཁ་སྣོན་རྒྱག་པ་ཞིག་གཏན་ནས་མིན།

རྒྱུ་མཚན་གསུམ་པ། གསོན་པའི་ཚེ་ཡང་ཆོས་བྱ་ལོང་མེད་པར་འཆི་བ་ནི། དང་པོ་རང་སྐྱེས་ནས་ལོ་བཅུའི་རིང་བྱིས་པའི་དུས་ཡིན་པས་རྩེད་མོ་ཁོ་ནར་གཡེངས་ནས་སྡོད་པ་དང༌། དེ་ནས་བསམ་བློ་ཅུང་ཟད་རྙེད་རྗེས་འཇིག་རྟེན་འདིའི་འཚོ་བའི་ཆེད་དུ་ལས་དོན་སྣ་ཚོགས་ལ་མགོ་འཁོར་ནས་ཚེ་ཟད། དེའི་བར་དུ་གཉིད་དང་དོན་མེད་ཀྱི་ལོང་གཏམ་ལ་མགོ་འཁོར་ནས་མི་ཚེ་ཕྱེད་ཀ་བསམ་རྒྱུ་དྲན་རྒྱུ་མེད་པའི་ངང་ནས་ཡུན་ཙམ་ལ་སོང་ཟིན། དེ་ནས་ལུས་སེམས་ཀྱི་སྟོབས་ཉམས་ནས་རྒས་པའི་གནས་སྐབས་ལ་སླེབས་ཚེ་གཞི་ནས་སྔོན་ཆད་མི་ཚེ་སྟོང་ཟད་དུ་སོང་བ་ཤེས་ནས་འགྱོད་པ་དཔག་མེད་སྐྱེས་ཀྱང་བྱ་ཐབས་བྲལ་བའི་ངང་ནས་འཆི་བ་ལ་ཐུག་འགྲོ་བ་ཡིན་པས་ཆོས་མྱུར་དུ་བྱ་རྒྱུར་སེམས་ཐག་གཅོད་དགོས་པ།

(༢) ནམ་འཆི་ངེས་མེད་བསམས་པ། ཆོས་མྱུར་དུ་བྱ་དགོས་ཀྱང་གནས་སྐབས་ལས་དོན་མང་པོ་བསྒྲུབ་མ་ཟིན་པས་དེའི་བར་དུ་ཆོས་བྱ་ལོང་མི་འདུག་བསམས་ན། དེ་འགོག་ཐབས་སུ་རྒྱུ་མཚན་གསུམ་ཡོད།

རྒྱུ་མཚན་དང་པོ། སྤྱིར་མིའི་རིགས་ཀྱི་ཚེ་ལ་ངེས་པ་མེད་པ་དང༌། ལྷག་པར་དུ་དེང་སང་གི་ཚེ་ལ་ངེས་པ་མེད་པ་ནི། དང་པོ་བསྐལ་པ་ཡ་ཐོག་གི་སྐབས་མིའི་རིགས་ཀྱི་ཚེ་ལོ་བརྒྱ་ཕྲག་ཁ་ཤས་ཐུབ་པ་བྱུང་མྱོང་ཞིང༌། དེང་སང་ནི་མི་རྣམས་ཀྱི་ཆ་སྙོམས་ཚེ་ཚད་ལོ་ལྔ་བཅུ་ལྷག་ཙམ་ཡིན། དེ་ཡང་འགའ་ཞིག་ལོ་གཞོན་ནུའི་དུས་སུ་ཤི་འགྲོ་བ་དང༌། འགའ་ཞིག་བྱིས་པའི་སྐབས་སུ་ཤི་འགྲོ་བ། འགའ་ཞིག་སྐྱེས་མ་ཐག་དང༌། མ་སྐྱེས་གོང་དུ་ཤི་འགྲོ་བ་དང༌། ཕ་མ་རྒན་འཁོགས་ཀྱིས་བུ་ཕྲུག་ཤི་བའི་རོ་སྐྱེལ་བ་ཡང་ཡོད་པས་ལོ་རྒས་ནས་ཤི་བ་ནི་ཧ་ཅང་ཉུང༌། དེར་བརྟེན་ནམ་འཆི་ལ་ངེས་པ་མེད།

རྒྱུ་མཚན་གཉིས་པ། འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བས་ནམ་འཆི་ལ་ངེས་པ་མེད་པ་ནི། གསོན་པོར་སྡོད་པའི་སྐབས་སུ་ཡང་འཆི་རྐྱེན་ནི་ཤིན་ཏུ་མང༌། རང་གི་ལུས་ནི་འབྱུང་བ་བཞི་ཚོགས་པ་ལས་གྲུབ་པ་ཡིན་པས་འབྱུང་བ་བཞི་ཆ་མ་སྙོམས་པ་བྱུང་ན་དེ་མ་ཐག་ཏུ་ནད་སྐྱེ་བ་དང༌། ཟས་ལུས་ལ་མ་འཕྲོད་པ། སྨན་བཅོས་བྱས་ཀྱང་བཅོས་མི་ཐུབ་པ། དེ་བཞིན་གཡང་ལ་ལྷུངས་ནས་ཤི་བ། མེས་འཚིགས་ནས་ཤི་བ། གློ་བུར་དུ་ཤི་བ། དུག་ཕོགས་ནས་ཤི་བ། ས་གཡོས་ཀྱི་འོག་ཏུ་ཤི་བ་སོགས་ཕྱི་ནང་གི་འཆི་རྐྱེན་ནི་ཧ་ཅང་མང་ཞིང་གསོན་པའི་རྐྱེན་རྣམས་ཀྱིས་ཀྱང་རང་གི་སྲོག་སྐྱོབ་ཐུབ་པའི་ངེས་པ་གཏན་ནས་མེད་པས་ནམ་འཆི་ལ་ངེས་པ་མེད།

རྒྱུ་མཚན་གསུམ་པ། ལུས་ཤིན་ཏུ་ཉམ་ཆུང་བས་ནམ་འཆི་ལ་ངེས་པ་མེད་པ་ནི། རང་གི་ལུས་འདི་ནི་ཆུའི་ལྦུ་བ་དང་འདྲ་བར་ཉམ་ཆུང་བ་ཞིག་ཡིན་ཏེ་དེ་འབྱུང་བ་བཞི་ཚོགས་པ་ལས་བྱུང་བ་ཞིག་ཡིན་སྟབས་དེ་དག་སྙོམས་པོ་མ་བྱུང་བར་དཔེར་ན་ས་ཁམས་ཤུགས་ཆེ་ན་བད་ཀན་ན་བ་དང༌། ཆུ་ཁམས་ཤུགས་ཆེ་ན་ཆུ་བསོག་པ། རླུང་ཁམས་ཤུགས་ཆེ་ན་སེམས་མི་བདེ་བ། མེ་ཁམས་ཤུགས་ཆེ་ན་ཚ་བ་རྒྱས་པ་སོགས་ལ་བརྟེན་གཞོན་པ་ཤ་བ་འདྲ་བ་ཞིག་ཡིན་ནའང་རྐྱེན་ཕྲན་བུ་ཞིག་ལ་བརྟེན་ནས་འཆི་བ་དང༌། ཕྱིའི་རྐྱེན་ལུས་ལ་ཚེར་མ་ཟུག་པ་དང༌། མགོ་བོར་རྡོ་ཕོག་པ་སོགས་བར་ཆད་སྣ་ཚོགས་ཀྱི་དབང་གིས་སྲོག་ལ་ཐུག་པའི་རྐྱེན་དུ་འགྲོ་བ་མང་བས་ནམ་འཆི་ལ་ངེས་པ་མེད་པ་ཡིན།

དེར་བརྟེན་ད་ལྟ་ཉིད་དུ་ཆོས་བྱེད་རྒྱུར་སེམས་ཐག་གཅོད་དགོས་པ།

(༣) འཆི་བའི་ཚེ་ཆོས་མ་གཏོགས་གཞན་གང་གིས་ཀྱང་མི་ཕན་པ། དེ་ནི་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་ཚོའི་བསམ་བློའི་སྙིང་པོ་དེ་ཡིན་ཞིང༌། སངས་རྒྱས་ཆོས་ལུགས་པའི་ལྟ་ཚུལ་ལྟར་ན་འཇིག་རྟེན་འདིའི་ཐོག་སྡོད་རིང་ནོར་ལོངས་སྤྱོད་དང་གཟུགས་མཛེས་པོ་གང་འདྲ་ཡོད་ནའང་ཤི་དུས་ཚང་མ་བཞག་ནས་འགྲོ་རྒྱུ་ལས་ཐབས་གཞན་མེད་པས། ཤི་ཁར་ཕན་ཐོགས་པ་དང་ཁྱེར་རྒྱུ་ཡོད་པ་ཆོས་མ་གཏོགས་མེད་ཟེར་བ་དེ་རེད། དེ་ནི་མར་ལེ་རིང་ལུགས་ཀྱི་ལྟ་བ་དང་ཡོངས་སུ་རྒྱབ་འགལ་ཡིན། འདི་ལ་ཡང་རྒྱུ་མཚན་གསུམ་ཡོད།

རྒྱུ་མཚན་དང་པོ། གཉེན་བཤེས་ཀྱིས་མི་ཕན་པ་ནི། རང་ཉིད་འཆི་བའི་སྐབས་སུ་གཉེན་བཤེས་བརྩེ་གདུང་ཇི་ཙམ་ཆེ་བས་མཐའ་བསྐོར་ཀྱང་དེ་ཡི་ནང་ནས་གཅིག་ཙམ་ཡང་འཁྲིད་པའི་དབང་མེད་པར་རང་ཉིད་གཅིག་པུ་མར་གྱི་ནང་ནས་སྤུ་བཏོན་པ་ནང་བཞིན་སེམས་སྐྱོ་ལྷང་ངེའི་སྒོ་ནས་འགྲོ་དགོས་པ།

རྒྱུ་མཚན་གཉིས་པ། ནོར་ལོངས་སྤྱོད་ཀྱིས་མི་ཕན་པ་ནི། འཆི་བའི་སྐབས་སུ་སྟོབས་འབྱོར་ཕུན་སུམ་ཚོགས་པའི་རྒྱལ་པོ་ནས། སློང་ཕོར་དང་འཁར་རྒྱུག་ཙམ་ལས་མེད་པའི་སྤྲང་པོ་བར་ཚང་མ་རང་ལ་དབང་བའི་དངོས་པོ་ཐམས་ཅད་བཞག་ནས་འགྲོ་དགོས་པ།

རྒྱུ་མཚན་གསུམ་པ། ལུས་ཀྱིས་མི་ཕན་པ་ནི། འཆི་བའི་སྐབས་སུ་རང་དང་མཉམ་དུ་ཨ་མའི་ཁོག་ནས་སྐྱེས་པའི་ལུས་པོ་འདི་ཡང་བཞག་ནས་རང་གི་རྣམ་ཤེས་དེ་གཅིག་པུ་རང་དབང་མེད་པར་འཇིག་རྟེན་ཕ་རོལ་ཏུ་འགྲོ་དགོས་པ་བཅས་ཡིན། དེར་བརྟེན་སྐབས་དེར་ཕན་པ་ནི་ཆོས་ཁོ་ན་ལས་མེད་པས་ཆོས་རྣམ་དག་ཅིག་བྱ་བར་ཐག་གཅོད་དགོས་ཞེས་མཇུག་བསྡོམས་དེ་འདྲ་ཞིག་བཞག་ཡོད། དེ་ནི་ཆོས་ལུགས་དང་མར་ལེ་རིང་ལུགས་ཀྱི་ལྟ་ཚུལ་གྱི་འགལ་བ་ཐུག་ས་གཙོ་བོ་དེ་ཡིན། འོན་ཀྱང་ང་རང་ཚོ་ཆོས་བྱེད་མཁན་མིན་སྟབས་ཆོས་ཀྱི་ནང་ཤོད་ཚུལ་དེ་འདྲ་ཡོད་པ་ཙམ་ཞིག་ཤེས་ན་འགྲིག་གི་རེད།

གོང་དུ་རྒྱུ་མཚན་མང་པོ་ཞུས་པ་དེ་དག་ཚང་མ་དངོས་ཡོད་གནས་ཚུལ་དང་མཐུན་པ་ཤ་སྟག་ལས་མ་མཐུན་པ་མེད་ནའང་དངོས་ཡོད་གནས་ཚུལ་བཤད་པའི་རྗེས་ཀྱི་མཇུག་བསྡོམས་སུ་ཤི་དུས་ཆོས་མ་གཏོགས་གཞན་གང་གིས་ཀྱང་མི་ཕན་པས་ཆོས་རྣམ་པར་དག་པ་ཞིག་བྱེད་དགོས་ཟེར་བ་ཞིག་བྱུང་བ་དེ་མར་ལེ་རིང་ལུགས་ཀྱི་ལྟ་བ་དང་ཡོངས་སུ་འགལ་བ་ཡིན། མདོར་ན་དངོས་གཙོ་སྨྲ་བ་དང་སེམས་གཙོ་སྨྲ་བ་གཉིས་ཀས་དངོས་པོ་ཨང་དང་པོ་ཡིན་པ་ཁས་ལེན་གྱི་ཡོད་པ་དེ་གཅིག་མཚུངས་ཡིན་ནའང་མཇུག་བསྡོམས་བཞག་སྟངས་མི་འདྲ་བར་བརྟེན་སེམས་གཙོ་དང་དངོས་གཙོ་གཉིས་ཀྱི་དབྱེ་མཚམས་དེ་འདི་ནས་ཡོང་གི་ཡོད།

༤. སྐྱེ་བ་སྔ་ཕྱི།

གོང་དུ་ཤི་དུས་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པའི་སྒྲུབ་བྱེད་བཤད་ཟིན་པར་བརྟེན་ཡང་མི་ལ་ལའི་སེམས་ནང་ཤི་དུས་ཆོས་ཀྱིས་ཕན་གྱི་ཡོད་ནའང་འདྲ། ཕན་གྱི་མེད་ནའང་འདྲ། གང་ལྟར་སྐྱེ་བ་སྔ་ཕྱི་ཟེར་བ་དེ་ནི་ཤོད་ཚུལ་ཙམ་ལས་དངོས་སུ་ཨེ་ཡོད་སྙམ་པ་ཡོང་སྲིད་པར་བརྟེན་སྐྱེ་བ་སྔ་ཕྱི་ཡོད་པའི་རྒྱུ་མཚན་འདི་བྱུང་བ་རེད། སྐྱེ་བ་སྔ་ཕྱི་ཡོད་པའི་སྐོར་དེ་རིག་པ་ཧ་ཅང་གཏིང་ཟབ་པོ་ཡོད་ཅིང༌། ཚད་མ་རིག་པ་ལེའུ་གཉིས་པའི་ནང་གཙོ་བོ་སྐྱེ་བ་སྔ་ཕྱིའི་སྐོར་བཤད་ཡོད། འདིར་མདོར་བསྡུས་ཙམ་ཞུས་ན།

སྐྱེ་བ་སྔ་ཕྱི་ཟེར་བ་མེད་ཅེས་བཤད་ན་དེའི་ལན་དུ་འདི་ལྟ་སྟེ། ཤི་བའི་རྗེས་སུ་རང་གི་རྣམ་ཤེས་དེ་མེད་པར་འགྲོ་མི་སྲིད་པར་སྐྱེ་བ་རྗེས་མ་ཡོད་པར་འདོད་ལ། འོ་ན་འཇིག་རྟེན་ཐོག་གི་དངོས་པོ་ཚང་མ་དང་པོ་སྐྱེ་བ། བར་དུ་གནས་པ། མཐའ་མ་འཇིག་པའམ་མེད་པར་འགྲོ་བ་ནི་ལྡོག་ཐབས་མེད་པའི་ཆོས་ཉིད་ཅིག་ཡིན་པས་རྣམ་ཤེས་ཀྱང་ཆོས་ཉིད་དེ་ལས་ལྡོག་ཏུ་མེད་པས་ད་དུང་སྐྱེ་བ་རྗེས་མར་འགྲོ་ཟེར་བ་དེ་མེད་པར་ལུས་པོ་ཤི་བའི་རྗེས་སུ་རྣམ་ཤེས་ཀྱང་མེད་ཅེས་བཤད་ཚེ་སངས་རྒྱས་ཆོས་ལུགས་པས་རྣམ་ཤེས་ནི་ལུས་པོ་ཁོ་ནར་བརྟེན་ནས་བྱུང་བ་ཞིག་མིན་པར་དཔེར་ན་ནས་དང༌། གྲོ། སྲན་མ། འབྲས། ཤིང༌། ལྕགས་སོགས་ཚང་མ་འཇིག་རྟེན་འདིའི་ཐོག་གི་དངོས་པོ་སྤྱིར་བཏང་བ་ཤ་སྟག་ཡིན་ནའང་དེ་ཚོ་ཚང་མར་སོ་སོ་ཆགས་རྒྱུ་ལ་སོ་སོ་དང་རིགས་འདྲ་བའི་རྒྱུ་ཞིག་ངེས་པར་དུ་དགོས་ཤིང༌། རིགས་མི་འདྲ་བའི་རྒྱུ་ལ་བརྟེན་ནས་རིགས་འདྲ་བའི་འབྲས་བུ་ཡོང་མི་སྲིད་དེ་དཔེར་ན་གྲོ་བཏབ་ན་གྲོ་དང༌། སྲན་མ་བཏབ་ན་སྲན་མ་སྐྱེ་བ་ལས་གྲོ་ལ་སྲན་མ་དང་སྲན་མར་གྲོ་སོགས་སྐྱེ་མི་སྲིད་པས་འཇིག་རྟེན་ཐོག་གི་དངོས་པོ་སྤྱིར་བཏང་རྣམས་ཀྱང་དེ་ལྟར་ཡིན་ན་རྣམ་ཤེས་ནི་ལོས་ཡིན། གང་ཞེ་ན། རྣམ་ཤེས་ནི་ཕྱི་རོལ་ཡུལ་གྱི་དངོས་པོ་ངོས་འཛིན་བྱེད་པའི་ནུས་པ་ཡོད་པ་དང༌། དངོས་པོ་ལ་བཀོད་འདོམས་བྱེད་ཐུབ་མཁན། དངོས་པོའི་ཆོས་ཉིད་ལ་ཤེས་རྟོགས་བྱེད་ཐུབ་མཁན། འཕེལ་རྒྱས་འགྲོ་བའི་ནུས་པ་ཆེན་པོ་ཡོད་པ་བཅས་དངོས་པོ་གཞན་དང་མི་འདྲ་བ་ཚད་མཐོ་པོ་ཞིག་ཡིན་པས་དངོས་པོ་ཚད་མཐོ་པོ་འདི་འདྲ་ཞིག་གི་རྒྱུ་དེ་རང་དང་རིགས་འདྲ་བ་ཞིག་མེད་ན་དངོས་པོ་དེ་ཡོང་མི་སྲིད། འོ་ན་ཁྱེད་ཀྱི་རྣམ་ཤེས་དེ་གང་ནས་བྱུང་བ་རེད་དམ་ཞེས་དྲིས་ན། མི་མང་ཆེ་བས་ཕལ་ཆེར་རང་གི་རྣམ་ཤེས་དེ་ཨ་མའི་ཁོག་ནས་སྐྱེ་བའི་ཉིན་མོ་དེ་ནས་བྱུང་ཞེས་ཤོད་བཟོ་ཡོད། འོན་ཀྱང་དེ་འདྲ་མིན་ཏེ་ཨ་མའི་ཁོག་པའི་ནང་ཟླ་དགུ་ངོ་བཅུ་གནས་ཚང་གཡར་རིང་ཚ་གྲང་གི་སྡུག་བསྔལ་ཧ་ཅང་མང་པོ་མྱོང་དགོས་པ་དཔེར་ན་ཨ་མས་ལྟོ་ཆས་ཚ་པོ་ཟ་དུས་ཚ་བའི་སྡུག་བསྔལ་དང༌། ལྟོ་ཆས་གྲང་མོ་ཟ་དུས་གྲང་བའི་སྡུག་བསྔལ། ཨ་མས་ལམ་དུ་མཆོངས་རྒྱག་རྒྱག་དུས་གཡང་དུ་ལྷུང་བའི་སྡུག་བསྔལ། ཨ་མས་ཐོག་ཁར་འཛེགས་དུས་རང་གི་དངོས་པོ་ཆེན་པོ་ཞིག་ཡར་བཀྱག་པ་ལྟ་བུའི་སྡུག་བསྔལ། ཨ་མ་ལྟོ་ཟ་རྒྱུ་མང་དྲགས་ན་རང་ཉིད་རི་ཆེན་པོ་ཞིག་གིས་མནན་པ་ལྟ་བུའི་སྡུག་བསྔལ་སོགས་ཚོར་བ་དེ་འདྲ་ཡོང་གི་ཡོད་པ་མ་ཟད། སྐྱེ་བའི་སྐབས་སུའང་ཨ་མའི་ཁོག་པའི་ནང་ནས་མགོ་རྟིང་ལོག་རྗེས་རང་གི་ཤུགས་དང་ཨ་མའི་ཤུགས་གཉིས་ཀས་དེད་དེ་རང་གི་ལུས་པོ་དེ་ལྕགས་ཀྱི་བུ་ག་ཆུང་ཆུང་ཞིག་ནང་བཙིར་ནས་མར་འཐེན་པ་ལྟ་བུའི་སྡུག་བསྔལ་ཡོད་སྟབས་སྐྱེ་མ་ཐག་སྐད་ཤུགས་གང་ཡོད་ཀྱིས་ངུ་བ་དེ་སྡུག་བསྔལ་དེ་དངོས་སུ་ཚོར་སྣང་ཡོང་གི་ཡོད་པའི་རྟགས་ཡིན་པར་བརྟེན་ཨ་མའི་ཁོག་ནང་དུ་ཡོད་དུས་ནས་རྣམ་ཤེས་མེད་ན་ཚོར་བ་དེ་དག་ཡོང་ཐབས་མེད་པས་ཚོར་བ་ཡོང་རྒྱུའི་རྣམ་ཤེས་དེ་ལ་ཁོ་དང་རིགས་མཐུན་པའི་རྣམ་ཤེས་ཤིག་ཡོད་དགོས་པ་ལས་རྒྱུ་རྐྱེན་གང་ཡང་མེད་པར་གློ་བུར་དུ་བྱུང་བ་ཞིག་མིན།

འོ་ན་ཨ་མའི་ཁོག་པའི་ནང་ཡོད་པའི་ཕྲུ་གུ་དེའི་རྣམ་ཤེས་དེ་ལ་རྒྱུ་ཞིག་ངེས་པར་ཡོང་སྲིད་ལ་དེ་ཡང་རིགས་མི་འདྲ་བའི་རྒྱུ་ཞིག་རྩ་བ་ནས་མིན་པས་ཡང་སྙིང་རིགས་འདྲ་བའི་རྒྱུ་དེ་ཕ་མ་གཉིས་ཀྱི་ཁོག་ཏུ་ཡོད་དང་ཡང་ན་དེ་མིན་གང་དུ་ཡོད་ཅེ་ན། དེ་ནི་རང་གི་རྣམ་ཤེས་ཀྱི་རྒྱུ་ཞིག་ལས་ཕ་མ་གཉིས་ཀྱི་ལུས་ཐོག་ནས་བྱུང་བ་ཞིག་མིན། དེས་ན་ད་ལྟའི་རང་གི་རྣམ་ཤེས་དེའི་རྒྱུ་དེ་སུའི་རྣམ་ཤེས་ཡིན་ནམ་ཞེ་ན། དེའི་རིག་པ་ཧ་ཅང་གཏིང་ཟབ་པོ་ཡོད་དེ་ཨ་མའི་ཁོག་པའི་ནང་གི་ཕྲུ་གུ་དེའི་རྣམ་ཤེས་ཀྱི་རྒྱུ་དེ་རང་དང་རིགས་འདྲ་བ་ཞིག་ཡིན་པ་ལས་རིགས་མི་འདྲ་བ་ལ་བརྟེན་ནས་ཡོང་མི་སྲིད་ལ། རིགས་འདྲ་བའི་རྒྱུ་ནི་རྣམ་ཤེས་ཤིག་རང་ལས་རྣམ་ཤེས་མིན་པའི་རྒྱུ་ཞིག་གིས་རྣམ་ཤེས་ཀྱི་རྒྱུ་བྱེད་མི་ཐུབ་པ་དཔེར་ན་ལྕགས་ལ་ལྕགས་ཆགས་ཐུབ་པའི་རྒྱུ་ཞིག་དང་གྲོ་ལ་གྲོ་ཆགས་ཐུབ་པའི་རྒྱུ་ཞིག་དགོས་པ་ལྟར་རྣམ་ཤེས་ལ་རྣམ་ཤེས་ཆགས་ཐུབ་པའི་རྒྱུ་ཞིག་དགོས་པ་ལས་རྣམ་ཤེས་མ་ཡིན་པ་ཞིག་རྣམ་ཤེས་ཀྱི་རྒྱུ་ལ་བསྒྱུར་ཏེ་རྣམ་ཤེས་ཆགས་པ་ཞིག་རྩ་བ་ནས་ཡོང་མི་སྲིད། དེས་ན་རང་གི་རྣམ་ཤེས་དེའི་རྒྱུ་རྣམ་ཤེས་ཤིག་ཡིན་པ་གཏན་འཁེལ་རེད། འོ་ན་རྣམ་ཤེས་དེ་པ་ཕའི་རྣམ་ཤེས་ཡིན་དང༌། ཨ་མའི་རྣམ་ཤེས་ཡིན། ཡང་ན་ཕ་མ་ཟུང་གི་རྣམ་ཤེས་བསྡོམས་ནས་བྱུང་བ་ཡིན་ནམ་ཞེ་ན། དེ་ཕ་མ་གཉིས་ཀ་དང་འབྲེལ་བ་མེད་པར་སོ་སོ་རང་གི་རྣམ་ཤེས་ཡིན་ཏེ་དཔེར་ན་པ་ཕའི་རྣམ་ཤེས་ལས་བྱུང་བ་ཡིན་ན་པ་ཕ་རིག་པ་སྐྱོ་པོ་གང་ཡང་མི་ཤེས་མཁན་ཞིག་ལ་ཕྲུ་གུ་ཡང་དེ་དང་འདྲ་བ་ཞིག་ཡོད་དགོས་པ་དང༌། གལ་ཏེ་ཨ་མའི་རྣམ་ཤེས་ནས་བྱུང་བ་ཡིན་ན་ཨ་མ་ཞེ་སྡང་དང་ང་རྒྱལ་ཚ་པོ་ཡོད་པ་ཞིག་ལ་ཕྲུ་གུ་ཡང་དེ་དང་འདྲ་བ་ཞིག་དགོས་པས་དེ་ནི་གཏན་འཁེལ་མེད། དེར་བརྟེན་རྣམ་ཤེས་དེ་རང་གི་རྣམ་ཤེས་ཡིན་པ་བརྗོད་མི་དགོས།

དེ་ལ་རྒྱུ་མཚན་ལྔ་ཡོད། ༡. རང་གི་ལུས་པོ་དེ་རྣམ་ཤེས་ཆགས་རྒྱུའི་རྒྱུ་མིན་པ། ༢. ཕ་མའི་ལུས་པོ་དེ་ཡང་རང་གི་རྣམ་ཤེས་ཆགས་རྒྱུའི་རྒྱུ་མིན་པ། ༣. དབུགས་ནི་རྣམ་ཤེས་ཆགས་རྒྱུའི་རྐྱེན་ཡིན་པ་ལས་རྒྱུ་མིན་པ། ༤. མ་ཡི་མངལ་དུ་ཉིང་མཚམས་སྦྱར་བའི་སྐབས་ཀྱི་རྣམ་ཤེས་དེ་ལ་རིགས་འདྲ་སྔ་མ་ཡོད་པ། ༥. འཆི་ཁའི་དུས་ཀྱི་སེམས་དེས་རྣམ་ཤེས་ཕྱི་མ་མཚམས་སྦྱོར་བྱེད་པ་བཅས་ཡིན།

༡. རང་གི་ལུས་པོ་དེ་རྣམ་ཤེས་ཆགས་རྒྱུའི་རྒྱུ་མིན་པ་ནི། རྒྱུ་དང་རྐྱེན་ཞེས་ཁག་གཉིས་ཡོད་པ་ལས་རྣམ་ཤེས་ཆགས་རྒྱུའི་རྒྱུ་དེ་ལུས་མིན། འོན་ཀྱང་རྐྱེན་དེ་ལུས་ཡིན། རྒྱུ་དང་རྐྱེན་གཉིས་དབྱེ་བ་ཡོད་པ་དེ་ཚད་མ་རྣམ་འགྲེལ་སློབ་ཁྲིད་བྱེད་སྐབས་ཞུས་ཟིན་པ་ལྟར་ཡིན། དཔེར་ན་མར་བཏབ་པའི་སོན་དེ་འབྲུ་ཡིན་ན་ཡར་སྐྱེ་རྒྱུ་དེའང་འབྲུ་ཡིན་པས་ཡར་སྐྱེ་རྒྱུའི་སོན་འབྲུ་དེ་རྒྱུ་ཡིན་ལ། སོན་དེ་ལ་བརྟེན་ནས་འབྲས་བུ་ཡོང་དགོས་ན་ས་དང༌། ཆུ། ལུད། དྲོད་བཅས་ཀྱི་ཆ་རྐྱེན་འཛོམས་དགོས་པས་དེ་དག་ནི་རྐྱེན་ཡིན། རྐྱེན་ཡོད་ནའང་རྒྱུ་མེད་ན་འབྲས་བུ་ཡོང་ཐབས་མེད་ལ། རྒྱུའི་ངོ་བོ་དེ་འབྲས་བུའི་ངོ་བོར་འགྱུར་དགོས་པར་བརྟེན་རིགས་མི་འདྲ་བའི་རྒྱུ་དེ་རིགས་མི་འདྲ་བའི་འབྲས་བུའི་ངོ་བོ་ལ་འགྱུར་ཐུབ་ཐབས་མེད་སྟབས། རྒྱུ་དེ་རང་དང་རིགས་འདྲ་བའི་རྒྱུ་དེ་རིགས་མི་འདྲ་བའི་འབྲས་བུའི་ངོ་བོ་ལ་འགྱུར་ཐུབ་པ་ཞིག་དགོས་པ་ཡིན། དཔེར་ན་ནས་བཏབ་ནས་ནས་སྐྱེ་བ་དང༌། འབྲས་བཏབ་ན་འབྲས་སྐྱེ་བ་ལས་ནས་བཏབ་ན་གྲོ་སྐྱེ་བ་དང་འབྲས་བཏབ་ན་སྲན་མ་སྐྱེ་བ་སོགས་ཀྱི་དཔེ་མེད། དཔེར་ན་ཞིང་ཁ་དང༌། ཆུ། ལུད། དྲོད་སོགས་ཀྱི་ཆ་རྐྱེན་ཚང་མ་འཛོམས་ནའང་སོན་མེད་ན་འབྲས་བུ་ཡོང་ཐབས་མེད། དེ་རྒྱུ་མཚན་གང་ཡིན་ཞེ་ན། སོན་དེ་ལ་བརྟེན་ནས་རང་དང་རིགས་འདྲ་བའི་འབྲས་བུ་ཞིག་ཆགས་དགོས་པས་ཡིན། དེར་བརྟེན་རྒྱུ་དང་འབྲས་བུ་གཉིས་རིགས་མི་འདྲ་བ་ཞིག་ཡིན་ན་རྒྱུ་དེ་ལ་བརྟེན་ནས་འབྲས་བུ་དེ་ཡོང་མི་ཐུབ། དེས་ན་ལུས་པོ་དེ་ཡང་རྣམ་ཤེས་ཆགས་རྒྱུའི་རྐྱེན་ཡིན་པ་ལས་རྒྱུ་མིན་ཏེ་རང་གི་ལུས་པོ་དེ་རྣམ་ཤེས་ཆགས་རྒྱུའི་རྒྱུ་ཡིན་ན་རང་ཤི་ཚར་བའི་རྗེས་སུ་རང་གི་ལུས་པོ་བསྡད་ཡོད་ནའང་རྣམ་ཤེས་དེ་ལུས་པོ་དང་ཁ་བྲལ་ཟིན་པས་གལ་ཏེ་ལུས་པོ་དེ་རྣམ་ཤེས་ཆགས་རྒྱུའི་རྒྱུ་ཡིན་ན་ལུས་པོ་གར་ཡོད་སར་རྣམ་ཤེས་ཡོད་དགོས་པས་དེ་མེད། དེར་བརྟེན་ལུས་པོ་དེ་རྣམ་ཤེས་ཆགས་རྒྱུའི་རྒྱུ་མིན་པའི་རྒྱུ་མཚན་དང་པོ་དེ་ཡིན། རྒྱུ་མཚན་གཉིས་པ་ནི་རང་གི་ལུས་པོ་དེ་རྣམ་ཤེས་ཆགས་རྒྱུའི་རྒྱུ་ཡིན་ན་ལུས་སྟོབས་ཆེ་བར་རྣམ་ཤེས་སྟོབས་ཆེ་བ་དང༌། ལུས་སྟོབས་ཆུང་བར་རྣམ་ཤེས་སྟོབས་ཆུང་བ། ལུས་སྟོབས་ཆེ་ན་རིག་པ་ཡག་པ་དང༌། ལུས་སྟོབས་ཆུང་ན་རིག་པ་ཞན་པ་ཡོང་དགོས་སྟབས་དེ་ཡང་ངེས་པ་མེད་པས་རང་གི་ལུས་པོ་དེ་རྣམ་ཤེས་ཆགས་རྒྱུའི་རྒྱུ་མིན་པའི་རྒྱུ་མཚན་གཉིས་པ་དེ་ཡིན། ཡང་རང་གི་དབང་པོ་ལྔ་དེ་རྣམ་ཤེས་ཆགས་རྒྱུའི་རྒྱུ་མིན་ནམ་སྙམ་ན་དེ་ཡང་མིན་ཏེ་ལོང་བ་དང་འོན་པ་ལའང་རྣམ་ཤེས་ཡོད་པས་དེ་ནི་རྒྱུ་མཚན་གསུམ་པ་ཡིན།

༢. ཕ་མའི་ལུས་པོ་དེའང་རང་གི་རྣམ་ཤེས་ཆགས་རྒྱུའི་རྒྱུ་མིན་པ་ནི། ཕ་མའི་སེམས་ལ་སྐྱོན་དང་ཡོན་ཏན་གང་ཡོད་པ་ལྟར་བུ་ཕྲུག་ལའང་ཡོད་དགོས་པས་དེ་ནི་ངེས་པ་གཏན་ནས་མེད་པ་དང༌། ཕ་མ་གཅིག་ལས་སྐྱེས་པའི་བུ་ཕྲུག་ལའང་སྐྱོན་དང་ཡོན་ཏན་ཆེ་ཆུང་དང༌། ཤེས་རིག་གསལ་མི་གསལ་སོགས་ཀྱི་ཁྱད་པར་དཔག་ཏུ་མེད་པ་ཡོད།

༣. དབུགས་ནི་རྣམ་ཤེས་ཆགས་རྒྱུའི་རྒྱུ་མིན་པ་སྟེ། དབུགས་འགྲོ་འོང་གི་ཆ་ལ་སྐྱོན་གང་ཡང་མེད་པར་གཅིག་མཚུངས་ཡིན་ཀྱང༌། ཤེས་རིག་གསལ་མི་གསལ་དང༌། ཡོན་ཏན་ཆེ་ཆུང་སོགས་ཀྱི་ཁྱད་པར་ཆེན་པོ་ཡོད་པ་དང༌། དབུགས་ཀྱི་འགྲོ་འོང་རྒྱུན་ལྡན་ཡིན་ཡང་ཚོར་བ་ཉམས་པ་དང༌། དྲན་པ་ཉམས་ནས་སྨྱོ་བ་དེ་འདྲའང་མང་པོ་མཐོང་རྒྱུ་ཡོད། གལ་ཏེ་དབུགས་དེ་རྣམ་ཤེས་ཀྱི་རྒྱུ་ཡིན་ན་དབུགས་རྟག་ཏུ་ཕར་གཏོང་ཚུར་ལེན་བྱེད་ཀྱི་ཡོད་པས་དབུགས་ཕར་གཏོང་ཚུར་ལེན་བྱེད་ཐེངས་རེར་རྣམ་ཤེས་ཀྱང་བརྗེ་ལེན་ཐེངས་རེ་བྱེད་དགོས་ཤིང༌། དེ་འདྲ་ཡིན་ན་དབུགས་ཀྱི་གྲངས་དང་མཉམ་པའི་རྣམ་ཤེས་གསར་པ་ཡོང་དགོས་ལ་ཡོན་ཏན་སློབ་སྦྱོང་བྱེད་རྒྱུ་ལ་ཆ་བཞག་ནའང་ཉིན་རེ་ཉིན་རེ་བརྗེད་འགྲོ་བ་ལས་གསོག་འཇོག་བྱེད་ཐུབ་ཐབས་མེད་པ་མཐོང་ཆོས་སུ་གྱུར་པས་ན་དབུགས་ཀྱི་འགྲོ་འོང་ནི་རྣམ་ཤེས་ཀྱི་རྒྱུ་མིན།

༤. མ་ཡི་མངལ་དུ་ཉིང་མཚམས་སྦྱར་བའི་སྐབས་ཀྱི་རྣམ་ཤེས་དེ་ལ་རིགས་འདྲ་སྔ་མ་ཡོད་པ་སྟེ། རང་ཉིད་ཐོག་མ་ཨ་མའི་ཁོག་ཏུ་འཁོར་མ་ཐག་པའི་རྣམ་ཤེས་སྐད་ཅིག་དང་པོ་དེ་ལ་རྒྱུ་ཞིག་ངེས་པར་ཡོད་དགོས་ཤིང༌། རྒྱུ་དང་རྐྱེན་མེད་པར་བྱུང་བ་ཞིག་གཏན་ནས་མིན། རང་ཉིད་མ་ཡི་མངལ་དུ་འཁོར་མ་ཐག་པའི་རྣམ་ཤེས་སྐད་ཅིག་དང་པོ་དེ་ལ་རང་དང་རིགས་འདྲ་བའི་རྒྱུ་ཞིག་ཡོད། རང་དང་རིགས་འདྲ་བའི་རྒྱུ་ཞིག་ལ་བརྟེན་ནས་བྱུང་བ་ཡིན་པས་རྒྱུ་དེ་ག་དུས་བྱུང་བ་དང་གང་ནས་བྱུང་བ་ཡིན་ནམ་ཞེ་ན་དེ་ཡང་གློ་བུར་དུ་བྱུང་བ་ཞིག་མིན། ཡང་དཔེར་ན་རང་ཉིད་མི་ལུས་ལེན་དགོས་ན་ཕ་མ་གཉིས་ཀ་མི་ཡིན་དགོས་པ་ལས་དུད་འགྲོའི་རིགས་ལ་སྐྱེ་མི་སྲིད། འོན་ཀྱང་པ་ཕ་བོང་བུ་དང་ཨ་མ་རྟ་ཡིན་ན་དྲེའུ་སྐྱེ་བ་དེ་ནི་ཕ་དེ་ཕྲུ་གུ་དེའི་ཐུན་མོང་མ་ཡིན་པའི་རིགས་ཆགས་རྒྱུའི་རྒྱུ་ཡིན་པ་དང་མ་ནི་རྐྱེན་ཡིན། རྣམ་ཤེས་ནི་གཟུགས་སྒྲ་དྲི་རོ་སོགས་ཚང་མ་མི་ལྡན་པ་ཞིག་ཡིན་ནའང་གསོན་ཉམས་ལྡན་པ་དང༌། ནུས་པ་ཆེ་བ། ཕྱི་རོལ་ཡུལ་གྱི་ངོ་བོ་དང་སྣང་ཚུལ་ངོས་འཛིན་ཐུབ་མཁན་ཞིག་ཡིན་པས་གློ་བུར་དུ་ཡོང་མི་སྲིད་པར་དེ་ལ་རང་དང་རིགས་འདྲ་བའི་རྒྱུ་སྔོན་མ་ཞིག་གཏན་གཏན་ཡོད། དཔེར་ན་ཐོག་མ་ཕ་མ་གཉིས་ཀྱི་ས་བོན་གྱི་ནང་དུ་རང་གི་རྣམ་ཤེས་དེ་ཞུགས་མ་ཐག་རང་གི་ལུས་པོ་དེ་ཆུ་འཁོལ་མའི་ནང་བཙོས་པ་ལྟ་བུའི་ཚོར་སྣང་ཡོང་གི་ཡོད་པས་རྣམ་ཤེས་མེད་ན་ཚོར་སྣང་ཡོང་མི་ཤེས་ལ་མའི་མངལ་དུ་ཕྲུ་གུས་འགུལ་སྐྱོད་བྱེད་པ་དེ་ཡང་རྣམ་ཤེས་ཡོད་པས་ཡིན། དེས་ན་རྣམ་ཤེས་གསར་པ་དེ་ལ་རང་དང་རིགས་འདྲ་བའི་རྒྱུ་ཞིག་ངེས་པར་ཡོད་པར་བརྟེན་དེ་ཐོག་ནས་སྐྱེ་བ་སྔོན་མ་ཡོད་པ་མཚོན་པ་ཡིན་ཟེར།

༥. འཆི་ཁའི་དུས་ཀྱི་སེམས་དེས་རྣམ་ཤེས་ཕྱི་མ་མཚམས་སྦྱོར་བྱེད་པ་སྟེ། སྐྱེ་བ་སྔོན་མ་རྣམ་ཤེས་ཡོད་པ་གཏན་འཁེལ་བ་ཡིན་སྟབས་ད་ལྟའི་རྣམ་ཤེས་དེའང་སྐྱེ་བ་རྗེས་མར་འགྲོ་རྒྱུ་ཡིན་པ་ངེས་གཏན་རེད། གོང་དུ་སྐྱེ་བ་སྔ་མ་ཡོད་པའི་རྒྱུ་མཚན་བཞི་བཤད་རྗེས་ད་ལྟའི་རྣམ་ཤེས་དེ་ཚེ་རྗེས་མར་འགྲོ་རྒྱུ་ཡོད་པ་གཏན་འཁེལ་བ་རེད། འོ་ན་རྣམ་ཤེས་དེ་རང་གི་ལུས་པོའི་ཐོག་ཏུ་གནས་ཡོད་ན་ལུས་པོ་འཐོར་དུས་རྣམ་ཤེས་ཀྱང་འཐོར་འགྲོ་བས་དེ་ཟུར་དུ་གནས་དགོས་པའི་རྒྱུ་མཚན་མི་འདུག་སྙམ་ཚེ་དེ་ནི་དེ་འདྲ་མ་ཡིན་པར་དཔེར་ན་སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་ཞིག་ལ་ཆ་བཞག་ནའང་ཤི་ཁར་རང་གི་ལུས་སེམས་ལ་ཆགས་ཞེན་མེད་མཁན་རྩ་བ་ནས་མེད་དེ་རང་གཙོ་བོ་བྱེད་པའི་སྒེར་སེམས་དེ་ཡོད་ཕྱིན་རང་འཇིག་རྟེན་འདི་ནས་ཁ་བྲལ་ཁར་རང་གི་ལུས་རྟེན་དེར་ཆགས་ཞེན་སྐྱེས་ནས་སེམས་སྐྱོ་ལྷང་ལྷང་མི་བྱེད་མཁན་ཡོང་མི་སྲིད་ཅིང༌། སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་ཞིག་ཡིན་ནའང་རང་གི་ལུས་པོ་ལ་ཆགས་ཞེན་མེད་མཁན་མེད། དེ་ནི་འཇིག་རྟེན་འདིའི་ཐོག་སྲོག་ཆགས་ཆེ་ཆུང་ཚང་མ་གཅིག་མཚུངས་ཡིན། ཆགས་ཞེན་བྱེད་པ་དེ་སྐྱེ་བ་རྗེས་མར་འགྲོ་བའམ་རྣམ་ཤེས་རྗེས་མ་ཡོང་བའི་རྒྱུ་ཡིན་ཏེ་རང་གཙོ་བོ་བྱེད་པའི་སྒེར་སེམས་དེ་མེད་པ་བཟོ་མ་ཐུབ་བར་སྐྱེ་བ་ཡང་ནས་ཡང་དུ་ལེན་དགོས་པར་བརྟེན་སྐྱེ་བ་ལེན་མི་དགོས་པ་ཞིག་བྱེད་དགོས་ན་རང་གཙོ་བོ་བྱེད་པའི་སྒེར་སེམས་དེ་རྩ་བ་ནས་མེད་པ་བཟོ་དགོས། དེ་བཟོ་ཐུབ་ན་འཁོར་བའི་སྡུག་བསྔལ་ལས་ཐར་ཏེ་བཅིངས་འགྲོལ་ཐོབ་པ་ཡིན་ཟེར།

གཞན་ཡང་དངོས་པོ་གང་འདྲ་ཞིག་ཡིན་ནའང་དང་པོ་སྐྱེ་བ་དང༌། བར་དུ་གནས་པ། མཐའ་མ་འཇིག་པ་ཞེས་པ་དེ་གང་འདྲ་ཞིག་ཡིན་ནམ་ཞེ་ན་མཐའ་མ་འཇིག་པ་ཟེར་བ་དེ་རྒྱུན་ཆད་དེ་རྩ་བ་ནས་མེད་པར་འགྱུར་བའི་དོན་མིན་ཏེ་དཔེར་ན་ཤིང་ལ་ཆ་བཞག་ན་མེར་བསྲེགས་རྗེས་ཁག་ཅིག་སོལ་བ་དང་ཁག་ཅིག་ཐལ་བར་གྱུར་ཐོག ཡང་སོལ་བ་དེ་མེར་བསྲེགས་ཏེ་ཐལ་བར་འགྱུར་ནའང་དེའི་རྒྱུན་དེ་གཏན་ནས་ཆད་མེད། འོ་ན་ས་གཞི་རིལ་མོ་འདིའི་ཐོག་གི་སྲོག་ཆགས་རྣམས་གོ་ལ་འདི་གའི་ཐོག་གློ་བུར་གསར་དུ་བྱུང་བ་ཡིན་ནམ་གཞན་ནས་ཡོང་བ་ཡིན་ཞེ་ན། དེའི་ཐད་སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལྟར་ན་གོ་ལ་འདིའི་ཐོག་གསར་དུ་བྱུང་བ་ཞིག་ཡིན། འོན་ཀྱང་སྔར་མེད་གསར་སྐྱེས་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་འཇིག་རྟེན་གཞན་ནས་ཚེ་འཕོས་པ་ཞིག་ཡིན་ཟེར། དེའི་རྒྱུ་མཚན་ནི་གོང་དུ་ཞུས་ཟིན་པ་དེ་དག་ཡིན། དཔེར་ན་ས་གཞི་རིལ་མོ་འདིའི་ཐོག་ཏུ་ས་དང༌། ཆུ། ཤིང༌། ལྕགས། རྡོ་ལ་སོགས་པའི་དངོས་པོ་དེ་རྣམས་ནི་འབྱུང་བ་ལྔ་ཡི་རྡུལ་ཕྲན་ཚོགས་པ་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན་པ་དང༌། མི་ཡང་འབྱུང་བ་ལྔ་ཡི་རྡུལ་ཕྲན་ཚོགས་པ་ལ་བརྟེན་ནས་བྱུང་བ་ཡིན་ལ་ལུས་པོ་དང་འབྲེལ་བ་ཡོད་པའི་རྣམ་ཤེས་དེའང་རང་དང་རིགས་འདྲ་བའི་དངོས་པོ་ཞིག་ལ་བརྟེན་ནས་བྱུང་བ་ལས་རྣམ་ཤེས་མེད་པའི་དངོས་པོ་གཅིག་ནས་རྣམ་ཤེས་ཡོད་པའི་དངོས་པོ་ཞིག་ཡོང་ཐུབ་ཐབས་མེད་པས་རྣམ་ཤེས་ཀྱི་རྒྱུ་དེ་ལ་རྣམ་ཤེས་ཤིག་ངེས་པར་ཡོད་དགོས། དེར་བརྟེན་འཇིག་རྟེན་ཐོག་སྲོག་ཆགས་ཐོག་མ་ཆགས་ཡོང་དུས་དེའི་རྣམ་ཤེས་དེ་ཡང་དེ་དང་རིགས་འདྲ་བའི་རྣམ་ཤེས་ཤིག་ལ་བརྟེན་ནས་བྱུང་བ་ལས་གློ་བུར་དུ་རྣམ་ཤེས་མ་ཡིན་པ་ཞིག་གིས་རྒྱུ་བྱས་ནས་གསར་དུ་བྱུང་བ་ཞིག་མིན། སྐྱེ་བ་མང་པོར་གོམས་འདྲིས་བྱས་ཏེ་འཚང་རྒྱ་བ་ཟེར་བའི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་ཚུལ་དེ་ལ་དགག་པ་རྒྱག་ཆེད་ཕྱི་རོལ་མུ་སྟེགས་པས་སྐྱེ་བ་མང་པོར་གོམས་འདྲིས་བྱས་ཏེ་འཚང་རྒྱ་ཟེར་བ་དེ་མེད་པར་སྐྱེ་བ་གཅིག་རང་ཡིན་ཏེ་དེ་ཚར་ན་བཞུ་མར་ལ་ཕུ་བཏབ་པ་ཇི་བཞིན་གང་ཡང་མེད་ཅེས་ཟེར།

༥. ངན་སོང་གི་སྡུག་བསྔལ།

ངན་སོང་གི་སྡུག་བསྔལ་སྐོར་དེ་མིག་གིས་མཐོང་རྒྱུ་མེད་པའི་སྐད་ཆ་ཤ་སྟག་ཡིན་སྟབས་ཆོས་བྱེད་མཁན་ལ་མ་གཏོགས་ཆོས་མི་བྱེད་མཁན་ལ་ཕན་པ་དེ་ཙམ་མེད་པས་རྒྱས་པོ་ཞུ་གི་མིན། སྐྱེ་བ་སྔ་ཕྱི་ཡོད་པའི་དབང་དུ་བྱས་ན་ཡང་རང་ཉིད་གང་དུ་སྐྱེ་མིན་རང་དབང་ཡོད་ན་རང་གི་འདོད་པ་གང་ཡོད་ལྟར་སྐྱེ་བ་བླངས་ཆོག་པ་ཡིན་མོད། དེ་ལ་ནི་རང་དབང་གཏན་ནས་མེད་པར་རང་ཉིད་ཀྱིས་བྱས་ཤིང་བསགས་པའི་ལས་དཀར་ནག་གཉིས་སྟོབས་ཆེ་ཆུང་ལ་བརྟེན་ནས་སྐྱེ་བ་ལེན་དགོས། སྐྱེ་བ་ལེན་ཡུལ་ནི་འགྲོ་བ་རིགས་དྲུག་ལས་མེད། ལས་དགེ་བ་བཅུ་ལ་བརྟེན་ནས་བདེ་འགྲོར་(ལྷ་དང༌། ལྷ་མིན། མི་)སྐྱེ་བ་དང༌། ལས་མི་དགེ་བ་བཅུ་ལ་བརྟེན་ནས་ངན་སོང་གསུམ་(དམྱལ་བ། ཡི་དྭགས། དུད་འགྲོ་)དུ་སྐྱེ་བ་མ་གཏོགས་དེ་ལས་གོ་ལྡོག་སྟེ་སྐྱེས་པ་གཏན་ནས་མེད། རང་ཉིད་ད་ལྟ་མི་ལུས་ཐོབ་ནས་བླང་དོར་ཕྲན་བུ་ངོ་ཤེས་པའི་དུས་སྐབས་འདི་ལ་ཡང་ལས་མི་དགེ་བ་སྟོབས་ཆེ་ཞིང་དགེ་བ་ནི་རང་སྐྱེས་པ་ནས་ད་བར་དུ་གང་ཡང་བྱས་པ་དྲན་རྒྱུ་མེད་པས་སྐྱེ་བ་ཕྱི་མ་ངན་སོང་གསུམ་དུ་སྐྱེ་རྒྱུ་ཡིན་པར་ཐག་གིས་ཆོད་པ་དང༌། ངན་སོང་གསུམ་པོར་སྐྱེས་ན་སྡུག་བསྔལ་མ་གཏོགས་བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མེད་པ་ཡིན།

མུ་སྟེགས་པའི་ལྟ་ཚུལ་ལྟར་ན་སྐྱེ་བ་གང་དུ་ལེན་མིན་ཚང་མ་ལྷ་ཡིས་བཀོད་སྒྲིག་བྱས་པར་འདོད་ན་ཡང་ནང་པ་སངས་རྒྱས་པས་དེ་ནི་ལས་ཀྱིས་བཀོད་པ་ལས་ལྷས་བཀོད་སྒྲིག་བྱས་ཟེར་བ་ཁས་ལེན་གྱི་མེད་པས་ལྟ་ཚུལ་ཐ་དད་ཡིན། ལས་དེ་གང་འདྲ་ཞིག་ཡིན་ནམ་ཞེ་ན་ལས་བཟང་པོ་བྱས་ན་འབྲས་བུ་བཟང་པོ་དང་ལས་ངན་པ་བྱས་ན་འབྲས་བུ་ངན་པ་ཡོང་རྒྱུ་ཡིན་པས་ལས་དགེ་བའི་འབྲས་བུ་སྟོབས་ཆེ་བ་ཡོད་ན་ལྷ་དང་མི་ལ་སྐྱེ་བ་དང༌། ལས་མི་དགེ་བའི་འབྲས་བུ་སྟོབས་ཆེ་བ་ཡོད་ན་ཆེ་བར་དམྱལ་བ་དང༌། འབྲིང་བར་ཡི་དྭགས། ཆུང་བར་དུད་འགྲོ་བཅས་ལ་སྐྱེ་བར་འདོད་པ་ཡིན། འོ་ན། ངན་སོང་ལ་སྡུག་བསྔལ་ཇི་འདྲ་ཡོད། དེ་ཚོར་སྐྱེ་བའི་རྒྱུ་གང་ཡོད་ཞེ་ན། དེ་ཡང་ངན་སོང་གསུམ་ལས།

(༡) དམྱལ་བའི་སྡུག་བསྔལ།

དེ་ལ་ནང་གསེས་ཀྱི་དབྱེ་བ་བཞི་སྟེ། ༡. ཚ་དམྱལ། ༢. ཉེ་འཁོར་བའི་དམྱལ་བ། ༣. གྲང་དམྱལ། ༤. ཉི་ཚེ་བའི་དམྱལ་བ་བཅས་ཡིན།

༡. ཚ་དམྱལ་ནི། ས་སྟེང་འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་གི་འོག་ན་ཡང་སོས་ཡོད། དེའི་འོག་ནས་རིམ་བཞིན་དཔག་ཚད་བཞི་སྟོང་རེས་ཆོད་པ་ན་ཚ་དམྱལ་གཞན་བདུན་ཏེ་ཐིག་ནག་དང༌། བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་བཅས་ཡོད་ཅིང༌། འོག་ཐམས་ཅད་ལྕགས་སྲེག་གི་ས་གཞི་ལ། རང་གི་ལས་སྣང་ལས་གྲུབ་པའི་དམྱལ་བའི་སྲུང་མ་འཇིགས་སུ་རུང་བ་ཤ་སྟག་གིས་གནོད་ཅིང་འཚེ་བ། རང་གི་ལུས་ཀྱང་ཤིན་ཏུ་ཆེ་ཞིང༌། བྱིས་པ་གཞོན་ནུའི་ལུས་ལྟར་གཞོན་ཤ་དང་ལྡན་པ། ཚ་དམྱལ་བརྒྱད་པོའི་མེའི་ཚ་ཤུགས་མི་ཡུལ་དུ་ཡོད་པའི་མེ་ལས་ལྡབ་བརྒྱ་ཕྲག་གིས་ཆེ་བ་ཡོད་པ་བཅས་ནི་ཚ་དམྱལ་བརྒྱད་ཀྱི་ཐུན་མོང་གི་ཁྱད་ཆོས་ཡིན་ཟེར།

ཚ་དམྱལ་བརྒྱད་པོ་སོ་སོའི་སྡུག་བསྔལ་ནི།

jཡང་སོས། ཡང་ནས་ཡང་དུ་སོས་པ་སྟེ། རང་ཉིད་དང་ལས་མཐུན་པའི་སེམས་ཅན་རྣམས་དེར་སྐྱེས་པ་ན་ལས་ཀྱི་དབང་གིས་མཚོན་ཆ་ཐོགས་ཏེ་ཕན་ཚུན་གཅིག་ལ་གཅིག་བསྣུན་ནས་ས་ལ་འགྱེལ་བ་དང༌། ནམ་མཁའ་ནས་ཁྱོད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་མ་ཐག་ཏུ་སླར་ཡང་ལུས་སྔར་བཞིན་དུ་སོས་ནས་ཕན་ཚུན་མཚོན་ཆ་བསྣུན་རེས་བྱས་ཏེ་ཉིན་གཅིག་ལ་ཤི་ཐེངས་བརྒྱད་དང་སོས་ཐེངས་བརྒྱད་བྱེད་དགོས་པར་བྱེད་ཅིང༌། དེ་ལྟར་རང་གི་ཚེ་ཚད་མ་རྫོགས་བར་དུ་བྱེད་དགོས་ཀྱི་ཡོད་པ་དང༌། ཡང་སོས་པའི་ཚེ་ཚད་ཧྲིལ་པོ་ལ་མི་ལོ་ཁྲག་ཁྲིག་གཅིག་དང་ཐེར་འབུམ་ཆེན་པོ་དྲུག་ཐེར་འབུམ་གཉིས་ཡིན་པ་དང༌། ཚ་དམྱལ་བརྒྱད་ནང་ནས་ཚེ་ཐུང་ཤོས་ཡང་སོས་ཀྱི་ཞག་གཅིག་གི་ཡུན་ཚད་ལ་མི་ལོ་ས་ཡ་དགུ་ཡིན། དེར་སྐྱེ་བའི་རྒྱུ་ནི་དམག་འཁྲུག་ལ་དགའ་བ་དང་སྲོག་གཅོད་ལ་དགའ་བ། གཞན་གྱི་རྒྱུ་ནོར་རྐུ་བ། རབ་བྱུང་གི་ནང་ནས་ཉེས་པ་ཆུང་ཤོས་བཅས་དེར་སྐྱེ་བར་བཤད།

ཐིག་ནག དེར་སྐྱེས་པའི་སེམས་ཅན་རྣམས་ལ་དམྱལ་སྲུང་རྣམས་ཀྱིས་ལུས་ལ་ཐིག་ནག་པོ་བཏབ་ནས་དེའི་སྟེང་དུ་མཚོན་གྱིས་གཤག་པ་དང༌། ལྕེའི་སྟེང་དུ་རྨོན་པ་རྒྱག་པ་སོགས་ཡིན། དེར་སྐྱེ་བའི་རྒྱུ་ནི། བརྫུན་སྨྲས་ནས་གཞན་ལ་མགོ་བསྐོར་གཏོང་བ་དང་ཕན་ཚུན་བར་དཀྲུགས་ཤིང་བརྒྱབ་པ།

བསྡུས་འཇོམས། ལས་མཐུན་པའི་སེམས་ཅན་དམྱལ་བ་པ་རྣམས་ལས་ཀྱིས་གྲུབ་པའི་རི་སྲོག་ཆགས་ཀྱི་གདོང་པ་ཅན་གཉིས་ཀྱི་བར་དུ་བཙིར་བ་དང༌། ལྕགས་སྲེག་ལེབ་མོས་ལུས་སྣམ་བུ་ལྟར་སྒྲིལ་ནས་བསྡམས་པ། དེར་སྐྱེ་བའི་རྒྱུ་ནི། སྲོག་ཆགས་དུད་འགྲོའི་རིགས་ཀྱི་ལུས་པོ་བཙིར་ནས་གསོད་པ་དང༌། སྐེ་བཙིར་བཏང་ནས་གསོད་པ་སོགས།

ངུ་འབོད། དེར་སྐྱེས་པའི་སེམས་ཅན་རྣམས་ལྕགས་ཀྱི་ཁང་པ་མེ་འབར་བའི་ནང་དུ་སྲེག་ནས་ངུ་འབོད་ཀྱི་སྒྲ་ལྷང་ལྷང་སྒྲོགས་པ། དེར་སྐྱེ་བའི་རྒྱུ་ནི། གཞན་ལ་ཆང་སྟེར་བ་དང༌། ཆང་འཚོང་བ། རབ་བྱུང་ལ་ཆང་འཐུང་དུ་བཅུག་པ་སོགས།

ངུ་འབོད་ཆེན་པོ། ལྕགས་ཀྱི་ཁང་པ་ཕྱི་ནང་གཉིས་ཡོད་པའི་ནང་བཅུག་ནས་མེར་སྲེག་བཏང་སྟེ་སྡུག་བསྔལ་སྔ་མ་ལས་ཆེ་བ། དེར་སྐྱེ་བའི་རྒྱུ་ནི། གཞན་གྱི་བུད་མེད་ལ་ལོག་གཡེམ་བྱས་པ་དང༌། ལྷ་ཁང་གི་ནང་དང༌། ཕ་མ། དགེ་རྒན་བཅས་ཀྱི་མདུན་དུ་འཁྲིག་སྤྱོད་བྱས་པ། རབ་བྱུང་ཁྱིམ་པར་བབས་སུ་བཅུག་པ་སོགས།

ཚ་བ། དེར་སྐྱེ་པའི་སེམས་ཅན་རྣམས་དཔག་ཚད་མང་པོ་ཡོད་པའི་ཁྲོ་ཟངས་ཀྱི་ནང་དུ་སྲེག་པ་དང༌། བཙོས་པ། ལྕགས་ཀྱི་མདུང་རྩེ་གཅིག་པ་མེ་འབར་བའི་སྟེང་དུ་ལུས་པོ་བསྐྱོན་པ་སོགས་ཀྱི་སྡུག་བསྔལ་མྱོང་དགོས་པ། དེར་སྐྱེ་བའི་རྒྱུ་ནི། སྲོག་ཆགས་གསོན་པོར་སྲེག་པ་དང་བཙོས་པ། རབ་བྱུང་གིས་བུ་དང་བུ་མོ་གཉེན་སྒྲིག་བྱེད་དུ་འཇུག་པ། བུད་མེད་ལ་འཁྲིག་ཚིག་སྨྲ་བ། བུས་བུ་ལ་ཆགས་པ་སྤྱོད་པ་སོགས།

རབ་ཏུ་ཚ་བ། དེར་སྐྱེས་པའི་སེམས་ཅན་རྣམས་ལྕགས་ཀྱི་གསལ་ཤིང་རྩེ་གསུམ་པའི་སྟེང་དུ་ལུས་པོ་བསྐྱོན་ནས་འཇོག་པ་དང༌། ལྕགས་ཀྱི་འབྱེད་སྤྱད་ཀྱིས་ཁ་ཕྱེས་ནས་ཁྲོ་ཆུ་ཁོལ་མ་ཁ་ནང་དུ་བླུགས་ཏེ་རྒྱུ་མ་ནང་ཁྲོལ་སོགས་འཚིག་ནས་མེ་འབར་བཞིན་དུ་རོ་སྨད་ནས་ཐོན་པ་སོགས། དེར་སྐྱེ་བའི་རྒྱུ་ནི། མི་གསོད་པ་དང༌། གཞན་ལ་མ་ཉེས་ཁ་གཡོགས་བྱས་པ། རབ་བྱུང་གིས་བུད་མེད་བསྟེན་པ་དང༌། མི་ཆོས་བླ་མའི་རྫུན་སྨྲ་བ་སོགས། མནར་མེད། དེར་སྐྱེས་པའི་སེམས་ཅན་རྣམས་ལྕགས་ཀྱི་ཁང་པ་མེ་འབར་བ་དཔག་ཚད་མང་པོ་ཡོད་པའི་ནང་དམྱལ་བ་པ་རྣམས་ཀྱི་ལུས་དང་མེ་གཉིས་དབྱེར་མེད་དུ་འདྲེས་ནས་འབར་ཏེ་ངུ་བའི་སྐད་གོ་བར་བརྟེན་ནས་གཞི་ནས་སེམས་ཅན་ཡིན་པ་ཤེས་ཐུབ་ཙམ་ལས་མེད་པ་དང༌། ཚ་དམྱལ་བརྒྱད་ཀྱི་ནང་ནས་ཚེ་ཚད་རིང་ཤོས་ཡིན་ཏེ་བསྐལ་པ་གཅིག་(བསྐལ་པ་གཅིག་ལ་ལོ་དུང་ཕྱིར་མང་པོ་ཡོད་)གི་རིང་ལ་སྡུག་བསྔལ་མྱང་ནས་སྡོད་དགོས། དེར་སྐྱེ་བའི་རྒྱུ་ནི། རང་གི་བླ་མ་ལ་ཁོང་ཁྲོ་ཟ་བ་དང༌། སྐུར་བ་འདེབས་པ། ཕ་མ་ལ་ཁྲོས་ནས་ངན་སྨྲས་བྱེད་པ་དང༌། ལྟ་རྟོག་མི་བྱེད་པ། ལྷ་ཁང་དང་རྟེན་གསུམ་བཤིག་པ། རབ་ཏུ་བྱུང་བ་གསོད་པ། དགེ་འདུན་གྱི་སྡེ་ཕན་ཚུན་བར་དཀྲུགས་ཤིང་བྱས་པ་བཅས་ཡིན་པར་བཤད།

༢. ཉེ་འཁོར་བའི་དམྱལ་བ། ཚ་དམྱལ་གྱི་ཉེ་འཁོར་དུ་ཡོད་པའི་དམྱལ་བ་སྟེ། ཚ་དམྱལ་ལྟེ་བར་སྐྱེ་བའི་ལས་བསགས་མེད་ནའང་ལས་ཕྲན་བུ་ཟད་པའི་རིགས་དེར་སྐྱེ་བར་བཤད། དེ་ལ་རིམ་པ་བཞིན་དྲུག་ཡོད་དེ། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ།  སྤུ་གྲིས་གཏམས་པའི་ལམ། རལ་གྲི་ལོ་མའི་ནགས་ཚལ། ཤལ་མ་ལིའི་སྡོང་པོ། ཐལ་ཚན་གྱི་ཆུ་བོ་རབ་མེད་བཅས་ཡིན།

མེ་མ་མུར་གྱི་འོབས། ཚ་དམྱལ་ལྟེ་བའི་ཕྱི་རོལ་ཏུ་མེ་མ་མུར་ཏེ་མེ་མདག་གི་འོབས་ནང་མེ་མིག་གིས་མཐོང་རྒྱུ་མེད་ནའང་དེའི་སྟེང་གོམ་པ་སྤོས་ཚེ་རྐང་པ་མེ་མདག་ནང་ཤོར་འགྲོ་བ་དང་རྐང་བ་ཡ་གཅིག་ཡར་བཀྱག་རིང་ཡ་གཅིག་འཚིགས་ཏེ་དེ་ལྟར་ཕར་འགྲོ་ཚུར་འོང་མང་པོ་བྱས་ནས་སྡུག་བསྔལ་མྱོང་དགོས་པ།

རོ་མྱགས་ཀྱི་འདམ། མེ་མ་མུར་གྱི་ཕྱི་རོལ་ཏུ་མི་རོ་རུལ་པ་དྲི་ཅན་གྱིས་ཁེངས་པའི་འདམ་རྫབ་ནང་མིའི་རུས་པའི་གཏིང་ནས་ཟ་མཁན་འབུ་སོ་རྣོ་པོ་མང་པོ་ཡོད་པ་དེ་དག་གིས་ལུས་པོ་ཡོངས་རྫོགས་ཟ་བར་བྱེད་པ།

lསྤུ་གྲིས་གཏམས་པའི་ལམ། རོ་མྱགས་ཀྱི་འདམ་གྱི་ཕྱི་རོལ་ཏུ་རང་འགྲོ་སའི་ལམ་དེ་རྒྱང་རིང་ནས་རྩྭ་སྔོན་པོས་ཁེངས་པ་ལྟ་བུར་མངོན་ཡང་མདུན་དུ་སླེབས་སྐབས་ཚང་མ་གྲི་ཡིན་པས་ཕར་འགྲོ་ཚུར་འོང་བྱེད་སྐབས་སྤུ་གྲི་རྣོན་པོའི་སྟེང་དུ་རྐང་པ་བཞག་པ་ན་ལུས་ཀྱི་ཤ་པགས་ཐམས་ཅད་གཅོད་པ།

mརལ་གྲི་ལོ་མའི་ནགས་ཚལ། སྤུ་གྲིས་གཏམས་པའི་ལམ་གྱི་ཕྱི་རོལ་ཏུ་རྒྱང་ནས་ནགས་ཚལ་ཡིད་དུ་འོང་བ་མཐོང་སྟེ་དེར་སོང་བ་ན་ནགས་ཚལ་ཐམས་ཅད་གྲི་རྣོན་པོས་གང་བས་ལུས་ཐམས་ཅད་གཅོད་པར་བྱེད་པ།

nཤལ་མ་ལིའི་སྡོང་པོ། རལ་གྲི་ལོ་མ་ཅན་ནས་ཕྱི་རོལ་ཏུ་སོང་བ་ན་ཤིང་སྡོང་རི་ལྟ་བུ་ཞིག་གི་ཐོག་ཏུ་རལ་གྲི་དང་ཚེར་མས་ཁེངས་ཤིང༌། རང་ཉིད་གྱེན་དུ་འཛེགས་སྐབས་རལ་གྲི་དང་ཚེར་མ་རྣམས་ཁ་ཐུར་དུ་བལྟ་བ་དང༌། རང་ཉིད་ཐུར་དུ་བབ་སྐབས་རལ་གྲི་དང་ཚེར་མ་རྣམས་ཁ་གྱེན་དུ་གཏད་ཐོག རང་ཉིད་ཀྱི་འཆར་སྣང་ལ་རང་གི་སྔོན་མའི་དགའ་ཉེ་བློ་དགའ་ཚོས་རང་ཉིད་རི་རྩེར་སླེབས་སྐབས་རི་གཤམ་ནས་སྐད་གཏོང་བ་དང་རི་གཤམ་དུ་སླེབས་སྐབས་རི་རྩེ་ནས་སྐད་གཏོང་བ་ལྟ་བུ་བྱུང་སྟེ་ཡར་འཛེགས་མར་བབ་ཐེངས་མང་པོ་བྱས་ནས་ལུས་ཐམས་ཅད་དུམ་བུར་གཅོད་པ།

oཐལ་ཚན་གྱི་ཆུ་བོ་རབ་མེད། དེ་ནི་ཤལ་མ་ལིའི་ནགས་ཀྱི་ཕ་རོལ་ན་ཡོད་དེ་དེར་སེམས་ཅན་དེ་དག་འབྲས་བཙོས་པ་བཞིན་དུ་བཙོས་པ་དང་ལྕགས་ཀྱི་དྲ་བར་བཅུག་ནས་ལྕགས་བསྲེགས་ཀྱི་ས་གཞི་ལ་གན་རྐྱལ་དུ་བཞག་ནས་དམྱལ་བའི་སྲུང་མ་དག་གིས་ཅི་འདོད་དྲིས་པ་ན་བདག་ཅག་བཀྲེས་སོ་སྐོམ་མོ་ཞེས་སྨྲས་པར་ལྕགས་ཀྱི་ཐུ་ལུམ་མེ་འབར་བ་དང་ཟངས་ཞུན་ཁའི་ནང་དུ་བླུགས་པས་ཁ་དང་ལྐོག་མ་དང་རྒྱུ་མ་ཚང་མ་སྲེག་པའི་སྡུག་བསྔལ་མྱོང་དགོས། སྡུག་བསྔལ་འདི་དག་གི་རྒྱུ་ནི་བསླབ་པ་ཉམས་པ་དང༌། ལོག་འཚོ་སྤྱད་པ། ཆོས་ཀྱི་སྟེགས་འཇིག་པ། བག་ཕབ་ལ་གནོད་པ་བྱེད་པ། ཆུ་ལ་གནས་པའི་སྲོག་ཆགས་བསད་པ་སོགས་ཡིན་པར་བཤད་ཡོད།

༣. གྲང་དམྱལ། ཚ་དམྱལ་གྱི་གནས་ནས་བར་ཐག་དཔག་ཚད་ཁྲི་ཕྲག་རེའི་ཕ་རོལ་ན་གྲང་དམྱལ་བརྒྱད་པོ་རྣམས་འོག་ནས་སྟེང་དུ་བརྩེགས་ཏེ་གནས་ཤིང༌། ཕྱོགས་ཐམས་ཅད་མུན་པ་ཤིན་ཏུ་གནག་ཅིང་གངས་རིས་བསྐོར་བ། ཕྱོགས་བཞི་ནས་རླུང་ཤིན་ཏུ་གྲང་པ་ལྡང་ཞིང་ཁ་བ་བུ་ཡུག་འཚུབ་པ། འོག་གཞི་འཁྱགས་རོམ་གྱི་ཐང་དེ་ནས་གྲང་དམྱལ་གཞན་དག་གི་གངས་རིའི་རྩེ་བར་དཔག་ཚད་ཉིས་སྟོང་བཅས་གྲང་དམྱལ་རེ་རེ་ལ་རྒྱ་ཁྱོན་དང་མཐོ་ཚད་བསྡོམས་དཔག་ཚད་བཞི་སྟོང་ཡོད།

དེ་ལ་ནང་གསེས་ཀྱི་དབྱེ་བ་བརྒྱད་ཡོད། ཆུ་བུར་ཅན། ཧ་ཅང་གྲང་བའི་དབང་གིས་ལུས་ལས་ཆུ་བུར་(འཁྱགས་ཐོར་)སྐྱེས་ཏེ་སྐྲངས་པའི་སྡུག་བསྔལ། ཆུ་བུར་རྡོལ་བ། དེ་ལས་ཀྱང་གྲང་བའི་དབང་གིས་ཆུ་བུར་རྣམས་རྡོལ་ཏེ་རྣག་ཁྲག་འཛག་པ་དང་དེའི་སྟེང་དུ་འབུ་མཆུ་རྣོན་གྱི་རིགས་བབས་ནས་སོ་བཏབ་པའི་སྡུག་བསྔལ། ཨ་ཆུ་ཟེར་བ། སྔར་ལས་ཀྱང་གྲང་དུ་སོང་བའི་དབང་གིས་ཁ་ནས་ཨ་ཆུ་ཟེར་བའི་སྐད་ཙམ་ལས་འདོན་མ་ནུས་པ། ཀྱེ་ཧུད་ཟེར་བ། དེ་ལས་ཀྱང་གྲང་བའི་དབང་གིས་རྐན་གྱི་ཕུག་ནས་ཀྱེ་ཧུད་ཟེར་བའི་སྐད་ཆུང་ངུ་ཙམ་ལས་འདོན་མ་ནུས་པ། སོ་ཐམ་ཐམ་པ། དེ་ལས་ཀྱང་གྲང་བའི་དབང་གིས་ཁ་གདངས་ཙམ་བྱེད་པ་ལས་སྐད་ཆུང་ངུ་ཙམ་ཡང་འདོན་མི་ཐུབ་པ། ཨུཏྤལ་ལྟར་གས་པ། མེ་ཏོག་ཨུཏྤལ་ཏེ་སྤང་རྒྱན་མེ་ཏོག་ལ་ཟེར་ཞིང༌། འཁྱགས་ནས་ལུས་ཐམས་ཅད་སྔོན་པོར་སོང་ཐོག སྤང་རྒྱན་མེ་ཏོག་ལྟར་ཁ་ལྔའམ་དྲུག་ཏུ་གས་པ། པདྨ་ལྟར་གས་པ། སྔར་ལས་ཀྱང་གྲང་བས་ལུས་ཐམས་ཅད་དམར་པོར་གྱུར་ཏེ་ཁ་བཅུ་ཕྲག་ཁ་ཤས་སུ་གས་པ་དང་དེའི་སྟེང་དུ་འབུ་མང་བོ་འཁོར་ནས་ཁྲག་འཐུང་བ། པདྨ་ལྟར་ཆེར་གས་པ། སྔར་ལས་ཀྱང་ལྷག་པར་གྲང་བའི་དབང་གིས་ལུས་ཐམས་ཅད་ཤ་མོང་གི་སུལ་ལྟར་ཁ་བརྒྱ་སྟོང་མང་པོར་གས་པ་བཅས་ཡིན།

གྲང་དམྱལ་གྱི་ཚེ་ཚད། དམྱལ་བ་གྲང་དམྱལ་གྱི་ནང་ནས་ཚེ་ཐུང་ཤོས་དམྱལ་བ་ཆུ་བུར་ཅན་གྱི་ཚེ་ཚད་ནི་རྒྱ་གར་མ་ག་དྷའི་བྲེ་བོ་ཆེ་ཁལ་བརྒྱད་ཅུ་ཤོང་བ་ཞིག་གི་ནང་ཏིལ་བྱུར་བུར་བཀང་སྟེ་ལོ་བརྒྱ་རེའི་མཚམས་སུ་ཏིལ་རེ་ཕྱི་ལ་དོར་ནས་བང་བ་དེའི་ནང་གི་ཏིལ་ཡོངས་རྫོགས་ཟད་པའི་ཚོད་ཙམ་གྱི་ཚེ་ཚད་ཡིན་ཞིང༌། དེ་མིན་གྱི་གྲང་དམྱལ་གཞན་དག་རྣམས་རེ་རེ་བཞིན་ལྡབ་ཉི་ཤུས་རིང་བ་ཡིན་པར་བཤད།

གྲང་དམྱལ་དུ་སྐྱེ་བའི་རྒྱུ་ནི། དཀོན་མཆོག་གསུམ་དང༌། ལས་རྒྱུ་འབྲས། སྐྱེ་བ་སྔ་ཕྱི་བཅས་མེད་པར་འདོད་པ་དང༌། ཕ་མ་རྒན་འཁོགས་ལ་གོས་དྲོན་པོ་མ་གཡོགས་པར་འཁྱགས་ཧྲེང་བཏང་བ། སེམས་ཅན་གསོན་པོ་འཁྱགས་ཧྲེང་དུ་གཏོང་བ། གཞན་གྱི་གོས་འཕྲོག་པ་བཅས་ཡིན་པར་བཤད།

༤. ཉི་ཚེ་བའི་དམྱལ་བ། ཚ་དམྱལ་དང་གྲང་དམྱལ་ལས་སྡུག་བསྔལ་ཅུང་ཆུང་བ་ཡོད་པར་བཤད་ཅིང༌། གནས་ཡུལ་ནི་ཚ་དམྱལ་གྲང་དམྱལ་དང་ཐག་རིང་སའམ་མང་ཆེ་བ་བྱེ་མའི་ཐང་ཆེན་དང༌། མི་མེད་ལུང་སྟོང༌། རྒྱ་མཚོའི་ནང་དང༌། དེའི་འགྲམ་གྱི་གླིང་ཕྲན་སོགས་མི་ཡུལ་དུ་ཡོད་ཟེར། དེའི་བཟོ་དབྱིབས་ནི་ཀ་བ་ལྟ་བུའི་དམྱལ་བ་དང༌། ཁང་པ་ལྟ་བུའི་དམྱལ་བ། ཐག་པ་ལྟ་བུའི་དམྱལ་བ། ཤིང་ལྟ་བུའི་དམྱལ་བ། གཏུན་ལྟ་བུའི་དམྱལ་བ་སོགས་ཡོད༌། ཀ་བ་ལྟ་བུའི་དམྱལ་བ་ཟེར་བ་ནི་མ་གཞི་ཀ་བའི་བཟོ་དབྱིབས་ཡིན་པ་ལ་འགུལ་སྐྱོད་དང་སྐད་རྒྱག་རྒྱུ་ཡོད་པ་དང༌། སྐད་རྒྱག་པར་བརྟེན་ནས་སེམས་ཅན་ཡིན་པ་ཤེས་པ་ལས་ཕྱི་ངོས་ནས་ལྟ་དུས་ཀ་བ་རང་ཡིན་པ། ཁང་པ་ལྟ་བུའི་དམྱལ་བ་ནི་ཕྱི་ངོས་ནས་ལྟ་དུས་ཁང་བ་ཡིན་ནའང་ཁང་བའི་ནང་མི་རྩ་བ་ནས་མེད་པར་ཁང་བ་དེ་རང་གིས་མི་དང་འདྲ་བར་སྡུག་བསྔལ་གྱི་སྨྲེ་ངག་འདོན་པ། ཤིང་ལྟ་བུའི་དམྱལ་བ་ནི་དབྱིབས་ཤིང་སྡོང་ཡིན་པ་ལ་ལྷགས་པ་རྒྱག་སྐབས་ངུ་འབོད་བྱེད་པ་དང་ཤིང་སྡོང་གི་མགོ་ནས་མཇུག་བར་འབུས་ཁེངས་པ། གཞན་ཡང་ད་དུང་ཁ་ཤས་སར་ཉིན་མོ་གནས་ཚང་གཡར་ནས་བཟའ་ཚང་མཉམ་དུ་རུབ་རུབ་བསྡད་ས་ཡོད་པ་མ་ཟད། སྣེ་ལེན་ཡང་ཧ་ཅང་ཡག་པོ་བྱེད་ཀྱི་ཡོད་ན་ཡང་ས་རུབ་ཁར་བུད་མེད་ཁང་བ་ནས་ཕྱིར་འབུད་གཏོང་བ་དང༌། བུད་མེད་ཀྱིས་ཕྱི་ནས་བལྟ་སྐབས་ཁང་པར་མེ་འབར་བ་དང་ཁང་བའི་ནང་ཡོད་པའི་རང་གི་བཟའ་ཟླའི་གཟུགས་པོར་སྦྲུལ་ཆེན་པོ་ཞིག་གིས་འཐམས་ཐོག་མགོ་བོའི་རྩེ་ནས་ཁྲག་འཇིབ་པ་སོགས་མཐོང་ཞིང་། ཕྱི་ཉིན་ནམ་ལངས་རྗེས་སྔར་བཞིན་ཉིན་མོ་བཟའ་ཚང་རུབ་རུབ་བྱེད་ཆོག་པ་སོགས་དེ་འདྲ་ཁག་ཅིག་ཡོད་ཟེར། དེ་ནི་མི་གཞན་གྱི་བདག་པོ་ཡོད་པའི་བུད་མེད་ལ་འཁྲིག་སྤྱོད་བྱས་པའི་རྣམ་སྨིན་ཡིན་པར་འདོད་པ་ཡིན།

དེ་ཡང་སྔར་སངས་རྒྱས་ཞལ་བཞུགས་སྐབས་དགེ་སློང་ཞིག་གི་ཕ་དེ་ཚོང་དཔོན་ཡིན་པས་ཐེངས་གཅིག་གྲུ་གཟིངས་ལ་བསྡད་ནས་རྒྱ་མཚོའི་ནང་ནོར་བུ་ལེན་པར་འགྲོ་སྐབས་གྲུ་གཟིངས་གས་འཐོར་སོང་བར་བརྟེན་ཁོས་གས་འཐོར་སོང་བའི་གྲུ་གཟིངས་ཀྱི་པང་ལེབ་གཅིག་ལ་འཁྱུད་ནས་འགྲོ་སྐབས་རྒྱ་མཚོའི་གླིང་ཕྲན་མི་མེད་ས་ཞིག་ཏུ་བསྐྱལ་བ་དང༌། ཚོང་དཔོན་དེ་གླིང་ཕྲན་དེའི་ནང་སྡོད་རིང་གོང་གསལ་གནས་ཚུལ་འདྲ་མིན་སྣ་ཚོགས་མཐོང་སྟེ། རྗེས་སུ་ཚུར་ལོག་རྗེས་རང་གིས་མཐོང་བའི་གནས་ཚུལ་ཚང་མ་སངས་རྒྱས་ལ་ཞུ་སྐབས་སངས་རྒྱས་ཀྱིས་དེ་ནི་སྔོན་བསགས་ལས་ཀྱིས་རྐྱེན་པས་སྐྱེ་བ་དེ་འདྲ་ཞིག་ཏུ་བླངས་པར་གསུངས་པ་དང་དེའང་དམྱལ་བ་ངོ་མ་ལ་འགྲོ་མ་དགོས་པར་དམྱལ་བ་ནས་ཡར་དྲངས་ཏེ་སྔོན་མའི་ལྷག་འཕྲོ་རྣམས་མི་ཡུལ་དུ་མྱོང་བ་ཡིན་ཞེས་གསུངས་ཡོད། མདོར་ན་ལས་ཀྱི་འབྲས་བུ་ཟེར་བ་དེ་སངས་རྒྱས་ཟིན་ནའང་ངེས་པར་མྱོང་དགོས། སེམས་ཅན་གྱི་ལས་ཀྱི་འབྲས་བུ་དང་དཀོན་མཆོག་གི་མཐུ་གཉིས་ནུས་པ་ཆེ་ཆུང་གཅིག་མཚུངས་ཡིན། རང་གི་ལས་ཀྱི་འབྲས་བུའི་ཐོག་ཏུ་བབས་ཚེ་དཀོན་མཆོག་ལ་དེ་ལས་སྐྱོབ་བའི་ནུས་མཐུ་རྩ་བ་ནས་མེད་ཟེར།

 

(༢) དུད་འགྲོའི་སྡུག་བསྔལ།

དུད་འགྲོ་ལ་ནང་གསེས་རིགས་གཉིས་ཡོད་དེ། བྱིངས་ན་གནས་པ་དང༌། ཁ་འཐོར་བ་གཉིས་ཡིན།

བྱིངས་ན་གནས་པ་ནི། རྒྱ་མཚོ་ཆེན་པོའི་ནང་དུ་གནས་པ་རྣམས་ཡིན་ཅིང༌། དེང་སྐབས་འཛམ་གླིང་ཐོག་མི་འབོར་དུང་ཕྱུར་བཞི་བཅུ་ལྷག་ཟིན་པ་དེ་རྒྱ་མཚོའི་ནང་གི་སྲོག་ཆགས་ཀྱི་གྲངས་དང་གཏན་ནས་སྡུར་ཐབས་མེད་པར་ཉ་གཅིག་པུར་ཆ་བཞག་ནའང་དུར་ཕྱུར་བཞི་བཅུ་ཚད་ཀྱི་མེད་པ་མ་ཟད། ཆེ་ཤོས་ཉ་ཡིན་ལ་ཆུང་ཤོས་ཀྱང་ཉ་ཡིན།

ཁ་འཐོར་བ་ནི། མི་ཡུལ་གྱི་སྐམ་ས་དང་མཚོ་རྫིང་ཆུང་ངུའི་ནང་དུ་གནས་པ་རྣམས་ཡིན། དེ་ལ་ཡང་བྱ་དང་རི་དྭགས། གཅན་གཟན། འབུ་སྲིན། ཀླུའི་རིགས་བཅས་རིགས་བཞི་ཡོད། བྱ་ལ་ཆ་བཞག་ནའང་རིགས་འདྲ་མིན་གྲངས་ལས་འདས་པ་ཡོད་ཅིང༌། འཛམ་གླིང་ཐོག་བྱ་རིགས་སྣེ་ཁ་འཛོམས་ཤོས་ཀྱི་སྲོག་ཆགས་ར་བ་དེ་དབྱིན་ཇིའི་ལུན་ཏུན་དུ་ཡོད། གཅན་གཟན་དང་རི་དྭགས་ཀྱི་དབྱེ་བ་དེ་སྤྱིར་ན་རྩྭ་ཟ་མཁན་ལ་རི་དྭགས་དང་ཤ་ཟ་མཁན་ལ་གཅན་གཟན་ཞེས་གཉིས་སུ་དབྱེ་ཚུལ་ཡོད་པ་དང༌། ཡང་<<རྒྱ་བོད་ཡིག་ཚང་>>ནང་གསལ་བ་ལྟར་ན་དེ་གཉིས་ཀྱི་དབྱེ་བ་དེ་ཆུ་འཐུང་སྐབས་ཤེས་ཐུབ་པ་སྟེ་ལྕེ་ཡིས་ལྡག་མཁན་གྱི་རིགས་དེ་གཅན་གཟན་དང་དབུགས་ཀྱིས་ཆུ་འཇིབ་ནས་འཐུང་མཁན་དེ་རི་དྭགས་ཡིན་ཞེས་བསྟན་ཡོད། དེས་ན་མི་དང་ཉེ་བའི་ནང་ནས་རྟ་དེ་རི་དྭགས་དང༌། ཁྱི་དང་ཞུམ་བུ་གཉིས་གཅན་གཟན་གྱི་ཁོངས་སུ་གཏོགས་པ་ཡིན། འབུ་སྲིན་གྱི་རིགས་ཏེ་སྲོག་ཆགས་གྲོག་མ་དང་སྦྲུལ་སོགས་ནི་སྒོང་སྐྱེས་དང་ཆུ་སྲིན་ནི་ཕོ་མོ་ཁ་སྦྱོར་ཡིན། དུད་འགྲོར་ཐུན་མོང་གི་སྡུག་བསྔལ་བཞི་ཡོད་དེ།

༡. གླེན་ཞིང་གཏི་མུག་པའི་སྡུག་བསྔལ། གླེན་པ་ཡིན་ལ་གཏི་མུག་སྟེ་བླང་དོར་མི་ཤེས་པ་དང་དགྲ་གཉེན་དབྱེ་བ་འབྱེད་མི་ཤེས་པའི་སྡུག་བསྔལ་ཏེ་དཔེར་ན་ཁྱི་ལ་ཆ་བཞག་ན་སྦྱིན་མགྲོན་དབྱེ་བ་འབྱེད་ཤེས་ནའང་དགྲ་གཉེན་སུ་ཡིན་མ་ཤེས་པ་དང༌། ཡང་རྟ་དང་གླང་པོ་ཆེ་སོགས་ལ་ཆ་བཞག་ན་དགྲ་ཕྱོགས་དང་རང་ཕྱོགས་དབྱེ་བ་ཆོད་ཙམ་ཡོད། གཞན་ཡང་ཁྲུང་ཁྲུང་དང་འང་གུ་སོགས་ཀྱིས་ཀྱང་བཟང་པོར་བཟང་ལན་དང་ངན་པར་ངན་ལན་སྤྲད་པའི་ཤོད་ཚུལ་འགའ་ཞིག་ཡོད་ཀྱང་ཉུང་ཤས་ཡིན། དཔེར་ན་དེ་སྔ་གནས་ཚུལ་དེ་འདྲ་ཞིག་ཡོང་མྱོང་ཡོད་དེ། ཐེངས་ཤིག་འང་གུ་ཞིག་ཁྲ་ཡིས་དེད་ནས་གཟུགས་པོ་ཡོངས་རྫོགས་རྨ་ཡིས་ཁེངས་ཏེ་འགྲུལ་པ་ཞིག་ཇ་བསྐོལ་ནས་སྡོད་སར་བར་སྣང་ནས་ལྷུང་བ་དང༌། འགྲུལ་པ་དེས་འང་གུ་རྨས་མ་དེ་ཚུར་སྒྲུག་ནས་རང་གི་ཁྱིམ་དུ་འཁྱེར་ཏེ་གསོ་ཚགས་དང་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་རྗེས་ཕྱིར་གློད་སྟབས་དུས་ཡུན་གང་འཚམས་སོང་རྗེས་ཉིན་ཞིག་འང་གུ་དེ་ཚུར་འཁོར་ནས་བྱུ་རུའི་ཕྲེང་བ་ཞིག་འཁྱེར་ཏེ་རང་སྐྱོབ་མཁན་སྦྱིན་བདག་དེའི་ཁྱིམ་གྱི་སྒེའུ་ཁུང་ཐོག་བསྡད་དེ་སྐད་ཡང་ཡང་རྒྱག་གི་ཡོད་པ་རེད།

༢. གཅིག་གིས་གཅིག་ཟ་བའི་སྡུག་བསྔལ། ཆེ་བས་ཆུང་བ་ཟ་བ་དང༌། ཆུང་བས་དེ་ལས་ཀྱང་ཆུང་བ་ཟ་བ། ཆུང་བ་མང་པོས་ཆེ་བར་རུབ་ནས་ཟ་བ། ཕ་མས་ཕྲུ་གུ་ཟ་བ་དང༌། ཕྲུ་གུས་ཕ་མ་ཟ་བ་སོགས་ཡོད།

༣. བཀོལ་ཞིང་སྤྱོད་པའི་སྡུག་བསྔལ། མི་དང་ལྷན་དུ་གནས་པའི་དུད་འགྲོའི་ནང་ནས་ཁག་ཅིག་མིས་བྲན་དུ་བཀོལ་ནས་མི་ཐེག་པའི་ཁལ་འགེལ་བ་དང༌། རྨོན་པ་རྒྱག་པ། སྟེང་དུ་བཞོན་པ་སོགས་གང་འདོད་བྱེད་པ་དང༌། དུད་འགྲོ་ཁག་ཅིག་ཤ་དང་པགས་པ། རྭ་ཅོ་སོགས་ཀྱི་དོན་དུ་བསད་དེ་སྲོག་ལ་རང་དབང་མེད་པ།

༤. བཀྲེས་ཤིང་སྐོམ་པའི་སྡུག་བསྔལ། རྒྱུན་དུ་ཟས་སྐོམ་ཁོ་ནའི་ཆེད་དུ་ཕྱོགས་བཞིར་སོང་རུང་གང་ཡང་མ་རྙེད་པར་ཕལ་ཆེ་བ་བཀྲེས་སྐོམ་གྱི་ངང་སྡོད་དགོས་པ་དང༌། གཉིད་ཐུན་གཅིག་ཙམ་ཡང་བློ་བདེ་པོའི་ངང་ནས་ཉལ་ཁོམ་མེད་པ་སོགས།

དུད་འགྲོའི་ཚེ་ཚད་ནི། དུད་འགྲོའི་ནང་ནས་ཚེ་རིང་ཤོས་ཀླུའི་རིགས་རྣམས་བསྐལ་པ་གཅིག་གི་བར་དུ་སྡོད་པ་ཡང་ཡོད་ལ། ལུས་སྐྱེས་སྲིན་བུ་ཤིག་ལྟ་བུར་ཆ་མཚོན་ན་ཚེ་རིང་ཤོས་ལ་མིའི་ཉིན་ཞག་གཅིག་ལས་མེད་པའང་ཡོད།

དུད་འགྲོར་སྐྱེ་བའི་རྒྱུ་ནི། གསུང་རབ་ལ་འགོམ་ཡུག་གཏོང་བ་དང༌། གསུང་རབ་ས་རྗེན་པའི་སྟེང་དུ་འཇོག་པ། གསུང་རབ་ཀྱི་ཤོག་བུས་མི་གཙང་བར་འཕྱིས་པ། གསུང་རབ་དང་ཆོས་ལ་དམའ་འབེབས་གཏོང་བ། ཆོས་སྨྲ་བ་ལ་མ་གུས་པ་དང་བརྙས་སྨོད་བྱས་པ་སོགས་ཡིན་པར་བཤད།

 

(༣) ཡི་དྭགས་ཀྱི་སྡུག་བསྔལ།

ཡི་དྭགས་ཀྱི་རྩ་བའི་གནས་ཀྱི་དབང་དུ་བྱས་ན་བྱིངས་ན་གནས་པ་དང་ཁ་འཐོར་བ་གཉིས་ལས་སྤྱིར་ན་མང་ཆེ་བ་དམྱལ་བའི་མཐའ་འཁོར་དུ་ཡོད་པ་དང་ཁ་འཐོར་བའི་གྲས་ནི་མི་ཡུལ་དུ་ཡོད་ཟེར། དེ་ལ་རིགས་མི་འདྲ་བ་གསུམ་ཡོད།

༡. ཕྱིའི་སྒྲིབ་པ་ཅན། བཟའ་བཏུང་ལ་སོགས་པ་མི་རྙེད་ཅིང༌། རྙེད་ཀྱང་རང་གི་ལས་སྣང་ལས་གྲུབ་པའི་སྲུང་མ་མཚོན་ཆ་ཐོགས་པ་རྣམས་ཀྱིས་སྲུང་ནས་ལོངས་སྤྱོད་མི་ནུས་པ་དང༌། ཡང་ན་འགྲམ་དུ་སླེབས་མ་ཐག་རྣག་ཁྲག་ཏུ་མཐོང་བའམ་མི་སྣང་བར་གྱུར་པ་སོགས་ཡོད།

༢. ནང་གི་སྒྲིབ་པ་ཅན། ཡི་དྭགས་འགའ་ཞིག་ཁ་ཁབ་མིག་ཙམ། མགྲིན་པ་འཇག་མ་ཙམ། ལྟོ་བ་རི་ཆུང་ཙམ་ཡོད་པས་ཁ་ཆུང་བའི་སྟབས་ཀྱིས་ཁར་མི་ཤོང་ཞིང༌། ཤོང་ཡང་མགྲིན་པར་མི་ཐར། ཐར་ཡང་ལྟོ་བ་མི་ཁེངས་པ་སོགས་ཀྱི་སྡུག་བསྔལ་ཡོད།

༣. ཟས་སྐོམ་ཉིད་ལ་ཡོད་པའི་སྒྲིབ་པ་ཅན། ཟོས་པ་དང་འཐུང་པ་རྣམས་མེ་འབར་ནས་འཚིག་པ། བཤང་གཅི་སོགས་མི་གཙང་བ་ཤ་སྟག་མ་གཏོགས་ཟས་གཙང་མ་ལ་ལོངས་སྤྱོད་མི་ནུས་པ་དང༌། དབྱར་དུས་ཟླ་བ་ཡང་ཚ་ཞིང་དགུན་དུས་ཉི་མ་ཡང་གྲང་བ། དབང་ཆེ་བས་ཆུང་བ་བསྐྲད་པ། མི་དང་ཁྱི་ལ་སོགས་པ་མཐོང་ནས་འཇིགས་སྐྲག་སྐྱེས་ཏེ་བྲོས་འགྲོ་བ་སོགས་ཡོད།

ཡི་དྭགས་ཀྱི་ཚེ་ཚད་ནི། མིའི་རིགས་ཀྱི་ལོ་ལྔ་བཅུ་ལ་ཞག་གཅིག་ཏུ་བྱས་པའི་ལོ་ལྔ་བརྒྱ་ཡིན་པར་བཤད། དེར་སྐྱེ་བའི་རྒྱུ་ནི། གཞན་གྱི་རྒྱུ་ནོར་ལ་ཧམ་སེམས་སྐྱེས་ནས་བརྐུ་བ་དང༌། འཕྲོག་པ། རང་ལ་ཟས་ནོར་ལོངས་སྤྱོད་ཡོད་བཞིན་དུ་སྤྱོད་མི་ནུས་པ་དང་གཞན་ལ་སྟེར་མི་ནུས་པ་སོགས་སེར་སྣ་ཆེ་བ་རྣམས་ཡིན་པར་བཤད།

དེའི་སྐོར་ལ་སྒྲུང་ལྟ་བུ་ཞིག་ཞུ་རྒྱུ་ཡོད་དེ། སྔར་སངས་རྒྱས་འཚོ་བཞུགས་སྐབས་དགེ་ཚུལ་ཆུ་སྨད་སྐྱེས་ཟེར་མཁན་ཞིག་ཡོད་པ་དེའི་ཨ་མ་དེ་མི་ཡུལ་དུ་སྡོད་སྐབས་ཁྱིམ་ཚང་རྒྱུ་སྟོབས་ཤིན་ཏུ་ཆེན་པོ་ཡིན་ནའང་རང་ཟ་མ་ནུས་པ་དང་མི་ལ་སྟེར་མ་ནུས་པ་མ་ཟད། ཐ་ན་རང་གི་ཕྲུ་གུ་ལའང་སྟེར་མ་ནུས་མཁན་ཞིག་ཡོད་པས་དེ་ནས་ཚེ་འཕོས་རྗེས་ཡི་དྭགས་ཀྱི་སྐྱེ་བ་བླངས་པ་དང༌། ཉིན་གཅིག་དགེ་ཚུལ་དེ་སངས་རྒྱས་ཀྱི་སྐུ་མདུན་ནས་ཆོས་ཞུས་ཟིན་རྗེས་མཚན་མོ་ཤིང་སྡོང་ཞིག་གི་འོག་ཏུ་སྒོམ་བརྒྱབ་ནས་སྡོད་སྐབས་མདུན་དུ་གཟུགས་པོ་ཚང་མར་མེ་འབར་བ་དང་ཕྲུ་གུ་ལྔ་བརྒྱ་ཁྲིད་པའི་གདོན་འདྲེ་ལྟ་བུ་ཞིག་རང་གི་འགྲམ་དུ་སླེབས་པ་མཐོང་ནས་ཞེད་ཐག་ཆོད་དེ་བྲོས་འགྲོ་སྐབས་རྒྱབ་ནས“བུ། བུ”ཞེས་འབོད་པ་ཐོས་ཏེ་དགེ་ཚུལ་གྱིས་ཁྱོད་སུ་ཡིན་ཞེས་འདྲི་སྐབས་ང་ཁྱོད་ཀྱི་ཨ་མ་ཡིན་ཞེས་ལན་བཏབ། དོན་དངོས་ཐོག་ཨ་མ་ཡི་དྭགས་ལ་སྐྱེས་ཚར་ནའང་རང་གི་ཕྲུ་གུ་དྲན་ཏེ་རྟག་ཏུ་དགེ་ཚུལ་དེ་འཚོལ་བར་ཡོང་གི་ཡོད་ཅིང༌། དགེ་ཚུལ་གྱིས་གནས་ཚུལ་འདྲི་སྐབས་ཨ་མས་ད་ལྟ་ཡི་དྭགས་ལ་སྐྱེས་ནས་ལོ་བཅུ་གཉིས་ནང་ཆུ་ཐིགས་པ་རེ་དང་མིའི་ཁ་ལུད་ཐེངས་རེ་མ་གཏོགས་རག་རྒྱུ་མེད་པ་མ་ཟད། དེའང་ཕྲུ་གུ་ལྔ་བརྒྱ་དང་མཉམ་དུ་ཧབ་ཐོབ་བརྒྱབ་ནས་ཟ་དགོས་ཀྱི་འདུག་པས་ཁྱོད་ཀྱིས་སངས་རྒྱས་ལ་ཡི་དྭགས་ཀྱི་གནས་ནས་ཐར་པའི་སྐྱབས་འཇུག་ཞུ་དགོས་ཞེས་བཤད། དགེ་ཚུལ་སེམས་སྐྱོ་ཐག་ཆོད་ནས་སངས་རྒྱས་ཀྱི་སྐུ་མདུན་དུ་ཕྱིན་ནས་དེ་དོན་སྐྱབས་འཇུག་ཞུས་པར་སངས་རྒྱས་ཀྱིས་ཐབས་གཞན་གང་ཡང་མེད་ཀྱང་སླད་དགེ་སློང་ཚོར་ཁྲིམས་ཤིག་བཟོ་རྒྱུ་ཡིན་ཞེས་དེ་ནས་བཟུང་དགེ་སློང་ཁ་ལུད་གང་བྱུང་གཡུགས་མི་ཆོག་པར་རང་གི་འགྲམ་དུ་ལུད་ཕོར་རེ་ཉར་ཏེ་ལུད་པ་རེ་ལུད་ཕོར་ནང་བླུགས་འཕྲལ་སྔགས་རེ་འདོན་དགོས་པའི་ཁྲིམས་བཅས། སྔགས་རེ་བཏབ་འཕྲལ་ཁ་ལུད་གཅིག་གིས་ཡི་དྭགས་མ་བུ་ལྔ་བརྒྱ་གྲོད་པ་རྒྱག་ཐུབ་པ་ཡོང་གི་ཡོད་ཟེར། དེ་ནས་སངས་རྒྱས་ཀྱིས་དགེ་ཚུལ་དེར་ལས་སྒྲིབ་དག་ཐབས་ཀྱི་ཁ་འདོན་ཚིག་ཁ་ཤས་སྐྱབས་འགྲོ་དང་བཅས་བསླབ་གནང་ནས་དགེ་ཚུལ་གྱི་མ་ཡི་དྭགས་དེར་འདོན་དུ་ཆུག་གསུངས་པར་ཐོག་མར་རང་གི་བུའི་སར་དགོང་ལྟར་ཡོང་ནས་སྦྱངས་ན་ཡང་དཀའ་ངལ་ཆེན་པོ་འཕྲད་དེ་སངས་རྒྱས་ཟེར་བ་དེ་རང་འདོན་མ་ཤེས་པར་ཡུན་རིང་ལུས། མཐར་སྐྱབས་འགྲོ་དེ་རྣམས་འདོན་ཤེས་རྗེས་ཚེ་འཕོས་ཏེ་ཡི་དྭགས་སྟོབས་འབྱོར་ལྡན་པ་ཞིག་ཏུ་སྐྱེས་པ་དང༌། ཉིན་ཞིག་དེས་སངས་རྒྱས་དང་དགེ་འདུན་ཚོར་བཀའ་དྲིན་གསོབ་ཆེད་དགེ་ཚུལ་ལ་ང་སྡོད་སའི་ཁང་པའི་འོག་གི་ཁྲོན་པ་ནས་རྒྱང་ཐག་གོམ་པ་ཁ་ཤས་སར་རྡོ་ཆེན་པོ་ཞིག་གི་འོག་ཏུ་གསེར་སྲང་སྟོང་ཕྲག་ཁ་ཤས་ཤིག་ཡོད་པ་དེ་རྣམས་བཏོན་ནས་སངས་རྒྱས་དང་དགེ་འདུན་ལ་ཕུལ་ཏེ་ངའི་མིང་འབོད་དེ་ཐུགས་སྨོན་སྐྱབས་འཇུག་ཞུས་ཞེས་མངགས། དགེ་ཚུལ་གྱིས་ཨ་མའི་མངགས་བྱ་ལྟར་བྱས་པས་ཨ་མ་ཡི་དྭགས་ནས་ཚེ་འཕོས་ཏེ་ལྷ་ཡུལ་དུ་སྐྱེས་པ་རེད་ཟེར། དེ་ནས་བཟུང་དགེ་འདུན་པ་ཚོ་ཉིན་ལྟར་ཡི་དྭགས་ཁག་གཉིས་ལ་ལྟོ་སྟེར་དགོས་ཀྱི་ཡོད་པ་སྟེ། གཅིག་ནི་གོང་དུ་གསལ་བ་ལྟར་ལུད་ཕོར་ནང་ལུད་པ་གཡུགས་ཐེངས་རེར་སྔགས་རེ་བཏོན་ནས་ཡི་དྭགས་གསོ་བ་དང༌། གཅིག་ཤོས་ནི་ཡི་དྭགས་ཁ་ལ་མེ་འབར་ཞེས་པ་དེ་ཡིན་ཅིང༌། སངས་རྒྱས་ཞལ་བཞུགས་སྐབས་ད་ནས་བཟུང་ང་ཤཱཀྱ་མུ་ནེའི་ཆོས་ལ་དད་པ་ཡོད་ཕྱིན་ཆད་ལྟོ་ཆས་ཟས་ཚར་བའི་ལྷག་མ་དེ་ཡི་དྭགས་ཁ་ལ་མེ་འབར་ལ་སྟེར་དགོས་ཞེས་བཀའ་བསྩལ་བ་ལྟར་དགེ་སློང་ཚོ་ལྟོ་ཆས་ཟས་ཟིན་རྗེས་ལྷག་མ་ཏོག་ཙམ་བཞག་ནས་དེར་སྔགས་ཤིག་འདོན་རྒྱུ་ཡོད། སྔགས་དེ་བརྒྱབ་ན་ཡི་དྭགས་ཁ་ལ་མེ་འབར་ལ་རག་གི་ཡོད་ཟེར། ཡི་དྭགས་ཁ་ལ་མེ་འབར་དེ་རྫུ་འཕྲུལ་སྟོན་རྒྱུ་ཡོད་མཁན་ཞིག་དང༌། གང་བསམ་ཡང་དེར་སླེབས་ཐུབ་མཁན། མི་གཞན་ལ་རོགས་རམ་བྱེད་ཐུབ་མཁན་ཞིག་བཅས་ཡིན་པ་དང༌། དེས་ང་ལ་ལྟོ་སྟེར་ན་ངས་སངས་རྒྱས་ཀྱི་བསྟན་པར་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་དམ་བཅའ་བྱས་པ་རེད་ཟེར། དེར་བརྟེན་འདུལ་ཁྲིམས་ནང་ཡི་དྭགས་ཁག་གཅིག་ལ་ཁ་ལུད་སྟེར་དགོས་པ་དང་ཡི་དྭགས་ཁག་གཅིག་ལ་ལྟོ་ལྷག་སྟེར་དགོས་པའི་ཁྲིམས་ཤིག་ཡོད།

སངས་རྒྱས་ཆོས་ལུགས་ཀྱི་ངན་སོང་གསུམ་གྱི་སྡུག་བསྔལ་སྐོར་རྒྱས་པར་བཤད་པ་ནི། བཀའ་འགྱུར་གྱི་<<འདུལ་བ་ལུང་>>གི་པོད་[ཀ][ཁ]གཉིས་དང༌། <<མདོ་མང་>>གི་པོད་[ཡ][ར][ལ][ཤ]བཅས་ཀྱི་ནང་དང་<<མདོ་དྲན་པ་ཉེར་བཞག་>>བོད་དུ་བསྒྱུར་ཟིན་པ་རྣམས་སུ་ཆ་ཚང་ཡོད་པས་དེ་དག་ནང་གསལ།

༦. སྐྱབས་འགྲོ།

ངན་སོང་གསུམ་གྱི་སྡུག་བསྔལ་བཤད་ཟིན་རྗེས་སྐྱབས་འགྲོ་ཤོད་དགོས་པའི་རྒྱུ་མཚན་ནི་ངན་སོང་གསུམ་གྱི་སྡུག་བསྔལ་དེ་ངོས་བཟུང་རྗེས་རང་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་དེ་ལས་ཐར་ཐབས་བྱེད་དགོས་ཤིང༌། དེ་ལས་ཐར་བར་བྱེད་པར་ཆོས་བྱས་ནས་རང་གིས་རང་སྐྱོབ་དགོས་ལ། ཆོས་བྱེད་པར་སྐྱབས་སྟོན་པ་པོ་སངས་རྒྱས་དང༌། སྐྱབས་དངོས་ཆོས། སྐྱབས་སྒྲུབ་པའི་ཟླ་གྲོགས་ཏེ་དགེ་འདུན་བཅས་རང་ཉིད་སྡུག་བསྔལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པ་ཞིག་འཚོལ་དགོས་པར་བརྟེན་སྐྱབས་འགྲོ་ཞེས་པའི་ས་བཅད་འདི་འབྱུང་བ་ཡིན། སྐྱབས་འགྲོ་བྱེད་པར་ཐོག་མ་སྐྱབས་སུ་འགྲོ་བའི་ཡུལ་ངོས་བཟུང་དགོས་པ་དེ་གལ་ཆེན་པོ་ཡིན། སངས་རྒྱས་ཞེས་སྐད་གྲགས་ཆེན་པོ་དེ་ཡང་གཞན་ལ་ཕན་པ་བྱས་པའི་འབྲས་བུར་སངས་རྒྱས་པ་ཞིག་ཡིན་པ་དང༌། སངས་རྒྱས་ཀྱིས་གསུངས་པའི་ཆོས་དེའང་རང་གི་ཉམས་མྱོང་རྣམས་གཞན་ལ་གསུངས་པ་ཞིག་ཡིན། དེར་བརྟེན་སངས་རྒྱས་ཆོས་ལུགས་པའི་བཤད་སྲོལ་ལྟར་ན། མི་ཡག་ཉེས་ཟེར་བ་དེ་མི་ཁོ་ན་རང་ལ་བལྟ་རྒྱུ་མེད་པར་མི་དེས་བཤད་པའི་ཚིག་དེ་ལ་བརྟག་དཔྱད་བྱས་ཏེ་དངོས་འབྲེལ་བདེན་དོན་ཡོད་པ་ཞིག་ཡིན་ན་གཞི་ནས་མི་དེར་ཆ་འཇོག་བྱེད་ཆོག་ཟེར་བ་ལྟར་སངས་རྒྱས་ཀྱིས་གསུངས་པའི་ཆོས་དེ་བདེན་དོན་ཡིན་པ་ངོས་བཟུང་ཚེ་ཆོས་ལ་ཡིད་ཆེས་སྐྱེ་ཐུབ་པ་དང་དེ་གསུང་མཁན་གྱི་སངས་རྒྱས་ལའང་ཡིད་ཆེས་སྐྱེ་ཐུབ་པ་ཡིན། དཔེར་ན་དེང་དུས་ཀྱི་མར་ཁེ་སི་དང༌། ལེ་ཉིན། མའོ་ཙེ་ཏུང་སོགས་རླབས་ཆེན་ཡིན་པ་དེ་ཁོང་རྣམ་པའི་གསུང་རྩོམ་དང་གསར་བརྗེའི་ལག་ལེན་དངོས་བརྒྱུད་དེ་ཚང་མས་ཤེས་པ་ལས་ཁོང་ཚོའི་དགོངས་པ་དང༌། ལག་ལེན་དངོས་མ་ཤེས་སྔོན་ནས་ཁོང་ཚོ་རླབས་ཆེན་ཡིན་པ་ཤེས་མི་ཐུབ་པ་ལྟ་བུ་ཡིན། དེ་བཞིན་ཆོས་ཀྱི་གོ་རྟོགས་ཇེ་མཐོར་འགྲོ་བ་དང་ཆབས་ཅིག་ཆོས་ལག་བསྟར་བྱེད་མཁན་དགེ་འདུན་ལ་ཡང་ཡིད་ཆེས་ཇེ་ཆེར་འགྲོ་བ་ཡིན། (དགེ་བ་བཅུ་ལག་ལེན་བསྟར་མཁན་ཡིན་སྟབས་དགེ་འདུན་ཞེས་བརྗོད་)དེར་བརྟེན་སྐྱབས་འགྲོ་བྱེད་པར་ཐོག་མ་སངས་རྒྱས། ཆོས། དགེ་འདུན་བཅས་གསུམ་ངོས་བཟུང་དགོས་པ་དང་དེ་གསུམ་བར་གྱི་འབྲེལ་བ་དེ་ཤེས་དགོས།

སྐྱབས་འགྲོ་ལ་ནང་གསེས་དོན་ཚན་ཆེ་བ་བཞི་ཡོད་དེ། ༡. སྐྱབས་སུ་འགྲོ་བའི་ཡུལ་ངོས་བཟུང་བ། ༢. སྐྱབས་སུ་འོས་པའི་རྒྱུ་མཚན། ༣. སྐྱབས་སུ་འགྲོ་བའི་ཚུལ། ༤. སྐྱབས་འགྲོའི་བསླབ་བྱ་བཅས་ཡིན།

༡. སྐྱབས་སུ་འགྲོ་བའི་ཡུལ་ངོས་བཟུང་བ།

འཇིག་རྟེན་འདི་ན་མཐུ་རྩལ་ཆེ་བར་གྲགས་པའི་ལྷ་དང་འདྲེ་སོགས་ཀྱིས་ནི་འཁོར་བ་དང༌། ངན་སོང་གི་སྡུག་བསྔལ་ལས་སྐྱོབ་ཐུབ་པ་ཕར་ཞོག རང་ཉིད་ཀྱང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་ཐར་མེད་པས་སྐྱབས་སུ་འགྲོ་བའི་ཡུལ་མིན། རང་ཉིད་སྡུག་བསྔལ་ལས་ཐར་ཟིན་ནས་གཞན་སྡུག་བསྔལ་ལས་སྐྱོབ་ཐུབ་པ་ནི་སངས་རྒྱས་ཡིན། དེས་གསུངས་པའི་ཆོས་ནི་སངས་རྒྱས་རང་ཉིད་ཀྱི་ལས་འབྲས་ཀྱི་གནས་ཚུལ་དང༌། ཐར་པའི་ལམ་མ་ནོར་བ་གསལ་བར་མཁྱེན་ནས་གསུངས་པ་ཞིག་ཡིན། སངས་རྒྱས་རང་ཉིད་ཀྱིས་གསུངས་པའི་ཆོས་དེ་རྣམས་ལག་ལེན་དུ་བསྟར་ནས་ཐར་པ་དང༌། ཐམས་ཅད་མཁྱེན་པའི་ལམ་ལ་འབད་བརྩོན་གནང་མཁན་ནི་དགེ་འདུན་ཡིན། དེར་བརྟེན་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་གསུམ་ཁོ་ན་སྐྱབས་སུ་འགྲོ་བའི་ཡུལ་ཡིན། (སྐྱབས་འགྲོའི་ཐོག་མར་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་པ་དེ་བོད་ཀྱི་ལུགས་ལས་རྒྱ་གར་དུ་སྲོལ་དེ་མེད་)འཇིག་རྟེན་འདིའི་ཐོག་གི་ལྷ་ཚངས་པ་བརྒྱ་བྱིན་སོགས་མང་པོ་ཡོད་པ་དེ་དག་སོ་སོར་ཡང་མཐུ་རྩལ་འདྲ་མིན་ཕྲན་བུ་སྟོན་རྒྱུ་ཡོད་ན་ཡང་གཞན་འཁོར་བ་དང་ངན་སོང་གི་གནས་ནས་སྐྱོབ་པའི་ནུས་པ་མེད་དེ་རྒྱུ་མཚན་ནི་ཁོ་ཚོ་རང་ཉིད་ཀྱང་འཁོར་བ་དང་ངན་སོང་གི་གནས་ནས་ཐར་མེད་པས་འདམ་ནང་ལྷུང་བའི་མིས་འདམ་ནང་ལྷུང་བའི་མི་གཞན་སྐྱོབ་ཐུབ་ཐབས་མེད་པར་བརྟེན་སྐྱབས་འགྲོ་བྱེད་སའི་ཡུལ་མིན། འོ་ན་སྐྱབས་ཡུལ་དེ་གང་འདྲ་ཞིག་དགོས་སམ་ཞེ་ན། ཁྱད་ཆོས་བཞི་དང་ལྡན་པ་ཞིག་དགོས་ཏེ། རང་འཁོར་བ་དང་ངན་སོང་ལས་ཐར་ཟིན་པ། གཞན་འཁོར་བ་དང་ངན་སོང་ལས་སྐྱོབ་ཐུབ་པའི་ནུས་པ་ཡོད་པ། ཐུགས་ཆེན་པོ་ཉེ་རིང་མེད་པ། རང་ལ་ཕན་བཏགས་པ་དང་མ་བཏགས་་པའི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཐུབ་པ་བཅས་ཞིག་ཡིན་དགོས།

དེ་ཡང༌། ༡. འཁོར་བ་དང་ངན་སོང་ལས་ཐར་ཟིན་པ་ཞེས་པ་ནི། འཁོར་བ་ལས་ཐར་བ་དང་ངན་སོང་ལས་ཐར་བ་སྟེ་གོ་དོན་གཉིས་ཡོད་ཅིང༌། ངན་སོང་གསུམ་ནི་འགྲོ་བ་རིགས་དྲུག་ནང་ཚུད་ཡོད་པས་ངན་སོང་གསུམ་ལས་ཐར་བ་གཅིག་པུས་མི་འགྲིག་པར་འཁོར་བ་ནས་ཀྱང་ཐར་བ་ཞིག་དགོས།

༢. གཞན་འཁོར་བ་དང་ངན་སོང་ལས་སྐྱོབ་ཐུབ་པའི་ནུས་པ་ཡོད་པ་ནི། འཁོར་བ་དང་ངན་སོང་གི་གནས་ནས་ཐར་བའི་ཐབས་སྟོན་པ་ཙམ་གྱིས་མི་ཆོག་པར་ཐབས་དེ་ལག་བསྟར་བྱེད་པའི་ནུས་པ་ཡོད་མཁན་ཞིག་ཡིན་དགོས། ནུས་པ་མེད་ན་ཐབས་གཅིག་པུས་མི་འགྲིག་སྟེ་དཔེར་ན་སྨན་པ་ཞིག་ལ་ཆ་བཞག་ན་བཤག་བཅོས་བྱེད་སྟངས་རིགས་པའི་གཞུང་ལུགས་ཆ་ཚང་ཤེས་ནའང་དངོས་སུ་ལག་ལེན་བྱེད་མ་ཤེས་ན་ནད་པ་སྐྱོབ་མི་ཐུབ་པ་ལྟ་བུ་ཡིན་པས་ཐབས་ཤེས་དེ་སྟོན་ཐུབ་པ་ཙམ་མ་ཟད། ཐབས་ཤེས་དེ་ལག་ལེན་བསྟར་ནས་གཞན་དངོས་སུ་སྐྱོབ་ཐུབ་མཁན་ཞིག་དགོས།

༣. ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པ་ཞེས་པ་ནི་རང་དང་ཉེ་པོ་ཡོད་མཁན་མ་གཏོགས་ཉེ་པོ་མེད་པར་ཡ་མི་བྱེད་པ་དེ་འདྲ་མིན་པར་ཚང་མར་སྙིང་རྗེ་ཆེན་པོ་ཡོད་པ་ཞིག་དགོས། དེ་སྔ་སངས་རྒྱས་ཞལ་བཞུགས་སྐབས་ཉིན་ཞིག་དགེ་སློང་ལྷས་སྦྱིན་(སངས་རྒྱས་ཀྱི་ཨ་ཁུ་ཆུང་བའི་བུ་ཡིན་ཅིང༌། དེས་སངས་རྒྱས་དགྲོང་ཐབས་ཐེངས་མང་བྱེད་མྱོང་ཡོད་)ནད་ཀྱིས་མནར་ཏེ་སྨན་པ་རྣམས་ལ་དགེ་སྦྱོང་གོ་ཏ་མ་ལ་ཁྱོད་ཚོས་སྨན་གང་ཞིག་སྟེར་གྱི་ཡོད་ནའང་ང་ལ་དེ་དགོས་ཡོད་ཅེས་བརྗོད་པར་སྨན་པར་སངས་རྒྱས་སྐུ་སྟོབས་ཆེན་པོ་འདི་ལྟ་བུ་ཡིན་པས་སངས་རྒྱས་ཀྱིས་མཆོད་རྒྱུ་དེ་ཁྱོད་ཀྱིས་བཟས་ན་འཇུ་མི་ཐུབ་པར་ཤི་རྒྱུ་རེད་ཅེས་ཤོད་སྐབས་ལྷས་སྦྱིན་གྱིས་ང་ནི་ཁོ་དང་ཕ་མ་གཅིག་གི་མི་རྒྱུད་ནས་སྐྱེས་པའི་ཕྲུ་གུ་ཡིན་པས་ང་གཉིས་ཁྱད་པར་གང་ཡང་མེད་པས་དགེ་སྦྱོང་གོ་ཏ་མས་ཟ་ཐུབ་པའི་སྨན་དེ་ངས་བཟའ་མི་ཐུབ་པ་མེད་ཅེས་ཨུ་ཚུགས་མཐའ་སྐྱེལ་བྱས་སྟབས་སྨན་པས་ཁོ་པའི་འདོད་པ་ལྟར་སྨན་སྟེར་དུས་ལྷས་སྦྱིན་སྨན་ཤུགས་ཆེ་ཐག་ཆོད་ནས་སྐྱུགས་པ་ཤོར་བ་དང་ན་ཟུག་གིས་བཟོད་མི་ཐུབ་པའི་སྐབས་སུ་སངས་རྒྱས་ཕེབས་ནས་ལྷས་སྦྱིན་ཁྱོད་ང་ཡི་དགྲ་ཡིན་ནའང་ངས་དགྲ་དང་རང་ཕྱོགས་ཀྱི་དབྱེ་བ་དང་ཉེ་རིང་གཏན་ནས་བྱེད་མྱོང་མེད་པས་དེའི་བདེན་པ་དེ་ང་ལ་ཡོད་པར་བརྟེན་ལྷས་སྦྱིན་གྱི་ནད་དེ་འཕྲལ་དུ་སེང་དྲག་ཡོང་བ་ཤོག་ཅེས་ལྷས་སྦྱིན་གྱི་མགོ་ལ་བྱུལ་བྱུལ་གནང་མ་ཐག་ལྷས་སྦྱིན་སེང་དྲག་བྱུང་བ་དང༌། དེ་མུར་སངས་རྒྱས་ཀྱིས་ངའི་གཟུགས་པོའི་གཡས་ངོས་ལ་གསེར་ཆུ་སོགས་ཀྱིས་བྱུགས་པ་རྒྱག་མཁན་ཞིག་དང་གཡོན་ངོས་ལ་གྲི་ཁྱེར་ནས་ངའི་ལུས་ཐོག་གི་ཤ་ཏིག་ཁ་བཀོག་ནས་ཁ་ལ་སྟེར་མཁན་ཞིག་བྱུང་བར་ཆ་བཞག་ནའང་གཉིས་ཀར་ཉེ་རིང་རྩ་བ་ནས་མེད་ཅེས་གསུངས་མྱོང་བ་ཡིན་ཟེར་སྲོལ་ཡོད།

༤. རང་ལ་ཕན་བཏགས་དང་མ་བཏགས་ཀྱི་སེམས་ཅན་ཚང་མའི་དོན་མཛད་པ་ནི་རང་དང་འབྲེལ་བ་ཡོད་མེད་དང་རང་ལ་ཕན་བཏགས་དང་མ་བཏགས་ལ་མ་བལྟོས་པར་སེམས་ཅན་ཚང་མའི་དོན་མཛད་ཐུབ་པ་བཅས་ཏེ་ཁྱད་ཆོས་བཞི་པོ་དེ་ཚང་བ་ནི་སངས་རྒྱས་མ་གཏོགས་མེད།

འོ་ན་སངས་རྒྱས་དེ་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན། དེ་ཡང་དང་པོ་ཉིད་ནས་སངས་རྒྱས་ཡིན་པ་དེ་འདྲ་མིན་ཏེ། ཐོག་མ་ང་རང་ཚོ་དང་འདྲ་བར་ངན་སོང་གི་སྡུག་བསྔལ་མྱངས་ནས་དུས་ཡུན་ཤིན་ཏུ་རིང་པོ་སོང་རྗེས་རང་གཙོ་བོ་བྱེད་པའི་སྒེར་སེམས་ཀྱི་སྐྱོན་དེ་མཐོང་ནས་རིམ་གྱིས་སྤངས་ཐོག་བྱ་བ་བཟང་པོར་རིམ་བཞིན་གོམས་འདྲིས་བྱས་ནས་སངས་རྒྱས་པ་ཞིག་ཡིན། དེའི་ཐད་མི་ལ་རས་པའི་རྣམ་ཐར་ནང་གསལ་བ་ལྟར་ན། རྗེ་བཙུན་མི་ལ་རྗེས་སུ་ཆོས་ཀྱི་གནས་ཚད་མཐོན་པོར་སླེབས་སྐབས་ཁོང་གི་སློབ་མ་ཚོས་མི་ལ་རས་པར། ཁྱེད་ཀྱིས་ཐོག་མ་ཆོས་ལ་དཀའ་སྤྱད་སྙིང་རུས་མཛད་སྟངས་དང༌། བར་དུ་བླ་མའི་མདུན་ནས་ཆོས་ཞུ་སྟངས། ད་ལྟ་རི་ཁྲོད་དུ་སྒོམ་སྒྲུབ་མཛད་སྟངས་སོགས་ལ་བལྟས་ན་ཁྱེད་རང་སྤྱིར་བཏང་གི་མི་ཞིག་གཏན་ནས་ཡིན་བཟོ་མི་འདུག་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་འདྲ་ཞིག་གི་སྤྲུལ་པ་ཡིན་ནམ་ང་ཚོར་གསུང་རོགས་གནང་ཞེས་ཞུས་པར་རྗེ་བཙུན་མི་ལ་རས་པས་ཁྱོད་ཚོའི་བསམ་ཚུལ་དེ་ལྟས་ངན་དང་ལོག་ལྟ་ཞིག་རང་རེད། དེ་འདྲ་ཡིན་ན་ཆོས་བྱས་ནས་སངས་རྒྱས་པ་ཟེར་བ་རྩ་བ་ནས་ཡོང་ཤེས་དོན་མེད། གལ་ཏེ་དེ་འདྲ་བྱུང་བ་ཡིན་ནའང་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཡིན་དགོས་ཚེ་ཆོས་བྱས་ནས་འབྲས་བུ་ཐོབ་རྒྱུ་མེད་པ་དང་གཅིག་མཚུངས་ཡིན་པ་དེ་འདྲ་ཡོང་མི་སྲིད། དཔེར་ན་ང་ལ་ཆ་བཞག་ནའང་མི་སུམ་ཅུ་སོ་ལྔ་བསད་མྱོང་མཁན་གྱི་མི་སྡིག་ཆེན་ཞིག་ཡིན་པས་ཆོས་མ་བྱས་ན་ཚེ་རྗེས་མ་དམྱལ་བར་ལྷུང་རྒྱུ་ཉག་གཅིག་ཡིན། དེས་ན་ང་མི་སྡིག་ཆེན་འདི་ལྟ་བུ་ཞིག་ལ་འབྲས་བུ་དེ་འདྲ་འཐོབ་རྒྱུ་ཡོད་ན་ཁྱོད་ཚོས་འབད་བརྩོན་བྱས་ཚེ་འབྲས་བུ་དེ་ལས་ལྷག་པ་འཐོབ་རྒྱུ་ངེས་ཅན་རེད་ཅེས་གསུངས་པ་རེད། སངས་རྒྱས་ཀྱང་སངས་མ་རྒྱས་གོང་གི་སྐུ་སྐྱེ་མང་པོའི་མཛད་པ་རྣམས་<<སྐྱེས་རབས་སོ་བཞི་>>དང་<<མདོ་མཛངས་བླུན་>>སོགས་ནང་གསལ་བར་འཁོད་ཡོད། དེར་བརྟེན་དོན་དག་སྙིང་པོ་ནི་གཞན་ལ་ཕན་ན་རང་ལ་ཕན། གཞན་ལ་གནོད་ན་རང་ལ་གནོད་ཟེར་བ་དེ་ཡིན། སྐྱབས་འགྲོའི་ཐོག་མར་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་པ་དེ་བོད་ཀྱི་ལུགས་ལས་རྒྱ་གར་དུ་སྲོལ་དེ་མེད། འོ་ན་བོད་དུ་སྐྱབས་འགྲོ་ཚིག་གསུམ་གྱི་སྟེང་དུ་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་པའི་སྐྱབས་ཚིག་གཅིག་བསྣོན་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། ད་ལྟ་སངས་རྒྱས་ཤཱཀྱ་མུ་ནེ་སྐུ་ངན་ལས་འདས་ཟིན་པ་དང༌། སངས་རྒྱས་ཞལ་བཞུགས་སྐབས་སུ་ང་ཚོ་ངན་སོང་གསུམ་དུ་སྐྱེ་བ་ཡང་ནས་ཡང་དུ་བླངས་ཏེ་སངས་རྒྱས་ཞལ་མཇལ་ཐུབ་མེད་པ་མ་ཟད། སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་སོང་རིང་སངས་རྒྱས་དང་དབྱེར་མེད་པའི་དགེ་བའི་བཤེས་གཉེན་དུ་མ་བྱོན་པ་དེ་ཚོ་ཡང་མཇལ་ཐུབ་མེད། འོ་ན་ད་ལྟ་རང་ལ་དགེ་བའི་ལམ་སྟོན་མཁན་གྱི་བཀའ་དྲིན་ཅན་དེ་སུ་ཡིན་ཞེ་ན་རང་ལ་ཆོས་གསུང་མཁན་བླ་མ་དེ་ཡིན་སྟབས་སྐྱབས་འགྲོའི་ནང་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཟེར་བ་དེའི་སྔོན་ལ་བླ་མ་ལ་སྐྱབས་སུ་མཆིའོ་ཟེར་བ་བཞག་པའི་རྒྱུ་མཚན་དེ་འདྲ་རེད། སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆའི་ནང་གི་བཤད་སྲོལ་ལྟར་ན། བླ་མ་ཞེས་པ་ནི་ཡོན་ཏན་བསླབ་མཁན་གྱི་བཤེས་གཉེན་ལ་ཟེར་ཞིང༌། མདོར་ན་རང་ལ་ཡོན་ཏན་ནམ་ཆོས་བསླབ་མཁན་ཞིག་ཡིན་ཕྱིན་རང་གི་ཕ་མ་སྤུན་མཆེད་དང༌། གཞན་ཡང་སེར་མོ་བ་དང་མི་སྐྱ་སོགས་གང་ཡིན་ལ་མ་བལྟོས་པར་རང་གི་བླ་མ་ཡིན། ཇི་སྐད་དུ། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང༌། །བླ་མ་དག་ལ་བརྟེན་ནས་བྱུང༌། །ཞེས་པ་ལྟར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་དགེ་བའི་བཤེས་གཉེན་དང་བླ་མ་ལ་བརྟེན་ནས་སངས་རྒྱས་པ་ཤ་སྟག་མ་གཏོགས་བླ་མ་དང་དགེ་བའི་བཤེས་གཉེན་ལ་མ་བསྟེན་པར་སངས་རྒྱས་པ་གཅིག་ཀྱང་མེད། ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ནི་རང་གི་བླ་མ་དང་དགེ་རྒན་རྣམས་ཡིན་པས་དེ་གོ་བའི་ཆེད་དུ་སྐྱབས་འགྲོའི་ཚིག་གི་འགོར་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་པའི་ཚིག་འདི་བྱུང༌།

རྒྱ་གར་སྐད་དུ་རཏྣ་ཞེས་པ་དེ་རིན་པོ་ཆེའི་དོན་ཡིན་ཀྱང་རྒྱ་སྐད་དུ་སན་སྦའོ་(三宝)སྟེ་ནོར་བུ་གསུམ་ཞེས་བསྒྱུར་བ་དེ་མ་ཡིག་གི་གོ་དོན་དང་ཅུང་མི་འཚམ་ཞིང༌། བོད་སྐད་དུ་དཀོན་མཆོག་གསུམ་ཞེས་བསྒྱུར་བ་ནི་ཧ་ཅང་ལེགས་ཏེ་དཀོན་པའི་ནང་ནས་མཆོག་ཏུ་གྱུར་པ་ཞེས་པའི་དོན་ཡིན།

༢. སྐྱབས་སུ་འོས་པའི་རྒྱུ་མཚན།

དེའི་སྐོར་ནང་གསེས་མང་པོ་ཡོད་པས་ཆ་ཚང་ཤེས་དགོས་ན་ཚད་མ་རིག་པ་ལེའུ་གཉིས་པར་གསལ་ལ། མདོར་བསྡུས་ཙམ་ཞུས་ན། རང་ཉིད་འཇིགས་པ་དང༌། སྡུག་བསྔལ་ཐམས་ཅད་ལས་མ་གྲོལ་ན་གཞན་དག་སྐྱོབ་མི་ནུས། དཔེར་ན། རང་ཉིད་འདམ་དུ་ཚུད་པའི་མིས་གཞན་དག་འདམ་དུ་ཚུད་པ་འདོན་མི་ནུས་པ་དང་འདྲ། སངས་རྒྱས་ནི་རང་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་ལས་གྲོལ་ཟིན་པ་དང༌། རང་ཉིད་སྡུག་བསྔལ་ལས་ཐར་ཟིན་ཀྱང༌། གཞན་སྡུག་བསྔལ་དང་འཇིགས་པ་ལས་འགྲོལ་བའི་ཐབས་ལ་མི་མཁས་ན་གཞན་སྐྱོབ་མི་ནུས། སངས་རྒྱས་ནི་འགྲོ་བ་རང་རང་གི་གཤིས་རྒྱུད་མཐོ་དམའ་འབྲིང་གསུམ་གྱི་གནས་ཚད་དང་བསྟུན་ནས་ཆོས་གསུངས་པ་ལ་མཁས།

རང་ཉིད་སྡུག་བསྔལ་དང་འཇིགས་པ་ལས་ཐར་ཞིང༌། སྡུག་བསྔལ་དང་འཇིགས་པ་དེ་ལས་སྒྲོལ་བའི་བྱ་ཐབས་ལ་མཁས་ཀྱང༌། སྙིང་རྗེ་ཆེན་པོ་མེད་ན་གཞན་སྡུག་བསྔལ་ལས་སྒྲོལ་འདོད་ཀྱི་བསམ་པ་བཟང་པོ་ཡོད་པ་ཙམ་ལས། གཞན་སྡུག་བསྔལ་དང་འཇིགས་པ་ལས་སྐྱོབ་པའི་ལག་ལེན་དངོས་ལ་འཇུག་མི་ནུས་ཤིང༌། སངས་རྒྱས་ནི་སེམས་ཅན་གཞན་སྡུག་བསྔལ་ལས་དངོས་སུ་སྐྱོབ་འདོད་ཀྱི་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་ནོ།།

སྙིང་རྗེ་ཆེན་པོ་ཡོད་ཀྱང་ཉེ་རིང་ཡོད་པ་ཞིག་ཡིན་ན་སྐྱབས་སུ་བཟུང་མི་འོས། སངས་རྒྱས་ནི་རང་ཉིད་ལ་ཕན་བཏགས་དང་མ་བཏགས་ལ་མ་ལྟོས་པར་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་མཁན་ཞིག་ཡིན། དེར་བརྟེན། སངས་རྒྱས་ནི་རང་ཉིད་སངས་མ་རྒྱས་བར་དུ་གཏན་གྱི་སྐྱབས་ཡིན་པ་དང། དེས་གསུངས་པའི་ཆོས་ནི་དུས་ནམ་ཡང་བསླུ་བ་མེད་པའི་བདེན་དོན་ཞིག་ཡིན་པར་བརྗོད་མི་དགོས་ལ། ཆོས་དེ་ལག་ལེན་བསྟར་མཁན་ནི་དགེ་འདུན་དགྲ་བཅོམ་པ་དང་རབ་ཏུ་བྱུང་བ་རྣམས་ཡིན་པས་དེ་རྣམས་ཀྱང་གཏན་གྱི་སྐྱབས་ཡིན་པ་རིགས་པས་སྒྲུབ་ཐུབ་པ་ཡིན།

༣. སྐྱབས་སུ་འགྲོ་བའི་ཚུལ།

དེ་ལ་ཆོས་ཐེག་པ་ཆེ་ཆུང་གི་སྐྱབས་འགྲོ་རིགས་གཉིས་ཡོད། ཐེག་པ་ཆུང་ངུའི་སྐྱབས་འགྲོ་ནི། རང་ཉིད་འཁོར་བ་དང༌། ངན་སོང་གི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་པ་དང༌། དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པའི་སྒོ་ནས། སངས་རྒྱས་ལ་སྐྱབས་སྟོན་པ་པོ། ཆོས་ལ་སྐྱབས་དངོས། དགེ་འདུན་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་ཡིན་པ་བཅས་ཀྱི་འདུ་ཤེས་བཞག་སྟེ་བློ་གཅིག་སེམས་གཅིག་གིས་སྐྱབས་བཅོལ་བའི་བསམ་པ་ཞིག་ཡིན།

༤. སྐྱབས་འགྲོའི་བསླབ་བྱ།

དེ་ལ་ནང་གསེས་སོ་སོའི་བསླབ་བྱ་དང༌། ཐུན་མོང་གི་བསླབ་བྱ་གཉིས་ལས། སོ་སོའི་བསླབ་བྱ་ལ་དྲུག་སྟེ།

༡. སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་གྱི་ལྷ་འདྲེ་གཞན་ལ་སྐྱབས་མི་བཅོལ་བ།

༢. ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་པའི་བྱ་སྤྱོད་གཏམ་གསུམ་སྤོང་བ།

༣. དགེ་འདུན་ལ་སྐྱབས་སུ་སོང་ནས་སངས་རྒྱས་ཆོས་ལུགས་དང་ལྟ་བ་མི་མཐུན་པའི་མི་དང་མཉམ་དུ་མི་འགྲོགས་པ།

༤. སངས་རྒྱས་ཀྱི་སྐུ་བརྙན་ལ་སངས་རྒྱས་དངོས་དང་འདྲ་བར་དད་གུས་དང་མཆོད་པ་འབུལ་བ།

༥. ཚིག་བཞི་ཡན་ཆད་ཡོད་པའི་གསུང་རབ་ཀྱི་དཔེ་ཆ་འགོམ་ཡུག་དང༌། མ་གུས་པ་སོགས་སྤོང་བ།

༦. རབ་བྱུང་གི་རྟགས་ཙམ་འཛིན་པ་ལ་ཡང་དགེ་འདུན་དངོས་ཀྱི་འདུ་ཤེས་བཞག་ནས་སྐྱབས་སུ་འགྲོ་བ་བཅས་ཡིན།

དེ་ཡང༌། ༡. སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་གྱི་ལྷ་འདྲེ་གཞན་ལ་སྐྱབས་མི་བཅོལ་བ་སྟེ། འཇིག་རྟེན་པའི་ལྷ་འདྲེ་གཞན་དག་ལ་གནས་སྐབས་བར་ཆད་སེལ་བ་དང་མཐུན་རྐྱེན་སྒྲུབ་པའི་གྲོགས་སུ་བསྟེན་རུང་ཡང་མཐར་ཐུག་གི་སྐྱབས་བཅོལ་ན་མི་འགྲིག

༢. ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་པའི་བྱ་སྤྱོད་གཏམ་གསུམ་སྤོང་བ་ནི། དུད་འགྲོ་སོགས་སེམས་ཅན་ཆེ་ཆུང་གང་འདྲ་ཞིག་ཡིན་ནའང་དེ་དག་ལ་གནོད་པའི་བྱ་བ་བྱེད་པ་དང་གཏམ་སྨྲས་པ་སོགས་བྱས་ན་མི་འགྲིག

༣. དགེ་འདུན་ལ་སྐྱབས་སུ་སོང་ནས་སངས་རྒྱས་ཆོས་ལུགས་དང་ལྟ་བ་མི་མཐུན་པའི་མི་དང་མཉམ་དུ་མི་འགྲོགས་པ་ནི། སངས་རྒྱས་ཆོས་ལུགས་དང་ལྟ་བ་མི་མཐུན་པའམ་དེ་ལ་མི་དགའ་བའི་མི་དང་མཉམ་དུ་འགྲོགས་ཏེ་དགའ་པོ་བྱས་ན་མི་འགྲིག

༤. སངས་རྒྱས་ཀྱི་སྐུ་བརྙན་ལ་སངས་རྒྱས་དངོས་དང་འདྲ་བར་དད་གུས་དང་མཆོད་པ་འབུལ་བ་ནི། སངས་རྒྱས་ཀྱི་སྐུ་བརྙན་བྲིས་འབུར་སོགས་གང་ཡིན་ན་ཡང་སངས་རྒྱས་དངོས་དང་འདྲ་བར་དད་པ་བྱས་ཏེ་མཆོད་པ་འབུལ་བ་དང་སྨོན་ལམ་འདེབས་པ་སོགས་བྱེད་དགོས་པ།

༥. ཚིག་བཞི་ཡན་ཆད་ཀྱི་གསུང་རབ་ཀྱི་དཔེ་ཆ་ལ་འགོམ་ཡུག་གཏོང་བ་དང༌། དཔེ་ཆའི་སྟེང་དུ་ཁ་ཕོར་སོགས་གང་བྱུང་ཕར་ཚུར་ཁྱེར་བ་སོགས་བྱེད་མི་ཆོག་པ།

༦. རབ་བྱུང་སྡོམ་གཙང་རིགས་སྨོས་མེད་ཐོག་སྡོམ་པ་མེད་ཀྱང་གྲྭ་ཆས་གྱོན་པའི་སྐྱེ་བོ་ཞིག་ཡིན་ན་དགེ་འདུན་ངོ་མ་ལྟ་བུའི་འདུ་ཤེས་བཟུང་དགོས་པ་ལས། དེ་ལ་དམའ་འབེབས་དང་ཁ་ངན་ཚིག་ངན་བྱས་ན་མི་འགྲིག་ཟེར། དེ་ལ་དཔེ་དེ་འདྲ་ཞིག་བཞག་ཡོད་པ་སྟེ། གླ་བ་ངོ་མ་ཡིན་ན་གླ་རྩི་ཡོད་པ་བཤད་མི་དགོས་ལ་གླ་བ་ཤི་བའི་རོ་ལའང་གླ་རྩིའི་དྲི་མ་ཁ་རྒྱུ་ཡོད་པ་ལྟར་སྡོམ་པ་མེད་པའི་གྲྭ་གཟུགས་རྣམས་གླ་བ་ཤི་བའི་རོ་དང་མཚུངས་པ་ཡིན་ཟེར། ཡང་དཔེར་ན་དེ་སྔ་བླ་སློབ་ཀྱི་འབྲེལ་བ་ཡོད་པ་ཡིན་ནའང་བླ་མ་ལ་ཟླ་རོགས་ཡོད་པ་དང་སློབ་མ་སྡོམ་གཙང་ཡིན་ཚེ་བླ་སློབ་ཀྱི་འབྲེལ་བའི་ངོས་ནས་སློབ་མས་བླ་མར་ཕྱག་འཚལ་དགོས་པ་ལོས་ཡིན་ནའང་བླ་མ་ཁོ་རང་གི་ངོས་ནས་རང་ཉིད་ལ་སྡོམ་པ་མེད་པར་བརྟེན་སོ་སོའི་སློབ་མ་རབ་བྱུང་སྡོམ་གཙང་ཚོས་རང་ལ་ཕྱག་འཚལ་སྐབས་སངས་རྒྱས་ཀྱི་སྐུ་ཆུང་ཆུང་ཞིག་ཁྱེར་ནས་བསམ་བློའི་ནང་སློབ་མ་དེ་ཚོས་རང་ལ་ཕྱག་འཚལ་རྒྱུ་དེ་ང་སངས་རྒྱས་ཀྱི་ཚབ་བྱས་ནས་སློབ་མར་ཆོས་བཤད་མཁན་ཡིན་སྟབས་ཁོ་ཚོས་སངས་རྒྱས་ལ་ཕྱག་འཚལ་གྱི་ཡོད་སྙམ་པའི་དམིགས་པ་བྱེད་པ་ལས་སློབ་མས་ཕྱག་འཚལ་བར་རང་གིས་ཉམས་བསྟན་ནས་བསྡད་པའི་ལུགས་སྲོལ་མེད། རང་གི་ཆོས་ཞུ་སའི་བླ་མར་ཕྱག་འཚལ་བ་དེ་སློབ་མའི་ངོས་ནས་བཤད་ན་འགྲིག་པ་ཞིག་ཡིན་ནའང་བླ་མའི་ངོས་ནས་བཤད་ན་མི་འགྲིག་པས་བྱེད་སྟངས་དེའི་ཐོག་ནས་ཆོས་ཀྱི་གནས་ཚད་གང་འདྲ་ཡོད་མེད་དང་ཆོས་ལུགས་ཀྱི་ནང་དོན་གང་འདྲ་ཤེས་ཀྱི་ཡོད་མེད་གསལ་པོ་ཤེས་ཐུབ།

ཐུན་མོང་གི་བསླབ་བྱ་ལ་ཡང་དྲུག་ཡོད་དེ།

༡. དཀོན་མཆོག་གསུམ་སོ་སོའི་ཡོན་ཏན་དྲན་ནས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ།

༢. བཀའ་དྲིན་དྲན་ནས་རྒྱུན་དུ་མཆོད་པ་མ་ཆད་པ་དང༌། དུས་བཟང་པོ་ལ་མཆོད་པ་བཟང་པོ་རེ་འབུལ་བ།

༣. སྲོག་དང་ཡང་ན་རྩེད་མོའི་ཆེད་དུ་ཡང་དཀོན་མཆོག་གསུམ་བློས་གཏོང་བའི་ཚིག་མནའ་བསྐྱལ་བ་མི་བརྗོད་པ།

༤. འགྲོ་བ་གཞན་ལ་དཀོན་མཆོག་གསུམ་གྱི་ཡོན་ཏན་བརྗོད་ནས་སྐྱབས་འགྲོ་ལ་འགོད་པ།

༥. རང་ལ་སྐྱིད་སྡུག་ལེགས་ཉེས་དང༌། བྱ་བ་བཟང་ངན་གང་བྱུང་ཡང་དཀོན་མཆོག་ལ་བློས་བཀལ་ནས་བྱེད་པ།

༦. སྡིག་པ་མི་དགེ་བ་བཅུ་སྤོང་གང་ཐུབ་དང༌། དགེ་བ་བཅུ་སྣ་རེ་ལས་མ་བྱུང་ཡང་སྒྲུབ་གང་ཐུབ་བྱེད་པ་བཅས་ཡིན།

དེ་ཡང༌། ༡. དཀོན་མཆོག་གསུམ་སོ་སོ་ལ་ཡོན་ཏན་གང་དང་གང་ཡོད་པ་དེ་དྲན་ནས་ཡང་ནས་ཡང་དུ་སྐྱབས་འགྲོ་བྱེད་དགོས་པ་དེ་ཡིན། དེ་ཡང་སྡུག་པོ་བྱུང་དུས་སྐྱབས་འགྲོ་བྱས། སྐྱིད་པོ་བྱུང་དུས་དཀོན་མཆོག་བརྗེད་འགྲོ་བ་དེ་འདྲ་བྱེད་རྒྱུ་མེད་པར་སྐྱིད་སྡུག་གང་འདྲ་བྱུང་ནའང་དཀོན་མཆོག་མ་བརྗེད་པ་བྱེད་དགོས་པ་སྟེ་དེ་ལ་ཡང་ནས་ཡང་དུ་སྐྱབས་འགྲོ་བྱེད་པ་ཟེར།

༢. བཀའ་དྲིན་དྲན་ནས་རྒྱུན་དུ་མཆོད་པ་མ་ཆད་པ་འབུལ་བ་དང་དུས་བཟང་ལ་མཆོད་པ་བཟང་པོ་རེ་འབུལ་བ་དེ་ཡིན། ལ་ལས་སོ་སོར་བཟའ་རྒྱུ་འཐུང་རྒྱུ་བྱུང་བ་ཐམས་ཅད་དཀོན་མཆོག་གི་བཀའ་དྲིན་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ནའང་བཀའ་དྲིན་ཚང་མ་དཀོན་མཆོག་གིས་གནང་བ་མིན། ཚང་མ་དཀོན་མཆོག་ལ་སྐྱབས་བཅོལ་ནས་འཛུལ་བསྡད་ན་ཁ་ལ་ལྟོ་ཡང་རག་ཐབས་མེད། ད་ལྟ་བྱུང་བ་དེ་དཀོན་མཆོག་གི་བཀའ་དྲིན་ཡིན་ཞེས་བཤད་ན་མི་འགྲིག་པ་མེད་ཀྱང་བཀའ་དྲིན་དེ་ཉིད་ཁ་ལ་ཁྱེར་ནས་ལས་ཀ་དང༌། སློབ་སྦྱོང༌། ཐོན་སྐྱེད་སོགས་གང་ཡང་མ་བྱས་ན་ལྟོ་གོས་འཕྱིས་ཁག་པོ་རེད། དཀོན་མཆོག་གི་བཀའ་དྲིན་ཟེར་བ་དེ་ཆོས་བྱེད་མཁན་ཚོའི་བསམ་བློ་གཏོང་སྟངས་ཤིག་ལས་ཆོས་ཀྱི་ནང་ལ་ཡང་དཀོན་མཆོག་མེད་ན་བཟའ་རྒྱུ་འཐུང་རྒྱུ་ཡོང་རྒྱུ་མེད་པའི་དོན་བཤད་མེད་པས་གོ་བ་དེ་འདྲ་བླངས་ན་ནོར་བ་ཡིན། དུས་བཟང་ལ་མཆོད་པ་བཟང་པོ་རེ་འབུལ་བ་ཟེར་བ་ནི་ཟླ་རེའི་ཚེས་བརྒྱད་དང༌། བཅོ་ལྔ། ཉི་ཤུ་ལྔ། གནམ་གང་བཞི་པོ་དེ་ལ་མཆོད་པ་བཟང་པོ་རེ་ཕུལ་དགོས་པའི་དོན་ཡིན། དེ་ཡང་སོ་སོའི་དཔལ་འབྱོར་ཆ་རྐྱེན་ལ་གཞིགས་ནས་མཆོད་པ་འབུལ་བ་ལས་སོ་སོར་ཡོད་ཚད་ཚང་མ་དཀོན་མཆོག་ལ་མཆོད་པ་ཕུལ་ནས་རང་སྤྲང་པོ་བྱས་ཏེ་སྡོད་དགོས་ཞེས་བཤད་མེད། རང་གི་འཚོ་བ་ལ་མ་གནོད་པར་སོ་སོའི་འབྱོར་པ་དང་བསྟུན་ཏེ་དཀོན་མཆོག་ལ་མཆོད་པ་འབུལ་དགོས་པ་ལས་ཚང་མ་དགོན་པ་དང་ལྷ་ཁང་ལ་ཕུལ་ནས་རང་བཟའ་རྒྱུ་འཐུང་རྒྱུ་རྩ་བ་ནས་མེད་པར་སྡོད་པ་དེ་མ་རེད། དཔེ་ཆའི་ནང་དེ་ལ་ཅི་འབྱོར་གྱི་མཆོད་པ་ཟེར་ཞིང༌། ཅི་འབྱོར་ནི་རང་གི་དཔལ་འབྱོར་ཆ་རྐྱེན་ལ་དཔག་ནས་མཆོད་པ་འབུལ་དགོས་པའི་དོན་ཡིན།

༣. རང་གི་སྲོག་དང་ཐ་ན་རྩེད་མོའི་ཆེད་དུའང་དཀོན་མཆོག་བློས་གཏོང་བའི་ཚིག་སྨྲ་མི་རུང་བ་སྟེ། དཀོན་མཆོག་བློས་གཏོང་བའི་ཚིག་ནི་མནའ་སྐྱེལ་བ་ལ་ཟེར། བློས་གཏོང་བའི་ཚིག་ནི་ནམ་རྒྱུན་དཀོན་མཆོག་གསུམ་དང་ཇོ་ཤཱཀ་རྣམ་པ་ཞེས་མནའ་སྐྱེལ་སྟངས་དེ་ཚོ་ཡིན་པས་དེ་ཚོ་སྤངས་དགོས་པ་ཡིན། གལ་ཏེ་མནའ་སྐྱེལ་དགོས་བྱུང་ན“སྡིག་པ་འཁུར”ཟེར་བའི་ཁམས་པའི་མནའ་དེ་ཡག་ཤོས་ཡིན་ཏེ་རང་གི་སྡིག་པ་དེ་རང་གི་སྒལ་པར་འཁུར་རྒྱུ་ཡིན་ཞེས་བཤད་པར་བརྟེན་མནའ་དེ་སྐྱེལ་བ་ལ་གནད་འགག་མེད།

༤. འགྲོ་བ་གཞན་ལ་དཀོན་མཆོག་གསུམ་གྱི་ཡོན་ཏན་བཤད་ནས་སྐྱབས་འགྲོ་ལ་བཀོད་པ། དེ་ནི་རང་གིས་སྐྱབས་འགྲོ་བྱས་པ་མ་ཟད་མི་གཞན་ལ་དཀོན་མཆོག་གསུམ་གྱི་ཡོན་ཏན་བཤད་ནས་སྐྱབས་འགྲོ་བྱེད་དུ་འཇུག་དགོས་ཟེར་བའི་དོན་ཡིན་པས་ལྷ་ཡོད་སྨྲ་བ་དྲིལ་བསྒྲགས་མི་ཆོག་པའི་དགོངས་དོན་དང་མི་འཚམ་པ་ཡོད་ན་ཡང་ངས་འདིར་ཆོས་ཀྱི་ནང་དོན་དེ་མཛུབ་མོ་རི་སྟོན་གྱི་ཚུལ་དུ་ངོ་སྤྲོད་ཞུས་པ་ཙམ་ལས་ཁྱེད་ཚོ་ཆོས་བྱེད་དུ་འཇུག་ཆེད་བཤད་པ་ཞིག་མིན་ལ། ཁྱེད་རང་ཚོས་ཀྱང་ཆོས་བྱེད་རྒྱུའི་ཆེད་དུ་ཉན་གྱི་མེད་སྟབས་ངོ་བོ་ཁག་ཁག་ཡིན།

༥. སོ་སོ་ལ་སྐྱིད་སྡུག་གམ་བྱ་བ་ལེགས་ཉེས་གང་བྱུང་རུང་དཀོན་མཆོག་ལ་བློས་བཀལ་དགོས་པ་དེ་ཡིན་ཞིང༌། དཀོན་མཆོག་ལ་བློས་བཀལ་བ་ཡིན་ན་བྱ་བ་དེ་འཕྱུག་གི་མ་རེད་ཟེར།

༦. མི་དགེ་བ་བཅུ་སྤོང་གང་ཐུབ་དང་དགེ་བ་བཅུ་བསྒྲུབ་གང་ཐུབ་བྱེད་དགོས་པ་དེ་ཡིན། དེ་བསླབ་བྱ་ལ་འཇོག་དགོས་དོན་ནི། མི་དགེ་བ་བཅུ་སྤོང་ཐུབ་པ་དང་དགེ་བ་བཅུ་བསྒྲུབ་ཐུབ་ན་རང་གིས་རང་སྐྱབས་ཐུབ་པ་ཡིན་ཟེར། དཔེར་ན་ཉེས་ཅན་ཞིག་ལ་ཆ་བཞག་ན་ཁོ་བཙོན་ཁང་ནང་དུ་ཚུད་རྗེས་དེའི་ནང་ནས་དོན་ཐུབ་པ་ཞིག་བྱེད་པར་ངེས་པར་དུ་ཁྲིམས་ལུགས་གཞིར་བཞག་སྔོན་ཆད་རྒྱབ་བསྐྱུར་དང་ཕྱིན་ཆད་སྤང་བླངས་བྱེད་རྒྱུའི་ཁས་ལེན་དམ་བཅའ་བྱ་དགོས་པ་མ་ཟད། དེ་བས་གལ་ཆེ་བ་ཞིག་ནི་བྱ་སྤྱོད་ངོ་མའི་ཐོག་ཏུ་འཁྱོལ་ཐུབ་པ་བྱ་རྒྱུ་དེ་ཡིན་ཞིང༌། དེ་ལྟར་བྱེད་ཐུབ་ན་རང་བཙོན་ཁང་ནས་ཐོན་ཐུབ་པ་མ་ཟད། ཁྲིམས་ཁང་གིས་ཀྱང་མི་དེ་སྐྱོབ་ཐུབ་ཀྱི་རེད། འོན་ཀྱང་ཉེས་ཅན་དེས་རང་གིས་ཁས་བླངས་པ་ལྟར་ལག་ལེན་བྱེད་མ་ཐུབ་ན་ཁྲིམས་ཁང་གིས་ཁོ་སྐྱོབ་ཐུབ་རྒྱུ་ལྟ་ཅི་ད་དུང་བཙོན་ཁང་ནང་ཡང་བསྐྱར་ཚུད་ཉེན་ཡོད། དཔེ་དེ་ནང་བཞིན་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱས་པའི་རྗེས་སུ་དཀོན་མཆོག་གསུམ་གྱིས་རང་སྐྱབས་ཐུབ་པ་ཞིག་བྱེད་དགོས་ན་རང་གིས་མི་དགེ་བ་བཅུ་སྤོང་གང་ཐུབ་དང་དགེ་བཅུ་བསྒྲུབ་གང་ཐུབ་བྱེད་དགོས། དེ་ལྟར་བྱས་ཚེ་དཀོན་མཆོག་གིས་རང་སྐྱོབ་ཐུབ་ཀྱི་རེད། དེ་མ་བྱས་ན་དཀོན་མཆོག་ལ་ནུས་པ་ཡོད་ནའང་རང་སྐྱོབ་ཐུབ་ཐབས་མེད། དེ་ནི་ཕྱི་རྐྱེན་དང་ནང་རྐྱེན་གཉིས་ལས་ནང་རྐྱེན་གཙོ་བོ་ཡིན་ཏེ། དཀོན་མཆོག་གི་ནུས་པ་དེ་ཕྱི་རྐྱེན་དང༌། རང་གིས་དགེ་བ་བཅུ་བསྒྲུབ་རྒྱུ་དང་མི་དགེ་བཅུ་སྤོང་རྒྱུ་དེ་ནང་རྐྱེན་ཡིན་པས་ནང་རྐྱེན་དེ་མ་ཚང་ན་དཀོན་མཆོག་ལ་ནུས་པ་ཡོད་ནའང་རང་སྐྱོབ་ཐུབ་ཐབས་མེད་ཟེར། ནང་རྐྱེན་དང་ཕྱི་རྐྱེན་གཉིས་ཀ་འཛོམས་ན་ནང་རྐྱེན་གྱི་ནུས་པ་ཐོན་ཐུབ་པ་དང༌། ཕྱི་རྐྱེན་གྱི་ནུས་པ་དེ་ནང་རྐྱེན་ལ་བརྟེན་ནས་ཐོན་དགོས་པ་ཡིན། དེར་བརྟེན་དཀོན་མཆོག་གིས་རང་ལ་སྐྱོབ་པ་བྱེད་པར་དཀོན་མཆོག་ལ་ནུས་པ་ཡོད་པ་དང་སྐྱབས་འགྲོ་བྱས་པ་ཙམ་གྱི་ཕྱིའི་ཆ་རྐྱེན་དེ་གཅིག་པུས་གོ་ཆོད་པར་གཙོ་བོ་རང་གི་ནང་གི་ཆ་རྐྱེན་མི་དགེ་བ་བཅུ་སྤོང་བ་དང་དགེ་བ་བཅུ་བསྒྲུབ་རྒྱུའི་བྱ་སྤྱོད་ངོ་མའི་ཐོག་ནས་རང་གིས་རང་སྐྱབས་ཐུབ་པ་ཞིག་བྱས་ན་ཕྱིའི་ཆ་རྐྱེན་དེས་ནུས་པ་ཡག་པོ་ཞིག་ཐོན་གྱི་རེད་ཟེར།

༥. སྐྱབས་འགྲོའི་ཕན་ཡོན་བཤད་པ།

jནང་པ་སངས་རྒྱས་པར་ཚུད་པ། སྐྱབས་འགྲོ་ཁས་བླངས་པའི་ཉིན་མོ་ནས་ནང་པ་སངས་རྒྱས་པའི་གྲས་སུ་ཚུད་པ་ཡིན། kསྐྱབས་འགྲོ་ནི་སྡོམ་པ་ཐམས་ཅད་ཀྱི་རྟེན་གཞི་ཡིན་ཏེ། སྐྱབས་འགྲོ་ཡོད་ན་ཐེག་ཆེན་གྱི་སྡོམ་པ་དང༌། ཐེག་ཆུང་གི་སྡོམ་པ། གསང་སྔགས་ཀྱི་སྡོམ་པ་བཅས་གང་ཞུས་ནའང་ཐོབ་པ་དང༌། སྐྱབས་འགྲོ་མེད་ན་སྡོམ་པ་དེ་གསུམ་ཀ་ཐོབ་ཐབས་མེད། lངན་སོང་གི་སྐྱེ་བ་འགོག་ཐུབ་པ། སྐྱབས་འགྲོ་བྱས་པ་ཡིན་ན་ངན་སོང་ལ་སྐྱེ་བའི་སྐྱེ་བ་དེ་རྦད་དེ་བཀག་མ་ཐུབ་ནའང་གནས་སྐབས་རིང་བཀག་ཐུབ་པ་ཞིག་ཡིན། mསྲུང་བ་ཐམས་ཅད་ཀྱི་མཆོག་ཡིན་པ། མི་ལ་ལས་སྐེ་ལ་སྲུང་མདུད་མང་པོ་ཞིག་བཏགས་ནས་དེས་རང་ཉིད་ལ་གེགས་དབང་བར་ཆད་མི་ཡོང་བར་ཚང་མ་སྲུང་ཐུབ་པར་རྩིས་ཀྱི་ཡོད་ནའང་གཙོ་བོ་དེ་རང་གི་སེམས་ལ་སྐྱབས་འགྲོ་མེད་ན་སྐེ་ལ་སྲུང་མདུད་མང་པོ་ཇི་ཙམ་བཏགས་ནའང་སྲུང་ཐུབ་ཐབས་མེད་པས་སྐྱབས་འགྲོ་ནི་སྲུང་བ་ཐམས་ཅད་ཀྱི་མཆོག་ཡིན། nལྷ་དང་མི་ཡི་མཆོད་པའི་འོས་སུ་གྱུར་པ། དེ་ནི་སྐྱབས་འགྲོ་ཡོད་པའི་མི་ཞིག་ཡིན་ན་སྐྱབས་འགྲོ་མེད་པའི་མི་ཚང་མས་མཆོད་པར་འོས་པའི་ཡུལ་ཞིག་ཏུ་འགྱུར་འགྲོ་བ་ཡིན་ཟེར། oགཞན་སྡུག་བསྔལ་ལས་སྐྱོབ་ཐུབ་པ། སྐྱབས་འགྲོ་ཡོད་པའི་མི་དེས་མི་གཞན་སྡུག་བསྔལ་ལས་སྐྱོབ་ཐུབ་པ། pསྐྱེ་བ་ཕྱི་མར་མི་ལུས་ཐོབ་པ། སྐྱབས་འགྲོ་ཡོད་པའི་མི་དེ་སྐྱེ་བ་ཕྱི་མར་མི་ལུས་ཐོབ་ཐུབ་པ། qམཐར་ཐུག་སངས་རྒྱས་ཐུབ་པ་སོགས་དེ་རྣམས་ཞིབ་ཕྲ་བཤད་མི་དགོས་པ་བྱེད་རྒྱུ་ཡིན།

༧. ལས་རྒྱུ་འབྲས།

ལས་རྒྱུ་འབྲས་ཟེར་བ་ནི་སངས་རྒྱས་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བ་ཞིག་རེད། ཆོས་ལུགས་གཞན་ནང་ལས་རྒྱུ་འབྲས་ཁས་མི་ལེན་མཁན་མང་པོ་ཡོད། འདིར་ལས་རྒྱུ་འབྲས་ཞེས་བཤད་པ་ལས་རྒྱུ་འབྲས་རྐྱང་རྐྱང་བཤད་མེད། རྒྱུ་འབྲས་ཟེར་བ་ནི་དཔེར་ན་ས་བོན་དང་མྱུ་གུ་གཉིས་ལས་ས་བོན་དེ་རྒྱུ་དང་མྱུ་གུ་དེ་འབྲས་བུ་རེད། དེར་བརྟེན་དེ་ལ་རྒྱུ་འབྲས་ཟེར་བ་ལས་ལས་རྒྱུ་འབྲས་ཟེར་སྲོལ་མེད། ལས་རྒྱུ་འབྲས་ནི་ལས་བཟང་པོ་བྱས་ན་འབྲས་བུ་བཟང་པོ་འཐོབ་རྒྱུ་དང་ལས་ངན་པ་བྱས་ན་འབྲས་བུ་ངན་པ་སྨིན་རྒྱུ་ཡོད་པ་དེ་ལ་ཟེར། དེ་ནི་སོ་སོས་བྱས་པའི་ལས་ཀྱི་འབྲས་བུ་དེ་སོ་སོ་རང་ཉིད་ཀྱིས་མྱོང་དགོས་པ་ལས་མི་གཞན་ལ་བགོ་འགྲེམས་བྱ་ཐབས་མེད་པས་ལས་རྒྱུ་འབྲས་ཀྱི་ཁྲིམས་དཔོན་དེ་ཧ་ཅང་བཀའ་བཙན་པོ་ཞིག་ཡིན། སྤྱི་ཚོགས་ཐོག་རྒྱལ་ཁབ་ཀྱི་ཁྲིམས་འོག་ཏུ་མ་འདུས་པའི་མི་མང་པོ་ཡོད་ནའང་ལས་རྒྱུ་འབྲས་ཟེར་བའི་ཁྲིམས་དེའི་འོག་ཏུ་འདུ་མི་དགོས་པ་གཅིག་ཀྱང་མེད་ཟེར།

སྐྱབས་འགྲོ་བཤད་ཟིན་མ་ཐག་ལས་འབྲས་ཤོད་དགོས་པའི་རྒྱུ་མཚན་ནི། རང་གིས་དཀོན་མཆོག་ལ་སྐྱབས་འགྲོ་བྱས་པ་ཙམ་གཅིག་པུར་བརྟེན་ནས་དཀོན་མཆོག་གིས་རང་སྐྱོབ་མི་ཐུབ་སྟེ་ད་དུང་རང་གི་ནང་རྐྱེན་ཏེ་ལས་བཟང་པོ་བསྒྲུབ་དགོས་པ་དང་ལས་ངན་པ་སྤོང་དགོས་ཞིང༌། ནང་རྐྱེན་འཛོམས་ན་རང་ཉིད་སྐྱོབ་ཐུབ་ཀྱི་ཡོད་པར་བརྟེན་སྐྱབས་འགྲོ་བྱས་པའི་རྗེས་སུ་ལས་རྒྱུ་འབྲས་ལག་ལེན་བསྟར་རྒྱུ་དེ་གལ་ཆེན་པོ་ཡིན་ཟེར། དེ་ལ་བརྟེན་ནས་སྐྱབས་འགྲོའི་མཇུག་ཏུ་ལས་འབྲས་ཟེར་བ་དེ་བཤད་པ་རེད། སྐྱབས་འགྲོ་ནི་ཕྱི་རྐྱེན་ཡིན་པ་དང༌། ལས་རྒྱུ་འབྲས་ནི་ནང་རྐྱེན་ཏེ་ངེས་པར་ལག་ལེན་བསྟར་དགོས་རྒྱུ་ཞིག་རེད་ཟེར། དེར་བརྟེན་དཔེ་ཆའི་འགོ་དེ་རྒྱ་གར་སྐད་ནས་འགོ་བཙུགས་པ་དང༌། ཀ་ཁའི་འགོ་དེ་ཀ་མད་སུམ་ཅུའི་ཀ་ནས་འགོ་བཙུགས་པ་ལྟར་ཆོས་ཀྱི་འགོ་དེ་ལས་རྒྱུ་འབྲས་ནས་བཙུགས་པ་ཡིན། ལས་རྒྱུ་འབྲས་ལག་ལེན་བསྟར་བ་ནས་ཆོས་བྱུང་བ་དང་ལས་རྒྱུ་འབྲས་ལག་ལེན་མ་བསྟར་ན་ཆོས་ཡོང་ཐབས་མེད། དེར་བརྟེན་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ལ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སྲོལ་བཏོད་གནང་མཛད་པ་དེ་ནི་ཆོས་དེ་ཁྲིམས་ལ་བསྒྱུར་ནས་ཆོས་ཀྱི་ནང་དོན་དེ་ཁྲིམས་ཆགས་པ་རེད། དེར་བརྟེན་རྒྱལ་པོ་སྲོང་བཙན་སྒམ་པོ་ནི་བོད་ལ་ཐོག་མར་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་བོད་ཀྱི་ཆོས་སྲིད་གཉིས་ཀའི་ཁྲིམས་ལུགས་སུ་གཏན་འབེབས་གནང་མཁན་དེ་ཡིན་ཞེས་བརྗོད་དོན་དེ་ལྟར་ཡིན། དེ་ཡང་ཆོས་ཁྲིམས་ལ་ལྷ་ཆོས་དགེ་བ་བཅུ་དང་སྲིད་ཁྲིམས་ལ་མི་ཆོས་གཙང་མ་བཅུ་དྲུག་གཏན་འབེབས་བཟོས་པ་དང༌། དེ་གཉིས་ནང་ཆོས་སྲིད་གཉིས་ཀའི་ཁྲིམས་ཡོངས་རྫོགས་འདུས་ཡོད། མི་ཆོས་གཙང་མ་བཅུ་དྲུག་ནང་ཕ་མ་ལ་གུས་ཞབས་བྱེད་དགོས་པ། སློབ་དཔོན་ལ་གུས་ཞབས་བྱེད་དགོས་པ། རྒན་རབས་ལ་གུས་ཞབས་བྱེད་དགོས་པ། ཕ་མས་ཕྲུ་གུར་བྱམས་སྐྱོང་བྱེད་དགོས་པ། ཕྲུ་གུས་ཕ་མར་བརྩི་བཀུར་ཞུ་དགོས་པ། དེ་བཞིན་མི་ཚང་མས་ཡི་གེ་སློབ་སྦྱོང་བྱེད་དགོས་པ། མི་ནག་ཆེན་ལ་ཉེས་ཆད་གཅོད་དགོས་པ། ནག་ཆེན་གྱི་ནག་ཉེས་ཐེར་འདོན་བྱེད་དགོས་པ། མི་གཞན་གྱི་སྲོག་སྐྱོབ་དགོས་པ། གཞན་སྲོག་ལ་ཉེན་ཁ་ཡོད་སྐབས་རང་གིས་སྐྱབས་མ་ཐུབ་ན་རང་ཉིད་སྲོག་ཐོག་ཏུ་འགྲོ་བ། མི་གཞན་གྱི་སྲོག་སྐྱོབ་ཐུབ་པ་ཡིན་ན་སྐྱོབ་མཁན་དོ་བདག་དང་དེའི་ཁྱིམ་ཚང་ལའང་བྱས་རྗེས་དཔེ་བཟང་ཡོད་(གནའ་དུས་རྐུན་མ་སོགས་བཟུང་ནས་སྲིད་གཞུང་ལ་རྩིས་སྤྲད་ན་བྱ་དགའ་མཚོན་བྱེད་དུ་ཁྱིམ་གྱི་སྒོ་རྩར་ལྕགས་སྒོ་ཞིག་བཀལ་རྒྱུ་ཡོད་)པ་སོགས་ཀྱི་ནང་དོན་ཚུད་ཡོད། མི་ཆོས་གཙང་མ་བཅུ་དྲུག་ནང་ད་ལྟའི་གནས་ཚུལ་དང་ཅུང་མི་འཚམ་པ་ཞིག་སྟེ་བུད་མེད་གྲོས་ཚོགས་ལ་ཞུགས་མི་ཆོག་ཟེར་བ་ཞིག་ཡོད། འདི་ཡག་པོ་མ་རེད། བུད་མེད་ཀྱི་ཆབ་སྲིད་དབང་ཆ་ཡོངས་རྫོགས་འཕྲོག་པ་རེད། ཡིན་ནའང་སྐབས་དེ་དུས་ཀྱི་གནས་ཚུལ་འོག་དེ་འདྲ་ཞིག་མི་བཟོ་ཐབས་མེད་ཡིན་ཏེ། ང་ཚོས་སྔོན་མའི་མི་ལ་དེང་དུས་ཀྱི་ཚད་གཞི་དེ་ཁྱེར་ནས་གདེང་འཇོག་བྱས་ན་མི་འགྲིག སྔོན་མའི་མི་ལ་དེང་སང་གི་ཚད་དེ་ཁྱེར་ནས་འཇལ་ན་ལོན་མི་ཐུབ་སྟེ་དེང་དུས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་དེ་ཁྱེར་ནས་ཤཱཀྱ་མུ་ནེ་ལ་ཚད་བརྒྱབ་ན་ཡོང་ཐབས་མེད་དེ་སངས་རྒྱས་ཤཱཀྱ་མུ་ནེ་ནི་རྒྱ་གར་གྱི་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་ནང་བྱུང་བ་ཞིག་ཡིན་པར་བརྟེན་ཁོང་གིས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་མཐུན་པ་ཞིག་དང་སྐབས་དེའི་སྤྱི་ཚོགས་ཀྱི་ཁྲིམས་དང་མཐུན་པ་ཞིག་མ་གསུངས་པར་དེ་དང་ཁ་གཏད་དུ་ལངས་པའི་ཆོས་ཤིག་གསུངས་ཐུབ་ཐབས་མེད་ལ་གསུངས་ནའང་སུས་ཀྱང་ཁས་ལེན་གྱི་མ་རེད། དེར་བརྟེན་ལོ་རྒྱུས་མི་སྣར་ཞིབ་འཇུག་དང་གདེང་འཇོག་བྱེད་སྐབས་དེ་གའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་ལོ་རྒྱུས་ཀྱི་ཆ་རྐྱེན་གང་འདྲ་ཞིག་གི་འོག་ཏུ་མི་དེས་སྐད་ཆ་གང་བཤད་ཡོད་མེད་དང་ལས་ཀ་གང་བྱས་ཡོད་མེད་ལ་བལྟ་དགོས། དཔེར་ན་དེང་སང་དེབ་ཁ་ཤས་ནང་དུ་ཏུན་ཧོང་དང་རྡོ་རིང་གི་ཡི་གེ་ཕུད་པའི་དེ་མིན་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཆ་ཚང་མ་ཚན་རིག་གི་རིན་ཐང་མེད་པ་ཤ་སྟག་རེད་ཅེས་འཁོད་ཡོད་པས་འདི་ནི་རྩོམ་པ་པོ་དེ་ཚོས་དེང་སང་གི་ཁྲེ་ཙེ་དེ་འཁྱེར་ནས་སྔ་མོའི་མི་ལ་ཚད་བརྒྱབ་པ་ཞིག་ཡིན་པས་ཡོང་ཐབས་གཏན་ནས་མེད། སྔ་མོའི་མིས་ཆུ་ཚད་དེ་ལོན་མི་ཐུབ། དཔེར་ན་བོད་ཀྱི་ལོ་རྒྱུས་དཔེ་ཆའི་ནང་མང་ཆེ་བ་ཆོས་ཀྱི་ལོ་རྒྱུས་ཡིན་པ་ལས་སྲིད་ཀྱི་ལོ་རྒྱུས་ཧ་ཅང་ཉུང་ཉུང་ཡིན་ཏེ།  <<རྒྱལ་རབས་གསལ་བའི་མེ་ལོང་>>ལ་ཆ་བཞག་ན་ཁ་བྱང་ལ་<<རྒྱལ་རབས་གསལ་བའི་མེ་ལོང་>>ཞེས་འཁོད་ཡོད་ནའང་དོན་དངོས་ཐོག་རྒྱལ་རབས་རང་གི་སྐོར་ལས་ཆོས་ཀྱི་གནས་ཚུལ་མང་བ་ཡོད་པས་དེ་རྩོམ་པ་པོས་རྒྱལ་རབས་ཀྱི་གནས་ཚུལ་མ་ཤེས་པ་མ་ཡིན་པར་དེ་ནི་རྩོམ་པ་པོ་ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཞུ་བ་དེ་ཉིད་ཆོས་པ་ཞིག་ཡིན་པའི་དབང་གིས་ཡིན། སྲོང་བཙན་སྒམ་པོའི་སྐབས་བུད་མེད་ཆབ་སྲིད་ཀྱི་ཚོགས་འདུར་ཞུགས་མི་ཆོག་ཟེར་བ་དེ་ཡང་སྐབས་དེའི་སྤྱི་ཚོགས་ཀྱི་དགོས་མཁོ་ལ་བརྟེན་ནས་བཟོས་པ་ཞིག་རེད། བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ནང་དུ་ཁྲིམས་དེ་འདྲ་ཞིག་མེད་ན་འགྲིག་ཐབས་མེད་པར་སྲིད་གཞུང་དེ་བཀས་བཀོད་རྒྱུད་འཛིན་གྱི་སྲིད་གཞུང་ཡིན་པ་དང༌། ལམ་ལུགས་དེ་ཡང་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་ཡིན་པ་མ་ཟད། ལམ་ལུགས་དེ་འདྲ་ཞིག་ཡོད་པའི་དབང་གིས་དེའི་ནང་ཁྱོ་དབང་དང༌། རུས་དབང༌། ལྷ་དབང་སོགས་དབང་ཆ་ཆེན་པོ་བཞི་ཡོད་པས་སྤྱི་ཚོགས་དེ་ལྟ་བུ་ཞིག་གི་ནང་བུད་མེད་ལ་དབང་ཆ་ཟེར་བ་དེ་ཡོང་ཐབས་མེད་སྟབས་དེང་སང་གི་ཕོ་མོ་འདྲ་མཉམ་གྱི་ཆབ་སྲིད་ཀྱི་ཁྲེ་ཙེ་དེ་འཁྱེར་ནས་སྲོང་བཙན་སྒམ་པོ་ལ་ཉེས་མིང་བཀལ་ན་འགྲིག་ཐབས་མེད།

ལས་འབྲས་ཀྱི་སྣང་ཚུལ་བཤད་པ། དེ་ལའང་ལས་འབྲས་སྤྱིའི་སྣང་ཚུལ་དང༌། ལས་འབྲས་སོ་སོའི་སྣང་ཚུལ། ལྕི་ཡང་ངམ་སྟོབས་ཆེ་ཆུང༌། དགེ་བ་དང་མི་དགེ་བའི་ལས་འབྲས་བུ་བཅས་ལས།

༡. ལས་འབྲས་སྤྱིའི་སྣང་ཚུལ་ལ། ལས་ངེས་པ། ལས་འཕེལ་ཆེ་བ། ལས་མ་བྱས་པ་དང་མི་ཕྲད་པ། ལས་བྱས་པ་ཆུད་མི་ཟ་བ་བཅས་ཁྱད་ཆོས་ཆེན་པོ་བཞི་ལྡན་ཡོད།

ཁྱད་ཆོས་དང་པོ། ལས་ངེས་པ་ཞེས་པ་ནི། ལས་བཟང་པོ་བྱས་ན་འབྲས་བུ་བཟང་པོ་ཡོང་རྒྱུ་དང༌། ལས་ངན་པ་བྱས་ན་འབྲས་བུ་ངན་པ་སྨིན་རྒྱུ་གཏན་འཁེལ་བ་དེ་ལ་ལས་ངེས་པ་ཞེས་བརྗོད། དེར་བརྟེན་ལས་བཟང་པོ་བྱས་པར་འབྲས་བུ་ངན་པ་ཡོང་མི་སྲིད་ལ་ལས་ངན་པ་བྱས་པ་ལ་འབྲས་བུ་བཟང་པོ་ཡང་ཡོང་མི་སྲིད་པ་དེ་གཏན་འཁེལ་བ་ཞིག་ཡིན། དེ་ལ་དོགས་འདྲི་དེ་ལྟར་བྱེད་སྲིད་པ་སྟེ། རྣམ་ཀུན་སེམས་ཅན་བསད་ནས་འཚོ་བ་སྐྱེལ་མཁན་དེ་ཚོ་ཕྱུག་པོ་དང་ཚེ་རིང་པོ་ཡོང་བ་དང་རྣམ་ཀུན་སེམས་ཅན་མ་བསད་པར་ཆོས་བྱེད་མཁན་དེ་ཚོ་ཚེ་ཐུང་ལ་འཚོ་བ་སྐྱོ་པོ་ཆགས་པ་དེ་ལས་བཟང་ངན་གྱི་འབྲས་བུ་ཡིན་ནམ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་པར་སེམས་ཅན་གསོད་མཁན་དེ་ཚེ་རིང་པོ་དང་ཕྱུག་པོ་ཆགས་པ་དེ་ཁོས་སེམས་ཅན་བསད་པའི་འབྲས་བུ་མིན་ཏེ་ཁོ་རང་གི་སྐྱེ་བ་སྔོན་མའི་འབྲས་བུ་བཟང་པོའི་ལྷག་མ་དེ་དག་ཚེ་འདིར་སྨིན་པ་ཞིག་ཡིན་ཅིང༌། ལྷག་འཕྲོ་དེ་རྣམས་གཙང་དག་བཟོས་ཟིན་རྗེས་སྡུག་བསྔལ་མྱོང་རྒྱུའི་རྟགས་མཚན་ཡིན་པ་ལས་སེམས་ཅན་སྲོག་བཅད་པའི་འབྲས་བུ་ལ་བརྟེན་ནས་ཚེ་རིང་པོ་དང་ཕྱུག་པོ་བྱུང་བ་མིན་ལ། རྒྱུན་དུ་ཆོས་བྱས་ནའང་ན་ཚ་མང་བ་ཚེ་ཐུང་བ་དེ་ནི་ཆོས་བྱས་པའི་འབྲས་བུ་མིན་པར་སྐྱེ་བ་སྔོན་མ་སྡིག་པ་བསགས་བཞག་པ་དེ་དག་ཚེ་འདི་ལ་སྨིན་ནས་དེ་ཚོ་བུ་ལོན་ལྟར་སྐྱིན་ཚབ་འཕྲོད་དེ་སྐྱེ་བ་རྗེས་མ་འབྲས་བུ་བཟང་པོ་མྱོང་རྒྱུའི་རྟགས་མཚན་ཞིག་བཅས་ཡིན་པ་ལས་ལས་བཟང་པོར་འབྲས་བུ་ངན་པ་བྱུང་བ་དང་ལས་ངན་པར་འབྲས་བུ་བཟང་པོ་བྱུང་བ་ཞིག་མིན་ཟེར། གཞན་ཡང་དཔེར་ན་ཕ་མས་ཕྲུ་གུ་ལ་བྱམས་སྐྱོང་ཇི་ཙམ་བྱས་རུང་ཕྲུ་གུ་ཆེན་པོ་ཆགས་དུས་ཕ་མར་དྲིན་ལན་ལོག་འཇལ་བྱེད་པའི་གནས་ཚུལ་ཡོང་བ་དེ་ཡང་ཚེ་སྔོན་མ་རང་གིས་སོ་སོའི་ཕ་མ་ལ་ཡག་པོ་མ་བྱས་པའི་འབྲས་བུ་དེ་ད་ལྟ་སོ་སོའི་ཕྲུ་གུའི་ཐོག་ནས་རང་ལ་ཏག་ཏག་འཁོར་བ་ཞིག་ཡིན་ཟེར།

ཁྱད་ཆོས་གཉིས་པ། ལས་འཕེལ་ཆེ་བ་ཞེས་པ་ནི། ལས་བཟང་ངན་ལ་མ་ལྟོས་པར་དེའི་འབྲས་བུ་འཕེལ་ཆེ་བ་ཡིན་ཏེ་ལས་མི་དགེ་བ་ཞིག་བྱས་པའི་དབང་དུ་བཏང་ན་འགྱོད་བཤགས་མ་བྱས་ཚེ་ལས་དེ་ཉིན་རེ་ལས་ཉིན་རེ་འཕེལ་ཆེ་རུ་འགྲོ་བ་དཔེར་ན་དེ་རིང་ཁྱོད་ཀྱིས་ཤིག་གཅིག་བསད་པ་དེ་སང་ཉིན་ནམ་མ་ལངས་གོང་ངས་ཁ་ས་ཤིག་བསད་པ་དེ་འགྲིག་མི་འདུག་སྙམ་ནས་འགྱོད་བཤགས་བྱས་ན་ཤིག་གཅིག་བསད་པའི་སྡིག་པ་མ་གཏོགས་མེད། དེ་ལས་ལྡོག་སྟེ་འགྱོད་གཤགས་མ་བྱས་ན་སང་ཉིན་གཉིས་དང༌། གནངས་ཉིན་བཞི། གཞེས་ཉིན་བརྒྱད། དགུས་ཉིན་བཅུ་དྲུག་བསད་པའི་སྡིག་པ་སྟེ་ཟླ་བ་གཅིག་འགྲོ་དུས་མི་གཅིག་བསད་པའི་སྡིག་པ་ལས་ཆེ་བ་ཡོད་ལ། ལྷག་པར་དུ་སྡོམ་པ་ཡོད་མཁན་ཞིག་ལ་ཆ་བཞག་ན་དེས་ཀྱང་ཚད་ཀྱི་མེད་ཅིང༌། ལས་བཟང་པོ་བྱས་པའི་འབྲས་བུ་འཕེལ་རྒྱས་འགྲོ་ཚུལ་ཡང་དེ་ལྟར་ཡིན་ཟེར། དེ་བཞིན་སོ་སོའི་ཕ་མ་ལ་ཁ་ངན་ཚིག་ངན་བཤད་ཚེ་རང་ཉིད་སྐྱེ་བ་ལྔ་བརྒྱའི་བར་ཀླད་པ་ཐོར་བ་དང་མགོ་ལ་རྡོ་འཁེལ་བའི་སྡུག་བསྔལ་མྱོང་དགོས་པ་ཡིན་ཟེར།

ཁྱད་ཆོས་གསུམ་པ། ལས་མ་བྱས་པ་དང་མི་ཕྲད་པ་ཞེས་པ་ནི། རང་གིས་ལས་དེ་བསགས་མེད་ན་འབྲས་བུ་དེ་རང་ལ་སྨིན་མི་སྲིད་པ་སྟེ། རང་གིས་ལས་ངན་པ་བྱས་མེད་ན་འབྲས་བུ་ངན་པ་མྱོང་དགོས་དོན་མེད་ལ། ལས་བཟང་པོ་བྱས་མེད་ནའང་འབྲས་བུ་བཟང་པོ་ཡོང་ཐབས་མེད་པས་དེ་ནི་ལས་མ་བྱས་པ་དང་མི་ཕྲད་པ་ཟེར་བ་དེ་ཡིན། དེ་སྔ་བོད་ཀྱི་ཉིང་ཁྲི་སོགས་སུ་ས་ཡོམ་རྒྱག་སྐབས་ས་ཆ་དེའི་ཡུལ་མི་ཁ་ཤས་ས་ཡོམ་རྒྱག་ཁར་ས་ཆ་གཞན་ལ་ཕྱིན་ནས་ཤི་མེད་པ་དང༌། ས་ཆ་གཞན་གྱི་མི་འགའ་ཞིག་ས་ཡོམ་རྒྱག་ཁར་ཚུར་ཡོང་ནས་ལུང་པ་དེའི་མི་དང་མཉམ་དུ་ཤི་བའི་གནས་ཚུལ་བྱུང་ཡོད་པས་དེ་ནི་ལས་མཐུན་པ་ཟེར་བ་དེ་ཡིན། ལས་མཐུན་པ་སྟེ་མཉམ་དུ་ཤི་དགོས་པའི་ལས་ཤིག་བསགས་ཡོད་པར་བརྟེན་མཉམ་དུ་ཤི་བ་རེད། ཡང་དཔེར་ན་དམག་མི་ཁ་ཤས་དམག་སར་ཐེངས་མང་སོང་ཡང་རྨས་སྐྱོན་དང་ཤི་སྐྱོན་གང་ཡང་ཡོང་མྱོང་མེད་པ་དང༌། ཁ་ཤས་འགྲོ་ཐེངས་གཅིག་ལ་ཤི་མཁན་ཡང་ཡོད་པས་དེ་ནི་ཁོ་གཉིས་དམག་ས་དེའི་ཐོག་ཤི་རྒྱུའི་ལས་བསགས་ཡོད་མེད་ཀྱི་ཁྱད་པར་ཡིན་པ་ལས་སྤྱང་གྲུང་དོད་ལོས་དང་མགོ་བདེ་ལོས་ཀྱི་ཁྱད་པར་མིན་ཟེར། ཡང་ཁ་ཤས་ཀྱིས་དྲི་བ་འདི་འདྲ་ཞིག་བཏོན་སྲིད་པ་སྟེ། སྔོན་མ་རིག་གནས་གསར་བརྗེའི་སྐབས་ཁ་ཤས་ནག་ཉེས་རྩ་བ་ནས་མེད་པར་སྡུག་པོ་ཧ་ཅང་མང་པོ་མྱངས་སོང་བས་འདི་རང་གིས་ལས་ངན་པ་བསགས་མེད་ནའང་འབྲས་བུ་སྡུག་བསྔལ་མྱངས་པ་ཞིག་མིན་ནམ་ཞེ་ན། དེ་ནི་ཆོས་ཀྱི་ནང་གི་ཤོད་སྟངས་ལྟར་ན་སྔོན་མ་རང་གིས་མི་ལ་ཕར་གནོད་བསྐྱལ་བའི་འབྲས་བུ་དེ་ད་ལྟ་རང་ལ་སྨིན་པ་ཡིན་ཟེར། སྔོན་མ་སངས་རྒྱས་ཞལ་བཞུགས་སྐབས་མི་ཚོས་སངས་རྒྱས་ལ་མི་ཞིག་ནག་ཉེས་མེད་པར་བཙོན་ཁང་ནང་བཅུག་འདུག་པ་དེ་རྒྱུ་རྐྱེན་གང་ཡིན་ནམ་ཞེས་སངས་རྒྱས་ལ་བཀའ་འདྲི་ཞུས་པར་སངས་རྒྱས་ཀྱིས“དེ་ནི་སྐྱེ་བ་སྔོན་མ་མི་གཞན་ལ་སྡུག་པོ་བཏང་བ་དང་མི་དགེ་བའི་བྱ་བ་བྱས་པའི་རྣམ་སྨིན་རེད། དཔེར་ན་ང་ལ་ཆ་བཞག་ན་ཡང་ལྟོ་ཆས་མ་རག་པར་ཟླ་བ་གསུམ་ཙམ་སྡོད་དགོས་བྱུང་བ་དེ་ཡང་ཚེ་སྔོན་མའི་རྣམ་སྨིན་ཡིན”ཞེས་གསུངས་པ་རེད། དེ་བཞིན་ཤོད་སྲོལ་འདི་འདྲ་ཞིག་ཡོད་དེ། སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་ལོ་དེར་ཁོང་གི་སྐུ་མཆེད་ཚ་བོ་ཞིག་གིས་དཀྲོག་གཏམ་བཟོས་ནས་སླད་ཟླ་བ་ཁ་ཤས་ནང་ཤཱཀྱ་མུ་ནེར་ལྟོ་སྟེར་ན་ལུང་པའི་ནང་དུ་མུ་གེ་ཡོང་ཉེན་ཡོད་ཅེས་བཤད་ནས་མི་མང་པོ་མགོ་བསྐོར་སྟབས་ཤཱཀྱ་མུ་ནེ་བསོད་སྙོམས་སློང་བར་ཕེབས་སྐབས་འབུལ་མཁན་གཅིག་ཀྱང་མ་བྱུང་བར་ཟླ་བ་གསུམ་རིང་གསོལ་ཆས་མེད་པར་བཞུགས་ནས་མཇུག་ཏུ་ཚོང་དཔོན་ཞིག་གི་རྟ་དྲེལ་ལ་སྟེར་རྒྱུའི་ཆག་རུལ་པས་ཟླ་བ་ཁ་ཤས་བཞེས་ཐུག་བསྐོལ་ཏེ་མཆོད་ནས་བཞུགས་དགོས་བྱུང་ཡོད། སྐབས་དེར་མི་ཚོས་ཁྱེད་རང་སངས་རྒྱས་ཟིན་ནའང་ད་དུང་ཟླ་བ་ཁ་ཤས་གསོལ་ཆས་མེད་པར་ལུས་དོན་ཅི་ཡིན་ཞེས་ཞུས་པར་སངས་རྒྱས་ཀྱིས“དེ་ནི་ང་རང་གིས་སྐྱེ་བ་སྔོན་མ་ལས་ངན་པ་བསགས་པའི་འབྲས་བུ་སྨིན་པ་ཞིག་ཡིན། ལེ་ལན་ཐམས་ཅད་རང་ལ་བདག་ཟེར། རྩ་བ་ཐམས་ཅད་རང་ལ་ཐུག་པ་ཡིན”ཞེས་གསུངས་པ་རེད། ཁོང་གིས་སྐྱེ་བ་སྔོན་མ་མཐོང་རྒྱུ་མེད་པ་ཞིག་གསུངས་ཡོད་ནའང་དེས་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད་པ་དཔེར་ན་བཙོན་ཁང་ནང་བཅུག་སྟེ་ཉེས་པ་དྲག་པོ་བཏང་ནས་མི་ལ་གནོད་སྐྱེལ་མི་ཆོག་པ་དང༌། ལས་ངན་པ་བྱས་མི་ཆོག་ཅེས་ག་ཚོད་བཤད་ནའང་གང་ལྟར་མི་མགོ་བདེ་པོ་ཞིག་དང་ཁ་བདེ་པོ་ཞིག་ཐུག་ན་ཐབས་ཤེས་གང་ཡང་བྱེད་ཐུབ་ཀྱི་རེད། དེ་ལས་རང་གིས་མི་ལ་ངན་པ་བྱས་ན་འབྲས་བུ་ངན་པ་རང་ལ་འཁོར་རྒྱུ་ཡོད་པ་དང༌། ཚེ་སྔོན་མ་དེ་འདྲ་བྱས་ན་ཚེ་རྗེས་མ་འདི་འདྲ་ཡོང་གི་རེད་ཅེས་གསལ་བཤད་བྱེད་དུས་དེ་ཁྲིམས་ཡིག་ནན་པོ་ཞིག་ལས་ཤུགས་ཆེ་བ་ཡོད། སྔོན་མ་སངས་རྒྱས་འཚོ་བཞུགས་སྐབས་སུ་ཁྲིམས་ཇི་ཙམ་ཡག་པོ་ཡོད་ནའང་ཁྲིམས་དཔོན་དང༌། རྒྱལ་པོ། བློན་པོ་སོགས་ཁྲིམས་འོག་ཏུ་འདུ་ཐུབ་ཀྱི་མེད་པར་བརྟེན་ལས་འབྲས་སྐོར་དེ་བཤད་དུས་ཁྲིམས་འོག་ཏུ་མ་འདུས་པ་ཚང་མ་འདུ་ཐུབ་ཀྱི་ཡོད། དེང་སྐབས་ཁྲིམས་ཀྱི་མདུན་ལ་མི་ཚང་མ་འདྲ་མཉམ་ཡིན་ནའང་ད་དུང་མི་མགོ་བདེ་པོ་ཁ་ཤས་ཁྲིམས་ཀྱི་དྲ་བའི་ནང་ནས་ཤོར་གྱི་ཡོད་པས་ལས་རྒྱུ་འབྲས་ཁྲིམས་དང་སྦྱར་བ་དེ་ཧ་ཅང་གི་མཁས་པ་ཞིག་རེད་སྙམ་གྱི་འདུག

ཁྱད་ཆོས་བཞི་པ། ལས་བྱས་པ་ཆུད་མི་ཟ་བ་ཞེས་པ་ནི། སོ་སོས་བྱས་ཚར་བའི་ལས་ཀྱི་འབྲས་བུ་དེ་སོ་སོས་མ་མྱོང་བར་ཐར་ཐབས་རྩ་བ་ནས་མེད་པ་དང༌། རང་གིས་ལས་ངན་པ་ཞིག་བྱས་ཡོད་ན་འབྲས་བུ་དེ་རང་གིས་མ་འདོད་ནའང་མྱོང་དགོས་པ་ལས་དེ་སུ་གཅིག་ལ་བགོ་བཤའ་རྒྱག་ཐབས་མེད་ཅེས་པའི་དོན་ཡིན། གོང་གསལ་ནི་ལས་འབྲས་སྤྱིའི་སྐོར་ཡིན།

༢. ལས་འབྲས་སོ་སོའི་སྣང་ཚུལ་ལ། ནག་པོའི་ལས་དང་དེའི་འབྲས་བུ་ཞེས་པ་དང༌། དཀར་པོའི་ལས་དང་དེའི་འབྲས་བུ་ཞེས་པ་གཉིས་ཡོད། ནག་པོའི་ལས་ནི་མི་དགེ་བ་བཅུ་ཡིན་པ་དང༌། མི་དགེ་བ་བཅུ་སོ་སོ་ལ་གཞི། བསམ་པ། སྦྱོར་བ། མཐར་ཐུག་པ་བཅས་བཞིར་དབྱེ་ནས་བཤད་ཡོད། གཞི་ཞེས་པ་ནི་བྱ་བའི་ཡུལ་དེ་དཔེར་ན་སྲོག་བཅད་པར་ཆ་བཞག་ན་སྲོག་གཅད་སའི་བྱ་བའི་ཡུལ་དེ་ལ་ཟེར། བསམ་པ་ནི་སྲོག་གཅོད་པའི་སྐབས་སུ་བསམ་པ་གང་འདྲ་ཞིག་བཅངས་ཡོད་མེད་དཔེར་ན་མི་བསད་པར་ཆ་བཞག་ན་ཞེད་སྣང་བྱས་ནས་བསད་པ་དང༌། ཁོང་ཁྲོ་ལངས་ནས་བསད་པ་ལྟ་བུ་དེ་གཉིས་ངོ་བོ་མི་འདྲ་བས་དེ་ལ་བསམ་པ་ཟེར། བསམ་པ་དེ་ལ་ད་དུང་འདུ་ཤེས་དང༌། ཉོན་མོངས། ཀུན་སློང་བཅས་ནང་གསེས་དབྱེ་བ་གསུམ་ཡོད། འདུ་ཤེས་ལ་ཡང་འཁྲུལ་བ་དང་མ་འཁྲུལ་བ་གཉིས་ལས་ཕར་ཕྱོགས་མི་ཡིན་ནའང་ཤིང་སྡོང་དུ་འཁྲུལ་ནས་བསད་པ་ལ་འདུ་ཤེས་འཁྲུལ་བ་དང༌། མི་ཡིན་པ་ཤེས་བཞིན་དུ་བསད་པ་ལ་འདུ་ཤེས་མ་འཁྲུལ་བ་ཟེར། ཉོན་མོངས་ནི་འདོད་ཆགས་ཞེ་སྡང་གཏི་མུག་སོགས་ཡིན། ཀུན་སློང་ལ་རྒྱུའི་ཀུན་སློང་དང་དུས་ཀྱི་ཀུན་སློང་གཉིས་ལས། རྒྱུའི་ཀུན་སློང་ནི་དུག་གསུམ་པོ་གང་གིས་ཀུན་ནས་བསླངས་ཏེ་བསད་ཀྱང་དེའི་སྐབས་ཀྱི་དུག་གསུམ་པོ་དེ་དག་ཡིན་པ་དང༌། དུས་ཀྱི་ཀུན་སློང་ནི་གསོད་པའི་བྱ་བ་བྱེད་བཞིན་པའི་སྐབས་ཀྱི་བསམ་པ་དེ་ཡིན། སྦྱོར་བ་ནི་ཐབས་ཤེས་ཏེ་གསོད་ཐབས་སྣ་ཚོགས་པ་དེ་ཚོ་ཡིན། མཐར་ཐུག་ནི་འགྱོད་པ་མེད་པའི་དོན་ཏེ་ངས་མི་གསོད་ཐུབ་པ་དེ་འགྲིག་སོང་བསམ་པ་དེ་ལ་ཟེར་ཞིང༌། འགྱོད་པ་སྐྱེས་ན་སྡིག་པ་ཅུང་ཟད་ཆུང་བ་ཡོད།

དེ་ཡང་ནག་པོའི་ལས་ཏེ། མི་དགེ་བ་བཅུ་ལས།

༡. སྲོག་གཅོད།

གཞི་ནི། རང་མ་ཡིན་པར་གཞན་ཡིན་པ་ཞིག་སྟེ། རང་གིས་རང་བསད་པ་དེ་མིན། རང་སྲོག་རང་གིས་གཅོད་པ་དེ་མི་དགེ་བ་བཅུའི་ཁོངས་མིན་ལ་སྲོག་གཅོད་ཀྱི་སྡིག་པའི་ཁོངས་སུའང་མི་གཏོགས་ཤིང༌། སྲོག་གཅོད་ཀྱི་སྡིག་པ་དེ་ནི་གཞན་གྱི་སྲོག་བཅད་པ་ལ་ཟེར། སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆའི་ནང་རང་གིས་རང་སྲོག་བཅད་ན་ཉེས་པ་ཧ་ཅང་ཆེན་པོ་ཡིན་པས་སྐྱེ་བ་ལྔ་བརྒྱའི་བར་དུ་མི་ལུས་ལེན་མི་ཐུབ་པ་དང༌། གཞན་གྱི་སྲོག་སྐྱབས་ཚེ་སྐྱེ་བ་མང་པོར་མི་ལུས་ཐོབ་རྒྱུ་མ་ཟད་ཚེ་ཡང་རིང་པོ་ཡོང་བ། གཞན་གྱི་དོན་དུ་རང་སྲོག་བཏང་བ་དེ་སྡིག་པ་མ་ཡིན་པར་དགེ་བ་ཡིན་པས་དེའི་འབྲས་བུར་སྐྱེ་བ་མང་པོར་མི་ལུས་ཐོབ་ཐུབ་པ་དང༌། མི་ལུས་ཐོབ་པའི་རིང་ལ་ན་ཚ་མེད་པ། ཚེ་རིང་བ་བཅས་ཡོང་རྒྱུ་ཡོད་ཟེར། དེར་བརྟེན་སྲོག་གཅོད་ཀྱི་སྡིག་པ་ནི་རང་ལས་གཞན་པའི་སྲོག་ཆགས་ཤིག་ཡིན་དགོས།

བསམ་པ་ལ་གསུམ་ལས། འདུ་ཤེས་ནི་ཡིན་པ་ལ་ཡིན་པར་ངོས་འཛིན་ཐུབ་པའི་འདུ་ཤེས་མ་འཁྲུལ་བ་ཞིག་དགོས་པ་སྟེ། དཔེར་ན་རང་གིས་གསོད་རྒྱུ་དེ་སྟག་ཡིན་ནའང་བསད་ཚར་བ་དེ་མི་གཅིག་བསད་ཡོད་ན་མི་བསད་པའི་སྡིག་པ་མེད་པ་དང༌། མི་དང་སྲོག་ཆགས་གང་ཡིན་ཀྱང་ཁྱད་མེད་སྙམ་སྟེ་བསད་པ་ཡིན་ན་སྡིག་པ་ཆེ་བ་ཡོད་ཟེར། ཉོན་མོངས་ནི་ཉོན་མོངས་དུག་གསུམ་གང་རུང་སྟེ་ཞེ་སྡང་གི་དབང་གིས་ཁོང་ཁྲོ་དྲུག་པོས་བསད་པ་དང༌། འདོད་ཆགས་ཀྱི་དབང་གིས་ཤ་ཞིམ་པོ་ཞིག་ཟ་རྒྱུའི་ཆེད་དུ་སེམས་ཅན་བསད་པ། གཏི་མུག་གི་དབང་གིས་གཞན་གྱིས་སྲོག་བཅད་པ་ལ་ཉེས་པ་མེད་པར་བཤད་པའི་གཞུང་ལུགས་ཀྱི་རྗེས་སུ་འབྲངས་ནས་བསད་པ། (ཡང་ཕྲུ་གུ་ཆུང་ཆུང་སྐབས་སེམས་ཅན་བསད་པ་དེ་སྡིག་པ་ཡིན་པ་མི་ཤེས་སྟབས་དེ་ནི་གཏི་མུག་གིས་བསད་པ་ཡིན་ཟེར་)ཀུན་སློང་ནི་རང་གིས་མི་གཞན་དག་གི་སྲོག་གཅོད་འདོད་ཡོད་པའི་བསམ་བློ་ཞིག་ཡོད་པ་དེ་ལ་ཟེར། དེར་བརྟེན་མི་དགེ་བཅུ་ཟེར་བ་དེ་ཡོད་དུས་འདུ་ཤེས་དང༌། ཉོན་མོངས། ཀུན་སློང་བཅས་ཚང་མ་ཚང་དགོས་ཀྱི་ཡོད། སྦྱོར་བ་ནི་སེམས་ཅན་ལ་དུག་སྟེར་བ་དང༌། གཡང་ལ་གཡུགས་པ། མཚོན་ཆ་གཞན་ལ་བརྟེན་ནས་བསད་པ་སོགས་གསོད་སྟངས་ཐབས་ཤེས་དེ་དག་ལ་ཟེར། དེ་ཡང་རང་གིས་མི་བསད་ནའང་མི་དེ་དབུགས་མ་ཕྱིན་གོང་རང་མི་གཞན་གྱིས་བསད་ཚེ་ཕན་ཚུན་སྐྱིན་ཚབ་འཕྲོད་དེ་རང་ལ་སྲོག་གཅོད་ཀྱི་སྡིག་པ་མེད་ཟེར། མཐར་ཐུག་ནི་རང་གི་སྔོན་ལ་གཞན་ཤི་བ་དེ་ཡིན།

༢. མ་བྱིན་ལེན།

གཞི་ནི། གཞན་གྱིས་བདག་ཏུ་བཟུང་བའི་རྫས་ཡིན་པ་དགོས་ཏེ། བདག་མེད་ཀྱི་ནོར་བརྐུས་ན་ཉེས་པ་དངོས་གཞི་མེད། དེ་སྔ་རྐུན་མ་བརྐུས་པའི་ཁྲིམས་ཀྱི་ཆད་པ་དང་སྡིག་པ་གཉིས་བསྡུར་ན་ཆད་པ་ལས་སྡིག་པ་ཆེ་བ་ཡོད། གང་ཡིན་ཞེ་ན་སྐབས་དེར་ཁྲིམས་གཏོང་དུས་སྡིག་པ་ཆེ་ཆུང་ལ་བལྟས་ནས་བཏང་མེད་པར་སྐབས་དེའི་ལུང་པ་དེའི་ནང་གི་དངོས་པོའི་རིན་ཐང་ལ་གཞིགས་ནས་ཁྲིམས་ཆད་བཅད་ཡོད།

kབསམ་པ་ལ་ཉོན་མོངས་རྣམ་པ་གསུམ་ལས། ཁོང་ཁྲོ་བྱས་ནས་རྐུན་མ་བརྐུ་བ། འདོད་ཆགས་བྱས་ནས་རྐུན་མ་བརྐུ་བ། གཏི་མུག་གི་དབང་གིས་རྐུན་མ་བརྐུ་བ་བཅས་གསུམ་ཡོད། ཁོང་ཁྲོ་ཟ་ནས་རྐུན་མ་བརྐུ་བ་ནི་རང་གི་དགྲ་བོ་ལ་ཁོང་ཁྲོ་ཟ་ནས་ཁོ་ལ་གནོད་པ་སྐྱེལ་ཆེད་ཁོའི་ཅ་ལག་རྐུན་མ་བརྐུ་བ་ལ་ཟེར། འདོད་ཆགས་ཀྱི་དབང་གིས་ཕར་ཕྱོགས་ཀྱི་རྒྱུ་དངོས་ལ་སེམས་ཆགས་ནས་བརྐུ་བ་དེ་མང་ཆེ་བ་རེད། གཏི་མུག་གི་ཐོག་ནས་རྐུན་མ་བརྐུ་བ་དེ་ལ་མུ་སྟེགས་པའི་ཆོས་ལུགས་ཤིག་ནང་འཚོ་བ་སྐྱོ་པོ་ཆགས་ནས་རྐུན་མ་བརྐུས་ན་སྡིག་པ་མེད་ཟེར་བའི་རིགས་པའི་གཞུང་ལུགས་ཤིག་ཡོད། སྤྱིར་བཏང་གཏི་མུག་གིས་བརྐུ་བ་ནི་རྐུན་མ་བརྐུ་བར་ཉེས་པ་ཡོད་པ་ཧ་མ་གོ་བ་དེ་ལ་ཟེར། ཀུན་སློང་ནི་རང་གིས་གཞན་གྱི་དངོས་པོ་རྐུན་མ་བརྐུ་འདོད་ཀྱི་བསམ་བློ་དེ་ཡིན།

lསྦྱོར་བ་ལའང་ནང་གསེས་གཉིས་ཡོད་དེ། དབང་ཡོད་བཤད་ནས་འཕྲོག་པ་ཞིག་དང་དབང་མེད་པར་བརྐུས་པ་སྟེ་གཉིས་སོ། །དབང་ཡོད་ཀྱི་འཕྲོག་པ་དེ་ལ་འཕྲོག་སྟངས་སྣ་ཚོགས་ཡོད། དབང་མེད་པར་བརྐུས་པ་ལའང་ནང་གསེས་གཉིས་ཡོད་དེ། དངོས་འབྲེལ་བརྐུ་བ་དང་བརྗེད་བརྐུ་ཟེར་བ་ཞིག་ཡོད། དངོས་འབྲེལ་བརྐུ་བ་དེ་ཞུ་མི་དགོས་པར་མཁྱེན་གསལ་རེད། བརྗེད་བརྐུ་ཟེར་བ་ནི་མི་གཞན་གྱི་མདུན་ནས་ཅ་ལག་གམ་དངུལ་གཡར་བ་དེ་དུས་ཚོད་རིང་པོ་མ་སྤྲད་པར་གཡར་བརྗེད་བཏང་བ་ལ་ཟེར། ཁ་བསླུད་རྒྱག་པ་ཡང་དེའི་ཁོངས་སུ་གཏོགས། མཐར་ཐུག་ནི་ཐོབ་པའི་བློ་སྐྱེས་པ་ཟེར་བ་དེ་ཡིན་ཏེ་དེ་ནི་ཅ་ལག་དེ་རང་ལ་བྱུང་སོང་བསམ་ནས་དགའ་ཚོར་སྐྱེས་པ་དེ་ལ་ཟེར་ཞིང༌། ཐོབ་བློ་མ་སྐྱེས་ན་མ་བྱིན་ལེན་གྱི་སྡིག་པ་ཆ་ཚང་བ་ཡོང་གི་མེད་ཟེར།

༣. ལོག་གཡེམ།

མི་དགེ་བཅུའི་ནང་ལོག་གཡེམ་ལས་མི་ཚངས་སྤྱོད་དྲངས་མེད། མི་ཚངས་སྤྱོད་དང་ལོག་གཡེམ་གཉིས་ལ་དབྱེ་བ་ཡོད་པ་སྟེ། སྡོམ་པ་ཡོད་མཁན་གྱི་གྲྭ་པས་བུད་མེད་ལ་འབྲེལ་བ་བྱས་པ་ཡིན་ན་མི་ཚངས་སྤྱོད་ཟེར་བ་དང༌། སྡོམ་པ་ཡོད་མེད་ལ་མ་བལྟོས་པར་གཞན་གྱི་བུད་མེད་ལ་འབྲེལ་བ་བྱས་པར་ལོག་གཡེམ་ཟེར། གཞི་ནི། རང་གི་མ་དང་སྤུན་ཉེ། རབ་བྱུང་མ། བུ་མོ་ལོ་གྲངས་མ་ལོན་པ་སོགས་བགྲོད་བྱ་མ་ཡིན་པ་དང༌། སྦྲུམ་མ་དང༌། སྡོམ་པ་བསྲུང་བ། ཟླ་མཚན་འབབ་པ་སོགས་དུས་མ་ཡིན་པ། ལྷ་ཁང་དང་རང་གི་བླ་མ། ཕ་མ་བཅས་ཀྱི་དྲུང་སོགས་གནས་མ་ཡིན་པ། ཁ་དང༌། བཤང་ལམ། བརླའི་བར་སོགས་ལམ་མ་ཡིན་པ། (སྤུན་ཉེ་ཟེར་བ་དེ་ནི་སོ་སོའི་ཕ་མ་ནས་ཡར་རྩིས་པའི་མི་ཐོག་བདུན་ལ་ཟེར་ཞིང༌། བདུན་གྲོལ་ཚེ་ཉེས་པ་མེད་ཟེར)། བསམ་པ་འདུ་ཤེས་ལ་ཡིན་པ་ལ་ཡིན་པ་ངོས་བཟུང་ནས་འདུ་ཤེས་མ་འཁྲུལ་བ་ཞིག་དགོས་པ་སྟེ། གཞན་གྱི་ཡིན་པ་ལ་རང་གི་ཡིན་སྙམ་ནས་བྱས་པ་དང༌། གཞན་ཡང་བདག་པོ་ཡོད་པར་བདག་པོ་མེད་སྙམ་ནས་བྱས་པ་དང༌། གཞན་གྱིས་རང་ལ་བཙན་ཤེད་ཀྱིས་བྱེད་དུ་བཅུག་པ་ཡིན་ན་ལོག་གཡེམ་གྱི་ཉེས་པ་ཆ་ཚང་བ་མེད་ཟེར། ཉོན་མོངས་ནི་འདོད་ཆགས་ཀྱི་ཐོག་ནས་བྱས་པ་དེ་ཤོད་མི་དགོས་ལ། ཁོང་ཁྲོ་ཟ་ནས་བྱས་པ་ཡང་ཡོད་དེ། དཔེར་ན་རང་གི་དགྲ་བོ་ལ་གནོད་སྐྱེལ་རྒྱུའི་ཆེད་དུ་དགྲ་བོའི་ཆུང་མ་ལ་ཆེད་མངགས་ལོག་གཡེམ་བྱས་པ་ལྟ་བུ། གཏི་མུག་གི་ཐོག་ནས་བྱས་པ་སྟེ་ཉེས་པ་ཡོད་བཞིན་དུ་ཧ་མ་གོ་བར་བྱས་པ་དེ་ཡིན། སྦྱོར་བ་ནི་མགོ་སྐོར་དང་བཙན་ཤེད་སོགས་བྱ་ཐབས་སྣ་ཚོགས།

མཐར་ཐུག་ནི་ཕན་ཚུན་དབང་པོ་སྤྱད་དེ་ཆགས་པ་བྱེད་པ།

༤. རྫུན།

གཞི་ནི། མཐོང་བ་དང་མ་མཐོང་བ་གཉིས་དང༌། ཐོས་པ་དང་མ་ཐོས་པ་གཉིས། བྱེ་བྲག་ཕྱེད་པ་དང་མ་ཕྱེད་པ་གཉིས། རང་གིས་ཤེས་པ་དང་མ་ཤེས་པ་གཉིས་བཅས་བརྒྱད།

བསམ་པ་ལ་ཀུན་སློང་དང་ཉོན་མོངས་གོང་དང་འདྲ་ལ། འདུ་ཤེས་ནི་རང་གིས་ཤེས་བཞིན་དུ་འདུ་ཤེས་གཞན་དུ་བསྒྱུར་ནས་སྨྲ་འདོད་པ་ཞིག་ཡིན།

སྦྱོར་བ་ནི་ངག་ནས་སྨྲས་པའམ་ཅང་མི་སྨྲ་བའི་སྒོ་ནས་དང་དུ་ལེན་པ།

མཐར་ཐུག་ནི་ཕ་རོལ་པོས་ཚིག་དང་དོན་གསལ་པོར་གོ་བ།

རྫུན་གྱི་ནང་ནས་མི་ཆོས་བླ་མའི་རྫུན་ཞེས་པ་ནི་སྤྱིར་བཏང་གི་མིའི་ཆོས་ཉིད་ལས་འདས་པའི་ཡོན་ཏན་ཞིག་གི་ཐོག་ནས་རྫུན་བཤད་པ་སྟེ། དཔེར་ན་ཡོན་ཏན་མེད་པར་ཡོན་ཏན་ཡོད་ཟེར་བ་དང༌། མངོན་ཤེས་མེད་པར་མངོན་ཤེས་ཡོད་ཟེར་བ། གྲུབ་ཐོབ་མིན་པར་གྲུབ་ཐོབ་ཡིན་ཟེར་བ། ཆོས་ཀྱི་གནས་ཚད་མེད་པར་ཡོད་ཟེར་བ། ཤེས་ཡོན་གང་ཡང་མེད་པར་ཡོད་ཟེར་བ་སོགས་རྫུན་དེ་དག་ལ་བརྟེན་ནས་མིའི་རྒྱུ་ཟ་བ་ལ་ཟེར། དེ་ཡང་རྫུན་བཤད་པར་ཉེས་པ་མེད་པ་ཞིག་ཡོད་པ་སྟེ། ཕར་ཕྱོགས་སྲོག་ལ་ཐུག་པའི་ཉེན་ཁ་ཡོད་སྐབས་དེ་སྐྱོབ་ཆེད་རྫུན་བཤད་པ་དེ་ཡིན། དེར་བརྟེན་གཞན་གྱི་དོན་དུ་རྫུན་བཤད་པ་ལ་ཉེས་པ་མེད་པ་དང་རང་གི་དོན་དུ་རྫུན་བཤད་པ་ལ་ཉེས་པ་ཆེན་པོ་ཡོད་ཟེར།

༥. ཕྲ་མ།

ཕྲ་མ་ནི་མི་ཕན་ཚུན་བར་དཀྲུག་ཤིང་རྒྱག་པ་ལ་ཟེར། ཕྲ་མ་ལའང་གཞི། བསམ་པ། སྦྱོར་བ། མཐར་ཐུག་བཅས་ཡོད།

གཞི་ནི་ཕར་ཕྱོགས་གཉིས་མཐུན་པོ་ཡོད་པ་ཞིག་དགོས་པའམ་མཐུན་པོ་མེད་བཞིན་དུ་དེ་བས་མ་མཐུན་པར་བཏང་བ་དེ་ཡང་གཞི་ཡིན།

བསམ་པ་ནི་འདོད་ཆགས་དབང་གིས་རང་གི་སེམས་ལ་མི་དགའ་བ་སྐྱེས་ནས་ཕན་ཚུན་དཀྲུག་པ། ཞེ་སྡང་དབང་གིས་རང་ལ་དགའ་པོ་ཡོད་པའི་མི་ཞིག་གཞན་ལ་དགའ་པོ་བྱས་ཚེ་དེ་གཉིས་བར་དཀྲུག་ཤིང་རྒྱག་པ། གཏི་མུག་དབང་གིས་ཕྲ་མ་བཤད་པ་དེ་ཡང་དག་མིན་ཧ་མ་གོ་བར་བཤད་པ་ལ་ཟེར།

སྦྱོར་བ་ནི་ཚིག་སྙན་པའམ་མི་སྙན་པ་གང་རུང་དང༌། བདེན་པ་དང་མི་བདེན་པ་གང་རུང༌།

མཐར་ཐུག་ནི་རང་གིས་སྨྲས་པའི་ཚིག་ཕ་རོལ་པོས་གོ་བ། གལ་ཏེ་རང་གིས་དཀྲུག་ཤིང་བརྒྱབ་ནའང་ཕན་ཚུན་བར་མ་མཐུན་པ་ཆགས་མེད་ཚེ་རང་གི་ཕྲ་མའི་སྡིག་པ་དེ་ཆ་ཚང་བ་ཡོང་གི་མེད་པ་དང༌། མ་མཐུན་པ་ཆགས་ན་སྡིག་པ་ཆ་ཚང་ཡོད་ཟེར།

༦. ཚིག་རྩུབ།

གཞི་ནི་སྨྲ་ཡུལ་རང་མ་ཡིན་པ་དང༌། སྲོག་ཆགས་ཡིན་པ། དོན་གོ་བ་སྡེ་དུད་འགྲོ་ཡང་ཚུད་ཡོད། སྲོག་མེད་བེམ་པོའི་རིགས་ལ་ཚིག་རྩུབ་སྨྲས་པར་སྡིག་པ་ཆ་ཚང་མེད།

བསམ་པ་ནི་འདོད་ཆགས་དབང་གིས་རང་ལ་མི་དགའ་བའི་མི་ལ་ཚིག་ངན་སྣ་ཚོགས་བཤད་པ་དང༌། ཞེ་སྡང་དབང་གིས་དགྲ་བོ་ལ་ཚིག་རྩུབ་སྨྲ་བ། གཏི་མུག་དབང་གིས་ཚིག་རྩུབ་སྨྲས་པར་ཉེས་པ་ཡོད་མིན་མ་ཤེས་པར་བཤད་པ། ཀུན་སློང་ནི་ཕ་རོལ་པོའི་སེམས་ལ་གནོད་པའི་ཚིག་རྩུབ་པོས་སྨྲ་འདོད་པ།

སྦྱོར་བ་ནི་བདེན་པ་ཡིན་མིན་ལ་མ་བལྟོས་པར་ཐབས་ཤེས་གང་ཡོད་ཀྱིས་ཕར་ངོས་ལ་ཚིག་གང་རྩུབ་རྩུབ་བཤད་པ་དེ་ཡིན།

མཐར་ཐུག་ནི་གཞན་ཕྱོགས་ནས་གོ་བ་ལོན་པ་ཞིག་དགོས། དེ་མ་བྱུང་ན་ཉེས་པ་ཆ་ཚང་བ་མེད་ཟེར།

༧. ངག་ཀྱལ། ངག་ཀྱལ་ནི་དོན་མེད་སྐད་ཆ་བཤད་པ་སྟེ།

གཞི་ནི་དོན་དག་མེད་པའམ་དོན་དག་ལ་སྙིང་པོ་མེད་པ།

བསམ་པ་ནི་འདུ་ཤེས་དང་ཉོན་མོངས་གོང་དང་འདྲ་ཞིང༌། ཀུན་སློང་ནི་དོན་མེད་པའི་ཚིག་གང་བྱུང་དུ་སྨྲ་བར་འདོད་པ།

སྦྱོར་བ་ནི་དེའི་ཆེད་དུ་འབད་བརྩོན་བྱེད་པ།

མཐར་ཐུག་ནི་དོན་མེད་པའི་ཚིག་ངག་ཏུ་སྨྲས་ཟིན་པ།

སྤྱིར་ན་གླུ་ལེན་པ་དང༌། གཞས་གཏོང་བ། ཆོ་མེད་སྐད་ཆ་ཤོད་པ། སྒྲུང་ཤོད་པ་སོགས་ཚང་མ་ངག་ཀྱལ་གྱི་ཁོངས་སུ་གཏོགས་པ་ཡིན། ངག་ཀྱལ་ལ་དམིགས་བསལ་གྱི་ཡུལ་གཞན་མེད། རྫུན་དང༌། ཕྲ་མ། ཚིག་རྩུབ། ངག་ཀྱལ་བཅས་ལ་ངག་གི་ཉེས་པ་བཞིའམ་ངག་གི་མི་དགེ་བ་བཞི་ཟེར་ཞིང༌། གཙོ་བོ་ཁ་ནས་བཤད་པ་དེ་ཉེས་པ་གསོག་པ་དེ་ཡིན།

༨ བརྣབ་སེམས། བརྣབ་སེམས་ནི་གཞན་གྱི་དངོས་པོར་འདོད་པ་བྱས་པ་དང༌། གཞན་གྱི་བུད་མེད་དང་གཞན་གྱི་དངོས་པོ་སྤྱི་དང་དེ་ལ་ཡོད་པའི་རིགས་ང་ལ་བྱུང་ན་བསམ་པའི་བསམ་བློ་ལ་ཟེར།

གཞི་ནི་གཞན་གྱི་ནོར་དང་གཞན་ལ་ཡོད་པའི་ཕུན་སུམ་ཚོགས་པའི་རྒྱུ་དངོས་སོགས།

བསམ་པ་ནི་འདོད་ཆགས་དབང་གིས་བརྣབ་སེམས་བྱས་པ། ཞེ་སྡང་དབང་གིས་དགྲ་བོའི་རྒྱུ་དངོས་སོགས་ཐམས་ཅད་རང་ལ་བྱུང་ན་བསམ་པ། གཏི་མུག་དབང་གིས་བརྣབ་སེམས་བྱས་པར་ཉེས་པ་ཡོད་མེད་མི་ཚོར་བར་བཤད།

སྦྱོར་བ་ནི་ཐབས་ཤེས་གང་ཡོད་ཀྱིས་རྒྱུ་དངོས་རྣམས་རང་ལ་ཡོང་ཐབས་བྱེད་པ།

mམཐར་ཐུག་ནི་གཞན་གྱི་རྒྱུ་དེ་རང་ལ་བྱུང་ན་ཅི་མ་རུང་སྙམ་པ་དེ་ཡིན།

༩. གནོད་སེམས།

གཞི་ནི་གཞན་ཕྱོགས་ཡིན་པ།

བསམ་པ་ནི་འདོད་ཆགས་དབང་གིས་ཕར་ཕྱོགས་ཀྱི་རྒྱུ་དེ་ལ་རང་གི་འདོད་པ་བྱས་ཏེ་གནོད་སྐྱེལ་བ། ཞེ་སྡང་དབང་གིས་རང་ལ་མི་དགའ་བའི་མི་ལ་ཁོང་ཁྲོ་ཟ་ནས་གནོད་པ་སྐྱེལ་བ། གཏི་མུག་དབང་གིས་དེ་ལ་ཉེས་པ་ཡོད་མེད་མི་ཚོར་བ།lསྦྱོར་བ་ནི་གནོད་པ་སྐྱེལ་རྒྱུའི་ཐབས་ཤེས་བསམ་བློ་བཏང་བ་དེ་ཡིན་ཏེ་དཔེར་ན་ཉེས་རྡུང་གཏོང་དགོས་བསམ་པའམ་ཡང་ན་གཞན་སྨྱོ་དགོས་པ་ཞིག་བཟོ་བ་སོགས་ཀྱི་སྦྱོར་བ་ལ་བསམ་བློ་གཏོང་བ།

མཐར་ཐུག་སྟེ་གནོད་པ་སྐྱེལ་རྒྱུ་དེ་ལ་སེམས་ཐག་གཙང་མ་བཅད་པ་དེ་ཡིན།

༡༠. ལོག་ལྟ།

གཞི་ནི་ཆོས་ཀྱི་ནང་དུ་བྱས་ན་སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་ལ་ཡིད་ཆེས་མ་བྱས་པར་དམའ་འབེབས་སམ་ཡང་ན་ལྟ་བ་ལོག་པ་བཤད་པ་དེ་ལ་ཟེར། དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལྟར་ན་དཀོན་མཆོག་གསུམ་ཡོད་པ་དང༌། ལས་རྒྱུ་འབྲས་ཡོད་པ། སྐྱེ་བ་སྔ་ཕྱི་ཡོད་པ་སོགས་ཁས་བླངས་ཚེ་ཡང་དག་པའི་ལྟ་བ་དང་དེ་ཁས་མ་བླངས་ཚེ་ལོག་ལྟ་ཟེར། དེར་བརྟེན་ལོག་ལྟའི་གཞི་འདི་ཡོད་པའི་དོན་དེ་ཡིན།

བསམ་པ་ནི་འདོད་ཆགས་དབང་གིས་རང་ལ་རྒྱུ་དངོས་པོ་ཕྲན་བུ་ཡོང་གི་ཡོད་པ་ཤེས་ནས་དེའི་ཆེད་དུ་ལོག་ལྟ་བྱས་པ། ཞེ་སྡང་དབང་གིས་ཆོས་ཀྱི་ནང་དོན་ལ་ཁོང་ཁྲོ་ཟ་བ་དང༌། དེ་བདེན་པ་མིན་པར་བཤད་པ། གཏི་མུག་དབང་གིས་རང་གིས་དཀོན་མཆོག་གསུམ་དང༌། ལས་རྒྱུ་འབྲས། སྐྱེ་བ་སྔ་ཕྱི་བཅས་ཀྱི་གནད་དོན་སྙིང་པོ་གང་ཡང་མ་ཤེས་པར་དེ་ཚོ་མེད་པར་སྨྲ་བ་དེ་ཡིན།

སྦྱོར་བ་ནི་ལོག་ལྟ་བྱེད་ཆེད་རྒྱུ་མཚན་མང་པོ་ལ་བསམ་བློ་བཏང་བ་དེ་ཡིན།

མཐར་ཐུག་ནི་རང་གིས་དཀོན་མཆོག་གསུམ་དང༌། ལས་རྒྱུ་འབྲས། སྐྱེ་བ་སྔ་ཕྱི་བཅས་མེད་ཅེས་ཐག་གཙང་མ་བཅད་ནས་བཤད་པ་དེ་ཡིན། གོང་གསལ་བརྣབ་སེམས་དང༌། གནོད་སེམས། ལོག་ལྟ་བཅས་གསུམ་ལ་ཡིད་ཀྱི་ཉེས་པ་གསུམ་མམ་ཡིད་ཀྱི་མི་དགེ་བ་གསུམ་ཡང་ཟེར། གཙོ་བོ་རང་གི་བསམ་བློའི་ཐོག་ནས་སྡིག་པ་བསགས་པ་རྣམས་ཡིན།

མི་དགེ་བ་བཅུའི་ནང་ནས་ལོག་ལྟ་ཕུད་དེ་མིན་ཚང་མ་དེང་སང་སྤྱི་ཚོགས་ཀྱི་གནས་ཚུལ་དང་མཐུན་པ་ཤ་སྟག་ཡིན་པར་བརྟེན་སྤྱི་ཚོགས་ཐོག་མི་ཚང་མས་ཁས་མི་ལེན་པའི་བྱ་སྤྱོད་ངན་པ་དེ་ཚོ་ལ་མི་དགེ་བ་ཞེས་བརྗོད་དོན་དེ་ལྟར་ཡིན།

ལས་འབྲས་སོ་སོར་བཤད་པའི་ནང་གི་དཀར་པོའི་ལས་ལམ་ཞེས་པ་ནི་དགེ་བ་བཅུ་ཟེར་བ་དེ་ཡིན། དགེ་བ་བཅུ་ནི་མི་དགེ་བ་བཅུ་སྤངས་པ་དེ་ལ་ཟེར་བས་དེ་མང་པོ་ཞུ་དགོས་དོན་མེད།

༣. ལྕི་ཡང་ངམ་སྟོབས་ཆེ་ཆུང་སྟེ། ལྕི་ཡང་གི་ཁྱད་པར་ནི་སྟོབས་ཆེ་ཆུང་གི་ཐོག་ནས་བཤད་པ་ཞིག་ཡིན། དེ་ལའང་ངོ་བོའི་སྒོ་ནས་ལྕི་ཡང་གི་ཁྱད་པར་དང༌། བསམ་པའི་སྒོ་ནས་ལྕི་ཡང་གི་ཁྱད་པར། སྙིང་པོ་མེད་པའི་ཐོག་ནས་ལྕི་ཡང་གི་ཁྱད་པར། ཞིང་གི་སྒོ་ནས་ལྕི་ཡང་གི་ཁྱད་པར། དུས་རྟག་ཏུ་བྱེད་པའི་ལྕི་ཡང་གི་ཁྱད་པར། རྟེན་གྱི་སྒོ་ནས་ལྕི་ཡང་གི་ཁྱད་པར་བཅས་བཤད་ཡོད།jངོ་བོའི་སྒོ་ནས་ལྕི་ཡང་གི་ཁྱད་པར་ནི། ལུས་ཀྱི་མི་དགེ་བ་གསུམ་དང་ངག་གི་མི་དགེ་བ་བཞི་སྟེ་བདུན་གྱི་ནང་དུ་སྔོན་མ་སྔོན་མ་ལྕི་བ་དང༌། ཕྱི་མ་ཕྱི་མ་ཡང་བ་ཡོད་པ་དཔེར་ན་སྲོག་གཅོད་དང༌། མ་བྱིན་ལེན། ལོག་གཡེམ་གསུམ་ལས་སྲོག་གཅོད་དེ་ལྕི་བ་ཡོད་ཅིང༌། དེ་ལས་མ་བྱིན་ལེན་ཅུང་ཡང་བ་ཡོད་པ་དང༌། དེ་ལས་ལོག་གཡེམ་ཅུང་ཡང་བ་ཡོད། རྫུན། ཕྲ་མ། ཚིག་རྩུབ། ངག་ཀྱལ་བཞི་ལས་རྫུན་དེ་ལྕི་ཤོས་དང་དེ་ནས་གོ་རིམ་གྱིས་ཡང་བ་ཡོད། ཡིད་ཀྱི་མི་དགེ་བ་གསུམ་ལས་བརྣབ་སེམས་དེ་ཡང་ཤོས་དང༌། དེ་ལས་གནོད་སེམས་ལྕི་བ། དེ་ལས་ལོག་ལྟ་ལྕི་བ་ཡོད་པར་བརྟེན་དེ་གཉིས་བར་ལྕི་ཡང་གི་ཁྱད་པར་ཅུང་མི་འདྲ་བ་ཡིན།

བསམ་པའི་ཐོག་ནས་ལྕི་ཡང་གི་ཁྱད་པར་(བསམ་པའི་སྒོ་ནས་སྟོབས་ཆེ་བ་)ནི། བསམ་པ་དེ་འདོད་ཆགས་དང༌། ཞེ་སྡང༌། གཏི་མུག་གང་རུང་ཞིག་ཤུགས་ཆེན་པོའི་ཐོག་ནས་བྱས་པ་དེ་ལ་བསམ་པའི་ཐོག་ནས་ལྕི་བ་ཟེར། སྦྱོར་བའི་སྒོ་ནས་ལྕི་བ་ནི་དཔེར་ན་སེམས་ཅན་ཞིག་ལ་སྡུག་པོ་ཞེ་དྲག་བཏང་ནས་བསད་པ་དང་ལམ་སང་བསད་པ་དེ་གཉིས་བསྡུར་ན་ལམ་སང་བསད་པ་དེ་ཡང་བ་ཡོད། ཐབས་ཤེས་མང་པོས་སྡུག་པོ་བཏང་བའམ་རྒྱུ་དངོས་འཕྲོག་པ་སོགས་ཀྱང་དེ་ལྟར་ཡིན། སྦྱོར་བ་ཇི་ཙམ་གནག་པ་དང་རྩུབ་པ་དེ་ཙམ་གྱིས་ལྕི་བ་ཡོད་པར་འདོད།

lསྙིང་པོ་མེད་པའི་ཐོག་ནས་ལྕི་བ་ནི་སོ་སོས་སྡིག་པ་བསགས་པ་དེར་འགྱོད་པ་མེད་པར་ད་དུང་འགྲིག་སོང་སྙམ་པ་བྱས་པ་དེ་ལ་སྙིང་པོ་མེད་པ་སྟེ་འགྱོད་པ་མེད་པའི་ཐོག་ནས་ལྕི་བ་ཟེར།

mཞིང་གི་སྒོ་ནས་ལྕི་བ་ནི་སྡིག་པ་བསག་ཡུལ་སྟེ་རང་གི་ཕ་མ་དང༌། བླ་མ། དགེ་རྒན། ནད་པ་སོགས་བསད་པ་ལ་ཟེར། ཞིང་ཁྱད་པར་ཅན་ལྔ་སྟེ་ཕ་མ་གཉིས། བླ་མ་དང་དགེ་རྒན། ནད་པ་ཉམ་ཐག་པ། བྱང་ཆུབ་སེམས་དཔའ་སོགས་བསད་པ་ཡིན་ན་ཉེས་པ་ཧ་ཅང་ཆེ་བ་ཡིན། སྤྱིར་བཏང་མི་ལ་ཚིག་རྩུབ་བཤད་པ་དང་རང་གི་ཕ་མ་དང༌། དགེ་རྒན་སོགས་ལ་ཚིག་རྩུབ་བཤད་པ་མི་འདྲ་བར་དེ་ཉེས་པ་ཆེ་བར་འདོད།

nདུས་རྟག་ཏུ་བྱེད་པའི་ལྕི་ཡང་གི་ཁྱད་པར་ནི་ཉེས་པའི་ལས་དུས་རྒྱུན་དུ་བྱེད་མཁན་དང་སྐབས་རེ་མ་གཏོགས་མི་བྱེད་མཁན་གཉིས་བསྡུར་ན་རྒྱུན་དུ་བྱེད་མཁན་དེ་ཉེས་པ་ཆེ་བ་ཡོད་པས་ཡིན།

oརྟེན་གྱི་སྒོ་ནས་ལྕི་བ་ནི་སྤྱིར་བཏང་སྡོམ་པ་མེད་མཁན་གྱི་མི་ལས་སྡོམ་པ་ཡོད་མཁན་གྱི་མིས་བྱས་པ་དེ་ཉེས་པ་ཆེ་བ་ཡོད། སྡོམ་པ་ཡོད་པའི་ནང་ཆ་བཞག་ན་དགེ་བསྙེན་གྱིས་བྱས་པ་ལས་དགེ་ཚུལ་གྱིས་བྱས་པ་སྡིག་པ་ཆེ་བ་ཡོད་པ་དང༌། དགེ་ཚུལ་གྱིས་བྱས་པ་ལས་དགེ་སློང་གིས་བྱས་བ་སྡིག་པ་ཆེ་བ་ཡོད་པ། དགེ་སློང་གིས་བྱས་པ་ལས་བྱང་ཆུབ་སེམས་དཔས་བྱས་པ་སྡིག་པ་ཆེ་བ་ཡོད་པ། བྱང་ཆུབ་སེམས་དཔས་བྱས་པ་ལས་གསང་སྔགས་ཀྱི་ཆོས་བྱེད་མཁན་གྱིས་བྱས་པ་དེ་སྡིག་པ་ཆེ་བ་ཡོད་པར་བརྟེན་སྡིག་པ་བྱེད་མཁན་སོ་སོའི་ལུས་རྟེན་གྱི་ཐོག་ནས་ཁྱད་པར་ཡོད་པ་དེ་ལ་ཟེར། དགེ་བའི་ཐོག་ནས་བཤད་ན་སྤྱིར་བཏང་གི་མི་ལ་དགེ་བ་དང་སྦྱིན་པ་བཏང་བ་ལས་རང་གི་ཕ་མ་དང༌། བླ་མ། དགེ་རྒན། ནད་པ། གྲྭ་པ་བཅས་ལ་ཕན་ཐོགས་བྱས་པ་དང་ཞབས་ཕྱི་ཞུས་ན་སྟོབས་ཆེ་བར་ཡོད་པར་འདོད་པ་དང༌། སྡོམ་པ་མེད་མཁན་མི་ཞིག་གིས་ཆོས་བྱས་པ་ལས་སྡོམ་པ་ཡོད་མཁན་ཞིག་གིས་ཆོས་བྱས་ཚེ་ཕན་ཐོགས་ཆེ་བ་དང་བསོད་ནམས་ཆེ་བ་ཡོད་ཟེར། སྡོམ་པ་ཡོད་མཁན་ནང་དུ་ཆ་བཞག་ན་དགེ་བསྙེན་གྱིས་ཆོས་བྱས་པ་ལས་དགེ་ཚུལ་གྱིས་ཆོས་བྱས་པ་དེ་ནུས་པ་ཆེ་བ་དང༌། དགེ་ཚུལ་གྱིས་ཆོས་བྱས་པ་ལས་དགེ་སློང་གིས་ཆོས་བྱས་པ་དེ་ནུས་པ་ཆེ་བ། དགེ་སློང་གིས་ཆོས་བྱས་པ་ལས་བྱང་ཆུབ་སེམས་དཔས་ཆོས་བྱས་པ་ནུས་པ་ཆེ་བ། བྱང་ཆུབ་སེམས་དཔས་ཆོས་བྱས་པ་ལས་གསང་སྔགས་ཀྱི་སྡོམ་པ་ཡོད་མཁན་གྱིས་ཆོས་བྱས་ན་ནུས་པ་ཆེ་བ་ཡོད་ཟེར། དེ་བཞིན་མི་ལ་དངོས་པོའི་ཐོག་ནས་སྦྱིན་པ་བཏང་བ་ལས་ཆོས་ཀྱི་སྦྱིན་པ་བཏང་བ་དེ་བསོད་ནམས་ཆེ་བ་ཡོད་པ་དང༌། ཞིང་ཆེན་པོ་ལྔ་ལ་སྨོན་ལམ་རྒྱག་པ་ལས་ཁོང་ཚོས་གསུངས་པ་དེ་ཅི་གསུང་བཀའ་སྒྲུབ་ཞུས་ན་སྟོབས་ཆེ་བ་ཡོད། དེ་བཞིན་བསམ་བློའི་ཐོག་ནས་བཤད་ན་བསམ་བློ་སྤྱིར་བཏང་སྟེ་སངས་རྒྱས་ལ་མཆོད་པ་ཕུལ་ན་བསོད་ནམས་ཆེན་པོ་ཡོང་སྙམ་ནས་མཆོད་པ་ཕུལ་བ་ལས་བྱང་ཆུབ་ཀྱི་སེམས་བྱས་ནས་མཆོད་པ་ཕུལ་བ་དེ་བསོད་ནམས་ཆེ་བ་ཡོད་པར་འདོད། གོང་གསལ་ནི་སྟོབས་ཆེ་ཆུང་གི་ཁྱད་པར་སྐོར་ཡིན།

༤. དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་སྟེ། དེའང་ལས་དགེ་དང་མི་དགེ་གཉིས་ཀར་འབྲས་བུ་མི་འདྲ་བ་གསུམ་རེ་ཡོད་དེ། jརྣམ་སྨིན་གྱི་འབྲས་བུ། kརྒྱུ་མཐུན་གྱི་འབྲས་བུ། lབདག་པོའི་འབྲས་བུ་བཅས་ཡོད། དེ་ལས་རྣམ་སྨིན་གྱི་འབྲས་བུ་ལ་ཆ་བཞག་ན་དཔེར་ན་མི་དགེ་བ་བཅུའི་ནང་གི་སྟོབས་ཆེན་པོ་ཞིག་བྱས་པ་ཡིན་ན་དམྱལ་བ་ལ་སྐྱེ་བ་དང༌། སྟོབས་འབྲིང་ཞིག་བྱས་ཚེ་ཡི་དྭགས་ལ་སྐྱེ་བ། སྟོབས་ཆུང་བ་ཞིག་བྱས་ཚེ་དུད་འགྲོ་ལ་སྐྱེ་བ་དེ་ལ་རྣམ་སྨིན་གྱི་འབྲས་བུ་ཟེར། ལས་དགེ་བ་ལ་བཤད་ན་དགེ་བ་སྟོབས་ཆེན་པོ་བྱས་ཚེ་ལྷ་དང་མི་ལ་སྐྱེ་བ་དང༌། སྟོབས་ཆུང་ཆུང་ཞིག་ལས་མེད་ཚེ་ལྷ་དང་མིའི་རིགས་ལས་དཔལ་འབྱོར་ཆེ་ཆུང་དང་ཚེ་རིང་ཐུང་སྣ་ཚོགས་ཀྱི་ཁྱད་པར་ཡོད་པ་དེ་ནི་རྣམ་སྨིན་གྱི་འབྲས་བུ་ཡིན། རྒྱུ་མཐུན་གྱི་འབྲས་བུར་མྱོང་བ་རྒྱུ་མཐུན་དང་བྱེད་པ་རྒྱུ་མཐུན་ཏེ་ནང་གསེས་གཉིས་ཡོད། མྱོང་བ་རྒྱུ་མཐུན་ནི་སྲོག་གཅོད་བྱས་ཏེ་ཕར་ཕྱོགས་འཆི་བའི་དུས་ལ་མ་སླེབས་གོང་ནས་ཤི་རུ་བཅུག་སྟབས་དེའི་འབྲས་བུ་ལ་རང་སྐྱེ་བ་གང་དུ་བླངས་ནའང་ཚེ་ཐུང་ཐུང་ཞིག་ལས་མི་ཡོང་བར་གཞན་ལ་གང་མྱོང་དུ་བཅུག་པ་ཇི་མ་ཇི་བཞིན་རང་ཉིད་མྱོང་དགོས་པས་དེ་ལ་མྱོང་བ་རྒྱུ་མཐུན་ཟེར། དགེ་བའི་ངོས་ནས་བཤད་ན་ཕར་ཕྱོགས་ཀྱི་སྲོག་སྐྱབས་ནས་ཚེ་རིང་པོ་བྱུང་བ་དེ་ནང་བཞིན་རང་ཉིད་ཀྱང་འབྲས་བུ་ཚེ་རིང་པོ་ཡོང་བ་དེ་ལའང་མྱོང་བ་རྒྱུ་མཐུན་ཟེར། དཔེ་དེ་དང་འདྲ་བར་མི་གཞན་གྱི་རྒྱུ་དངོས་འཕྲོག་ཚེ་རང་སྐྱེ་བ་རྗེས་མར་དབུལ་པོ་ཆགས་རྒྱུ་ཡིན་པ་དང་གཞན་ལ་སྦྱིན་པ་བཏང་ཚེ་རང་ཚེ་རྗེས་མར་ལོངས་སྤྱོད་ཆེན་པོ་ཡོང་བ་སོགས་ཚང་མ་མྱོང་བ་རྒྱུ་མཐུན་ཡིན། གཞན་ཡང་ད་དུང་ཚེ་འདིར་མི་དང་མཐུན་པོ་བྱུང་ན་ཚེ་རྗེས་མར་ཡང་མི་དང་མཐུན་པོ་ཡོང་བ་དང༌། ཚེ་འདིར་གཞན་ལ་ཚིག་རྩུབ་པོ་བཤད་ན་ཚེ་རྗེས་མ་མདོག་ཧ་ཅང་ཉེས་པོ་ཡོང་རྒྱུ་ཡིན་པ། ཚེ་འདིར་གཞན་ལ་སྐད་ཆ་འཇམ་པོ་བཤད་ཚེ་སྐྱེ་བ་རྗེས་མ་རང་མཛེས་པོ་དང་ཚང་མས་མཐོང་འདོད་པོ་ཡོང་བ། ཚེ་འདིར་མིའི་རྒྱུ་ལ་བརྣབ་སེམས་བྱས་ནས་ཚེ་རྗེས་མ་རང་ལ་རྒྱུ་ཇི་ཙམ་བྱུང་ཡང་ཆོག་ཤེས་མེད་པ། ཚེ་འདིར་ལོག་ལྟ་བྱས་ན་ཚེ་རྗེས་མ་སྐྱེ་བ་གང་བླངས་ནའང་བསམ་བློ་ཟང་ཟིང་དང་གཏན་འཁེལ་མེད་པ་ཆགས་འགྲོ་བའམ་སྡུག་བསྔལ་བཟོད་ཐབས་མེད་པ་མྱོང་དགོས་པ། ཡོན་ཏན་སྦྱངས་ཀྱང་མི་ཤེས་པ་སོགས་ཡོང་རྒྱུ་ཡོད་པ་དེ་དག་ཀྱང་མྱོང་བ་རྒྱུ་མཐུན་ཡིན་ཟེར།

བྱེད་པ་རྒྱུ་མཐུན་ནི་རང་གི་ཚེ་འདི་ལ་སེམས་ཅན་སྲོག་གཅོད་ཀྱི་བྱ་བ་བྱས་ཚེ་སྐྱེ་བ་ཕྱི་མ་མི་དང་སྲོག་ཆགས་གསོད་རྒྱུར་དགའ་པོ་ཡོད་པ་ལྟ་བུ་སྟེ། དགེ་བ་དང་མི་དགེ་བ་གང་ཞིག་བྱས་ནའང་དེའི་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་དེ་ལ་སྐྱེ་བ་རྗེས་མ་རང་ཆུང་ཆུང་སྐབས་ནས་རང་བཞིན་གྱིས་དགེ་དང་མི་དགེ་བའི་བྱ་བ་བྱེད་འདོད་པ། དཔེར་ན་ཕྲུ་གུ་ཆུང་ཆུང་ནས་འབུ་དང་བྱི་བ་གསོད་རྒྱུ་ལ་ཞེད་སྣང་མེད་པ། ཡང་ཁ་ཤས་ནི་ཆུང་ཆུང་ནས་ཡོན་ཏན་སློབ་རྒྱུ་ལ་ཧ་ཅང་བརྩོན་འགྲུས་ལྡན་པ་སོགས་མང་པོ་ཡོད་པ། དེ་ཚོ་ནི་བྱེད་པ་རྒྱུ་མཐུན་ཟེར་བ་དེ་རེད་ཟེར། མྱོང་བ་རྒྱུ་མཐུན་དང་བྱེད་པ་རྒྱུ་མཐུན་གཉིས་བསྡུར་ན་བྱེད་པ་རྒྱུ་མཐུན་དེ་ཧ་ཅང་སྡུག་པ་ཡོད་ཟེར། བྱེད་པ་རྒྱུ་མཐུན་ནི་སྐྱེ་བ་སྔོན་མ་གང་བྱས་རུང་སྐྱེ་བ་རྗེས་མ་དེ་རང་མུ་མཐུད་བྱེད་དགོས་པ་དེའི་དཔེ་དེ་ཕྲུ་གུ་ཆུང་ཆུང་སྐབས་ནས་རྫུན་ཤོད་པ་དང་རྐུན་མ་བརྐུ་བ། དེ་བཞིན་ཡང་སེམས་པ་བཟང་པོ་མི་ལ་ཕན་སེམས་ཡོད་པ། ཡོན་ཏན་ལ་བརྩོན་པ་གང་བསླབ་པ་ཤེས་ཐུབ་པ་ནི་བྱེད་པ་རྒྱུ་མཐུན་ཟེར་བ་དེ་ཡིན་ཟེར། བདག་པོའི་འབྲས་བུ་ནི་དཔེར་ན་སྲོག་གཅོད་ཤུགས་ཆེ་བྱས་ཚེ་རང་སྡོད་སའི་ཡུལ་གྱི་སྨན་ལའང་ནུས་པ་ཆེན་པོ་མེད་པ་དང༌། ཟ་རིགས་དང་འཐུང་བྱ་སོགས་ཀྱང་རང་གི་ལུས་པོར་མི་འཕྲོད་པ་ལྟ་བུ། རྐུན་མ་བརྐུས་པའི་འབྲས་བུར་རང་གི་ལུང་པར་ཐན་པ་གཏོང་བའམ་གནས་ཚུལ་གཞན་གྱི་དབང་གིས་སྟོན་འབྲས་ཡག་པོ་མི་ཡོང་བ། གཞན་གྱི་ཆུང་མར་ལོག་གཡེམ་བྱས་པའི་འབྲས་བུར་རང་སྐྱེ་བ་རྗེས་མར་ས་ཆ་བཙོག་པ་ཁོ་ནའི་འགྲམ་དུ་གནས་སྡོད་བྱེད་དགོས་པ། རྫུན་བཤད་པའི་འབྲས་བུར་རང་གི་ལུང་པ་ལ་རྩྭ་དང་ཤིང་མེད་པ། ས་ཁོད་མི་སྙོམས་པ། རྡོ་དང་ཚེར་མ་མང་བ། ང་རྒྱལ་བྱས་པའི་འབྲས་བུར་འབྲས་ལྡན་ཤིང་ལ་འབྲས་བུ་མི་བཏགས་པ་སོགས་ཡོང་བ་དེ་དག་བདག་པོའི་འབྲས་བུ་ཡིན་ཟེར།

༨. སྡུག་བདེན་འཁོར་བའི་ཉེས་དམིགས།

སངས་རྒྱས་ཆོས་ལུགས་ཀྱི་ཐུན་མོང་གི་ལྟ་ཚུལ་བདུན་པ། སྡུག་བདེན་འཁོར་བའི་ཉེས་དམིགས་ཀྱི་སྐོར། (སྡུག་བདེན་ནི་སྡུག་བསྔལ་བདེན་པ་ལའོ་)དེ་ཡང་ཁམས་གསུམ་གྱི་འཁོར་བའི་གནས་དང༌། དེ་དག་ན་གནས་པའི་སེམས་ཅན་ཡོད་ཚད་སྡུག་བསྔལ་གྱི་བདེན་པ་ཡིན། འཁོར་བ་ཞེས་པ་ནི་ལས་དང་ཉོན་མོངས་པའི་དབང་གིས་ཁམས་གསུམ་གྱི་གནས་སུ་ཡང་ནས་ཡང་དུ་འཁོར་ཞིང་སྐྱེ་བ་དེ་ལ་ཟེར། དེ་ལྟར་འཁོར་བའི་ཚུལ་ནི་མི་ནས་ཤི་སྟེ་དུད་འགྲོར་སྐྱེ་བ་དང༌། དུད་འགྲོ་ནས་ཤི་འཕོས་ཏེ་མིར་སྐྱེ་བ། ལྷ་ནས་ཤི་འཕོས་ཏེ་ཡི་དྭགས་སུ་སྐྱེ་བ་སོགས་དེ་ལྟར་ཟོ་ཆུན་གྱི་འཕྲུལ་འཁོར་ལྟར་བར་མཚམས་མེད་པར་སྐྱེ་འཆི་བྱེད་པ་དེ་ལ་འཁོར་བའམ་སྲིད་པ་ཟེར། ཁམས་གསུམ་པོ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་བདེ་བའི་རང་བཞིན་གཅིག་ཀྱང་མེད། དེའི་རྒྱུ་མཚན་ནི་དམྱལ་བའི་གནས་སུ་སྐྱེས་ན་ཚ་དམྱལ་བརྒྱད་དང༌། གྲང་དམྱལ་བརྒྱད། ཉེ་འཁོར་བའི་དམྱལ་བ་སོགས་ཀྱི་སྡུག་བསྔལ་གོང་དུ་བཤད་ཟིན་པ་དེ་དག་ལོ་ཁྲི་སྟོང་མང་པོའི་རིང་ལ་མྱོང་དགོས་པ་དང༌། ཡི་དྭགས་སུ་སྐྱེས་ཚེ་ཁ་ཁབ་མིག་ཙམ་ལས་ལྟོ་བ་རི་ཙམ་ཡོད་པ་དང༌། ལོ་སྟོང་ཕྲག་མང་པོར་ཟས་ཁམ་གཅིག་དང་སྐོམ་ཆུ་ཐིགས་ཙམ་ཡང་མི་རྙེད་པ། དཔྱིད་ཀ་ཟླ་བ་ཚ་ལ་ཉི་མ་དེ་བས་ཚ་བ་དང༌། དགུན་ཁ་ཉི་མ་བསིལ་ལ་ཟླ་བ་དེ་བས་བསིལ་བ་སོགས་སྡུག་བསྔལ་དཔག་མེད་མྱོང་དགོས་པ་ཡིན། དུད་འགྲོར་སྐྱེས་པ་ནའང་གླེན་ལྐུགས་ཀྱི་སྡུག་བསྔལ་མྱོང་དགོས་པ་སྨོས་ཅི། སྣ་འབིག་པའི་ནང་དུ་ཐག་པ་སོགས་བརྒྱུས་ཏེ་ཁལ་འགེལ་བ་དང༌། མིས་བཞོན་ཏེ་ལྕགས་དབྱུག་གིས་ལུས་ལ་རྡེག་པ། གཉའ་ཤིང་དང་སྐེ་ཤིང་བརྒྱབ་སྟེ་ཤིང་རྟ་འཁོར་ལོ་འཐེན་དུ་འཇུག་པ། རྨོད་རྒྱག་པ། ཤལ་བ་འཐེན་དུ་འཇུག་པ་སོགས་སྡུག་བསྔལ་མང་པོ་མྱོང་དགོས་པ་དང༌། རྐང་པ་ཡོད་ཀྱང་གོམ་པ་གང་ཡང་འགྲོ་བའི་དབང་མེད་པ་ཐག་པས་བཏགས་པ་དང༌། ལྕགས་དྲའི་ནང་བཅུག་པ། འདབ་གཤོག་ཡོད་ཀྱང་གཟེབ་ཀྱི་ནང་དུ་བཅུག་ནས་ཉིན་མཚན་ཁོར་མོ་ཡུག་ཏུ་དེ་ག་རང་དུ་མི་སྡོད་དབང་མེད་ཀྱི་སྡུག་བསྔལ་མྱོང་བ། ལྟད་མོའི་ཆེད་དུ་ཞབས་བྲོ་སོགས་རྩེད་མོ་སྣ་ཚོགས་བསླབ་སྟེ་མ་ཤེས་ན་ཉེས་རྡུང་དྲག་པོ་བཏང་ནས་ལུས་སེམས་སྡུག་ལ་སྦྱོར་བ་སོགས་སྡུག་བསྔལ་འདྲ་མིན་མང་པོ་མྱོང་དགོས་པ་མ་ཟད། དུད་འགྲོ་ཁག་ཅིག་པགས་པའི་ཆེད་དུ་གསོད་པ། ཁག་ཅིག་ཤའི་ཆེད་དུ་གསོད་པ། ཁག་ཅིག་རུས་པའི་ཆེད་དུ་གསོད་པ། ཁག་ཅིག་སྨན་གྱི་ཆེད་དུ་གསོད་པ། གསོད་སྟངས་ཀྱང་འདྲ་མིན་སྣ་ཚོགས་ཡོད་དེ་ལ་ལ་མདའ་གྲི་མདུང་སོགས་ཀྱིས་གསོད་པ། ལ་ལ་རྒྱའམ་རྙི་བཙུགས་ཏེ་གསོད་པ། ལ་ལ་མེ་མདའ་བརྒྱབ་སྟེ་གསོད་པ། ལ་ལ་སྙིང་ལ་གྲི་བཙུགས་ཏེ་གསོད་པ། ལ་ལ་སྒལ་སྙུང་བཙུགས་ཏེ་གསོད་པ། ལ་ལ་གྲོད་པ་གཤག་སྟེ་སྲོག་རྩ་འཐེན་ནས་གསོད་པ། ལ་ལ་དུག་བརྒྱབ་ནས་གསོད་པ་སོགས་གསོད་སྟངས་མི་འདྲ་བ་སྣ་ཚོགས་ཀྱིས་གསོད་པའི་སྡུག་བསྔལ་མྱོང་དགོས་པར་མ་ཟད། སྟག་དང༌། གཟིག འཕར་པ། སྤྱང་ཀི་སོགས་ཀྱིས་ཤྭ་བ་དང༌། གནའ་བ། རྒོ་བ་སོགས་གསོད་པ་དང༌། གཡི་དང༌། ཝ་མོ། ཁྱི་སོགས་ཀྱིས་ར་ལུག་གསོད་པ། བྱ་གླག་གིས་རེའུ་དང༌། ལུ་གུ རི་བོང་སོགས་གསོད་པ། བྱི་ལས་བྱི་བ་དང་ཨ་བྲ་གསོད་པ་སོགས་མདོར་ན་དུད་འགྲོ་རྣམས་ལ་གཅིག་ལ་གཅིག་ཟའི་སྡུག་བསྔལ་ཡང་སྣ་ཚོགས་ཡོད་པ་རང་ཅག་གི་མིག་ལམ་དུ་གྱུར་པ་ཁག་ཅིག་དཔེ་མཚོན་ཙམ་དུ་ཞུས་ན་དེ་ལྟར་ལགས།

སྡུག་བདེན་འཁོར་བའི་ཉེས་དམིགས་དང༌། ཀུན་འབྱུང་འཁོར་བའི་འཇུག་རིམ། འགོག་བདེན་ཇི་ལྟར་ཐོབ་ཚུལ། དེ་བཞིན་ཐར་པར་བགྲོད་པའི་ལམ་བདེན་རྒྱུད་ལ་སྐྱེ་བ་སོགས་གོ་རམ་བཞི་ཡོད། དེ་ལས་དང་པོ་བདེན་པ་བཞི་སྟེ་སྡུག་བསྔལ་གྱི་བདེན་པ། ཀུན་འབྱུང་གི་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་བཅས་ཡིན། བདེན་པ་བཞི་དང་ལས་རྒྱུ་འབྲས་བར་གྱི་འབྲེལ་བ་དེ་ནི་ལས་འབྲས་ཀྱི་བླང་དོར་དེ་ཡག་པོ་བྱས་ནའང་རང་ཉིད་འཁོར་བ་ལས་ཐར་བ་ཞིག་མ་བྱུང་ན་སླར་ཡང་སྡིག་པ་བསག་ནས་ངན་སོང་ལ་སྐྱེ་དགོས་པར་བརྟེན་འཁོར་བ་དེ་སྡུག་བསྔལ་ཡིན་པ་ཤེས་དགོས་པ་དང༌། འཁོར་བ་དེ་སྡུག་བསྔལ་ཡིན་པ་ཤེས་རྗེས་སྡུག་བསྔལ་དེ་ཡོང་སའི་རྩ་བ་ཉོན་མོངས་དུག་གསུམ་ལ་ཐུག་པ་དེ་ཤེས་དགོས། ཉོན་མོངས་དུག་གསུམ་དེ་སྡུག་བསྔལ་ཚང་མ་ཡོང་སའི་རྩ་བ་ཡིན་པས་ཀུན་འབྱུང་བདེན་པ་ཡིན། སྡུག་བསྔལ་དེ་ཡོང་སའི་རྩ་བ་ཉོན་མོངས་ཡིན་པས་ཉོན་མོངས་སྤོང་རྒྱུ་དེ་ནི་འགོག་པའི་བདེན་པ་དེ་ཡིན། འགོག་པའི་བདེན་པ་ནི་འཁོར་བ་ནས་ཐར་ཏེ་ཐར་པའི་གོ་འཕང་ཐོབ་རྒྱུ་དེ་རེད། ཐར་པའི་གོ་འཕང་དེ་གློ་བུར་དུ་ཐོབ་ཐུབ་པ་ཞིག་མིན་པར་དེ་ལ་ཡང་རྒྱུ་ཞིག་དགོས། རྒྱུ་དེ་ནི་ཐར་པར་འགྲོ་བའི་ལམ་བསླབ་པ་གསུམ་དེ་ཡིན་སྟབས་དེ་ནི་ལམ་གྱི་བདེན་པ་ཡིན། སྡུག་བསྔལ་བདེན་པ་དང༌། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་བཅས་ཚང་མར་བདེན་པ་ཞེས་བརྗོད་དགོས་པའི་རྒྱུ་མཚན་ནི་སྡུག་བསྔལ་དེ་སྡུག་བསྔལ་ཡིན་པ་དེ་བདེན་པ་ཡིན་པ་དང༌། སྡུག་བསྔལ་དེའི་རྒྱུ་དེ་ཉོན་མོངས་ཡིན་པ་དེ་ཡང་བདེན་པ་ཡིན་པ། སྡུག་བསྔལ་དེ་ཡོང་སའི་རྩ་བ་དེ་ཉོན་མོངས་དུག་གསུམ་ཡིན་པ་དེ་ཡང་བདེན་པ་ཡིན་པ། ཉོན་མོངས་དེ་སྤངས་ན་ཐར་པ་ཐོབ་པ་དང་ཐར་པ་མ་ཐོབ་ན་ཉོན་མོངས་དེ་སྤོང་ཐུབ་ཐབས་མེད་པ་དེ་ཡང་བདེན་དོན་རེད། ཐར་པ་ཐོབ་པ་བྱེད་པར་རྒྱུ་དང་རྐྱེན་མེད་པ་ཡོང་མི་སྲིད་པས་ཐར་པ་ཐོབ་རྒྱུའི་ལམ་དེ་ནི་ལམ་བསླབ་པ་གསུམ་ཡིན་སྟབས་ཐར་པ་ཐོབ་རྒྱུའི་ལམ་བསླབ་པ་གསུམ་ཡིན་པ་དེ་ཡང་བདེན་པ་ཡིན་པ། སྡུག་བསྔལ་དེ་སྡུག་བསྔལ་མིན་ཞེས་ལུང་དང་རིགས་པ་གང་གི་ཐོག་ནས་ཀྱང་སྒྲུབ་ཐུབ་ཐབས་མེད་ལ་མངོན་སུམ་གྱི་ཐོག་ནས་ནུས་པ་ཡང་འདོན་ཐུབ་ཐབས་མེད་པ་དེའང་བདེན་པ་ཡིན་པ། ཀུན་འབྱུང་སྟེ་ཉོན་མོངས་ནི་སྡུག་བསྔལ་ཚང་མ་ཡོང་སའི་རྩ་བ་ཡིན་ལ་བདེན་པ་ཡང་ཡིན་པ་དེ་ལུང་དང་རིགས་པ་གང་གི་ཐོག་ནས་དགག་པ་རྒྱབ་ཐུབ་ཐབས་མེད་ལ་མངོན་སུམ་གྱི་ཐོག་ནས་ནུས་པ་ཡང་འདོན་ཐུབ་ཐབས་མེད་པ་དེའང་བདེན་པ་ཡིན་པ། ཉོན་མོངས་དེ་སྤངས་ན་ཐར་པ་ཐོབ་པ་དང་དེ་མ་སྤངས་ན་ཐར་པ་མི་ཐོབ་པ་དེའང་བདེན་པ་ཡིན་པ་དེ་ལ་ལུང་དང་རིགས་པ་གང་གིས་ཀྱང་དགག་པ་རྒྱག་ཐུབ་ཐབས་མེད་ལ་མངོན་སུམ་གྱི་ཐོག་ནས་ནུས་པའང་འདོན་ཐུབ་ཐབས་མེད་པ་དེའང་བདེན་པ་ཡིན་པ། ཐར་པ་ཐོབ་པར་བྱེད་པའི་རྒྱུ་དེ་ལམ་བསླབ་པ་གསུམ་ཡིན་ཏེ། དེ་མིན་པར་སྨྲ་བའི་ལུང་དང་རིགས་པ་གང་གིས་ཀྱང་འགོག་མི་ཐུབ་ལ་མངོན་སུམ་གྱི་ནུས་པའང་འདོན་མི་ཐུབ་པ་དེའང་བདེན་པ་ཡིན་པ་བཅས་ལ་བརྟེན་བདེན་བཞི་ཚང་མར་བདེན་པ་ཞེས་སྦྱར་དགོས་པའི་རྒྱུ་མཚན་དེ་ཡིན། དེ་ཡང་དེ་སྔ་དཀོན་མཆོག་ལ་སྐྱབས་འགྲོ་དང་ལས་འབྲས་ལ་བླང་དོར་ཡག་པོ་བྱས་ཏེ་རང་ཉིད་གནས་སྐབས་ངན་སོང་ལས་ཐར་ཙམ་ཞིག་བྱུང་ཡོད་ནའང་འཁོར་བ་ལས་ཐར་བ་ཞིག་མ་བྱུང་ན་རང་གི་རྒྱུད་དུ་ཉོན་མོངས་དུག་གསུམ་དེ་གནས་པའི་རྗེས་སུ་དེ་མ་སྤངས་ཕྱིན་ཆད་སླར་ཡང་འགྲོ་བ་སེམས་ཅན་ལ་སྐྱེས་ནས་སྡིག་པ་བསག་སྟེ་ངན་སོང་གི་སྡུག་བསྔལ་མྱོང་དགོས་པར་བརྟེན་རང་འཁོར་བ་ནས་རྦད་དེ་ཐར་བ་ཞིག་ངེས་པར་དགོས་ཀྱི་ཡོད་པ་རེད། འཁོར་བ་ཞེས་པ་ནི་ལས་དང་ཉོན་མོངས་གཉིས་ལ་བརྟེན་ནས་ཁམས་གསུམ་དང་འགྲོ་བ་རིགས་དྲུག་ཏུ་རང་དབང་མེད་པར་ཡང་ནས་ཡང་དུ་སྐྱེ་བ་བླངས་ཏེ་འཁོར་བས་ན་འཁོར་བ་ཞེས་བརྗོད་པ་ཡིན་ཞིང༌། འཁོར་བའི་རྒྱུ་ལས་དང་ཉོན་མོངས་གཉིས་རྩ་བ་ནས་སྤངས་ཟིན་པ་ན་འཁོར་བའི་གནས་སུ་རང་དབང་མེད་པར་སྐྱེ་བ་ལེན་མི་དགོས་པར་ཐར་བ་ཡིན་པས་ཐར་བ་ཐོབ་པ་ཞེས་བརྗོད་སྲོལ་ཡོད་ལ། འཁོར་བར་འཁོར་དུ་འཇུག་མཁན་ནི་ལས་དང་ཉོན་མོངས་གཉིས་དང༌། འཁོར་ཡུལ་ནི་འགྲོ་བ་རིགས་དྲུག འཁོར་པ་པོ་ནི་ཉོན་མོངས་མ་སྤངས་པའི་སྐྱེ་བོ་རྣམས་ཡིན། ཉོན་མོངས་མ་སྤངས་ཕྱིན་ཆད་ལ་རང་ཉིད་རང་དབང་མེད་པར་འགྲོ་བ་རིགས་དྲུག་ལ་སྐྱེ་བ་ལེན་དགོས་པར་བརྟེན་སྐབས་རེ་མི་ལ་སྐྱེ་བ་དང༌། སྐབས་རེ་དུད་འགྲོར་སྐྱེ་བ། སྐབས་རེ་ཡི་དྭགས་ལ་སྐྱེ་བ། སྐབས་རེ་དམྱལ་བ་ལ་འགྲོ་བ་སོགས་ཡང་ནས་ཡང་དུ་སྡུག་བསྔལ་མྱོང་དགོས་པ་ཡིན།

བདེན་པ་བཞི་པོ་དེ་བཤད་དུས་དང་པོ་སྡུག་བསྔལ་བདེན་པ་ནས་མཇུག་ཏུ་ལམ་གྱི་བདེན་པ་བར་ཤོད་པ་དེ་ནི་བསམ་བློ་གཏོང་སྐབས་ཀྱི་གོ་རིམ་གཞིར་བཟུང་ནས་བཤད་པ་ཞིག་ཡིན་པ་སྟེ། ཐོག་མ་སྡུག་བསྔལ་ཡོད་པ་ཤེས། དེ་ཤེས་རྗེས་སྡུག་བསྔལ་ཡོང་སའི་རྩ་བ་གང་དུ་ཐུག་མིན་རྩད་བཅད། དེ་ནས་སྡུག་བསྔལ་ཡོང་སའི་རྒྱུ་དེ་མེད་པ་བཟོ་དགོས་ན་ཐར་བ་ཐོབ་པ་བྱ་རྒྱུ་ལས་གཞན་ཐབས་མེད་པས་ཐར་བ་ཐོབ་པ་བྱེད་པར་སྔོན་ལ་ཉོན་མོངས་སྤོང་དགོས་པས་དེས་ན་འགོག་པའི་བདེན་པ་ཐོབ་དགོས། འགོག་པའི་བདེན་པ་ཐོབ་པ་བྱེད་པར་ལམ་བསླབ་པ་གསུམ་ལ་བརྟེན་དགོས་པ་སོགས་བསམ་བློ་གཏོང་བའི་གོ་རིམ་ལྟར་བཤད་ཡོད། འོན་ཀྱང་བདེན་པ་བཞི་པོ་དེ་སྒྲུབ་པའི་གོ་རིམ་ནི་དེ་འདྲ་མིན་པར་དང་པོ་ཀུན་འབྱུང་བདེན་པ་བྱུང་ཞིང༌། ཀུན་འབྱུང་བདེན་པ་ལ་བརྟེན་ནས་སྡུག་བསྔལ་བདེན་པ་བྱུང་བ་དང༌། ལམ་གྱི་བདེན་པ་ལ་བརྟེན་ནས་འགོག་པའི་བདེན་པ་ཐོབ་དགོས་པས་ལམ་གྱི་བདེན་པ་དང་འགོག་པའི་བདེན་པ་གཉིས་རྒྱུ་འབྲས་ཡིན་པ་དང༌། ཀུན་འབྱུང་བདེན་པ་དང་སྡུག་བསྔལ་བདེན་པ་གཉིས་རྒྱུ་འབྲས་ཡིན་པར་བརྟེན་རྒྱུ་འབྲས་ཀྱི་གོ་རིམ་ཐོག་ནས་བཤད་ན་དེ་ལྟར་ཡིན། དེར་བརྟེན་བཤད་པའི་གོ་རིམ་དང་རྒྱུ་འབྲས་ཀྱི་གོ་རིམ་གཉིས་མི་འདྲ་བ་ཡིན། འཁོར་བ་ཞེས་པ་དེ་གང་ཡིན་མིན་གསལ་པོ་ཤེས་རྟོགས་ཐུབ་ན་དེའི་སྡུག་བསྔལ་དེ་གང་འདྲ་ཡིན་མིན་ཤེས་ཐུབ། འཁོར་བའི་སྡུག་བསྔལ་ལའང་སྤྱི་དང་བྱེ་བྲག་གཉིས་ལས་འཁོར་བ་སྤྱིའི་སྡུག་བསྔལ་ལ་ནང་གསེས་སྡུག་བསྔལ་བརྒྱད། སྡུག་བསྔལ་དྲུག སྡུག་བསྔལ་གསུམ་སོགས་ཡོད།

༡. འཁོར་བའི་སྡུག་བསྔལ་བརྒྱད་བཤད་པ་ལ།

སྡུག་བསྔལ་བརྒྱད་ཀྱི་ནང་གསེས་དང་པོ། སྐྱེ་བའི་སྡུག་བསྔལ།

ང་རང་ཚོ་ཚང་མ་སྐྱེས་པ་ལས་བྱུང་བ་ཤ་སྟག་ཡིན་ཞིང་། སྐྱེ་བའི་སྡུག་བསྔལ་ཀྱི་ནང་ནས་སྡུག་བསྔལ་ཆེ་ཤོས་ནི་མངལ་སྐྱེས་ཀྱི་སྡུག་བསྔལ་དེ་ཡིན། དེ་ཡང་ཨ་མའི་ཁོག་པ་ནས་སྐྱེས་པའི་རིགས་ལ་མངལ་སྐྱེས་དང༌། སྒོ་ང་ལས་སྐྱེས་པ་ལ་སྒོང་སྐྱེས། དྲོད་ལ་བརྟེན་ནས་སྐྱེ་བ་དང་གཤེར་ལ་བརྟེན་ནས་སྐྱེ་བ་ལ་དྲོད་གཤེར་སྐྱེས། ཨ་མ་དང་སྒོ་ང་སོགས་གང་ཡང་མི་དགོས་པར་རྡོ་ཡི་ནང་ནས་གློ་བུར་དུ་སྐྱེ་བ་སོགས་ལ་བརྫུས་སྐྱེས་ཟེར། དེའི་ནང་སེམས་ཅན་འོ་མ་འཐུང་མཁན་མང་ཆེ་བ་མངལ་སྐྱེས་ཡིན། སྐྱེས་པའི་ནང་ནས་སྡུག་བསྔལ་ཆེ་ཤོས་དེ་མི་ལ་སྐྱེས་པ་དེ་ཡིན་ཏེ། ཐོག་མ་ཨ་མའི་མངལ་དུ་ཟླ་བ་དགུ་དང་ངོ་བཅུ་སྡོད་དགོས་ཤིང༌། དེའི་རིང་རང་ཉིད་ལུད་ཚ་པོ་ཞིག་གི་ནང་བླུགས་པ་ལྟ་བུ་དྲི་མ་ཧ་ཅང་ངན་པ་དང༌། ཚ་བ་ཆེན་པོ་ཡོད་པའི་ཚོར་སྣང་ཡོང་གི་ཡོད། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལྟར་ན། ཕ་མ་གཉིས་ལུས་འབྲེལ་བྱུང་ཚད་ལ་ཕྲུ་གུ་ཡོང་ཟེར་བ་ངེས་གཏན་མེད་པར། གཙོ་བོ་རང་དང་ཕ་མ་གཉིས་པོ་ཕ་མ་བུ་ཕྲུག་བྱ་རྒྱུའི་ལས་དེ་མེད་ན་ཁྱེད་རང་སྐྱེ་འདོད་རུང་སྐྱེ་མི་ཐུབ་པར་བརྟེན་ཕྲུ་གུས་རང་ཕ་མ་དེ་གཉིས་ཀྱི་ཕྲུ་གུར་སྐྱེ་ཐུབ་པའི་ལས་བསགས་པ་དང་གཅིག ཕ་མ་གཉིས་ཀྱིས་ཀྱང་ཕྲུ་གུ་དེ་རང་གི་ཕྲུ་གུར་སྐྱེ་ཐུབ་རྒྱུའི་ལས་བསགས་པ་དང་གཉིས་ཏེ་ཕན་ཚུན་གཉིས་ལས་མཐུན་དགོས་པ་མ་ཟད་ད་དུང་ཕ་མ་གཉིས་འབྲེལ་བ་བྱེད་པ་དང་རང་འཁོར་བའི་ནང་དུ་ཕ་མ་འཚོལ་བར་འགྲོ་བའི་དུས་ཚོད་དེ་དུས་གཅིག་ལ་འཁེལ་ན་སྐྱེ་ཐུབ་ཟེར། ཕྲུ་གུ་འཁོར་རྗེས་ཨ་མ་ལ་སྒོ་ང་དང༌། ཞོ། ཞོ་བླུགས་སོགས་ཀྱི་རྨི་ལམ་བཏང་ཚེ་ཕྲུ་གུ་འཁོར་བའི་རྟགས་ཡིན་ཟེར། ཨ་མ་དེ་ཁྱད་ཆོས་ལྔ་དང་ལྡན་པ་ཞིག་དགོས་པ་སྟེ། ཟླ་མཚན་ཡོད་མེད་ཤེས་པ། དེ་ནི་ཟླ་མཚན་མེད་དུས་མཉམ་དུ་བསྡད་ན་ཕྲུ་གུ་མི་ཡོང་བ་དང་ཟླ་མཚན་ཡོད་དུས་ཕྲུ་གུ་ཡོང་བས་སོ།། ཕྲུ་གུ་འཁོར་བའི་དུས་ཤེས་པ། བུ་དང་བུ་མོ་གང་ཡིན་ཤེས་པ། གང་ལས་བྱུང་བ་ཤེས་པ། ཕྲུ་གུ་འཁོར་བ་ཤེས་པ་བཅས་སོ།།

དེ་ནས་མངལ་གྱི་གནས་སྐབས་ལྔ་སྟེ། མེར་མེར་པོ་དེ་ནི་མནན་མི་བཟོད་པ། ནུར་ནུར་པོ་དེ་ནི་མནན་བཟོད་པ། ལྟར་ལྟར་པོ་དེ་ནི་གྲུ་གུའི་བཟོ་དབྱིབས་ཉ་ལྟ་བུ་ཡོད་པ། འཁྲང་འགྱུར་བ་དེ་ནི་བཟོ་དབྱིབས་ཕག་པ་ལྟ་བུ། ཡན་ལག་འགྱུར་བ་དེ་ནི་བཟོ་དབྱིབས་སྦལ་པ་ལྟ་བུའོ།།

མིར་སྐྱེས་པའི་དབང་དུ་བཏང་ནའང་སྡུག་བསྔལ་སྣ་ཚོགས་པ་ཞིག་ཡོད་པ་ཡིན་ཏེ་སྐྱེ་བའི་སྡུག་བསྔལ་དང༌། རྒ་བའི་སྡུག་བསྔལ། ན་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ་སོགས་སྣ་ཚོགས་ཤིག་ཡོད་དེ་དཔེར་ན། མའི་མངལ་དུ་ཉིང་མཚམས་སྦྱར་ནས་ཟླ་དགུ་ངོ་བཅུའི་རིང་དྲི་མས་སྦགས་པའི་མངལ་གྱི་མུན་པའི་ནང་དུ་མི་འདོད་བཞིན་དུ་སྡོད་དགོས་པ་སོགས་ཀྱི་སྡུག་བསྔལ་མང་པོ་མྱོང་དགོས་པ་དང༌། མངལ་ནང་ནས་ཕྱིར་ཐོན་སྐབས་ཏིལ་མར་བཙིར་བའམ་ཀོ་བ་འཇུར་མིག་ཏུ་གཤན་པ་ལྟ་བུའི་སྡུག་བསྔལ་བཟོད་གླགས་མེད་པ་དང༌། མངལ་ནས་ཕྱིར་བྱུང་བའི་ཚེ་ཚེར་མ་རྩུབ་མོའི་སྟེང་དུ་ལྷུང་བ་ལྟ་བུའི་སྡུག་བསྔལ་དང༌། ལང་ཚོ་རྒས་པའི་སྐབས་སུ་སྔར་གྱི་སྐྲ་ནག་པོ་རྣམས་དཀར་པོར་གྱུར་པ་དང༌། རྩ་རྒྱུས་ཐམས་ཅད་རེངས་ཤིང་ལུས་ཐམས་ཅད་གཉེར་མས་གང་བ། ལུས་པོ་སྒུར་ཞིང་ཆུང་དུ་སོང་བ། ཕོ་བའི་མེ་དྲོད་ཉམས་པས་ཟས་མི་འཇུ་བ། དབང་པོ་ཉམས་ཤིང་རྒུད་པས་མིག་གིས་གཟུགས་གསལ་པོ་མི་མཐོང་བ། རྣ་བས་སྒྲ་མི་ཐོས་པ། གོས་མཐུག་ན་ལུས་པོས་མི་ཐེག་པ། གོས་སྲབ་ན་འཁྱགས་པ། ལམ་དུ་འགྲོ་བའི་ཚེ་བྱིས་པ་བྱ་ལ་འབྱབས་པའི་འགྲོ་སྟངས་དང་འདྲ་བ་དང༌། སྡོད་པའི་ཚེ་ན་སྒྱེ་ཐག་ཆད་པ་ལྟར་འགྱེལ་མ་བུབ་ཏུ་སྡོད་པ། ལངས་པའི་ཚེ་ན་ས་མཁྲེགས་པོ་ནས་གཏོད་ཕུར་འདོན་པ་ལྟར་ལངས་དགོས་པ་སོགས་ཀྱི་སྡུག་བསྔལ་མང་པོ་ཡོད།

སྡུག་བསྔལ་བརྒྱད་ཀྱི་ནང་གསེས་གཉིས་པ། རྒ་བའི་སྡུག་བསྔལ།

དེ་ཡང་རྗེ་མི་ལའི་མགུར་འབུམ་ལས། བྱ་ལ་འབྱབས་པའི་འགྲོ་ལུགས་དང་གཅིག །ས་རྡོ་ཆད་པའི་སྡོད་ལུགས་དང་གཉིས། །གཏོད་ཕུར་འདོན་པའི་ལྡང་ལུགས་དང་གསུམ། །གསུམ་འདི་གསུམ་འཛོམས་པའི་དུས་ཚོད་ན། །ཨ་ཕྱི་སྒྱུ་ལུས་རྒུད་པའི་ཡིད་ཕམ་མ། །ཞེས། ཕྱི་པགས་པ་འདུས་པའི་གཉེར་མ་དང་གཅིག །ནང་ཤ་ཁྲག་ཟད་པའི་རུས་འབུར་དང་གཉིས། །བར་གླེན་ལྐུགས་འོན་ལོང་ཐོམ་ཡོར་དང་གསུམ། །གསུམ་དེ་གསུམ་འཛོམས་པའི་དུས་ཚོད་ན། །ཨ་ཕྱི་མི་སྡུག་སྟོན་པའི་ཁྲོ་གཉེར་མ། །ཞེས་དང༌། གྲང་ལ་ཉོག་པའི་བཟའ་བཏུང་དང་གཅིག །ལྕི་ལ་ཧྲུལ་བའི་དུག་པོ་དང་གཉིས། །པགས་པ་བཞི་སྦྱོར་གྱི་མལ་ས་དང་གསུམ། །གསུམ་དེ་གསུམ་འཛོམས་པའི་དུས་ཚོད་ན། །ཨ་ཕྱི་མི་འགོམ་ཁྱི་འགོམ་གྱི་རྟོགས་ལྡན་མ། །ཁྱེད་ལྟ་རྟོག་རང་གི་སེམས་ལ་ཐོངས། །བྱེད་ན་དམ་པའི་ལྷ་ཆོས་གྱིས། །བསྟེན་ན་མཚན་ལྡན་བླ་མ་བསྟེན། །རྒས་པའི་སྡུག་བསྔལ་བཤད་ཙ་ན། །རང་ལུས་འབྱུང་བཞི་རྒུད་པ་ཡི། །རྒས་པའི་སྡུག་བསྔལ་ཡི་རེ་མུག །དྲང་པོར་སྐྱེས་པའི་ལུས་པོ་སྒུར། །བརྟན་པོར་བཞག་ཀྱང་གོམ་པ་འཁྱོར། །ནག་པོར་སྐྱེས་པའི་སྐྲ་ལོ་དཀར། །དབང་པོའི་དྭངས་མ་མིག་ཀྱང་འགྲིབ། །ཡན་ལག་གཙོ་བོ་མགོ་བོ་འཁོར། །སྒྲ་རྣམས་ཉན་བྱེད་རྣ་བ་འོན། །མཁུར་ཚོས་ཁྲག་གི་རྒྱ་མཚོ་བསྐམས། །བྱད་ཀྱི་རྒྱང་ཤིང་སྣ་ཡང་ཞོམ། །རུས་པའི་དྭངས་མ་དུང་སོ་བུད། །སྨྲ་བའི་རྒྱལ་པོ་ལྕེ་ཡང་ལྡིབ། །ཤིག་སྲོའི་བུ་ལོན་བསད་བཞིན་མང༌། །ཟས་དང་གཉེན་འདུན་བསྡུས་ཀྱང་བྲོས། །སྡུག་བསྔལ་ཡི་ཆད་སྤངས་ཤིང་འཁོར། །བདེན་པར་སྨྲས་ཀྱང་ཉན་མཁན་མེད། །གཅེས་པར་གསོས་པའི་བུ་ཡིས་སྡང༌། །བསགས་ཚད་བྱིན་ལ་དྲིན་གཟོ་མེད། །ཤི་ཕྱིས་ཟེར་ཞིང་དམོད་མོ་མང༌། །ལར་རྒས་མེད་དོན་ཞིག་མ་རྟོགས་ན། །རྒས་པའི་སྡུག་བསྔལ་བསམ་ལས་འདས། །རྒས་ནས་ལྷ་ཆོས་མིན་དྲན་པ། །སྔོན་གྱི་ལས་ཀྱི་རྣམ་སྨིན་ཡིན། །ད་ལྟ་ཁ་དབུགས་ཡོད་རིང་ལ། །དམ་པའི་ལྷ་ཆོས་བྱས་ན་ལེགས། །ཞེས་སོགས་རྒས་པའི་སྡུག་བསྔལ་ཇི་འདྲ་ཡོད་མིན། རྒས་ནས་ཇི་འདྲ་བྱེད་དགོས་མིན་མང་པོ་གསུངས་པ་ལྟར་རོ། །དེ་བཞིན་དུ་བོད་ཀྱི་གནའ་བོའི་གཏམ་དཔེར་ཡང༌། མི་རྒན་ཁྱི་རྒན་རྟ་རྒན་གསུམ། །ལས་བྱས་པ་ཆེ་ཡང་ཀུན་གྱིས་སྡང༌། །ཨ་ཉོག་ཁྱི་ཁུ་རྟེའུ་གསུམ། །བྱས་པ་མེད་དེ་ཀུན་གྱིས་བྱམས། །རྒས་པོ་མ་འགྲོ་མི་རྩེབ་ཟེར། །རྒས་པོ་མ་ཟ་མི་འཇུ་ཟེར། །རྒས་པོས་མ་གཏམ་མི་འགྲུབ་ཟེར། །ཞེས་སོགས་གྲགས་པ་ལྟར་རེད།

སྡུག་བསྔལ་བརྒྱད་ཀྱི་ནང་གསེས་གསུམ་པ། ན་བའི་སྡུག་བསྔལ།

ན་བའི་སྡུག་བསྔལ་ནི་སྤྱིར་བཏང་མི་གཟུགས་པོ་ཐང་བ་ཉུང་ཤས་ཕུད་མང་ཆེ་བ་ལ་ན་ཚ་ཡོད་དེ་རང་གི་ལུས་ཀྱི་འབྱུང་བ་བཞི་ཆ་སྙོམས་པོ་བྱུང་ན་གཟུགས་པོ་ཐང་པོ་ཡོད་པ་དང་འབྱུང་བ་བཞི་པོ་ཆ་སྙོམས་པོ་མ་བྱུང་ན་ན་ཚ་ཡོང་གི་ཡོད་པ་དཔེར་ན། འབྱུང་བ་བཞིའི་ནང་ནས་ས་ཁམས་ཤུགས་ཆེ་བ་བྱུང་ན་བད་ཀན་གྱིས་ན་ནས་ཤ་སྐམ་པོ་དང་གདོང་སེར་པོ་ཆགས་ཏེ་ལྟོ་ཆས་ལ་བྲོ་བ་མེད་ཁར་ཕོ་བའི་ནད་ཀྱང་ལངས་སྲིད་པ་དང༌། ཆུ་ཁམས་ཤུགས་ཆེན་པོ་ཡོད་ན་ལུས་པོ་ཚང་མ་བསྐྲངས་པ་དང་ཆུ་བསག་ནས་ཆབ་གསང་མ་བབ་པ། མེ་ཁམས་ཤུགས་ཆེ་ན་ཚ་བ་དང་ཁྲག་ཤེད་རྒྱས་པ། རླུང་ཁམས་ཤུགས་ཆེ་བ་བྱུང་ན་སྙིང་ནད་དང༌། སྲོག་རླུང༌། མགོ་ཡུ་འཁོར་བ། སེམས་མི་སྐྱིད་པ་སོགས་ཡོང་གི་ཡོད་པ་(ཁྱི་སྐད་ཕྲ་མོ་དང་ཆུ་ཤུགས་ཆེན་པོའི་སྒྲས་རླུང་ལ་གནོད་པ་དང༌། ཁྱི་སྐད་སྦོམ་པོ་དང་སྤང་འཕྲོད་ཀྱི་ཆུ་སྒྲས་རླུང་ལ་ཕན་ཟེར་)གཞན་ཡང་ན་ཚ་གློ་བུར་དུ་ཕོག་ཚེ་ནད་པ་ལོ་མང་ཉལ་སའི་ནང་ལུས་པ་དེ་མ་ཤི་གོང་ལ་མི་གཞོན་པ་ཤྭ་བ་འདྲ་བ་དེ་འདྲ་གློ་བུར་དུ་ན་ནས་ལམ་སང་ཤི་མཁན་ཡང་མང་པོ་ཡོད། དེར་བརྟེན་ཤ་དང༌། རུས་པ། པགས་པ། ཁྲག་བཅས་ལས་གྲུབ་པའི་ལུས་རྟེན་འདི་ཡོད་ཕྱིན་ན་མི་དགོས་པ་དང་ཤི་མི་དགོས་པ་གཏན་ནས་མེད་ལ། ལྷག་པར་སྐྲན་སོགས་བཅོས་ཐབས་མེད་པའི་ན་ཚ་འཕོག་ཚེ་ད་ལྟ་གསོན་པོར་གནས་ཡོད་ནའང་སེམས་ལ་སྡུག་བསྔལ་བཟོད་དུ་མེད་པ་ཞིག་ཡོང་རྒྱུ་ཡིན་ཏེ། གང་ཞེ་ན་རང་ཉིད་ཤི་བའི་ཉིན་དེ་ནས་རང་གི་བཟའ་མི་བུ་ཕྲུག་དང༌། གཉེན་ཉེ་སྤུན་མཆེད། རྒྱུ་དངོས་པོ་ཙམ་མ་ཟད་རང་གི་ལུས་པོ་ཡང་བཞག་ནས་འགྲོ་དགོས་སྟབས་སྡུག་བསྔལ་མི་ཡོང་བ་ག་ལ་སྲིད།

སྡུག་བསྔལ་བརྒྱད་ཀྱི་ནང་གསེས་བཞི་པ། འཆི་བའི་སྡུག་བསྔལ།

དེ་བཞིན་དུ་འཆི་བའི་སྡུག་བསྔལ་བཟོད་གླགས་མེད་པ་དུ་མ་ཡོད་དེ་འགའ་ཞིག་ལུས་ལ་ན་ཟུག་དྲག་པོ་བཏང་ནས་ངའི་གྲོད་པ་འདི་གྲི་ཞིག་ཚུགས་དང་ཟེར་བ་དང༌། རང་གི་མགོ་རྡོ་སོགས་ལ་རྡབ་སྟེ་ང་ད་ལྟ་རང་ཤི་རོགས་བྱས་ན་ཨང་ཞེས་སྐད་ཅོར་ཤོར་བ་དང༌། འགའ་ཞིག་གྲོད་པ་ལྟོགས་ནས་ལྟོ་ཆས་ཟ་འདོད་རུང་མིད་པར་མ་ཕྱིན་པར་ཤ་སྐམ་པགས་སྐམ་ཐེབས་ནས་ཤི་དགོས་པ། འགའ་ཞིག་ལྟོགས་ཟ་ཐེབས་ཏེ་ག་ཚོད་ཟས་ཀྱང་འགྲང་རྒྱུ་མེད་པར་ཤི་དགོས་པ། འགའ་ཞིག་ནད་འཚོ་བའི་ཆེད་དུ་རྒྱུ་དངོས་ཡོད་ཚད་བཏང་ནས་སྨན་ཟོས་ཀྱང་ཕན་འབྲས་ནམ་ཡང་མ་ཐོན་པར་ཤི་དགོས་པ། འགའ་ཞིག་ནི་རང་གི་གཉེན་དང་ཉེ་འབྲེལ་མང་པོས་མཐའ་བསྐོར་ཏེ་ཐམས་ཅད་ངུ་ཆུ་དི་རི་བར་འབྲལ་མི་ཕོད་བཞིན་དུ་ཤི་བ་སོགས་ང་ཚོ་ཚང་མའི་མིག་གི་ལམ་དུ་མཐོང་དང་མཐོང་བཞིན་པ་དེ་འདྲ་ཡིན། གཞན་ཡང་མི་རྣམས་ཀྱི་ནང་ནས་གོ་ས་མཐོ་ཞིང་དཔོན་པོ་སོགས་ཡིན་ན་གོ་ས་དེ་ལས་ཕབ་སྟེ་དམའ་པོར་ལྷུང་བའི་སྡུག་བསྔལ་མང་པོ་ཡོད་པ་དང༌། ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པོ་ཡིན་པ་དེ་དག་ནི་རང་གི་ལོངས་སྤྱོད་དེ་དག་དཔོན་པོའམ་རྐུན་ཇག་སོགས་ཀྱིས་འཕྲོག་པར་དོགས་པའི་སྡུག་བསྔལ་དང། ཆུ་དང་ཐིགས་པ་སོགས་ཀྱིས་འཕྲོ་བརླག་ཏུ་འགྲོ་བར་དོགས་པའི་སྡུག་བསྔལ་དང༌། འབྱོར་པ་ཆེན་པོ་ཇི་ཙམ་ཡོད་ཀྱང་གཅིག་གི་སྒང་ལ་གཉིས་དང་གཉིས་ཀྱི་སྒང་ལ་གསུམ་བྱུང་ན་བསམ་པ་ལས་ནམ་ཡང་ངོམ་རྒྱུ་མེད་པ་ནི་ཚྭ་ཆུ་འཐུང་བ་ན་ཁ་སྐོམ་དུ་སྐོམ་དུ་འགྲོ་བ་ལས་ངོམ་རྒྱུ་མེད་པ་དང་འདྲ་བར་གསུངས་ཡོད་པ་དང༌། འབྱོར་པ་ཇི་ཙམ་ཆེ་བ་དེ་ཙམ་གྱིས་སྡུག་བསྔལ་ཆེ་བ་དང་སེར་སྣ་ཆེ་བ་ནི་གནའ་མིའི་གཏམ་དཔེར། རྩམ་པ་ཐང་ཁུག་གང་ལ་དངངས་སྐྲག་ཐང་ཁུག་གང༌། རྩམ་པ་སྒྱེ་མོ་གང་ལ་དངངས་སྐྲག་སྒྱེ་མོ་གང༌། ཟེར་བ་དང༌། རྒྱལ་པོ་རྒྱལ་གཞིས་ཟོས་ནས་ལྟོགས་ལྷང་ལྷང༌། སྤྲང་ཕྲུག་ཐང་སྟོང་འཁུར་ནས་སྦོ་སྒྱེ་སྒྱེ་ཟེར་བ་དང༌། འབྲུག་པ་ཀུན་ལེགས་ཀྱིས། ཕྱུག་པོ་ཡིན་ཚད་སེར་སྣ་ཆེ། །མི་ལྟོགས་ཡིན་ཚད་ལྟོགས་ལྷ་ཆེ། །ཞེས་གསུངས་པ་ལྟར་རེད། དབུལ་ཞིང་ཕོངས་པ་རྣམས་ལ་ནི་དུས་དང་རྣམ་པ་ཀུན་ཏུ་ཟས་གོས་ཀྱི་སྡུག་བསྔལ་ཡོད་པ་དང༌། རང་གི་ལྟོ་གོས་ཀྱི་ཆེད་དུ་མི་ཚེ་ཧྲིལ་པོ་གཞན་གྱི་གཡོག་རྒྱུགས་ཏེ་སྡོད་དགོས་པ་མ་ཟད། ལས་ཁག་ས་གང་ཡིན་བྱེད་དགོས་པ་དང་ལྟོ་གོས་སྡུག་པ་གང་ཡིན་སྤྱོད་དགོས་པ་སོགས་སྡུག་བསྔལ་མང་པོ་ཡོད།

ང་ཚོས་ཤི་བའི་སྐབས་སུ་ཤི་ལུགས་ཤི་སྟངས་གང་འདྲ་བྱས་ཏེ་ཤི་དགོས་མིན་ངེས་པར་དུ་ཤེས་དགོས་པ་ཡིན། ཤི་བའི་སྐབས་སུ་བཞུ་མར་ལ་ཕུ་བཏབ་པ་ལྟ་བུ་ལས་སླ་པོ་ཞིག་གཏན་ནས་མེད་ཅིང༌། དེ་ལ་ཕྱི་རྟགས་དང་ནང་རྟགས་བརྒྱད་ཡོད་པ་སྟེ། ས་ཁམས་ཆུ་ལ་ཐིམ། ཆུ་ཁམས་མེ་ལ་ཐིམ། མེ་ཁམས་རླུང་ལ་ཐིམ། རླུང་ཁམས་རྣམ་ཤེས་ལ་ཐིམ། རྣམ་ཤེས་སྣང་བ་ལ་ཐིམ། སྣང་བ་མཆེད་པ་ལ་ཐིམ། མཆེད་པ་ཉེར་ཐོབ་ལ་ཐིམ། ཉེར་ཐོབ་འོད་གསལ་ལ་ཐིམ་པའི་སྐབས་སུ་གཞི་ནས་ཤི་འགྲོ་བར་བརྟེན་ཤི་དུས་རིམ་པ་བརྒྱད་འགྲོ་དགོས། ཕྱི་རྟགས་ནི་མ་ཤི་གོང་གི་ཐོག་མའི་རྟགས་མཚན་ལྟ་བུར་ལུས་པོའི་ཕྱི་ངོས་ཀྱི་མདོག་སོགས་ཤོར་བ་དེར་ཟེར་བ་དང༌། ནང་རྟགས་ནི་ཤི་བའི་སྐབས་སུ་ཚོར་སྣང་དང་འཆར་སྣང་གང་འདྲ་ཡོང་མིན་དེ་ལ་ཟེར་བ་ཡིན།

དེ་ཡང་དང་པོ། ས་ཁམས་ཆུ་ལ་ཐིམ་ཟེར་བ་ནི་ཤི་ཁར་ཐོག་མ་ས་ཁམས་ཆུ་ལ་ཐིམ་འགྲོ་སྐབས་ཕྱི་རྟགས་སུ་རང་གི་ལུས་པོའི་ཤུགས་དང་མདངས་ཉམས་འགྲོ་བ་དང༌། ནང་རྟགས་སུ་སྨིག་རྒྱུ་ལྟ་བུ་ཞིག་ཡོད་པ་དེ་ནི་དཔྱིད་ཀ་ཉི་མ་ཚ་པོའི་སྐབས་རྒྱང་ནས་བྱེ་ཐང་ལ་ལྟ་དུས་ཆུ་སྔོན་པོ་ཞིག་རྒྱུགས་འགྲོ་བ་ལྟ་བུའི་སྣང་བ་ཤར་བ།

གཉིས་པ། ཆུ་ཁམས་མེ་ལ་ཐིམ་པའི་ཕྱི་རྟགས་སུ་ཆབ་གསང་མི་འཚོགས་པ་དང༌། ལྕེ་སྐམ་པོ་ཆགས་པ། མཆུ་ཏོ་ཡང་སྐམ་པོ་ཆགས་པ། ནང་རྟགས་སུ་ཁང་པ་ཆེན་པོ་ཞིག་དུ་བས་ཁེངས་པའི་འཆར་སྣང་ཡོང་བ་ཡིན།

གསུམ་པ། མེ་ཁམས་རླུང་ལ་ཐིམ་པའི་ཕྱི་རྟགས་སུ་ལུས་པོར་དྲོད་མེད་པ་ཆགས་འགྲོ་བ་དེའང་ལ་ལ་སྔོན་ལ་ལུས་པོའི་སྟོད་ནས་དྲོད་བསྡུ་བ་དང་ལ་ལ་ལུས་སྨད་ནས་བསྡུ་བ་སྟེ་གཉིས་ཡོད་ཅིང༌། ཆོས་ཀྱི་ནང་བཤད་སྟངས་ལྟར་ན་རྐང་པ་ནས་འགོ་བཙུགས་ཏེ་དྲོད་མེད་པ་ཆགས་ན་སྐྱེ་བ་རྗེས་མ་མི་ལུས་ཐོབ་པའམ་དག་པའི་ཞིང་ཁམས་ལ་སྐྱེ་བའི་རྟགས་མཚན་ཡིན་པ་དང༌། ལུས་སྟོད་ནས་འགོ་བཙུགས་ཏེ་དྲོད་མེད་པ་ཆགས་ཚེ་ངན་སོང་ལ་སྐྱེ་རྒྱུའི་རྟགས་མཚན་ཡིན་ཟེར། ནང་རྟགས་སུ་དྲོད་དེ་མེད་པར་གྱུར་མ་ཐག་རང་གི་སྣང་བར་སོག་མ་གྲིས་བཏུབ་ནས་དེ་ལ་མེ་སྦར་ཏེ་གནམ་ལ་གཡུགས་རྗེས་གནམ་ནས་མེ་ཡི་ཆར་པ་འབབ་པའམ་སྐར་མ་ཤར་བ་ལྟ་བུའི་ཚོར་སྣང་ཡོང་གི་ཡོད། (སྐབས་རེ་གཉིད་ཁུག་སྐབས་ཀྱང་ཚོར་སྣང་དེ་འདྲ་ཡོང་རྒྱུ་ཡོད)།

བཞི་པ། རླུང་ཁམས་རྣམ་ཤེས་ལ་ཐིམ་པའི་ཕྱི་རྟགས་སུ་རང་གི་དབུགས་དེ་ཧ་ཅང་བྲེལ་བ་ཚ་པོ་ཡོད་པ་མ་ཟད། དབུགས་ཕར་གཏོང་ཐུབ་པ་ལས་ཚུར་གསར་པ་ལེན་མི་ཐུབ་པར་ལྒང་བུ་དབུགས་ཤོར་བ་ལྟ་བུ་ཞིག་ཡོང་རྒྱུ་ཡོད། རྣམ་ཀུན་གསོན་པོར་སྡོད་སྐབས་དབུགས་ཕར་གཏོང་ཚུར་ལེན་བྱས་ནས་ཉི་མ་གཅིག་ལ་དབུགས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་གཏོང་ལེན་བྱེད་ཀྱི་ཡོད་པ་དང༌། དབུགས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་རེ་རྫོགས་སྐབས་སོ་སོའི་མི་ཚེ་གཅིག་ནང་ནས་ཉི་མ་གཅིག་རྫོགས་ཟིན་པ་ཡིན། མདོར་བསྡུས་ནས་བཤད་ན་རང་སྐྱེས་པའི་ཉིན་དེ་ནས་སོ་སོའི་དབུགས་དེས་ཉིན་མཚན་མེད་པ་རྒྱུགས་ཤར་གློད་ནས་ཤི་རྒྱུ་དང་ཐག་ཇེ་ཉེར་འགྲོ་བཞིན་ཡོད། དབུགས་ལའང་ཕྱི་དབུགས་དང་ནང་དབུགས་གཉིས་ཡོད་པས་མི་ཤི་དུས་ཕྱི་དབུགས་ཆད་ནའང་ནང་དབུགས་ད་དུང་བསྡད་ཡོད་པ་རེད། ཕྱི་དབུགས་ཆད་སྐབས་ཉེ་འགྲམ་མི་ཚང་མར་ཚོར་སྣང་ཡོང་གི་ཡོད། ནང་རྟགས་སུ་སོ་སོའི་འཆར་སྣང་ལ་ཁང་པ་ཆུང་ཆུང་ཞིག་གི་ནང་བཞུ་མར་རྫོགས་ཉེར་ཡོད་པ་ཞིག་ཁྲ་ལྷམ་མེར་འབར་བསྡད་ཡོད་པའི་སྣང་བ་ཡོང་གི་ཡོད།

ལྔ་པ། རྣམ་ཤེས་སྣང་བ་ལ་ཐིམ་པའི་ཚེ་སྟོན་དུས་ཀྱི་ནམ་མཁའ་གཡའ་དག་པ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སང་དཀར་ལམ་པའི་སྣང་བ་ཤར་བ།

དྲུག་པ། སྣང་བ་མཆེད་པ་ལ་ཐིམ་པའི་སྐབས་སུ་སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའི་སྣང་བ་ཞིག་འཆར་རྒྱུ་ཡོད་པ་དེ་ལ་སྟོང་སང་དམར་ལམ་པའི་སྣང་བ་ཤར་བ་ཟེར།

བདུན་པ། མཆེད་པ་ཉེར་ཐོབ་ལ་ཐིམ་པའི་ཚེ་སྟོན་གནམ་གཡའ་དག་པ་ལ་སྲོད་དུས་ཀྱི་སྨག་འཐུག་པོས་ཁྱབ་པ་ལྟ་བུའི་སྣང་བ་ཞིག་ཤར་རྒྱུ་ཡོད་པ་དེ་ལ་སྟོང་སང་ནག་ལམ་པ་ཟེར།

བརྒྱད་པ། ཉེར་ཐོབ་འོད་གསལ་ལ་ཐིམ་པའི་སྐབས་སུ་འོད་གསལ་སློད་བྱེད་ཀྱི་སྐྱོན་ཟླ་འོད་ཀྱིས་ཁྱབ་པ་དང༌། ཉི་འོད་ཀྱིས་ཁྱབ་པ། སྨག་འཐུག་པོས་ཁྱབ་པ་ལྟ་བུའི་སྣང་བ་དང་བྲལ་ཏེ་སྟོན་གནམ་གཡའ་དག་པ་ལྟ་བུའི་སྣང་བ་ཤར་གྱི་ཡོད་པ་དེ་ལ་འཆི་བ་འོད་གསལ་ཟེར། ད་ལྟ་ཐུགས་དམ་ལ་བཞུགས་འདུག་ཟེར་བ་དེ་ཚོ་ཡང་དེའི་དུས་སུ་ཡིན་ཅིང༌། རྣལ་འབྱོར་པ་སོ་སོའི་ནུས་པ་མི་འདྲ་བའི་དབང་གིས་ཐུགས་དམ་ལ་བཞུགས་ཡུན་རིང་ཐུང་སྣ་ཚོགས་ཡོད་པ་ལས་ཚང་མ་གཅིག་པ་མིན།

ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་གོང་དུ་ད་དུང་དུས་ཚོད་ཕྲན་ཙམ་ཡོད་པར་བརྟེན་ཕྱི་དབུགས་ཕྱིན་ཚར་རྗེས་དེའི་ཕུང་པོའི་སྟེང་དུ་རས་དཀར་པོ་གཙང་མ་ཞིག་གཡོགས་ནས་ནང་དབུགས་མ་ཆད་བར་དུ་མི་གཞན་གྱིས་འགུལ་སྐྱོད་རྒྱག་མི་རུང༌། རས་དཀར་པོ་གཡོགས་དགོས་དོན་ནི་ནང་དབུགས་ཆད་མ་ཉིད་དུ་སྣ་ཁུག་ནང་ནས་ཁྲག་གཅིག་དོན་རྒྱུ་ཡོད། དེ་གང་ཞེ་ན་ཁྲག་ནི་དྲོད་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་སྟབས་དྲོད་ཡོད་པའི་རིགས་རྣམས་ཡར་རྒྱུགས་འགྲོ་བ་དང་གྲང་མོའི་རིགས་རྣམས་མར་འགྲོ་བར་བརྟེན་ཁྲག་དེར་དྲོད་ཡོད་པའི་དབང་གིས་ཤི་དུས་སྣ་ཁུག་ནས་དོན་གྱི་ཡོད་ཅིང༌། དེ་དུས་དབུགས་ཡོངས་རྫོགས་ཆད་ནས་དངོས་འབྲེལ་རོ་ཟེར་བ་དེ་ཡིན། ཆོས་ཀྱི་ནང་བཤད་སྲོལ་ལྟར་ན་ཤི་བའི་སྐབས་ཕྱི་དབུགས་ཕྱིན་མ་ཐག་ལམ་སང་ཕུང་པོར་ལག་པ་འཆང་ཚེ་ལག་པ་འཆང་ས་དེ་ནས་རྣམ་ཤེས་ཐོན་འགྲོ་བར་བརྟེན་ཕྱི་དབུགས་སོང་རྗེས་ལག་པ་འཆང་དགོས་ངེས་ཡིན་ན། ཐོག་མ་རོ་ལ་ལག་པ་འཆང་མཁན་མི་དེའི་ལག་པ་གཙང་མ་བཀྲུ་དགོས་ལ། མི་དེའང་དེ་སྔ་མི་བསད་མ་མྱོང་བ་ཞིག་དགོས་པ་དང༌། མི་དེས་ཕུང་པོར་ལག་པ་འཆང་དུས་ཐོག་མ་མགོ་བོའི་དཀྱིལ་གྱི་སྐྲ་ནས་འཐེན་ཙམ་བྱེད་དགོས་ཞེས་ཟེར་སྲོལ་ཡོད། ནང་དབུགས་ཆད་རྗེས་ཁམས་དཀར་དམར་གཉིས་ཀ་ཁབ་ལེན་རྡོས་ལྕགས་འཐེན་པ་ལྟར་ཁག་སོ་སོ་བྱས་ནས་སྙིང་ཁར་རྒྱུགས་ཏེ་དེ་གཉིས་ཐུག་མ་ཐག་མི་དེ་དྲན་པ་ཐོར་བ་ལྟར་ནག་ཐོམ་མེར་སོང་ཐོག་དེ་མ་ཐག་ཏུ་ཁམས་དཀར་དམར་གཉིས་ཁ་བྲལ་ནས་ཁམས་དམར་པོ་དེ་སྣ་ཁུག་ནང་ནས་དོན་འགྲོ་བ་དང་ཁམས་དཀར་པོ་དེ་མཚན་སྣོད་ནང་ནས་དོན་འགྲོ་བ་ཡིན། ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་བར་ལ་སྐད་ཆ་བཤད་ནའང་གོ་རྒྱུ་ཡོད་པ་དང༌། ནང་དབུགས་ཆད་རྗེས་རྣམ་ཤེས་མེད་པར་གྱུར་ཟིན་པས་གོ་རྒྱུ་ཚོར་རྒྱུ་མེད། དེར་བརྟེན་སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལྟར་ན། ཕྱི་དབུགས་ཆད་ནས་ནང་དབུགས་མ་ཕྱིན་པའི་བར་དེར་བར་དོ་ངོ་སྤྲོད་ཟེར་བ་བྱས་ནས་ཕྱི་རྟགས་དང་ནང་རྟགས་བརྒྱད་ཀྱི་སྐབས་སུ་ཁྱོད་ལ་ཚོར་སྣང་འདི་ལྟར་ཡོང་རྒྱུ་ཡོད་པ་སྟེ། དཔེར་ན་སྡིག་པ་ཆེན་པོ་ཡིན་ན་ས་ཁམས་ཐིམ་པའི་སྐབས་སུ་རི་ཆེན་པོས་མར་མནན་པ་ལྟ་བུ་དང༌། ཆུ་ཁམས་ཐིམ་སྐབས་ཆུ་ཆེན་པོས་ཁྱེར་བ་ལྟ་བུ། མེ་ཁམས་ཐིམ་པའི་སྐབས་སུ་མེས་ཚིག་པ་ལྟ་བུ། རླུང་ཁམས་ཐིམ་པའི་སྐབས་སུ་སྨུག་པ་ཆེན་པོའི་ནང་དུ་གཏུམ་པ་ལྟ་བུ་བཅས་ཀྱི་སྡུག་བསྔལ་ཡོང་སྲིད་པས་དེ་དག་ལ་སྐྲག་སྣང་བྱེད་མི་དགོས། དེ་དག་ནི་རང་གི་ལུས་ཀྱི་འབྱུང་བ་ཐིམ་པའི་རྟགས་ཡིན་པས་བློ་རྩ་བརྟན་པོས་དཀོན་མཆོག་ལ་གསོལ་བ་སྨོན་ལམ་ཐོབ་ཅིག་ཅེས་བསླབ་བྱ་རྒྱག་དགོས་ཟེར། གཞན་ཡང་འཕོ་བ་ཞེས་པ་ཞིག་རྒྱག་རྒྱུ་ཡོད་པ་དེའང་ཕྱི་དབུགས་ཕྱིན་ནས་ནང་དབུགས་མ་ཕྱིན་པའི་བར་དེ་ལ་རྒྱག་ཐུབ་ན་ཡག་ཤོས་ཡིན་ཅིང༌། དེ་དུས་ཤི་མཁན་དེར་བསམ་བློ་གཏོང་སྟངས་རྣམས་བསླབ་རྗེས་འཕོ་བ་རྒྱག་མཁན་དང་ཤི་མཁན་གཉིས་ཀས་བསམ་བློ་བཏང་སྟེ་འཕོ་བ་བརྒྱབ་ན་ཕན་པ་ཆེན་པོ་ཡོད་ཟེར། སྣ་ཁུག་ནང་གི་ཁྲག་དེ་དོན་ཚར་ན་འཕོ་བ་རྒྱག་མཁན་རྟོགས་པ་ཧ་ཅང་མཐོ་པོ་ཡོད་ན་མ་གཏོགས་འཕོ་བ་རྒྱག་མི་ཐུབ་ཟེར། འཆི་བའི་སྐབས་སུ་སྡུག་བསྔལ་གང་ཡོད་དམ་ཟེར་ན། གཙོ་བོ་རང་གི་བཟའ་ཟླ་བུ་ཕྲུག་དང་རྒྱུ་དངོས་པོ་ཙམ་མ་ཟད། ཐ་ན་རང་སྐྱེས་དུས་ནས་མཉམ་དུ་ཡོད་པའི་ལུས་པོ་དེ་ལའང་ཤི་བའི་ཉིན་མོ་དེར་ད་ལྟ་བར་དུ་ཁྱེད་རང་གིས་གནས་ཚང་གཡར་བྱུང་བས་ད་ག་ལེ་བཞུགས་ཟེར་ནས་འགྲོ་རྒྱུ་མ་གཏོགས་ཐབས་ཤེས་རྩ་བ་ནས་མེད། རང་གི་བཟའ་མི་སྤུན་མཆེད་ཚོ་ལའང་ཕར་མིག་གི་མཇུག་མ་དང་ཚུར་མིག་གི་མཐའ་མ་བལྟས་ནས་ཁ་བྲལ་དགོས་པ། མདོར་ན་རྒྱུ་དངོས་སྟོབས་འབྱོར་ཇི་ཙམ་ཆེ་བ་དེ་ཙམ་གྱིས་སྡུག་བསྔལ་ཆེ་བ་ཡོད་ལ། གང་ལྟར་ཤི་བའི་ཉིན་མོ་དེ་ལྷའི་ཕོ་བྲང་ལྟ་བུའི་ནང་བཞུགས་པའི་རྒྱལ་པོ་ཞིག་ཤི་བ་དང་སྤྲང་པོ་གད་སྙིགས་དཀྱིལ་དུ་ཕོར་པ་ཁ་ཆག་གཅིག་དང་འཁར་རྒྱུག་ཆག་རོ་འཁྱེར་བ་ཞིག་ཤི་བ་དེ་གཉིས་ལ་ཁྱད་པར་གང་ཡང་མེད། སྤྲང་པོ་དེ་ཡང་ཤི་བའི་ཉིན་མོ་དེ་ནས་ཕོར་པ་ཁ་ཆག་ཅིག་དང༌། ཐང་ཁུག་རལ་པ་ཞིག འཁར་རྒྱུག་ཆག་རོ་ཞིག་ལས་མེད་པ་དེ་ཡང་དོར་ནས་འགྲོ་རྒྱུ་ཡིན་ལ། རྒྱལ་པོ་དེ་ཡང་རྣམ་ཀུན་ཀླུའི་ཕོ་བྲང་ལྟ་བུའི་ནང་དུ་དར་གོས་ཆེན་གྱིས་བཏུམ་སྟེ་གསེར་གྱི་ཁྲིའི་སྟེང་དུ་བཞུགས་ཡོད་ནའང་འཆི་བའི་ཉིན་མོ་དེ་ཚོ་བཞག་ནས་འགྲོ་རྒྱུ་ཡིན་པས་འཆི་བའི་དུས་སུ་དབུལ་ཕྱུག་གཉིས་ལ་ཁྱད་པར་གང་ཡང་མེད་ཟེར། སྤྱིར་ན་ཤི་བའི་སྐབས་སུ་ཁྱི་ཤི་བ་དང་མི་ཤི་བ་ལའང་ཁྱད་པར་མེད། འོན་ཀྱང་དངོས་འབྲེལ་སྤྱི་ཚོགས་ལ་བྱས་རྗེས་བཞག མི་དམངས་ལ་ཕན་བདེ་སྐྲུན། རང་གི་མི་རིགས་ལ་བྱས་རྗེས་བཞག་ཡོད་ན་གསེར་ས་འོག་དང་འོད་ནམ་མཁའ་ཟེར་བའི་དཔེ་བཞིན་རང་འཆི་བའི་རྗེས་སུའང་གཏམ་བཟང་པོ་མི་ཡུལ་དུ་གནས་རྒྱུ་ཡོད་པ་དེ་ཡིན།

སྡུག་བསྔལ་བརྒྱད་ཀྱི་ནང་གསེས་ལྔ་པ། གཉེན་སྡུག་པ་དང་བྲལ་བའི་སྡུག་བསྔལ།

དེ་ནི་འཇིག་རྟེན་འདིའི་ཐོག་གཉེན་ཉེ་དུ་མང་པོ་ཇི་ཙམ་ཡོད་ནའང་འདུ་བའི་ཐ་མ་བྲལ་རྒྱུ་ལས་མི་ཚེ་གཅིག་མཉམ་དུ་གནས་ཐབས་མེད་པས་མཉམ་དུ་གནས་པའི་རིང་གི་བདེ་སྐྱིད་དེ་ལས་ཁ་བྲལ་བའི་སྡུག་བསྔལ་དེ་ཆེ་བ་ཡོད། དཔེར་ན་བླ་མ་དང་སློབ་མ་ཁ་བྲལ་བ་དང༌། ཕ་མ་དང་བུ་ཕྲུག་ཁ་བྲལ་བ་དེ་ཚོ་ཚང་མ་འཇིག་རྟེན་གྱི་འཁོར་བ་འདིའི་ནང་དུ་ཡོད་པ་ཞིག་ལས་ཁ་བྲལ་མི་དགོས་པ་གཅིག་ཀྱང་མེད།

སྡུག་བསྔལ་བརྒྱད་ཀྱི་ནང་གསེས་དྲུག་པ། དགྲ་དང་འཕྲད་པའི་སྡུག་བསྔལ།

དེ་རང་དང་འཁོན་འཛིན་མེ་དང་སྤུ་ལྟ་བུ་ཡོད་པའི་དགྲ་དེ་ཚོ་ཐུག་སྐབས་དེ་དང་ཁ་བྲལ་དགོས་བསམ་ཡང་བྲལ་མི་ཐུབ་པའི་སྡུག་བསྔལ་ཆེན་པོ་ཡོད་པ་དེ་ཡིན།

སྡུག་བསྔལ་བརྒྱད་ཀྱི་ནང་གསེས་བདུན་པ། འདོད་པའི་དངོས་པོ་བཙལ་ཡང་མི་རྙེད་པའི་སྡུག་བསྔལ།

དེ་ནི་རང་གཞན་ཚང་མའི་སེམས་ནང་ལུས་ལ་ནད་མེད་པ་དང༌། རྒྱུ་དངོས་ལོངས་སྤྱོད་ཕུན་སུམ་ཚོགས་པ། ཡིད་ལ་བསམ་པའི་དོན་རྣམས་རང་བཞིན་གྱིས་གྲུབ་པ་ཞིག་དགོས་ནའང་དེ་ལས་ལྡོག་སྟེ་དེ་དག་བཙལ་ཀྱང་མི་རྙེད་པའི་སྡུག་བསྔལ་དེ་ཡིན།

སྡུག་བསྔལ་བརྒྱད་ཀྱི་ནང་གསེས་བརྒྱད་པ། མི་འདོད་པའི་སྡུག་བསྔལ་ཐོག་ཏུ་བབས་པ།

སྡུག་བསྔལ་ཟེར་བ་ནི་མི་འདོད་པ་ཤ་སྟག་ལས་འདོད་པ་གཅིག་ཀྱང་མེད། འོན་ཀྱང་རང་གི་ཐོག་ཏུ་མི་འདོད་བཞིན་དུ་སླེབས་ནས་སྡུག་བསྔལ་ཚང་མ་རང་གི་ལུས་པོའི་སྟེང་ལ་ཚོས་བརྒྱབ་པ་ལྟར་འཁོར་ཡོང་གི་ཡོད་པ་རེད། གང་ཞེ་ན་མི་ནི་སྤྱི་ཚོགས་དང་ཁ་འབྲལ་ཐབས་མེད་པ་དང་སྤྱི་ཚོགས་ནང་དུ་གནས་ཕྱིན་སྡུག་བསྔལ་མེད་པ་ཡོང་མི་སྲིད། ཕྱི་ཚུལ་ནས་མི་འདྲ་ཆགས་པོ་ཞིག་ཡོད་ནའང་སེམས་ནང་སྡུག་བསྔལ་མེད་པའི་མི་མེད་པར་རྒྱལ་པོ་དང༌། བློན་པོ། ཚོང་པ་སོགས་ཚང་མ་དེ་ལྟར་ཡིན་ཟེར། དེར་བརྟེན་སུའུ་ལེན་གྱི་མཁས་པ་ཞིག་གིས་སངས་རྒྱས་ཆོས་ལུགས་ལ་དགག་པ་རྒྱག་པའི་རྩོམ་ཡིག་ཅིག་ནང་སངས་རྒྱས་ཆོས་ལུགས་ནང་མཐོ་རྒྱལ་པོ་ནས་དམའ་སྤྲང་པོ་བར་དུ་ཚང་མ་སྡུག་བསྔལ་ཤ་སྟག་ཡིན་པ། དེ་བཞིན་སྡུག་པོ་བྱུང་བྱུང་དང་སྐྱིད་པོ་མེད་མེད། ལྷ་ལ་སྡུག་བསྔལ་ཡོད་པ། མི་ལ་སྡུག་བསྔལ་ཡོད་པ། ཚང་མར་སྡུག་བསྔལ་ཡོད་པ་ཤ་སྟག་བཤད་ཡོད་པ་མ་ཟད། བདེ་བ་དེ་ཚོ་ཡང་ཚང་མ་སྡུག་བསྔལ་དུ་འགྱུར་འགྲོ་བ་ཞིག་ཡིན་ཚུལ་བཤད་ཡོད་པས་སངས་རྒྱས་ཆོས་ལུགས་ཟེར་བ་དེ་འཇིག་རྟེན་འདིའི་ཐོག་གི་འགྲོ་བ་མིའི་རིགས་ཀྱི་སྐྱོ་གླུ་ཞིག་རེད་ཅེས་བཤད་འདུག འོན་ཀྱང་སྡུག་བསྔལ་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཡིན་པས་ཁས་ལེན་བྱེད་དགོས་པ་ཞིག་རེད། ཡིན་ནའང་དེ་ལ་སངས་རྒྱས་ཆོས་ལུགས་ཀྱི་མཇུག་བསྡོམས་འཇོག་སྟངས་དང་ཚན་རིག་གི་ཐོག་ནས་མཇུག་བསྡོམས་འཇོག་སྟངས་གཉིས་ཁག་ཁག་ཡིན། སངས་རྒྱས་ཆོས་ལུགས་ཀྱིས་འཁོར་བ་ལ་སྡུག་བསྔལ་ཁོ་ན་ལས་སྙིང་པོ་གང་ཡང་མེད་པས་བདེ་བ་ཡོང་དགོས་ན་ངེས་པར་ཆོས་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཚན་རིག་གི་ཐོག་ནས་བཤད་ན་སྡུག་བསྔལ་ཡོད་པ་དེ་བདེན་པ་ཡིན་ནའང་དེ་ལ་མཇུག་བསྡོམས་བྱེད་སྟངས་དང༌། དེ་ལས་ཐར་ཐབས་བྱེད་སྟངས། དེ་ལ་དབྱེ་ཞིབ་བྱེད་སྟངས་སོགས་ཀྱི་ཐད་ལ་སངས་རྒྱས་ཆོས་ལུགས་ཀྱི་ལྟ་ཚུལ་དང་མི་འདྲ་བར་སེམས་གཙོ་དང་དངོས་གཙོའི་བར་ཧེ་བག་ཤིན་ཏུ་ཆེན་པོ་ཡོད་པས་ལམ་གཉིས་ཁག་ཁག་སོ་སོ་ཡིན།

༢. འཁོར་བའི་སྡུག་བསྔལ་དྲུག་བཤད་པ་ལ།

སྡུག་བསྔལ་དྲུག་གི་ནང་གསེས་དང་པོ། ངེས་པ་མེད་པའི་སྡུག་བསྔལ།

དེ་ནི་དགྲ་དང་གཉེན་ལ་ངེས་པ་མེད་པ། མཐོ་དམན་ལ་ངེས་པ་མེད་པ། ཕྱུག་པོ་དང་དབུལ་པོ་ལ་ངེས་པ་མེད་པ། སྐྱེ་བ་བཟང་ངན་ལ་ངེས་པ་མེད་པ་སོགས་བཤད་ཡོད། དགྲ་དང་གཉེན་ལ་ངེས་པ་མེད་པ་ནི་འཁོར་བ་འདིའི་སྐྱེ་བ་བླངས་ཕྱིན་ཆད་ལ་དགྲ་དང་གཉེན་ལ་ངེས་པ་མེད་དེ་ཚེ་སྟོད་ལ་རང་གི་དགྲ་ཡིན་ནའང་ཚེ་སྨད་དུ་རང་གི་གཉེན་དུ་གྱུར་པ་དང།  དེ་བཞིན་ཁ་སང་རང་གི་དགྲ་ཡིན་རུང་དེ་རིང་རང་གི་གཉེན་དུ་གྱུར་པ་སོགས་ཀྱི་འགྱུར་བ་མང་པོ་ཡོད་པར་བརྟེན་དགྲ་དང་གཉེན་ཟེར་བ་ནི་རང་གི་བསམ་བློའི་གཏོང་ཕྱོགས་ཀྱི་ཐོག་ནས་དགྲ་དང་གཉེན་ཆགས་པ་ལས་དངོས་འབྲེལ་ངེས་པ་ཡོད་པ་ཞིག་དང་གཏན་འཁེལ་བ་ཞིག་མེད་དེ། དཔེར་ན་གུང་ཐུང་བསྟན་པའི་སྒྲོན་མེས། དུས་དེ་རིང་ཡིད་གཅུགས་གྲོགས་པོ་ཡང༌། །ཚིག་ལེགས་ཉེས་གཅིག་ལ་རྣམ་རྟོག་གིས། །སྒྲོ་བཏགས་ནས་སང་ཉིན་དྭངས་མའི་དགྲ །ཡུན་རིང་གི་འཛིན་པ་དེ་ནས་ཆོད། །ཅེས་གསུངས་ཡོད། དེ་རིང་ཧ་ཅང་འཆམ་པོ་ཡོད་པ། ཁོ་མེད་ན་རང་སྡོད་མི་ཚུགས་པ་དང་རང་མེད་ན་ཁོ་སྡོད་མི་ཚུགས་པ་ལྟ་བུའི་མཛའ་མཐུན་དབྱེར་མེད་ཀྱི་གྲོགས་པོ་ཡིན་ནའང་སྐད་ཆ་ཤོད་ཡག་ཉེས་ལ་དགྲ་ཆགས་ཏེ་ཁོས་རང་མཐོང་ན་ཁོང་ཁྲོ་ཟ་དགོས་པ་ཞིག་དང་རང་གིས་ཁོ་མཐོང་ན་ཁོང་ཁྲོ་ཟ་དགོས་པ་ཞིག་ཆགས་རྒྱུ་ཡོད་པས་དགྲ་གཉེན་ལ་ངེས་གཏན་གང་ཡང་མེད། འཛམ་གླིང་རྒྱལ་ཁབ་ཁག་གི་གནས་ཚུལ་ལ་བལྟས་ནའང་ད་ལོ་རྒྱལ་ཁབ་འདི་གཉིས་གྲོགས་པོ་ཡིན་ནའང་དུས་སང་ཕན་ཚུན་དགྲ་ལ་འགྱུར་འགྲོ་བ་དང༌། དེ་བཞིན་ཁྱིམ་ཚང་གཅིག་གི་ནང་དུའང་ཕ་མ་བུ་ཕྲུག་བར་དང་བཟའ་མི་སྤུན་མཆེད་བར་དེ་སྔ་འཆམ་པོ་ཡོད་རུང་གློ་བུར་ཁ་མཆུ་ཐུག་ནས་ཁྲིམས་ཁང་ལ་ཞུ་གཏུགས་རྒྱག་དགོས་མཁན་ཡང་ཡོད་པར་བརྟེན་དགྲ་དང་གཉེན་ལ་ངེས་པ་གང་ཡང་མེད་ཟེར།

མཐོ་དམན་ལ་ངེས་པ་མེད་པ་ནི་སྐབས་རེ་དཔོན་པོ་བྱེད་མཁན་དེ་སྐབས་རེ་གཡོག་པོ་བྱེད་དགོས་པ་དང༌། སྐབས་རེ་གཡོག་པོ་བྱེད་མཁན་དེ་སྐབས་རེ་དཔོན་པོར་འགྱུར་བ་སོགས་ཀྱི་གནས་ཚུལ་དུ་མ་ལོ་རྒྱུས་ཐོག་ཡོང་མྱོང་ཡོད་པ་དེ་ལྟ་བུ་ཡིན།

ཕྱུག་པོ་དང་དབུལ་པོ་ལ་ངེས་པ་མེད་པ་ནི་ཚེ་སྟོད་ཧ་ཅང་ཕྱུག་པོ་ཡིན་ནའང་ཚེ་སྨད་དབུལ་པོ་ཆགས་པའམ་ཡང་ཚེ་སྟོད་ལ་སྤྲང་པོ་ཡིན་རུང་ཚེ་སྨད་ལ་ཕྱུག་པོར་འགྱུར་བ་སོགས་ནི་འཇིག་རྟེན་འདིའི་ཐོག་མཐོང་ཆོས་སུ་འགྱུར་བར་བརྟེན་ཕྱུག་པོ་དང་དབུལ་པོ་ལའང་ངེས་པ་གང་ཡང་མེད་ཟེར། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལྟར་ན་དེ་དག་ཚང་མ་འཁོར་བའི་ཆོས་ཉིད་ཡིན་པས་བཟོ་ཐབས་གང་ཡང་མེད་ཟེར། འོན་ཀྱང་དེང་དུས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྟ་སྟངས་ཐོག་ནས་བཤད་ན་དབུལ་ཕྱུག་གཉིས་ལ་ངེས་པ་མེད་པ་དང་མཐོ་དམན་གཉིས་ལ་ངེས་པ་མེད་པ་དེ་གྲལ་རིམ་འཐབ་རྩོད་ཀྱི་གནད་དོན་ཡིན་པས་དེ་བཅོས་ཐབས་ཡོད་པར་ངོས་བཟུང་གི་ཡོད་ཅིང༌། དངོས་ཡོད་གནས་ཚུལ་དེ་སེམས་གཙོ་དང་དངོས་གཙོ་གཉིས་ཀས་ཁས་ལེན་གྱི་ཡོད་ནའང་དེ་ལ་དབྱེ་ཞིབ་བྱེད་སྟངས་ཁག་ཁག་ཡིན་ཏེ། ཆོས་ཀྱི་ནང་དེ་ནི་འཁོར་བའི་ཆོས་ཉིད་ཡིན་པས་དེ་ལ་བཟོ་ཐབས་མེད་པ་དང༌། འཁོར་བ་འདི་ལ་སྐྱེ་བ་བླངས་ཕྱིན་ཆད་ལ་བཟོད་ཐབས་མེད་པའི་སྡུག་བསྔལ་དེ་དག་ཡོང་སྲིད་པར་འདོད་ཅིང༌། སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྟ་ཚུལ་ཐོག་ནས་བཤད་ན་ཕྱུག་པོ་དང་དབུལ་པོ་གཉིས་ལ་ངེས་པ་མེད་པ་ནི་ཕྱུག་པོས་དབུལ་པོ་ལ་གཉན་གནོན་བཤུ་གཞོག་བཏང་བ་དང་དབུལ་པོས་ཕྱུག་པོར་གྱེན་ལོག་བྱས་པ་ལས་བྱུང་བ་ཞིག་ཡིན།

སྡུག་བསྔལ་དྲུག་གི་ནང་གསེས་གཉིས་པ། ངོམ་པ་མེད་པའི་སྡུག་བསྔལ།

དེ་ཡང་དངོས་ཡོད་གནས་ཚུལ་ཞིག་ཡིན། འཁོར་བ་དེ་ལ་སྐྱེ་བ་བླངས་ཕྱིན་ཆད་ངོམ་པ་རྩ་བ་ནས་མེད། དཔེར་ན་རྒྱུ་དངོས་དང་ཟས་གོས་སོགས་ཇི་ཙམ་ཡོད་ཀྱང་ངོམ་རྒྱུ་མེད་པར་ཐ་ན་སྤྲང་པོ་ལའང་ཆོག་ཤེས་མེད། འཁོར་བ་འདིར་མཐོ་རྒྱལ་པོ་ནས་དམའ་སྤྲང་པོ་བར་དུ་མི་སུ་འདྲ་ཞིག་ལའང་ཆོག་ཤེས་རྩ་བ་ནས་མེད། དེར་བརྟེན་སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལྟར་ན་རང་གི་སེམས་ནང་སྒེར་སེམས་ཡོད་ཕྱིན་ངོམ་པ་མེད་པས་སྒེར་སེམས་དེ་མེད་པ་མ་བཟོས་ན་ངོམ་པ་མེད་པའི་སྡུག་བསྔལ་དེ་མྱོང་དགོས་པ་ཞིག་ཡིན་ཟེར།

སྡུག་བསྔལ་དྲུག་གི་གསེས་གསུམ་པ། ལུས་ཡང་ནས་ཡང་དུ་དོར་བའི་སྡུག་བསྔལ།

དེ་ནི་སྐྱེ་བ་དེ་བླངས་ཕྱིན་ཆད་ལ་ད་དུང་ཡང་ནས་ཡང་དུ་སྐྱེ་དགོས་པ་དང་ཤི་དགོས་པ་ལས་དཔེར་ན་མིའི་སྐྱེ་བ་གཅིག་བླངས་ཚེ་ཡང་བསྐྱར་མིའི་སྐྱེ་བ་ལེན་མ་དགོས་པ་དང༌། དུད་འགྲོའི་སྐྱེ་བ་བླངས་ཚེ་ཡང་བསྐྱར་དུད་འགྲོའི་སྐྱེ་བ་ལེན་མི་དགོས་པ་མིན་ཏེ་མི་གཅིག་ལ་ཆ་བཞག་ན་རང་ཉིད་གཡག་ལ་སྐྱེ་བ་བླངས་པའི་རོ་གཅིག་པུ་བརྩེགས་ནས་བཞག་ཚེ་ས་གཞི་རིལ་མོ་ལས་ཆེ་བ་ཡོད་པ་དང༌། རང་ཉིད་འོ་འཐུང་སྲོག་ཆགས་ལ་སྐྱེས་ཏེ་བཏུངས་པའི་འོ་མ་རྣམས་ཕྱོགས་གཅིག་ལ་སྤུངས་ན་ཡང་རྒྱ་མཚོ་ཆེན་པོ་བཞི་ལས་ལྷག་པ་ཡོད་པར་བརྟེན་སྐབས་རེ་མི་དང༌། སྐབས་རེ་ཁྱི། སྐབས་རེ་གཡག་སོགས་ས་འོག་འབུ་སྲིན་ནས་ནམ་མཁའི་བྱ་བྱིའུ་བར་སྐྱེ་བ་ལེན་མ་མྱོང་བ་མེད་ལ་དེའང་ཐེངས་གཅིག་རེ་མ་ཡིན་པར་གྲངས་མེད་བླངས་ཡོད་པར་བརྟེན་རང་གི་ལུས་དེ་ཡང་ནས་ཡང་དུ་དོར་དགོས་པ་ཡིན། དེར་བརྟེན་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་ཞིག་ཡིན་ན་ལུས་ཡང་ནས་ཡང་དུ་དོར་བའི་སྡུག་བསྔལ་ཁས་ལེན་གྱི་ཡོད་པ་དང༌། སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་ཞིག་ཡིན་ན་ལུས་ཡང་ནས་ཡང་དུ་དོར་བའི་སྡུག་བསྔལ་ཁས་ལེན་གྱི་མེད།

སྡུག་བསྔལ་དྲུག་གི་ནང་གསེས་བཞི་པ། ཡང་ཡང་སྐྱེ་བ་ལེན་པའི་སྡུག་བསྔལ།

སྐྱེ་བ་ཡང་ནས་ཡང་དུ་ལེན་དགོས་པ་ལས་སྐྱེ་བ་གཅིག་བླངས་ཟིན་རྗེས་ཡང་བསྐྱར་ལེན་མི་དགོས་པ་མིན། སྔོན་མ་འཇིག་རྟེན་དེ་བྱུང་བ་ནས་ད་བར་རང་སྐྱེ་བ་བླངས་པའི་གྲངས་ཀ་དེ་གཞལ་ཐུབ་ཐབས་མེད་ལ་ད་དུང་ཡང་རང་གི་སྒེར་སེམས་དེ་མེད་པ་བཟོས་ཏེ་འཁོར་བ་ནས་མ་ཐར་བའི་བར་དུ་སྐྱེ་བ་གྲངས་མེད་པ་ཞིག་ལེན་དགོས་པ་ཡིན་ཟེར།

སྡུག་བསྔལ་དྲུག་གི་ནང་གསེས་ལྔ་པ། ཡང་ཡང་མཐོ་དམན་གྱི་སྡུག་བསྔལ།

དེ་ནི་ཡང་ནས་ཡང་དུ་མཐོ་དམན་ཤོར་བ་སྟེ་སྐྱེ་བ་འདིར་རྒྱལ་པོ་ཡིན་ན་ཡང་སྐྱེ་བ་རྗེས་མ་སྤྲང་པོར་འགྱུར་བ་སོགས་སྣ་ཚོགས་ཡོད་པ་མ་ཟད་སྐྱེ་བ་འདི་ལ་ཡང་མཐོ་དམན་ལ་ངེས་པ་མེད་པའི་སྡུག་བསྔལ་ཡོད་སྐོར་གོང་དུ་ཞུས་ཟིན་ཅིང༌། གོ་གནས་ཇི་ཙམ་མཐོ་བ་དེ་ཙམ་གྱིས་སྡུག་བསྔལ་ཆེ་བ་ཡོད།

སྡུག་བསྔལ་དྲུག་གི་ནང་གསེས་དྲུག་པ། གྲོགས་མེད་པའི་སྡུག་བསྔལ།

དེ་ཡང་སྔོན་བསགས་ཀྱི་ལས་ཀྱི་འབྲས་བུ་གཞིར་བཟུང་སྐྱེ་བ་དང༌། རྒ་བ། ན་བ། འཆི་བ་བཅས་ཀྱི་སྡུག་བསྔལ་རྣམས་རང་ངོ་མས་མྱོང་དགོས་པ་ལས་གཞན་གྱིས་མྱོང་རོགས་བྱེད་ཐུབ་ཐབས་མེད་པ་དཔེར་ན། ཕྲུ་གུ་མཚེ་མ་ཞིག་ལ་ཆ་མཚོན་ནའང་དེ་གཉིས་ཨ་མ་གཅིག་ལས་ཉི་མ་གཅིག་ལ་སྐྱེས་ནའང་སྐྱེ་དུས་སྔ་རྟིང་ཡོད་པ་མ་ཟད། ཤི་དུས་རང་དང་སྔ་རྗེས་སུ་ཨ་མ་གཅིག་ལས་སྐྱེས་པའི་སྤུན་མཚེ་མ་དེ་དང་མཉམ་དུ་ཤི་རྒྱུ་ལྟ་ཅི། ཐ་ན་རང་གི་ལུས་པོ་དེ་ཡང་བཞག་ནས་འགྲོ་དགོས་པ་ཡིན་ཟེར། གོང་གསལ་དེ་རྣམས་ལ་སྡུག་བསྔལ་དྲུག་ཟེར།

༣. འཁོར་བའི་སྡུག་བསྔལ་གསུམ་བཤད་པ་ལ།

སྡུག་བསྔལ་གསུམ་གྱི་ནང་གསེས་དང་པོ། སྡུག་བསྔལ་གྱི་སྡུག་བསྔལ།

དེ་ནི་ང་རང་ཚོའི་ལུས་ཕུང་དེ་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཡིན་པར་བརྟེན་(ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཞེས་པ་ནི། ཟག་པ་སྟེ་རྒྱུ་ཉོན་མོངས་དུག་གསུམ་ལ་བརྟེན་ནས་བྱུང་བ་ཡིན་པས་ཟག་པ་དང་བཅས་པ་དང༌། ཉེར་ལེན་ནི་སྡུག་བསྔལ་གྱི་རྒྱུ་སྟེ་ལུས་རྟེན་འདི་ཐོབ་པ་ནས་བཟུང་སྡུག་བསྔལ་ཁོ་ན་མ་གཏོགས་བདེ་བ་ཡོང་རྒྱུ་མེད་པ་མ་ཟད་ལུས་རྟེན་འདི་སྐྱེ་བ་ཕྱི་མའི་སྡུག་བསྔལ་གྱི་རྒྱུ་སྒྲུབ་མཁན་བྱེད་པོ་ཞིག་དང༌། སྐྱེ་བ་འདི་ལ་སྡུག་བསྔལ་མྱོང་བ་པོའམ་སྡུག་བསྔལ་མྱོང་བའི་རྟེན་ཡིན་པའི་དབང་གིས་ཉེར་ལེན། ཕུང་པོ་དེ་ཡང་ཆ་ཤས་མང་པོ་ཞིག་ཚོགས་པ་ལ་བརྟེན་ནས་བྱུང་བ་ཞིག་སྟེ། དེ་ནི་ས་ཁམས་དང༌། མེ་ཁམས། ཆུ་ཁམས། རླུང་ཁམས་སོགས་ཁམས་བཞི་དང༌། དེ་བཞིན་དབང་པོ་ལྔ་ཚོགས་གཅིག་ཏུ་སྤུངས་ནས་བྱུང་བ་ཞིག་ཡིན་སྟབས་ཕུང་པོ་ཟེར་)སྡུག་བསྔལ་ཆུང་ངུ་ནས་ཆེན་པོར་འཕེལ་བ་དང༌། བདེ་བ་དེ་ཆེན་པོ་ནས་ཆུང་ངུར་སོང་སྟེ་འགག་འགྲོ་བ་སྟེ། དཔེར་ན་རྐུབ་སྟེགས་ཅིག་གི་སྟེང་དུ་ངལ་གསོ་བརྒྱབ་ནས་བསྡད་ཚེ་ཐོག་མ་ཡུད་ཙམ་རིང་བདེ་པོ་དང་སྐྱིད་པོ་ཡོད་ནའང་ཆུ་ཚོད་གཉིས་གསུམ་ཙམ་སོང་རྗེས་རྐུབ་ལ་ན་ཚ་བཏང་ནས་སྡོད་མི་ཚུགས་པ་ཡོང་གི་ཡོད་ཅིང༌། དེ་ཡང་ཐོག་མ་བདེ་པོ་བྱུང་བ་དེ་ཕར་འགྲོ་ཚུར་འགྲོ་བྱས་པའམ་ལངས་བསྡད་པའི་སྐབས་ཀྱི་སྡུག་བསྔལ་དེ་ཆུང་དུ་ཕྱིན་པ་དང་སྦྲགས་སྡོད་པའི་བདེ་བ་མངོན་གསལ་ཇེ་དོད་དུ་སོང་བའི་དབང་གིས་ཡིན་པ་དང༌། དེ་ནས་ཡང་བསྡད་དྲགས་དུས་རྐུབ་ལ་ན་ཚ་བཏང་བ་ནི་བསྡད་པའི་བདེ་བ་མངོན་གསལ་ཆུང་དུ་ཕྱིན་ནས་བསྡད་པའི་སྡུག་བསྔལ་དེ་ཆེ་རུ་འགྲོ་བ་ལྟ་བུ་ཡིན་ཟེར། དེར་བརྟེན་ཟག་བཅས་ཉེར་ལེན་གྱི་ཕུང་པོར་སྐྱེ་བ་ལེན་པའི་མཇུག་ཏུ་སྡུག་བསྔལ་དེ་ཆུང་ངུ་ནས་ཆེ་རུ་འགྲོ་བ་དང།  བདེ་བ་དེ་ཆེན་པོ་ནས་ཆུང་དུ་སོང་སྟེ་དེ་ལྟར་ཟོ་ཆུན་ལྟར་འཁོར་འགྲོ་བ་ལས་གཏན་གྱི་བདེ་བ་ཟེར་བ་རྩ་བ་ནས་མེད། དེར་བརྟེན་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་ནི་སྐྱེ་བ་འདིའི་སྡུག་བསྔལ་མྱོང་པའི་རྟེན་དང།  སྐྱེ་བ་ཕྱི་མའི་སྡུག་བསྔལ་གྱི་རྒྱུ་སྒྲུབ་མཁན་གྱི་བྱེད་པ་པོ་ཞིག་ཡིན་པས་ང་ཚོས་ཟག་བཅས་ཉེར་ལེན་གྱི་ཕུང་པོ་དེར་རྗེས་སུ་སྐྱེ་བ་ལེན་མི་དགོས་པ་ཞིག་བཟོ་དགོས་ཤིང། དེས་ན་རང་གི་སྒེར་སེམས་དེ་མེད་པ་བཟོ་དགོས་པ་དང་ཉོན་མོངས་དུག་གསུམ་དེ་སྤོང་དགོས་པ་ཡིན་ཟེར།

སྡུག་བསྔལ་གསུམ་གྱི་ནང་གསེས་གཉིས་པ། འགྱུར་བའི་སྡུག་བསྔལ།

དེ་ནི་བདེ་བ་སྡུག་བསྔལ་ལ་འགྱུར་བ་དང་སྡུག་བསྔལ་བདེ་བར་འགྱུར་ཏེ་དེ་ལྟར་བསྐོར་བ་ཡང་ནས་ཡང་དུ་རྒྱག་པ་ལས་འགྱུར་བ་མེད་པའི་བདེ་བ་ཞིག་རྩ་བ་ནས་མེད་པ་དེ་ལ་འགྱུར་བའི་སྡུག་བསྔལ་ཟེར། ཟག་བཅས་ཉེར་ལེན་གྱི་ཕུང་པོ་དེ་ཡོད་ཕྱིན་ཆད་ལ་བདེ་བ་གང་འདྲ་ཞིག་ཡོད་ནའང་མཐར་ཐུག་སྡུག་བསྔལ་ལ་འགྱུར་འགྲོ་བ་ཤ་སྟག་ལས་གཏན་དུ་བདེ་བ་ཞིག་རྩ་བ་ནས་མེད།

སྡུག་བསྔལ་གསུམ་གྱི་ནང་གསེས་གསུམ་པ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ།

དེ་ཡང་ཁྱབ་པ་ཟེར་བ་ནི་འགྲོ་བ་རིགས་དྲུག་གི་ནང་དུ་སྐྱེ་བ་བླངས་ཕྱིན་ཆད་ལ་སྡུག་བསྔལ་དེ་ཁྱབ་པ་ཡིན་པས་སྡུག་བསྔལ་མེད་པ་གཅིག་ཀྱང་མེད། འདུ་བྱེད་ཀྱིས་འདུ་བྱེད་སྟངས་ནི་ཕུང་པོ་དེར་སྐྱེ་བ་བླངས་རྗེས་ཉོན་མོངས་དུག་གསུམ་མེད་པ་ཡོང་མི་སྲིད། དེའང་རང་གིས་སྤངས་ན་མ་གཏོགས་རང་བཞིན་གྱིས་མེད་པར་འགྲོ་ཐུབ་པ་ཞིག་མིན། རང་བཞིན་གྱིས་མེད་པར་མི་འགྲོ་བ་ཞིག་ཡིན་སྟབས་ཕུང་པོ་དེ་ཐོག་མ་ནས་སྡུག་བསྔལ་གྱི་རང་བཞིན་ཞིག་ཏུ་གྲུབ་པར་བརྟེན་སྡུག་བསྔལ་དེ་ལ་བརྟེན་ནས་སྡུག་བསྔལ་གཞན་དག་ཡོང་བ་དང༌། སྡུག་བསྔལ་གཅིག་གིས་སྣེ་ཁྲིད་དེ་སྡུག་བསྔལ་མང་པོ་འདུ་བ་ལ་བརྟེན་འདུ་བྱེད་པ་པོ་ཡིན། དཔེར་ན་ལྟོ་ཆས་ལ་ཆ་བཞག་ན་ཉུང་ཉུང་ཞིག་ཟས་ན་ཞིམ་པོ་ཡོད་ནའང་ཟ་རྒྱུ་མང་དྲགས་ན་དེས་ན་ཚ་ཁྲིད་ཡོང་བ་ལྟ་བུ། དེ་བཞིན་ལྟོ་ཆས་ཟ་རྒྱུའི་ཚད་དེ་ལས་བརྒལ་ན་སྡུག་བསྔལ་ལ་འགྱུར་འགྲོ་བའམ་སྡུག་བསྔལ་གཞན་གྱི་སྣེ་ཁྲིད་ཡོང་བ་ཡིན། ང་ཚོ་མི་ལ་ཆ་བཞག་ན་ཕུང་པོ་དེ་ཡོད་ཕྱིན་ཆད་ལྟོ་གོས་གཏམ་གསུམ་ཟེར་བ་མི་དགོས་པ་མེད། གྲོང་ཁྱེར་དང་གྲོང་གསེབ་སོགས་ཚང་མར་མི་རྣམས་ལ་ལ་ལྕགས་རྟ་བཞོན་ནས་འགྲོ་བ་དང༌། ལ་ལ་རླངས་འཁོར་ནང་འགྲོ་བ། ལ་ལ་གནམ་གྲུའི་ནང་འགྲོ་བ་སོགས་དེ་ཚོ་ཚང་མ་གསལ་པོ་བཤད་ན་ལྟོ་གོས་གཏམ་གསུམ་གྱི་དོན་དུ་ཡིན། མི་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུས་ཟེར་བའི་མི་དམངས་དེའི་ནང་རང་ཉིད་ཚུད་ཡོད་པ་ལས་རང་ཟུར་དུ་དགར་བ་ཞིག་མིན།

ལྷ་གནས་སུ་སྐྱེས་ནའང་ལྷ་རྣམས་མི་ལས་ལོངས་སྤྱོད་ཆེ་བ་སྐྱིད་པ་ཡོད་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་འདས་མེད། དཔེར་ན་འདོད་ལྷ་རྣམས་ལ་ཆ་མཚོན་ནས་བཤད་ན་རྒྱུན་དུ་སྡུག་བསྔལ་ཆེན་པོ་དེ་ཙམ་མེད་རུང་འཆི་ལྟས་འཕོག་ཚེ་སྔར་ལུས་ལ་རྡུལ་གྱིས་གོས་པ་མེད་པ་ལ་ལུས་ལ་རྡུལ་གྱིས་གོས་པ་དང༌། སྔར་ལུས་ལ་བཏགས་པའི་མེ་ཏོག་གི་རྒྱན་མི་རྙིང་བ་ལ་མེ་ཏོག་གི་རྒྱན་དེ་དག་རྙིང་ཞིང་རེབ་ཏོ་ཆགས་པ་དང༌། ལྷའི་བུ་མོ་རྣམས་ཀྱིས་ལུས་ལ་རྒྱན་འདོགས་པའི་ཚེ་ན་ཡང་རྒྱང་རིང་པོ་ནས་འདོགས་པ་ལས་འགྲམ་དུ་མི་ཡོང་བར་སྐྱུག་བྲོ་བྱེད་པ་སོགས་ཀྱི་སྡུག་བསྔལ་དང༌། རང་ཉིད་ཞག་བདུན་ནས་ཤི་བར་ཤེས་པ་དང་ཤི་བའི་རྗེས་སུ་གང་དུ་སྐྱེ་བ་ལེན་པ་སོགས་ཤེས་པས་ངན་སོང་གི་གནས་སོགས་སུ་སྐྱེ་བར་མཐོང་ན་དམྱལ་བའི་སྡུག་བསྔལ་ལས་ཀྱང་ཆེ་བའི་སྡུག་བསྔལ་དྲག་པོ་ལྷའི་ཞག་བདུན་གྱི་རིང་ལ་མྱོང་དགོས་པར་གསུངས་ཡོད། དེ་ལྟ་བུའི་ལྷའི་ཞག་བདུན་པོ་དེ་ཡང་མིའི་ཞག་བདུན་དང་མི་འདྲ་བར་ཧ་ཅང་ཡུན་རིང་པོ་ཡིན་ཏེ། གང་ཞེ་ན། འདོད་ལྷ་དྲུག་ལ་མཚོན་ནས་བཤད་ན། མངོན་པ་མཛོད་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉིས་ཀ་ཉིས་འགྱུར་བསྐྱེད། །ཅེས་གསུངས་པ་ལྟར་རྒྱལ་ཆེན་རིས་བཞི་པའི་ཉིན་ཞག་གཅིག་ལ་མི་ལོ་ལྔ་བཅུ་དང༌། དེ་སུམ་ཅུ་ལ་དེ་དག་གི་ཟླ་བ་གཅིག དེ་བཅུ་གཉིས་ལ་དེ་དག་གི་ལོ་གཅིག་བརྩིས་པའི་རང་ལོ་ལྔ་བརྒྱ་ཡིན། དེ་བཞིན་དུ་སུམ་ཅུ་རྩ་གསུམ་པའི་ཉིན་ཞག་གཅིག་ལ་མི་ལོ་བརྒྱ་བྱས་པའི་རང་ལོ་ཆིག་སྟོང་དེ་སུམ་ཅུ་རྩ་གསུམ་པའི་ཚེ་ཚད་ཡིན་ནོ། །འཐབ་བྲལ་བའི་ཉིན་ཞག་གཅིག་ལ་མི་ལོ་ཉིས་བརྒྱ་བྱས་པའི་རང་ལོ་ཉིས་སྟོང་དེ་འཐབ་བྲལ་བའི་ཚེ་ཚད་དང༌། དགའ་ལྡན་པའི་ཉིན་ཞག་གཅིག་ལ་མི་ལོ་བཞི་བརྒྱ་བྱས་པའི་རང་ལོ་བཞི་སྟོང་དེ་དགའ་ལྡན་པའི་ཚེ་ཚད་དང༌། འཕྲུལ་དགའ་བའི་ཉིན་ཞག་གཅིག་ལ་མི་ལོ་བརྒྱད་བརྒྱ་བྱས་པའི་རང་ལོ་བརྒྱད་སྟོང་དེ་འཕྲུལ་དགའི་ཚེ་ཚད་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ཉིན་ཞག་གཅིག་ལ་མི་ལོ་ཆིག་སྟོང་དྲུག་བརྒྱ་བྱས་པའི་རང་ལོ་ཆིག་ཁྲི་དྲུག་སྟོང་དེ་གཞན་འཕྲུལ་དབང་བྱེད་པའི་ཚེ་ཚད་ཡིན། དེ་ལྟར་རྒྱལ་ཆེན་རིས་བཞི་པའི་ཉིན་ཞག་བདུན་ལ་མི་ལོ་སུམ་བརྒྱ་ལྔ་བཅུ་དང༌། སུམ་ཅུ་རྩ་གསུམ་པའི་ཉིན་ཞག་བདུན་ལ་མི་ལོ་བདུན་བརྒྱ། འཐབ་བྲལ་གྱི་ཉིན་ཞག་བདུན་ལ་མི་ལོ་ཆིག་སྟོང་བཞི་བརྒྱ། དགའ་ལྡན་པའི་ཉིན་ཞག་བདུན་ལ་མི་ལོ་ཉིས་སྟོང་བརྒྱད་བརྒྱ། འཕྲུལ་དགའི་ཉིན་ཞག་བདུན་ལ་མི་ལོ་ལྔ་སྟོང་དྲུག་བརྒྱ། གཞན་འཕྲུལ་དབང་བྱེད་ཀྱི་ཉིན་ཞག་བདུན་ལ་མི་ལོ་ཆིག་ཁྲི་ཆིག་སྟོང་ཉིས་བརྒྱ་ཡིན་པས་ལྷ་དེ་དག་ལ་འཆི་ལྟས་བྱུང་བ་ནས་རང་རང་གི་ཉིན་ཞག་བདུན་ལ་དམྱལ་བའི་སྡུག་བསྔལ་ལས་དྲག་ཅིང་རྩུབ་པའི་སྡུག་བསྔལ་མྱོང་དགོས་པར་གསུངས་པས་དེ་དག་གི་ཉིན་ཞག་བདུན་པོ་དེ་མིའི་ལོར་བརྩིས་ན་ཡུན་ཤིན་ཏུ་རིང་པོ་ཡིན་པས་འདོད་ཁམས་ཀྱི་ལྷ་རྣམས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ལས་མ་འདས་པ་ཤེས་ཐུབ། གཟུགས་ཁམས་དང་གཟུགས་མེད་ཀྱི་ལྷ་རྣམས་ལ་སྡུག་བསྔལ་མངོན་གྱུར་བ་མེད་མོད། འོན་ཀྱང་དེ་དག་ཤི་ནས་ངན་སོང་གསུམ་ལ་སོགས་པར་སྐྱེས་ན་འགྲོ་བ་དེ་དང་དེའི་སྡུག་བསྔལ་དེ་དག་མྱོང་དགོས་པ་ལས་འོས་གཞན་མེད་པས་ན། ཁམས་གསུམ་གྱི་འཁོར་བའི་གནས་དང་དེ་དག་ན་གནས་པའི་སེམས་ཅན་ཡོད་ཚད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པར་ཤེས་ཐུབ། སྡུག་བསྔལ་དེ་དག་གི་ཉེས་དམིགས་བསམ་པར་བྱས་ན་སྡུག་བསྔལ་དེ་དག་ལས་ཐར་བའི་ཐར་པ་ཐོབ་འདོད་ཀྱི་བློ་སྐྱེ་ལ། ཐར་པ་ཐོབ་འདོད་ཀྱི་བློ་སྐྱེས་ན་དེ་ཐོབ་པའི་ཐབས་ལ་འབད་པ་བྱེད་པ་དང་དེ་ལ་བརྟེན་ནས་སྡུག་བསྔལ་ལས་ཐར་བའི་ཐར་པ་ཐོབ་ཐུབ་པ་དང༌། སྡུག་བསྔལ་དེ་དག་གི་ཉེས་དམིགས་མ་བསམས་ན་ཐར་པ་དོན་གཉེར་གྱི་བློ་མི་སྐྱེ་ལ། དེ་མ་སྐྱེས་ན་དེ་ཐོབ་པའི་ཐབས་ལ་མི་འབད་ཅིང༌། དེ་ལ་མ་འབད་ན་ཐར་པ་ཐོབ་མི་ནུས་པ་ནི་དཔེར་ན་བཙོན་ཁང་གི་ཉེས་དམིགས་བསམས་ན་དེ་ལས་ཐར་འདོད་སྐྱེ་བ་དང༌། དེ་ལས་ཐར་འདོད་སྐྱེས་ན་དེ་ལས་ཐར་བའི་ཐབས་ལ་འབད་པ་བྱེད་པ་དང༌། དེ་ལྟར་འབད་པ་བྱས་ན་དེ་ལས་ཐར་སྲིད་པ་དང་ཀུན་ནས་མཚུངས་པ་ནི་བཅོམ་ལྡན་འདས་ཀྱིས་འདི་ནི་སྡུག་བསྔལ་བདེན་པའོ་ཞེས་དང་སྡུག་བསྔལ་ཤེས་པར་བྱ་ཞེས་སོགས་གསུངས་པ་དང༌། རྗེ་ཙོང་ཁ་པ་ཆེན་པོས། སྡུག་བདེན་ཉེས་དམིགས་སེམས་ལ་མ་འབད་ན། །ཐར་པ་དོན་གཉེར་ཇི་བཞིན་མི་སྐྱེ་ཞིང༌། །ཞེས་སོགས་སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་དགོས་པར་གསུངས་ཡོད།

༩. ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པ།

དེ་ནི་ཀུན་འབྱུང་བདེན་པ་སྟེ། སྡུག་བསྔལ་ཀུན་འབྱུང་བའི་རྒྱུ་ཡིན་པས་ཀུན་འབྱུང་དང༌། བདེན་དོན་ཡིན་པས་ན་བདེན་པ་ཞེས་ཟེར། འཁོར་བའི་འཇུག་རིམ་ནི་འཁོར་བ་ལ་འཁོར་བའི་གོ་རིམ་ཞིག་ཡོད་པ་དེ་ལ་ཟེར་ཞིང༌། ལས་ཟེར་བ་ནི་ཉོན་མོངས་པའི་དབང་གིས་བྱ་བ་བཟང་ངན་སྣ་ཚོགས་བྱེད་པའི་སེམས་པ་ལ་ཟེར་བ་དང༌། ཉོན་མོངས་ཞེས་པ་ནི་འདོད་ཆགས་དང༌། ཞེ་སྡང༌། གཏི་མུག་སོགས་ལ་ཟེར། ལས་དང་ཉོན་མོངས་པ་དེ་དག་གིས་འཁོར་བར་འཇུག་པའི་ཚུལ་ནི། འདོད་ཆགས་ཀྱི་དབང་གིས་གཞན་གྱི་ནོར་བརྐུ་བ་དང༌འཕྲོག་པ་སོགས་བྱས་པ་ལ་བརྟེན་ནས་གཞན་གྱིས་བཟུང་སྟེ་བཙོན་དུ་བཅུག་ནས་བཙོན་རའི་སྡུག་བསྔལ་སྣ་ཚོགས་དབང་མེད་དུ་མྱོང་དགོས་པ་དང་གཞན་གྱིས་སྨད་པའི་གནས་སུ་འགྱུར་བ་སོགས་ཚེ་འདིར་འབྲས་བུ་ངན་པ་འབྱུང་བར་མ་ཟད། ཚེ་ཕྱི་མར་ངན་སོང་གི་གནས་སུ་སྐྱེས་ནས་དེ་དག་གི་སྡུག་བསྔལ་མྱོང་དགོས་པ་དང༌། མི་ལུས་ཐོབ་ཀྱང་རང་ལ་ལོངས་སྤྱོད་བྱུང་བ་རྣམས་གཞན་གྱིས་རྐུ་འཕྲོག་བྱས་ཏེ་ལོངས་སྤྱོད་དེ་དག་རང་དགར་ལོངས་སུ་སྤྱོད་རྒྱུ་མེད་པ་སོགས་ངན་འབྲས་མང་པོ་ཡོང་གི་ཡོད། འདོད་ཆགས་ཀྱི་དབང་གིས་གཞན་གྱི་བུད་མེད་ལ་སྤྱོད་པ་སོགས་ཀྱི་དབང་གིས་བདག་པོས་ཤེས་ནས་ཉེས་རྡུང་གཏོང་བ་དང་ཁྲིམས་ལ་སྦྱོར་བ་སོགས་ཚེ་འདིར་ངན་འབྲས་མང་པོ་སྨིན་པ་མ་ཟད། ཕྱི་མར་ངན་འགྲོར་སྐྱེ་བ་དང་དེ་ནས་ཤི་འཕོས་ཏེ་མི་ལུས་ཐོབ་པའི་དབང་དུ་བཏང་ནའང་རང་གི་བུད་མེད་ཀྱིས་ཁ་ལ་མི་ཉན་པ་དང་དེ་དང་ཁ་བྲལ་སོང་བ་སོགས་འབྲས་བུ་ངན་པ་སྣ་ཚོགས་ཡོང་གི་ཡོད་པ། ཞེ་སྡང་གིས་ཀུན་ནས་བླངས་ཏེ་གཞན་དང་འཐབ་རྩོད་བྱས་ཏེ་རང་གི་ལུས་ལ་མཚོན་ཆ་དང་དབྱུག་པ་སོགས་ཕོག་ནས་ན་ཟུག་དྲག་པོས་མནར་བཞིན་དུ་སྨན་བཅོས་ཡུན་རིང་བྱ་དགོས་པའམ་ཡང་ན་རང་གིས་གཞན་ལ་མཚོན་ཆ་སོགས་བསྣུན་ཏེ་མི་གཞན་ལ་རྨས་སྐྱོན་ཕོག་ནས་སྨན་རིན་མང་པོ་སྤྲོད་དགོས་པ་སོགས་དང༌། དེ་ལས་ཚབས་ཆེ་བས་མི་གཞན་བསད་པ་དང་ཐ་ན་རང་གི་ཕ་མ་སྤུན་མཆེད་སོགས་བསད་ནས་རང་གི་སྲོག་ཀྱང་ཤོར་བ་སོགས་ཀྱི་ཉེས་པ་མང་པོ་ཕོག་པ་མ་ཟད་ཚེ་ཕྱི་མར་ངན་སོང་དུ་སྐྱེ་བ་དང༌། དེ་ནས་ཤི་སྟེ་མི་ལུས་ཐོབ་ཀྱང་ཚེ་ཐུང་བ་དང་གཞན་གྱིས་རང་གསོད་པ་སོགས་འབྲས་བུ་ངན་པ་མང་པོ་འབྱུང་བ་སོགས་ཀུན་འབྱུང་ལ་བརྟེན་ནས་འཁོར་བར་འཁོར་ཚུལ་དེ་འདྲ་ཡིན། དེ་ལྟར་ཤེས་པར་བྱས་ནས་འཁོར་བའི་སྡུག་བསྔལ་སྤོང་དགོས་པ་ལས་དེ་དག་མ་ཤེས་པར་འཁོར་བའི་སྡུག་བསྔལ་སྤོང་མི་ནུས་པ་ནི་རྗེ་ཙོང་ཁ་པ་ཆེན་པོས། ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམས་ན། །འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས། །སྲིད་ལས་ངེས་འབྱུང་སྐྱོ་ཤས་བསྟེན་པ་དང༌། །འཁོར་བར་གང་གིས་བཅིངས་པར་ཤེས་པ་གཅེས། །ཞེས་གསུངས་སོ། །སྤྱིར་ན་འཁོར་བ་ན་ཡོད་པའི་སྡུག་བསྔལ་དེ་ཚོ་ཚང་མ་རྒྱུ་མེད་པ་དང་རྐྱེན་མེད་པར་གློ་བུར་དུ་བྱུང་བའམ་མི་གཞན་གྱིས་རང་ལ་ཚུར་གཡོགས་པ་ཞིག་མ་ཡིན་པར། རང་ལ་ཡོད་པའི་ཉོན་མོངས་དུག་གསུམ་གྱི་རྐྱེན་ལ་བརྟེན་ནས་སྡུག་བསྔལ་བྱུང་བ་སྟེ། ཉོན་མོངས་དུག་གསུམ་ལ་བརྟེན་ནས་ལས་ངན་པ་བསགས་ཏེ་སྡུག་བསྔལ་མྱངས་པ་ཞིག་ཡིན་པ་ལས་ལས་ངན་པ་བསགས་མེད་ན་སྡུག་བསྔལ་མྱོང་དགོས་དོན་མེད། ལས་ངན་པ་དེའང་རང་གི་སེམས་རྒྱུད་ཀྱི་ཉོན་མོངས་དུག་གསུམ་ལ་བརྟེན་ནས་ཡོང་གི་ཡོད་པ་དང༌། ཉོན་མོངས་དུག་གསུམ་གྱི་ནང་ནས་རྩ་བ་ཐུག་ས་ནི་དེ་སྔ་ཞུས་ཟིན་པ་ལྟར་རང་གཙོ་བོ་བྱེད་པའི་སྒེར་སེམས་དེ་ལ་བརྟེན་ནས་ཡོང་གི་ཡོད་པར་བརྟེན་སྡུག་བསྔལ་ཡོང་བའི་རྒྱུ་དེ་ལས་དང་ཉོན་མོངས་གཉིས་ཡིན། ལས་མི་དགེ་བ་བཅུའི་རྒྱུ་དེ་ཉོན་མོངས་ཡིན་པར་བརྟེན་ལས་འབྲས་བླང་དོར་ཡག་པོ་བྱེད་ཐུབ་ནའང་ཉོན་མོངས་དེ་སྤོང་མ་ཐུབ་ན་འཁོར་བ་ནས་ཐར་ཐབས་མེད། འཁོར་བ་ནས་ཐར་མ་ཐུབ་ན་སླར་ཡང་ཉོན་མོངས་ཀྱི་དབང་གིས་ལས་ངན་པ་བསག་དགོས་པ་ཞིག་ཡོང་བ་དང་སླར་ཡང་འགྲོ་བ་རིགས་དྲུག་ནང་དུ་སྡུག་བསྔལ་མྱོང་དགོས་པ་དེ་འདྲ་ཡོང་གི་ཡོད། དེར་བརྟེན་སྐབས་འདིར་གཙོ་བོ་ཉོན་མོངས་སྤོང་ཐབས་སྐོར་བཤད་ཡོད། དེ་ལས་དང་པོ། ཉོན་མོངས་ངོས་བཟུང་བ། དེ་ནི་རང་གི་སེམས་རྒྱུད་ལ་ཡོད་པའི་རྩ་བའི་ཉོན་མོངས་དྲུག་དང་ཉེ་བའི་ཉོན་མོངས་ཉི་ཤུ་ཐམ་པ་(ཉེ་བའི་ཉོན་མོངས་ནི་རྩ་བ་དང་བར་ཐག་ཉེ་བའི་དོན་ཡིན་)ཡོད་པ་ཚད་མ་རིག་པ་སློབ་ཁྲིད་བྱེད་སྐབས་ཞུས་ཚར་བ་ཡིན་པས་གསལ་བཤད་ཞུ་མི་དགོས་ཤིང༌། རྩ་བའི་ཉོན་མོངས་དྲུག་སྟེ། འདོད་ཆགས། ཞེ་སྡང༌། གཏི་མུག ང་རྒྱལ། ཐེ་ཚོམ། ལོག་ལྟ་བཅས་ཡིན་ལ། དེ་དག་ལས་གཏི་མུག་ལ་བརྟེན་ནས་འདོད་ཆགས་དང༌། ཞེ་སྡང༌། ང་རྒྱལ་བཅས་ཡོང་གི་ཡོད་པ་དང༌། ཐེ་ཚོམ་ནི་བདེན་པ་བཞི་དང༌། ལས་རྒྱུ་འབྲས། དཀོན་མཆོག་གསུམ་བཅས་ལ་དོགས་པ་ཟ་བའི་བསམ་པ་ཡོད་ཚེ་ཉོན་མོངས་སྤོང་རྒྱུའི་བསམ་བློ་ཡོང་མི་སྲིད་པ། ལོག་ལྟ་ནི་ལས་འབྲས་དང༌། དཀོན་མཆོག བདེན་པ་བཞི་བཅས་ལ་ཡིད་མི་ཆེས་པ་དེ་ཡིན་པས་ཡིད་མ་ཆེས་ན་ཉོན་མོངས་སྤོང་རྒྱུའི་ཐབས་ཤེས་བྱེད་མི་སྲིད། དེར་བརྟེན་དེ་རྣམས་རྩ་བའི་ཉོན་མོངས་སུ་བཞག་པ་ཡིན། ཉེ་བའི་ཉོན་མོངས་ཉི་ཤུ་ནི་རྩ་ཉོན་དང་ཉེ་ཞིང་སེམས་ཉོན་མོངས་པར་བྱེད་པས་ན་ཉེ་ཉོན་ཏེ། ཁྲོ་བ། འཁོན་འཛིན། འཆབ་པ། འཚིག་པ། ཕྲག་དོག སེར་སྣ། སྒྱུ། གཡོ། རྒྱགས། རྣམ་འཚེ། ངོ་ཚ་མེད་པ། ཁྲེལ་མེད་པ། རྨུགས་པ། རྒོད་པ། མ་དད་པ། ལེ་ལོ། བག་མེད། བརྗེད་ངས། ཤེས་བཞིན་མ་ཡིན་པ། རྣམ་པར་གཡེང་བ་བཅས་ཉི་ཤུ་ཡོད།

ཉོན་མོངས་དེ་དག་སྐྱེ་བའི་གོ་རིམ་ནི་ཐོག་མ་བདག་འཛིན་ཏེ་རང་གི་ཕུང་པོ་ལྔ་ལས་ལོགས་སུ་“ང”ཞེས་པ་ཡོད་སྙམ་པའི་བསམ་བློ་གཏོང་སྟངས་ངའོ་སྙམ་པའི་བདག་འཛིན་དེ་བྱུང་བ་དང༌། བདག་འཛིན་འདི་བྱུང་རྗེས་བདག་འཛིན་དེ་ལ་བརྟེན་ནས་འདི་ངའི་ཡིན། དེ་ཡང་ངའི་ཡིན་སྙམ་པའི་ང་དེ་ཡུལ་ལ་ལོངས་སྤྱོད་པ་པོ་ཡིན་བསམ་པ་དང༌། ཡུལ་དེ་ཚོ་ཡང་རང་གིས་ལོངས་སྤྱོད་རྒྱུ་ཡིན་བསམ་པའི་བསམ་བློ་དེ་འདྲ་ཞིག་ཡོང་གི་ཡོད་པ་དེ་ལ་བདག་གིར་འཛིན་པ་ཟེར། དེ་ལ་བརྟེན་ནས་ཡུལ་ཡིད་དུ་འོང་བ་ལས་འདོད་ཆགས། ཡུལ་ཡིད་དུ་མི་འོང་བ་ལས་ཞེ་སྡང༌། གཞན་གྱི་རྒྱུ་ལ་དམིགས་ནས་བརྣབ་སེམས། རང་གི་རྒྱུ་ནོར་ལ་སེར་སྣ། གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་དོག རང་གི་བསམ་བློ་དང་ལས་ཀ་དྲང་པོ་མིན་པའི་གཡོ་སྒྱུ། རང་གི་དོན་ལ་ཐུག་དུས་ངོ་ཚ་རྩ་བ་ནས་མེད་པས་ཁྲེལ་མེད་བཅས་ཏེ་དེ་ལྟར་རྩ་བའི་ཉོན་མོངས་དྲུག་ལ་བརྟེན་ནས་ཉེ་བའི་ཉོན་མོངས་ཉི་ཤུ་དེ་ཡོང་གི་ཡོད་པ་དང་དེ་དག་གི་རྩ་བ་ཐུག་ས་དེ་མཐར་ཐུག་ན་རང་གི་ཕུང་པོ་ལྔ་ལས་ལོགས་སུ་ང་ཡིན་བསམ་པའི་བསམ་བློ་དེ་དང་རང་གཙོ་བོ་བྱེད་པའི་སྒེར་སེམས་དེ་ལ་ཐུག་ཡོད་ཟེར།

༡༠. འཁོར་བ་ལྡོག་པའི་རྟེན།

འཁོར་བ་ལྡོག་པའི་རྟེན་ནམ་ཐབས་དམ་པ་ནི་གོང་དུ་བཤད་པའི་བདག་མེད་རྟོགས་པའི་ཤེས་རབ་དེ་ཉིད་ཡིན། དེ་ལ་འཁོར་བ་ལྡོག་པའི་ཐབས་དམ་པ་ཟེར་དགོས་དོན་ནི་འཁོར་བ་སྤོང་བ་ལ་འཁོར་བར་སྐྱེ་བ་ལེན་པའི་རྒྱུའི་གཙོ་བོ་བདག་འཛིན་སྤོང་དགོས། བདག་འཛིན་སྤོང་བ་ལ་བདག་འཛིན་དེས་འཛིན་པ་ལྟར་གྱི་ཡུལ་མེད་པར་ཤེས་ནས་སྤོང་བ་ལས་དེའི་ངོ་བོ་ཚེར་མ་འདོན་པ་ལྟར་སྤོང་ཐབས་མེད། བདག་མེད་རྟོགས་པའི་ཤེས་རབ་དེས་བདག་འཛིན་དེས་འཛིན་པ་ལྟར་གྱི་ཡུལ་མེད་པར་ཤེས་ནས་དེའི་རྒྱུན་ཡང་དང་ཡང་དུ་གོམས་པར་བྱས་ན་འཁོར་བར་སྐྱེ་བ་ལེན་པའི་རྒྱུའི་གཙོ་བོ་བདག་འཛིན་སྤོང་ཐུབ། བདག་འཛིན་དེ་སྤངས་ན་འཁོར་བ་ལས་གྲོལ་བའི་ཐར་པ་ཐོབ་པ་ཡིན། རྒྱུ་མཚན་ནི་འཕགས་པ་ལྷས། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང༌། ཚད་མ་རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །བསྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་སོགས་གསུངས་ཡོད། དེ་དག་གི་སྐོར་གོང་དུ་ཡང་ཞུས་ཟིན་ཅིང༌། ལྷག་པར་དབུ་མ་དང་ཚད་མ་རིག་པ་ལ་སྦྱངས་པ་ཆེན་པོ་མེད་ན་གོ་ཁག་པོ་ཡིན་པས་དེ་ཙམ་གྱིས་འགྲིག་པ་བྱ་རྒྱུ་ཡིན།

༡༡. ལམ་བསླབ་པ་གསུམ།

བསླབ་པ་གསུམ་ནི་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་བཅས་ཡིན། ཚུལ་ཁྲིམས་ཀྱི་བསླབ་པ་ཞེས་པ་ནི། དགེ་ཚུལ་གྱི་བླང་འདས་སོ་དྲུག་དང་དགེ་སློང་ལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡོད་པ་དེ་དག་ཡག་པོ་སྲུང་བ་དང༌། སྡོམ་ཆེ་ས་ཞིག་ནས་བཤད་ན། མི་དགེ་བཅུ་པོ་དེ་དག་ཡག་པོ་ཤེས་པ་བྱས་ནས་དེ་དག་གི་ལྡོག་ཕྱོགས་དགེ་བ་བཅུ་སྒྲུབ་པའི་སེམས་པ་དེ་དག་ལ་ཚུལ་ཁྲིམས་ཀྱི་བསླབ་པ་ཟེར་ཞིང༌། ཚུལ་ཁྲིམས་ཀྱི་ཉམས་ལེན་ཡག་པོ་ཞིག་བྱུང་ན་ལྷ་དང་མིའི་གོ་འཕང་ཐོབ་ནུས་ལ་དེ་མེད་ན་ལྷ་མིའི་གོ་འཕང་ཐོབ་ཐབས་མེད། ཏིང་ངེ་འཛིན་གྱི་བསླབ་པ་ཞེས་པ་ནི་གོང་དུ་ཞུས་ཟིན་པ་ལྟར་སེམས་གནས་པའི་ཐབས་དགུ་ལ་བརྟེན་ནས་ཞི་གནས་དང་དེ་ལ་བརྟེན་ནས་ལྷག་མཐོང་ཐོབ་པར་བྱས་ནས་བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་སོགས་སྒོམ་པ་དང༌། གཞན་ཡང་སྒྱུ་མ་ལྟ་བུའི་ཏིང་འཛིན་དང༌། ནམ་མཁའ་མཛོད་ཀྱི་ཏིང་འཛིན། དཔའ་བར་འགྲོ་བའི་ཏིང་འཛིན། བྱམས་པའི་ཏིང་འཛིན་སོགས་རྣམ་གྲངས་མཐའ་ཡས་པ་ཡོད་པ་དེ་དག་ཐམས་ཅད་ཏིང་ངེ་འཛིན་གྱི་བསླབ་པའི་ཁོངས་སུ་གཏོགས་པ་ཡིན། ཤེས་རབ་ཀྱི་བསླབ་པ་ཞེས་པ་ནི་གོང་དུ་ཞུས་པ་ལྟར་བདག་མེད་རྣམ་པ་གཉིས་རྟོགས་པའི་ཤེས་རབ་འཁོར་དང་བཅས་པ་ལ་ཟེར། བདག་མེད་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་མེད་ན་བསླབ་པ་གཞན་གཉིས་དང་སྦྱིན་སོགས་ཕར་ཕྱིན་ལྷག་མ་ལྔའི་ཉམས་ལེན་ཡག་པོ་ཡོད་ཀྱང་ཐར་པའི་གོ་འཕང་ཐོབ་མི་ནུས་པ་ནི་མདོ་བསྡུས་པ་ལས། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་མི་ནུས། །ཞེས་དང༌། དབུ་མ་འཇུག་པ་ལས། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། །ཡུལ་དུ་ཁྲིད་པ་དེ་བཞིན་འདིར་ཡང་བློའི། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ། །ཞེས་སོགས་གསུངས་སོ།།

ཉོན་མོངས་དེ་རྣམས་ཇི་ལྟར་སྤོང་དགོས་སམ་ཞེ་ན། དེ་ནི་ལམ་བསླབ་པ་གསུམ་ལ་བརྟེན་ནས་སྤོང་དགོས་པ་ལས་གཞན་ཐབས་གང་ཡང་མེད། ལམ་བསླབ་པ་གསུམ་ལ་ལྷག་པའི་བསླབ་པ་གསུམ་ཡང་ཟེར། རྒྱུ་མཚན་ནི་མུ་སྟེགས་པ་ལའང་བསླབ་པ་གསུམ་ཡོད་པས། དེ་ནི་མུ་སྟེགས་པ་ལས་ལྷག་པའི་ནང་པ་སངས་རྒྱས་རང་གི་ཐུན་མོང་མ་ཡིན་པའི་བསླབ་པ་གསུམ་ཡིན་སྟབས་ལྷག་པའི་བསླབ་པ་གསུམ་ཟེར། དེ་གསུམ་འབྱུང་ཚུལ་གྱི་གོ་རིམ་ནི་ཐོག་མ་རང་གི་ཉོན་མོངས་སྤོང་དགོས་ན་དང་ཐོག་རང་གི་ལུས་ངག་གཉིས་ཀྱི་བྱ་སྤྱོད་ངན་པ་དེ་སྤོང་དགོས་པར་བརྟེན་དེ་ལ་བརྟེན་ནས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཟེར་བ་བྱུང་བ་དང༌། དེ་ཡང་ལུས་ངག་གི་བྱ་སྤྱོད་ངན་པ་ཡོང་བའི་རྒྱུ་དེ་ཉོན་མོངས་དུག་གསུམ་ཡིན་པས་ཉོན་མོངས་དུག་གསུམ་ནང་ནས་འདོད་ཆགས་དང་ཞེ་སྡང་མེད་པར་བཟོ་རྒྱུ་ནི་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དེ་ཡིན། འདོད་ཆགས་དང་ཞེ་སྡང་གཉིས་ཡོང་སའི་རྩ་བ་དེ་རང་གཙོ་བོ་བྱེད་པའི་སྒེར་སེམས་དེ་ཡིན་པས་དེ་མེད་པ་བཟོ་རྒྱུ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་དེ་ཡིན་ཅིང༌། འདི་ནི་ལྷག་པའི་བསླབ་པ་གསུམ་ཕན་ཚུན་གྱི་འབྲེལ་བ་ཡོང་སྟངས་དེ་རེད། མུ་སྟེགས་པ་ལས་ལྷག་པའི་བསླབ་པ་གསུམ་ཞེས་བརྗོད་དོན་ནི་མུ་སྟེགས་པའི་གཙོ་བོ་གཞི་འཛིན་ས་དེ་ནི་གཞན་ལ་གནོད་པའི་བསམ་པ་གཙོ་བོ་བྱེད་པའི་བསླབ་པ་གསུམ་ཡིན་པ་དང༌། ནང་པ་སངས་རྒྱས་ཀྱི་བསླབ་པ་གསུམ་ནི་གཞན་ལ་ཕན་པར་བྱེད་པའི་བསླབ་པ་གསུམ་ཡིན་པར་བརྟེན་དེ་གཉིས་ཀྱི་བསླབ་པ་གསུམ་སོ་སོའི་གཞི་འཛིན་ས་དེ་ཁག་ཁག་རེད། དེ་བཞིན་ནང་པ་སངས་རྒྱས་པ་དང་ཕྱི་པ་མུ་སྟེགས་པའི་ཚུལ་ཁྲིམས་གཉིས་ལ་ཁྱད་པར་གང་ཡོད་ཟེར་ན་མུ་སྟེགས་པའི་ཚུལ་ཁྲིམས་དེ་རང་གི་ལུས་ལ་སྡུག་པོ་གཏོང་བ་སྟེ་རང་གི་ལུས་འབེན་ལ་འཛུགས་པ་དང༌། རང་གི་ལུས་མེར་བསྲེག་གཏོང་བ། ཁྲོན་པའི་ནང་མཆོང་བ་དང་མདུང་གི་རྩེ་ལ་མཆོང་བ་སོགས་ཀྱི་ཚུལ་ཁྲིམས་ཤིག་རེད། ནང་པ་སངས་རྒྱས་པའི་ཚུལ་ཁྲིམས་ནི་གཞན་ལ་གནོད་པའི་མི་དགེ་བ་བཅུ་སྤངས་ཏེ་གཞན་ལ་ཕན་པའི་དགེ་བ་བཅུ་སྒྲུབ་དགོས་པ་ཞིག་ཡིན་སྟབས་མུ་སྟེགས་པའི་གཞན་ལ་སྡུག་པོ་བཏང་སྟེ་གནོད་པར་བྱེད་པའི་ཚུལ་ཁྲིམས་དང་ནང་པ་སངས་རྒྱས་ཀྱི་གཞན་ལ་ཕན་པ་གཞི་བྱས་ནས་དགེ་བ་བཅུ་སྒྲུབ་པ་དང་མི་དགེ་བ་བཅུ་སྤོང་བའི་ཚུལ་ཁྲིམས་དེ་གཉིས་ཀྱི་གཞི་འཛིན་ས་དེ་རྩ་བ་ནས་མི་འདྲ་བ་ཡིན། དེར་བརྟེན་ནང་པ་སངས་རྒྱས་པའི་ཚུལ་ཁྲིམས་དེ་མུ་སྟེགས་པའི་ཚུལ་ཁྲིམས་ལས་ལྷག་པ་ཡིན། མུ་སྟེགས་པའི་ཏིང་ངེ་འཛིན་དེ་སྒོམ་བརྒྱབ་ནས་ཚད་ཇི་ཙམ་མཐོ་པོ་སླེབས་ནའང་གང་ལྟར་རང་གི་སེམས་རྒྱུད་ཀྱི་ཉོན་མོངས་ཏེ་འདོད་ཆགས་ཞེ་སྡང་གཏི་མུག་དེ་གསུམ་རྩ་བ་ནས་སྤོང་མི་ཐུབ་པ་ཡིན། དེ་སྤོང་མ་ཐུབ་པའི་དབང་གིས་དུས་སྐབས་ངེས་ཅན་ཞིག་སོང་རྗེས་རང་གི་ཏིང་ངེ་འཛིན་ལ་རང་ལོག་ལྟ་སྐྱེ་བ་དང༌། རང་ཡིད་མ་ཆེས་པ་སོགས་ཡོང་བའི་ཉེན་ཁ་ཆེན་པོ་ཡོད། ནང་པ་སངས་རྒྱས་ཀྱི་ཏིང་ངེ་འཛིན་དེ་ནི་རང་གི་སེམས་རྒྱུད་ཀྱི་འདོད་ཆགས་དང༌། ཞེ་སྡང༌། གཏི་མུག་བཅས་གསུམ་པོ་དེ་མེད་པ་བཟོ་རྒྱུ་ཡིན་སྟབས་ཏིང་ངེ་འཛིན་དེ་ཐེངས་གཅིག་ཐོབ་ཚེ་རང་གི་སེམས་དེ་ལ་ཉོན་མོངས་སྐྱེ་རྒྱུ་རྩ་བ་ནས་མེད། འོན་ཏེ་མུ་སྟེགས་པའི་ཏིང་ངེ་འཛིན་དེས་གནས་སྐབས་རང་གི་སེམས་རྒྱུད་ཀྱི་ཉོན་མོངས་དུག་གསུམ་མེད་པ་བཟོ་ཐུབ་ནའང་རྩ་བ་ནས་མེད་པ་བཟོ་མི་ཐུབ་པ་མ་ཟད་སྐབས་ཤིག་ཏིང་ངེ་འཛིན་དང་བྲལ་ན་སླར་ཡང་ཉོན་མོངས་སྐྱེ་སྲིད་པར་བརྟེན་ནང་པ་སངས་རྒྱས་ཀྱི་ཏིང་ངེ་འཛིན་དང་མུ་སྟེགས་པའི་ཏིང་ངེ་འཛིན་གཉིས་ཀྱི་ཁྱད་པར་ནི་རང་གི་སེམས་རྒྱུད་ཀྱི་ཉོན་མོངས་དེ་མེད་པ་བཟོ་ཐུབ་དང་མི་ཐུབ་པ་དེ་ཡིན། དེར་བརྟེན་ནང་པ་སངས་རྒྱས་ཀྱི་ཏིང་ངེ་འཛིན་དེ་མུ་སྟེགས་པའི་ཏིང་ངེ་འཛིན་ལས་ལྷག་པ་ཡིན། ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟེ། མུ་སྟེགས་པའི་ཤེས་རབ་དེ་གཙོ་གོ་གང་ཡིན་ཞེ་ན། ཡང་དག་པའི་ལྟ་བ་མ་ཡིན་པར་ཡང་དག་པའི་ལྟ་བར་འཁྲུལ་བ་ཞིག་ཡིན། གང་ལྟར་མུ་སྟེགས་པའི་ཤེས་རབ་དེས་རང་གཙོ་བོ་བྱེད་པའི་སྒེར་སེམས་དེ་མེད་པ་བཟོ་མི་ཐུབ་པ་ཡིན། རྒྱུ་མཚན་ནི་མུ་སྟེགས་པས་རང་གཙོ་བོ་བྱེད་པའི་སྒེར་སེམས་ཡོང་སའི་རྩ་བ“ང”ཟེར་བ་དེ་གང་ཟག་གི་བདག་ཡིན་པར་ཁས་ལེན་གྱི་ཡོད་པས་ཡིན་ལ། ནང་པ་སངས་རྒྱས་པའི་ཤེས་རབ་དེ་རང་གཙ་བོ་བྱེད་པའི་སྒེར་སེམས་དེ་རྩ་བ་ནས་དོར་ཐུབ་མཁན་ཞིག་ཡིན་པས་ཕྱི་ནང་གི་ལྟ་བའི་ཁྱད་པར་ནི་ཉོན་མོངས་རྩ་བ་ནས་སྤོང་ཐུབ་མིན་ལ་ཐུག་ཡོད་པར་བརྟེན་ནང་པ་སངས་རྒྱས་ཀྱི་ཤེས་རབ་དེ་མུ་སྟེགས་པའི་ཤེས་རབ་ལས་ལྷག་པ་ཡོད། རྒྱུ་མཚན་དེ་དག་གི་དབང་གིས་ལྷག་པའི་བསླབ་པ་གསུམ་ཞེས་བརྗོད་པ་ཡིན། བསླབ་པ་(修养)ཟེར་བ་དེ་རང་གི་སེམས་དེ་སེམས་ཅན་གྱི་པགས་པ་མཉེད་པ་ལྟར་མཉེད་ཐུབ་པ་ཞིག་དགོས་པ་ཡིན། གང་ཞེ་ན་བྱ་སྤྱོད་ངན་པ་ཡོང་སའི་རྩ་བ་དེ་འདོད་ཆགས་དང༌། ཞེ་སྡང༌། གཏི་མུག་བཅས་གསུམ་ལ་ཐུག་ཡོད་པ་དང༌། དེ་གསུམ་པོ་དེའང་རྩ་བ་རང་གཙོ་བོ་བྱེད་པའི་སྒེར་སེམས་དེ་ལ་ཐུག་ཡོད་སྟབས་བྱ་སྤྱོད་ངན་པ་དེ་མེད་པ་བཟོ་བར་རང་གི་སེམས་རྒྱུད་ཀྱི་ཉོན་མོངས་དང་དེའི་རྩ་བ་གཅོད་དགོས་པ་དང༌། དེ་ལ་བསླབ་ནས་གོམས་འདྲིས་བྱས་ཏེ་རང་གི་སེམས་དེ་དང་བསླབ་པ་གསུམ་དེ་ཆུ་དང་འོ་མ་འདྲེས་པ་ལྟར་འདྲེས་པ་ཞིག་བཟོ་དགོས།

བསླབ་པ་གསུམ་གྱི་གོ་རིམ་ལྟར་ཚུལ་ཁྲིམས་ཀྱི་བསླབ་པ་དེ་ཨང་དང་པོར་སློབ་དགོས་པའི་རྒྱུ་མཚན་ནི། རང་གཙོ་བོ་བྱེད་པའི་སྒེར་སེམས་དེ་མེད་པ་བཟོ་བར་དང་ཐོག་འདོད་ཆགས། ཞེ་སྡང༌། གཏི་མུག་བཅས་ཏེ་ཉོན་མོངས་དུག་གསུམ་མེད་པ་བཟོ་དགོས་སྟབས་ཐོག་མ་སེམས་ཀྱི་བྱ་སྤྱོད་ངན་པ་ཉོན་མོངས་དུག་གསུམ་དེ་མེད་པ་མ་བཟོས་གོང་དུ་ལུས་ངག་གཉིས་ཀྱི་བྱ་སྤྱོད་ངན་པ་དེ་མེད་པ་བཟོ་དགོས་པ་ཡིན། ལུས་ངག་གཉིས་ཀྱི་བྱ་སྤྱོད་ངན་པ་དེ་མེད་པ་བཟོ་བའི་ཐབས་ཤེས་དེ་ནི་ཆོས་ཀྱི་ཐོག་ནས་བཤད་ན་ཚུལ་ཁྲིམས་རེད། ཆོས་བྱེད་མཁན་ལ་ཆོས་ཁྲིམས་དགོས་ལ་སྤྱི་ཚོགས་ཐོག་གི་སྤྱིར་བཏང་མི་ལའང་སྒྲིག་དང་ཁྲིམས་དགོས་པ་མ་ཟད། དེ་ཡང་རང་རྟོགས་ཡོད་པའི་བྱ་སྤྱོད་བཟང་པོ་ཞིག་ཡོད་དགོས། རང་རྟོགས་ཡོད་པའི་བྱ་སྤྱོད་བཟང་པོ་ཞིག་ཡོང་བ་བྱེད་པར་ཐོག་མ་རང་གིས་རང་ལ་བཙན་ཤེད་ལྡན་པའི་ཁྲིམས་ཤིག་མེད་ན་མི་འགྲིག དཔེར་ན་ཕྲུ་གུ་ཞིག་ལ་ཆ་བཞག་ན་དང་པོ་ཆུང་ཆུང་སྐབས་རང་རྟོགས་ཀྱི་བསམ་བློ་དང་བྱ་སྤྱོད་གང་ཡང་མེད་པར་ཕ་མ་དང་དགེ་རྒན་ཚོས་བསླབ་ནས་བཙན་ཤེད་དང་སྒྲིག་ཁྲིམས་ངེས་ཅན་ཞིག་བཟོས་ཏེ་གཅུན་དགོས། དེ་གཅུན་པའི་འབྲས་བུར་དུས་སྐབས་ངེས་ཅན་ཞིག་ལ་རང་གིས་རང་གཅུན་ཐུབ་པའི་ཚད་གཞི་དེར་སླེབས་ཐུབ་པ་དང༌། ཚད་གཞི་དེར་སླེབས་སྐབས་རང་རྟོགས་ཀྱི་བྱ་སྤྱོད་བཟང་པོ་ཞིག་ཡོང་ཐུབ་པ་ཡིན། དེར་བརྟེན་རང་གིས་རང་གཅུན་ཐུབ་པ་བྱེད་པ་ལ་སྔོན་ལ་མིས་རང་ཚུར་གཅུན་ནས་གོམས་འདྲིས་ཆགས་པ་བྱས་ཐོག དེ་ནས་རང་གིས་རང་གཅུན་ཐུབ་པའི་ཚད་དེ་ལ་སླེབས་ནས་རང་རྟོགས་ཡོད་པའི་བྱ་སྤྱོད་བཟང་པོ་ལྡན་པ་ཞིག་ཆགས་རྒྱུ་ཡོད། དེར་གོ་རིམ་དེ་འདྲ་ཞིག་བརྒྱུད་དགོས་པར་བརྟེན་འདིར་སྔོན་ལ་ཚུལ་ཁྲིམས་ཟེར་བ་དེ་ཡོང་རྒྱུའི་རྒྱུ་མཚན་དེ་ལྟར་རེད། ཁྱིམ་ཚང་ནང་ལའང་སྡོམ་པ་ཡོད་པ་དང་སྡོམ་པ་མེད་པ་གཉིས་ཡོད། སྡོམ་པ་མེད་པ་དེར་ཁྱིམ་པ་ཟེར་བ་དང་སྡོམ་པ་ཡོད་པ་དེར་དགེ་བསྙེན་ཟེར། དགེ་བསྙེན་ལ་སྤང་བྱ་ལྔ་ལས་མེད་དེ་སྲོག་གཅོད་པ། མ་བྱིན་ལེན། ལོག་གཡེམ། རྫུན་ཚིག་བཅས་རྩ་བ་བཞི་པོ་དེའི་སྟེང་དུ་ཆང་སྤོང་དགོས་པ་ཡིན། གང་ཞེ་ན་ཆང་དེ་མ་སྤངས་ཚེ་རྩ་བ་བཞི་པོ་དེ་ཡོང་ཉེན་ཆེན་པོ་ཡོད། དེའི་སྐོར་སྒྲུང་ཞིག་ཡོད་དེ། སྔོན་མ་དགེ་སློང་ཞིག་ཡོད་པ་དེའི་སར་བུད་མེད་ཅིག་གིས་ཆང་དམ་བི་གང་དང་ར་གཅིག་ཁྲིད་ཡོང་ནས་དགེ་སློང་དེ་ལ་ཁྱེད་ཀྱིས་ཡང་ན་ཆང་དེ་འཐུང་དགོས། ཡང་ན་ར་དེ་གསོད་དགོས། ཡང་ན་ང་དང་ལུས་འབྲེལ་བྱེད་དགོས། གང་ལྟར་དེ་གསུམ་གྱི་ནང་ནས་གཅིག་མ་བྱས་ན་རྩ་བ་ནས་མི་འགྲིག་ཅེས་རེ་བ་ནན་པོ་བཏོན་སྟབས་སྐབས་དེར་དགེ་སློང་དེའི་བསམ་བློའི་ནང་བུད་མེད་དེ་དང་འབྲེལ་བ་བྱས་ཚེ་སྡོམ་པ་ཤོར་རྒྱུ་ཡིན་པ་དང༌། ར་དེ་བསད་ཚེ་སྡིག་པ་ཧ་ཅང་ཆེ་བས་འགྲིག་ཐབས་མེད། དེ་ལས་ཆང་དེ་འཐུང་ན་ཉེས་པ་ཆུང་བ་མེད་དམ་སྙམ་ནས་ཆང་དེ་བཏུང་སྟབས་ར་བཟི་ནས་བུད་མེད་དེ་དང་འབྲེལ་བ་བྱས་པ་དང༌། ར་དེ་ཡང་བསད་ཆ་ཚང་བྱས་པ་རེད། དེར་བརྟེན་ཆང་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན་ཟེར་དགོས་པ་དེ་ཡིན། དགེ་བསྙེན་ལ་རང་གི་ཆུང་མ་ཡོད། ཡིན་ནའང་མི་གཞན་གྱི་ཆུང་མ་ལ་ལོག་གཡེམ་དང་མི་ཚངས་སྤྱོད་བྱེད་མི་རུང་བ་ཡིན། དགེ་ཚུལ་ལ་ཁྲིམས་སུམ་ཅུ་སོ་དྲུག་ཡོད། དགེ་སློང་བུ་ལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་ང་གསུམ་དང༌། བུ་མོ་ལ་ཁྲིམས་སུམ་བརྒྱ་དྲུག་ཅུ་རེ་བཞི་ཡོད་ཅིང༌། དགེ་བསྙེན་བུ་ལས་བུ་མོ་ཁྲིམས་མང་བ་ཡོད་པ་དེར་རྒྱུ་མཚན་མང་པོ་བཤད་རྒྱུ་ཡོད་ནའང་མདོར་བསྡུས་ནས་བཤད་ན་བུ་མོ་ཟེར་བ་དེ་འདོད་ཆགས། ཞེ་སྡང༌། གཏི་མུག་གསུམ་ནི་བུ་ལས་ཆེ་བ་ཡོད་པར་བརྟེན་བྱ་སྤྱོད་ངན་པ་ཡོང་རྒྱུ་མང་བ་ཡོད་ཟེར། དགེ་བསྙེན་གྱི་སྡོམ་པ་ནི་སོ་སོའི་དད་པ་ཡོད་སའི་བླ་མ་ཞིག་གི་དྲུང་ནས་ཞུས་ན་འགྲིག དགེ་ཚུལ་གྱི་སྡོམ་པ་ནི་རང་གི་བླ་མ་དང་དགེ་སློང་བཞི་གདན་འདྲེན་ཞུས་ནས་ཁོང་ཚོའི་དྲུང་ནས་ཞུ་དགོས། དགེ་སློང་གི་སྡོམ་པ་ནི་དགེ་སློང་བཅུ་ཚོགས་པའི་དབུས་སུ་སྡོམ་པ་གནང་མཁན་གྱི་མཁན་པོ་དང་སློབ་དཔོན་གདན་འདྲེན་ཞུས་ནས་སྡོམ་པ་ཞུ་དགོས། སྡོམ་པ་ཞུ་སྐབས་རང་ལ་ཚུར་ཁྱོད་ཀྱིས་བླ་མ་བསད་མྱོང་བ་མ་ཡིན་ནམ། ཕ་མ་བསད་མྱོང་བ་མ་ཡིན་ནམ། ཡུལ་གྱི་རྒྱལ་པོ་ལ་ངོ་ལོག་བྱས་ནས་ཡོང་བ་མ་ཡིན་ནམ། ཕོ་མིན་མོ་མིན་མ་ཡིན་ནམ་སོགས་དྲི་བ་བཞི་བཅུ་ལྷག་ཙམ་བཏོན་རྒྱུ་ཡོད་པ་དེ་རྣམས་ལ་ལན་རྒྱག་དགོས། ཕ་མ་དང་བླ་མའི་སྲོག་བཅད་པ་ཡིན་ཕྱིན་རང་ལ་སྲོག་གཅོད་ཀྱི་སྡིག་པ་ཡོད་པས་གྲྭ་པ་བྱེད་མི་ཆོག ཡུལ་གྱི་རྒྱལ་པོ་ལ་ངོ་ལོག་བྱས་ཡོད་ན་ཁྱེད་རང་གྲྭ་པ་བྱས་རུང་རྗེས་སུ་རྒྱལ་པོས་བཟུང་ཉེན་ཡོད། དེ་བཞིན་གྲྭ་པ་བྱེད་པར་འགྲོ་སྐབས་རང་གི་ཕ་མ་ལ་གསང་བ་བྱེད་མི་ཆོག་པ་ཡིན། དེར་བརྟེན་གྲྭ་པའི་ཁྲིམས་ཀྱི་སྐོར་ལ་བརྟག་དཔྱད་བྱེད་རྒྱུ་ཧ་ཅང་མང་པོ་ཡོད། ཕ་མ་བསད་མྱོང་ཡོད་ན་གྲྭ་པ་བྱས་མི་ཆོག་ཟེར་བ་དེ་ནི་ཕ་མ་བསད་པའི་སྡིག་པ་དེས་རང་སྐྱེ་བ་མང་པོའི་རིང་ཆོས་ག་ཚོད་བྱས་ནའང་འབྲས་བུ་རྩ་བ་ནས་ཐོབ་རྒྱུ་མེད་པས་ཆོས་བྱས་མ་བྱས་གཉིས་ཁྱད་པར་རྩ་བ་ནས་མེད་ཟེར། གང་ལྟར་ཁྲིམས་ཀྱི་ནང་དུ་བརྟག་དཔྱད་བྱེད་རྒྱུ་མང་པོ་ཡོད། ཁྲིམས་དེ་ཚོ་ཇི་ལྟར་བྱུང་མིན་སྐོར་ལོ་རྒྱུས་ཀྱི་སྒྲུང་རེ་རེ་ཡོད། གོང་དུ་ཞུས་པ་ལྟར་སངས་རྒྱས་ཤཱཀྱ་མུ་ནེས་སངས་རྒྱས་ཆོས་ལུགས་དར་སྤེལ་བཏང་ནས་ཆོས་ཁྲིམས་མང་པོ་བཟོས་པའི་དུས་སྐབས་སུ་རྒྱ་གར་གྱི་སྤྱི་ཚོགས་དེ་ནི་བྲན་གཡོག་གི་སྤྱི་ཚོགས་དང་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་གཉིས་ཀ་ཡོད་པ་ཞིག་རེད་ཅེས་བཤད་རྒྱུའི་ཁུངས་སྐྱེལ་ས་དེ་གྲྭ་པའི་ཁྲིམས་ཀྱི་ལོ་རྒྱུས་ཀྱི་ཐོག་ནས་ཁུངས་སྐྱེལ་དགོས། ཁྲིམས་ཀྱི་ལོ་རྒྱུས་དེ་དག་ནང་བལྟ་སྐབས་ལ་ལ་ནི་བཀས་བཀོད་རྒྱུད་འཛིན་གྱི་བསམ་བློ་དང་མཐུན་པ་དང༌། ལ་ལ་ནི་བྲན་གཡོག་སྤྱི་ཚོགས་ཀྱི་བསམ་བློ་དང་མཐུན་པ་སོགས་མང་པོ་ཡོད་པར་བརྟེན་སྐབས་དེ་དུས་རྒྱ་གར་གྱི་སྤྱི་ཚོགས་དེ་བྲན་གཡོག་སྤྱི་ཚོགས་ཡིན་པ་དང༌། རྦད་དེ་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ལ་སླེབས་མེད་ཅེས་བཤད་ན་འགྲིག་པ་ཞིག་རེད།

དགེ་ཚུལ་དང་དགེ་སློང་ལ་ཁྲིམས་དེ་འདྲ་མང་པོ་ཡོད་པ་དང་དགོན་པ་སོ་སོ་ལའང་ཆོས་ཁྲིམས་ཡོད་པས་དེ་དག་དང་འགལ་ཚེ་ཆད་པ་ཇི་ལྟར་གཅོད་ཀྱི་ཡོད་དམ་ཞེ་ན། དགེ་ཚུལ་ལ་ཆ་བཞག་ན་ལོ་བརྒྱད་ནས་ཉི་ཤུ་བར་དགེ་ཚུལ་བྱེད་དགོས་པ་ལས་ལོ་ཉི་ཤུར་མ་སླེབས་བར་དགེ་སློང་བྱས་མི་ཆོག དེའི་རིང་རང་ཉིད་དགེ་རྒན་གྱི་མདུན་དུ་བསྡད་ནས་སོ་སོའི་ཡོན་ཏན་སློབ་སྦྱོང་དང་དེ་བཞིན་ཆོས་ཀྱི་ཁྲིམས་དེ་གོམས་འདྲིས་བྱེད་དགོས་པ་ལས་སོ་སོ་ཁང་པ་ལོགས་སུ་ཟིན་པ་དང་དགེ་ཕྲུག་ཉར་བ་སོགས་བྱས་མི་ཆོག་པར་དེའི་རིང་རང་ཉིད་བྱིའུ་ཕྲུག་གཤོག་རྩལ་མ་རྒྱས་པ་ལྟ་བུ་ཞིག་ཡིན། དེ་དུས་ཀྱི་དགེ་རྒན་དེ་ལ་ཀློག་པའི་སློབ་དཔོན་ཟེར། ཀློག་པའི་སློབ་དཔོན་ནི་གཙོ་བོ་དཔེ་ཆ་དང་ཆོས་ཀྱི་ཁྲིམས་རྣམས་སློབ་མཁན་གྱི་སློབ་དཔོན་རེད། སྐབས་དེའི་རིང་དགེ་ཚུལ་གྱིས་ཆོས་ཀྱི་ཁྲིམས་དང་འགལ་ཚེ་ཆད་པ་གཅོད་སྟངས་དོན་ཚན་ལྔ་ཡོད་པ་ལས་དང་པོ་ནི། ཆད་པ་གཅོད་སའི་ཡུལ་དེ་ཡིན། དེ་ལའང་ནང་གསེས་ཁྱད་ཆོས་དགུ་ཡོད་པ་ལས། ༡. གསོ་རུང་བ་སྟེ། ཁྲིམས་དང་འགལ་བའི་ཉེས་པ་བྱུང་རྗེས་སློབ་གསོ་བརྒྱབ་ནས་མི་བཟང་པོ་ཆགས་ཐུབ་པའི་རེ་བ་ཡོད་པ་དེ་ལ་ཟེར། གཞན་ཡང་སོ་སོ་ལ་ཉེས་པ་བྱུང་རྗེས་སྦ་གསང་མེད་པར་ཕྱི་ཉིན་ནམ་མ་ལངས་གོང་ངོས་ལེན་ཞུ་དགོས་ཤིང༌། གལ་ཏེ་དུས་བཀག་གོང་ངོས་ལེན་མ་ཞུས་ཚེ་ཉེས་པ་དེ་གསོ་རུང་བ་མ་ཡིན་པས་དགོན་པ་ནས་ཕྱིར་འབུད་པའི་ཚད་ལ་སླེབས་པ་ཡིན། ༢. ཤེས་པ་རང་བཞིན་དུ་གནས་པ་སྟེ། སེམས་ཟང་ཟིང་ཆགས་ནས་སྨྱོ་བ་ལྟ་བུའམ་སེམས་འཁྲུགས་ནས་བརྟན་པོ་མེད་པའི་རིགས་མ་ཡིན་པ།(སྨྱོན་པ་ལ་ཆད་པ་བཅད་ན་མི་འགྲིག) ༣། ལུས་ཐ་མལ་དུ་གནས་པ་སྟེ། རང་གི་ལུས་པོ་མ་ཡིན་པར་གཞན་གྱི་ལུས་ལ་རྫུ་འཕྲུལ་བསྟན་པ་དེ་འདྲ་མིན་པ། ༤. གནས་ནས་ཕྱུང་བ་མ་ཡིན་པ་སྟེ། དགོན་པའི་སྐྱིད་སྡུག་ནས་ཕྱིར་འབུད་བྱས་པ་མ་ཡིན་པ་(ཕྱིར་འབུད་བྱས་ཟིན་པ་ལ་ཆད་པ་གཅོད་དགོས་དོན་མེད)། ༥. ལྟ་བ་མཐུན་པ་སྟེ། སངས་རྒྱས་ཆོས་ལུགས་དང་མ་མཐུན་པའི་ལྟ་བ་ཁས་ལེན་མཁན་མིན་པ།(དེ་ཡང་སངས་རྒྱས་ཆོས་ལུགས་ཀྱི་སྤྱིའི་ལྟ་ཚུལ་ཁས་ལེན་མཁན་ཞིག་ཡིན་དགོས་པ་ལས་དཔེར་ན་གསང་སྔགས་ཀྱི་ཆོས་ཁས་ལེན་དང་མི་ལེན་སོགས་ལ་གནད་འགག་མེད་ཅིང༌། གཙོ་བོ་ལས་རྒྱུ་འབྲས་ཁས་ལེན་དང༌། སྐྱེ་བ་སྔ་ཕྱི་ཁས་ལེན། དཀོན་མཆོག་གསུམ་ཁས་ལེན་པ་ཞིག་དགོས། དེ་དག་ཁས་མི་ལེན་མཁན་ལ་ཆོས་ཁྲིམས་ཀྱི་ཆད་པ་བཅད་ན་མི་འགྲིག) ༦. ནད་པ་མ་ཡིན་པ་སྟེ། ནད་པ་ཡིན་ན་སྔོན་ལ་སྨན་བཅོས་བྱས་ཏེ་ན་ཚ་མ་དྲག་བར་ཆད་པ་གཅོད་མི་ཆོག ༧. ཤོག་ཁག་མང་པོ་ཡོད་པ་མ་ཡིན་པ་སྟེ། ཆད་པ་གཅོད་སའི་མི་དེ་ལ་ཁོངས་གཏོགས་ཀྱི་ཤོག་ཁག་མང་པོ་ཡོད་ན་མི་འགྲིག དཔེར་ན་རྒྱབ་རྩ་བྱེད་མཁན་ཤོག་ཁ་ཤུགས་ཆེན་ཡོད་མཁན་ལ་ཆད་པ་གཅོད་མི་ཆོག ༨. རང་གི་སློབ་མ་ཡིན་པ་ཞིག་སྟེ། ཆད་པ་གཅོད་ས་དེ་རང་གི་སློབ་མ་ཡིན་པ་ཞིག་དགོས་པ་ལས་མི་གཞན་གྱི་སློབ་མ་ལ་ཆད་པ་གཅོད་མི་ཆོག ཡང་རང་གི་སློབ་མ་ཡིན་ནའང་རང་དང་བླ་སློབ་ཀྱི་འབྲེལ་བ་ཡོད་པ་ཁས་ལེན་མཁན་ཞིག་དགོས་པ་ལས་སྔོན་མ་རང་ཁོའི་དགེ་རྒན་ཡིན་ནའང་ད་ལྟ་ཁོས་རང་ཉིད་ཀྱི་སློབ་དཔོན་ཡིན་པར་ཁས་མི་ལེན་མཁན་ཞིག་ཡིན་ན་ཆད་པ་གཅོད་མི་ཆོག་པར་བརྟེན་བླ་སློབ་ཀྱི་འབྲེལ་བ་སྔར་མུས་སུ་ཡོད་པ་ཞིག་དགོས། ༩. ཆད་པ་གཅོད་རྒྱུའི་ཆ་རྐྱེན་ནམ་རྒྱུ་ལྔ་ཙམ་ཚང་བ་ཞིག་དགོས་པ་སྟེ། དད་པ་མེད་པ། དཀོན་མཆོག་གསུམ་ལ་དད་པ་མེད་པ་དང༌། རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པའམ་ལས་རྒྱུ་འབྲས་ལ་ཡིད་ཆེས་མེད་པ། ལེ་ལོ་ཅན། ཡོན་ཏན་སོགས་ལ་སྦྱངས་བརྩོན་རྩ་བ་ནས་མི་བྱེད་མཁན། བཀའ་བློ་མི་སྟེར་བ་སྟེ། དགེ་རྒན་གྱིས་སློབ་གསོ་བཏང་བ་དང་སྐྱོན་བརྗོད་བྱས་པ་རྣམས་ཁས་མི་ལེན་པའམ་དེ་ལ་ངོ་རྒོལ་བྱས་ཏེ་དང་ལེན་མི་ཞུ་བ། ཁྲིམས་ལ་མ་འདུས་པ་སྟེ། སངས་རྒྱས་ཆོས་ལུགས་ཀྱི་ཆོས་ཁྲིམས་དང་དགོན་པའི་དམིགས་བསལ་གྱི་ཁྲིམས་ལ་བརྩི་བཀུར་མི་ཞུ་བ། གཞན་ལ་ངན་སྒྲོག་བྱས་པ་སྟེ། མི་གཞན་ལ་ངན་ལབ་བརྒྱབ་སྟེ་རང་གི་སློབ་དཔོན་ལ་ངོ་རྒོལ་དང་དགོན་པའི་ཆོས་ཁྲིམས་ལ་ངོ་རྒོལ་བྱས་པ་ལ་ཟེར། དེ་ཡང་རང་གིས་གཞན་ལ་ངན་སྐུལ་བྱས་པའམ་གཞན་གྱིས་རང་ལ་ངན་སྐུལ་བྱས་པ་གང་ཡིན་ལ་མ་ལྟོས་པར་ཚང་མ་གཞན་ལ་ངན་སྒྲོག་བྱས་པའི་ཁོངས་སུ་གཏོགས་པ་ཡིན། གོང་གསལ་དེ་ལྔ་པོ་ནི་ཆད་པ་གཅོད་རྒྱུའི་ཆ་རྐྱེན་ལྔ་ཡིན་ཅིང༌། དེའི་ནང་ནས་ཆ་རྐྱེན་གང་ཞིག་ཚང་ནའང་ཆད་པ་བཅད་ཆོག་པ་ལས་ཆ་རྐྱེན་ལྔ་ཚང་མ་ཚང་དགོས་པའི་ངེས་པ་མེད།

ཆད་པ་གཅོད་སྟངས་དོན་ཚན་གཉིས་པ། ཆད་པ་གཅོད་མཁན་དེ་གང་འདྲ་ཞིག་དགོས་པའི་སྐོར་ལས། ཆད་པ་གཅོད་ཡུལ་དགེ་ཚུལ་དེའི་སློབ་དཔོན་ཡིན་པ་ཞིག་དང༌། ཆད་པ་གཅོད་མཁན་རང་ཉིད་ཆད་པ་གཅོད་རྒྱུའི་ཆ་རྐྱེན་ལྔ་དང་མི་ལྡན་པ་ཞིག ཆད་པ་གཅོད་པའི་ཐབས་ཤེས་ལ་མཁས་པ་ཞིག་བཅས་དགོས་པ་ཡིན། ཆད་པ་གཅོད་པའི་ཐབས་ལ་མཁས་པ་ཞིག་མེད་ན་ཆད་པ་བཅད་རྗེས་མི་བཟང་པོ་ཞིག་ལ་བསྒྱུར་རྒྱུའི་རེ་བ་དེ་སྒྲུབ་མི་ཐུབ། གོང་གསལ་གསུམ་པོ་དེ་ནི་ཆད་པ་གཅོད་མཁན་ལ་ལྡན་དགོས་པའི་ཁྱད་ཆོས་ཡིན།

ཆད་པ་གཅོད་པའི་དུས་ཚོད་ཀྱི་སྐོར་སྟེ། དབྱར་ཁྲིམས་ཀྱི་དུས་མ་ཡིན་པ། དབྱར་ཁྲིམས་ཟླ་བ་གསུམ་གྱི་རིང་ལ་མི་གཞན་དག་ལ་ཆད་པ་གཅོད་མི་ཆོག ཆད་པ་བཅད་ཚེ་དགེ་འདུན་ཤོག་ཁ་གཉིས་སུ་གྱེས་པའི་ཉེན་ཁ་མེད་པ་ཞིག་དགོས་པ། ཕར་ཕྱོགས་བློ་བདེ་པོ་བྱེད་པའི་གོ་སྐབས་དགོས་པ།

ཆད་པ་གཅོད་སྟངས་ཀྱི་ནང་གསེས་དོན་ཚན་བཞི་པ། ཆད་པ་གཅོད་སྟངས་སྐོར། ཆད་པ་བཅད་པའི་ཉིན་མོ་ནས་བཟུང་བླ་སློབ་བར་དང༌། དེ་བཞིན་ཁོ་རང་གི་གྲོགས་པོ་སོགས་ཀྱིས་ཁོ་དང་སྐད་ཆ་ཤོད་རེས་བྱེད་མི་ཆོག ཆད་པ་བཅད་པའི་ཉིན་མོ་ནས་བཟུང་སློབ་མ་དེ་ལ་ཡོན་ཏན་སློབ་མཚམས་འཇོག་དགོས་པ་དང༌། ཆོས་ཤོད་མཚམས་འཇོག་དགོས། བླ་མ་དང་དགེ་རྒན་གཞན་གྱི་མདུན་དུ་ཡོན་ཏན་སློབ་པ་དང་ཆོས་ཉན་པར་གཏོང་མི་ཆོག་པ་དང༌། ཉིན་དེ་ནས་བཟུང་སློབ་དཔོན་དང་མཉམ་དུ་ཟས་ཟ་མི་ཆོག ཆོས་ཀྱི་བྱ་བ་མཚམས་འཇོག་བྱེད་དུ་བཅུག་པ། ཆོས་ཀྱི་བྱ་བ་ཚམས་འཇོག་བྱས་པ་ཟེར་བ་ནི་མཆོད་མཇལ་ལ་འགྲོ་རྒྱུ་དང༌། དཔེ་ཆ་ཀློག་པ། ཁ་འདོན་བྱེད་པ། དེ་བཞིན་ཁོ་རང་རྣམ་ཀུན་བྱེད་རྒྱུའི་ཆོས་ཀྱི་ལས་ཀ་རྣམས་བྱེད་དུ་མི་འཇུག་པ། གནས་བཀག་པ། ཆད་པ་བཅད་པའི་རིང་ལ་སློབ་དཔོན་གཞན་གྱི་སྐུ་མདུན་དུ་ཆོས་ཞུ་བར་གཏོང་མི་ཆོག་ལ་སོ་སོས་ཀྱང་སློབ་མ་བསྟེན་མི་ཆོག

ཆད་པ་གཅོད་སྟངས་ནང་གསེས་དོན་ཚན་ལྔ་པ། ཆད་པ་བཅད་ཟིན་རྗེས་ཇི་ལྟར་བྱ་རྒྱུའི་སྐོར།

ཆད་པ་བཅད་ཟིན་རྗེས་ཆད་པ་གཅོད་ཡུལ་དེས་དགོངས་དག་ཐུགས་བདེན་ཞུ་བ་དང་འབྲེལ་སྔོན་ཆད་རྒྱབ་བསྐྱུར་དང་ཕྱིན་ཆད་སྤངས་ལེན་བྱ་རྒྱུའི་ཁས་ལེན་གཙང་མ་ཟིན་རྗེས་སོ་སོའི་གྲལ་དེ་སླར་ཡང་བསྐྱར་གསོ་བྱེད་ཆོག་ཅིང༌། དགོངས་དག་ཐུགས་བདེན་ཞུས་ཟིན་རྗེས་སློབ་དཔོན་གྱིས་ཀྱང་དགོངས་པ་དྭངས་དགོས་པ་ལས་ད་དུང་མུ་མཐུད་དགོངས་པ་མ་དྭངས་བར་བསྡད་ན་མི་འགྲིག

དགེ་སློང་ལ་ཆད་པ་གཅོད་སྐབས་ཚོགས་ཆེན་འཚོགས་དགོས། དགེ་ཚུལ་ཡིན་ན་སོ་སོའི་དགེ་རྒན་གྱིས་ཆད་པ་བཅད་ཆོག དགེ་སློང་ལ་ཚོགས་ཆེན་ཐོག་ཆད་པ་གཅོད་དགོས་པའི་རྒྱུ་མཚན་ནི་དགེ་སློང་དང་པོ་སྡོམ་པ་ཞུ་དུས་དགེ་སློང་མང་པོ་ཚོགས་པའི་དཀྱིལ་ནས་སྡོམ་པ་ཞུས་པ་ཡིན་སྟབས་ཆད་པ་གཅོད་སྐབས་ཀྱང་དགེ་སློང་འཚོགས་པའི་དབུས་སུ་ཆད་པ་གཅོད་པ་ལས་མི་སྒེར་གྱིས་རང་དགར་ཆད་པ་གཅོད་མི་ཆོག དགེ་སློང་ལ་བསླབ་པ་སྦྱིན་དགོས་ཚེ་བསླབ་པ་སྦྱིན་མཁན་དེ་དགེ་འདུན་ཡིན་པ་ཞིག་དགོས་པ་དང༌། ཉུང་ཤོས་ལའང་དགེ་སློང་བཞི་འཛོམས་དགོས་པ་དེ་དང་པོ་རེད། གཉིས་པ་དགོན་པ་དེའི་ནང་གི་འདུལ་བའི་ཁྲིམས་ལ་མཁས་པའི་སློབ་དཔོན་དང་མཁན་པོ་ཞིག་ཡིན་གཅིག་དགོས་པ་ཡིན། གསུམ་པ་དགོན་པ་དེའི་ནང་དུ་ཚུལ་ཁྲིམས་ཁས་ལེན་དང་ཚུལ་ཁྲིམས་ཡོད་པ་ཞིག་དགོས་ཀྱི་རེད།

 

གཉིས་པ། ཐེག་པ་ཆེན་པོའི་ལམ་ལ་སློབ་ཚུལ།

 

ཐེག་པ་ཆེན་པོ་ཞེས་པ་ནི་འཁུར་ཆེན་པོ་བླངས་པའི་དོན་ཡིན་ཏེ་དེ་ནི་རང་ཉིད་གཅིག་པུ་འཁོར་བ་དང་ངན་སོང་གི་གནས་ནས་ཐར་བ་ཙམ་གྱིས་མ་འགྲིག་པར་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་གནས་ལས་ཐར་བ་བྱ་རྒྱུའི་འཁུར་ཆེན་པོ་བླངས་པ་དེ་ཡིན། དེས་ན་ཐོག་མ་རང་ལ་སེམས་ཅན་ཐམས་ཅད་འཁོར་བ་ནས་སྐྱོབ་ཐུབ་པའི་ནུས་པ་ཡོད་དགོས་པས་དེ་འདྲའི་ནུས་པ་ཡོད་མཁན་དེ་སངས་རྒྱས་ཁོ་ན་ལས་གཞན་མེད་པར་བརྟེན་སྔོན་ལ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་ཉིད་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་བྱ་རྒྱུའི་བསམ་བློ་དེ་འདྲ་ཞིག་ཡོད་དགོས་པ་དང༌། བསམ་བློ་དེ་འདྲ་ཞིག་བྱུང་བ་དེ་ལ་བྱང་ཆུབ་ཀྱི་སེམས་ཟེར། བྱང་ཆུབ་ཀྱི་སེམས་ཞེས་པ་དེ་ལ་གཞན་དོན་དོན་གཉེར་གྱི་བསམ་པ་དང་བྱང་ཆུབ་དོན་གཉེར་གྱི་བསམ་པ་སྟེ་བསམ་བློ་གཉིས་ཚང་དགོས། དེ་ནི་གཞན་དོན་བྱེད་འདོད་ཀྱི་བསམ་བློ་དང་སངས་རྒྱས་ཐོབ་འདོད་ཀྱི་བསམ་བློ་དེ་གཉིས་ཡིན་ཞིང༌། དེ་གཉིས་ཀ་ཚང་བ་ལ་བྱང་ཆུབ་ཀྱི་སེམས་ཟེར། དེ་འདྲའི་བྱང་ཆུབ་ཀྱི་སེམས་དེ་རྒྱུ་འབྲས་མན་ངག་བདུན་གྱི་ཐོག་ནས་སྐྱེ་བ་བྱེད་དགོས། སྐབས་འདིར་མན་ངག་ཅེས་པ་དེ་བྱང་ཆུབ་ཀྱི་སེམས་དེ་རང་གི་བསམ་བློའི་ཐོག་སྐྱེ་རྒྱུའི་ཐབས་ཤེས་དེ་ལ་གོ་དགོས། འོན་ཀྱང་དཔེར་ན་ཤིང་བཟོ་མགྱོགས་པོ་ཤེས་པའི་ཐབས་ཤེས་ལྟར་བུར་ཤིང་བཟོ་མགྱོགས་པོ་ཤེས་པའི་མན་ངག་ཅེས་བཤད་ན་མི་འགྲིག་པར་དེ་གཉིས་དོན་མཚུངས་རུང་ཚིག་བེད་སྤྱོད་གཏོང་སྐབས་ལོགས་སུ་བཀར་བ་ཡིན། བྱང་ཆུབ་ཀྱི་སེམས་སྐྱེ་བའི་ཐབས་ཤེས་བདུན་ཏེ་རྒྱུ་འབྲས་མན་ངག་བདུན་དང༌། གཞན་ཞིག་སྟེ་བདག་གཞན་མཉམ་བརྗེ་ཟེར་བ་དེ་ཡིན།

༡. བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཚུལ།

གོང་དུ་བཤད་པ་ལྟར་བསླབ་པ་གསུམ་གྱི་ལམ་ལ་བརྟེན་ནས་རང་ཉིད་འཁོར་བ་ལས་ཐར་ཙམ་ཞིག་འབྱུང་ཡང་དེ་ཙམ་གྱིས་མ་འགྲིག་པར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱིས་མནར་བཞིན་པ་ཡིན། སྡུག་བསྔལ་གྱིས་མནར་བའི་སེམས་ཅན་དེ་དག་ཐམས་ཀྱང་ཚེ་རབས་དུ་མ་རང་གི་ཨ་མ་བྱེད་མ་མྱོང་བ་གཅིག་ཀྱང་མེད་པས་དེ་དག་ཐམས་ཅད་སྡུག་བསྔལ་ལས་ཐར་བ་བྱེད་དགོས། འོན་ཀྱང་ད་ལྟ་རང་ལ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལྟ་ཞོག་སེམས་ཅན་གཅིག་ཀྱང་སྡུག་བསྔལ་ལས་སྒྲོལ་བའི་ནུས་མེད། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་ཐུབ་པའི་ནུས་པ་དེ་སུ་ལ་ཡོད་ཟེར་ན། སངས་རྒྱས་བཅོམ་ལྡན་འདས་ལ་ཡོད། ཁོང་ལ་སྐུ་གསུང་ཐུགས་གསུམ་དང་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པ་ཡོད་པས་ཁོང་གི་གོ་འཕང་དེ་ངས་ཐོབ་ནུས་ན་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་བྱེད་ནུས་པར་འདུག་བསམ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བསམ་པ་སྐྱེ་བའི་འགོ་ཚུགས་ཏེ་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་ཡིན། དེ་འདྲའི་བྱང་ཆུབ་ཀྱི་སེམས་དེ་སྐྱེ་བའི་ཐབས་ལ་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་བསྐྱེད་ཚུལ་དང༌། བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་བསྐྱེད་ཚུལ་གཉིས་ཡོད།

རྒྱུ་འབྲས་མང་ངག་བདུན་གྱི་སྒོ་ནས་བློ་སྦྱོང་ཚུལ་འདི་ནི་རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་<<བསྟན་བཅོས་མངོན་རྟོགས་རྒྱན་>>ལས་གསུངས་པའི་མན་ངག་ཡིན་ཅིང༌། གོ་དོན་ནི་བཏང་སྙོམས། མར་ཤེས། དྲིན་དྲན། དྲིན་གཟོ། ཡིད་འོང་བྱམས་པ། སྙིང་རྗེ་ཆེན་པོ། ལྷག་བསམ་རྣམ་དག་བཅས་བདུན་ཡོད་པའི་ནང་ནས་བཏང་སྙོམས་ནས་ཡིད་འོང་གི་བྱམས་པའི་བར་ལྔ་པོ་དེ་ནི་རྒྱུ། རྒྱུ་དེ་ལ་བརྟེན་ནས་འབྲས་བུ་སྙིང་རྗེ་ཆེན་པོ་དང་ལྷག་བསམ་རྣམ་དག་གཉིས་འབྱུང་ཞིང༌། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་འབྱུང་བའི་རྒྱུ་མཚན་གྱིས་རྒྱུ་འབྲས་མན་ངག་བདུན་ཞེས་བརྗོད་པ་ཡིན་ལ། ཡང་ན་མན་ངག་རྒྱུ་འབྲས་བདུན་ཟེར་ཀྱང་ཆོག་ཅེས་མཁས་པ་མང་པོས་གསུངས་མྱོང་ཡོད། རྒྱུ་འབྲས་མན་ངག་བདུན་གྱི་ནང་ནས་སྙིང་རྗེ་ཆེན་པོ་དང་ལྷག་བསམ་རྣམ་དག་གཉིས་འབྲས་བུར་འཇོག་དགོས་པའི་རྒྱུ་མཚན་ནི། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་ནི་སྙིང་རྗེ་ཆེན་པོ་ཡིན་ཞིང༌། དེ་ཡང་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་འདོད་ཀྱི་སྙིང་རྗེ་ཙམ་ཉན་ཐོས་དང༌། རང་རྒྱལ། དགྲ་བཅོམ་པ་ལའང་ཡོད་པས། ཐེག་པ་ཆེན་པོའི་ལམ་གྱི་རྩ་བར་གྱུར་པའི་སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་སྙིང་རྗེ་ཆེན་པོ་ཞིག་དགོས། དེ་འདྲའི་སྙིང་རྗེ་ཆེན་པོ་དེ་ཡང་བཏང་སྙོམས་ནས་ཡིད་འོང་བྱམས་པའི་བར་གྱི་སེམས་ལྔ་ལ་བརྟེན་ནས་སྐྱེ་དགོས་ཤིང༌། སྙིང་རྗེ་ཆེན་པོ་བཅོས་མ་མ་ཡིན་པ་ཞིག་སྐྱེས་ན་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྐྱབ་པར་འདོད་པའི་ཁུར་རང་ཉིད་ཀྱིས་འཁུར་རྒྱུའི་ལྷག་བསམ་འབྱུང་བ་དང༌། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་བྱང་ཆུབ་ཀྱི་སེམས་ཤིག་སྐྱེ་བར་འདོད་པ་ཡིན། གཤམ་དུ་རྒྱུ་འབྲས་མན་ངག་བདུན་སོ་སོའི་ངོས་འཛིན་གནད་བསྡུས་ཙམ་འགོད་ན།

༡. བཏང་སྙོམས། བཏང་སྙོམས་ཞེས་པའི་གོ་དོན་ནི་དགྲ་གཉེན་དབྱེ་བ་མེད་པའི་དོན་ཡིན་ཏེ་རང་གི་སེམས་དེ་དགའ་སར་ཕྱོགས་ཞེན་དང་མི་དགའ་སར་ཁོང་ཁྲོ་བྱེད་པ་དེ་བཀག་ནས་ཕྱོགས་གཉིས་ཀར་སྙོམས་པོ་བཟོས་པའི་དོན་ཡིན་ཅིང༌། དཔེར་ན། ས་ཞིང་ཁོད་སྙོམས་པོ་མེད་ན་སྟོན་འབྲས་ཡག་པོ་ཡོང་མི་ཐུབ་པ་ལྟར་རང་གི་སེམས་དེ་བཏང་སྙོམས་སུ་མ་གནས་ན་བྱང་ཆུབ་ཀྱི་སེམས་རང་གི་རྒྱུད་ལ་སྐྱེ་ཐུབ་ཐབས་མེད་ཟེར། སྤྱིར་བཏང་སྙོམས་ལ་འདུ་བྱེད་བཏང་སྙོམས་དང༌། ཚོར་བ་བཏང་སྙོམས། ཚད་མེད་བཏང་སྙོམས་གསུམ་ལས་འདུ་བྱེད་བཏང་སྙོམས་ནི་ང་རང་ཚོས་རྒྱུན་དུ་སློབ་སྦྱོང་བྱེད་སྐབས་བརྩོན་འགྲུས་ཧ་ཅང་ཤུགས་ཆེན་པོ་བྱེད་པ་དེ་མིན་ལ་སྐབས་རེ་བྱེད་པ་དང་སྐབས་རེ་མི་བྱེད་པ་དེ་འདྲ་ཡང་མ་ཡིན་པར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བྱེད་པ་ལ་ཟེར། ཚོར་བ་བཏང་སྙོམས་ནི་ཚད་མ་རིག་པ་ཁྲིད་སྐབས་ཞུས་ཟིན་པ་ལྟར་ཚོར་བ་བདེ་བ་མ་ཡིན་པ་དང་སྡུག་བསྔལ་ཡང་མ་ཡིན་པ་སྙོམས་པོ་ཞིག་ལ་ཟེར། ཚད་མེད་བཏང་སྙོམས་ནི་ད་ལྟ་རྒྱུ་འབྲས་མན་ངག་བདུན་ནང་གི་བཏང་སྙོམས་དེ་ཡིན་ཞིང༌། དེ་ནི་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བཏང་སྙོམས་སྒོམ་པ་དེ་ཡིན། དེ་ཡང་ཐོག་མ་བཏང་སྙོམས་སྒོམ་པའི་སྐབས་སུ་སེམས་ཅན་ཐམས་ཅད་ལ་བསམ་བློ་གཏོང་རྒྱུ་མེད་པར་མི་གསུམ་ལ་བསམ་བློ་གཏོང་དགོས་པ་སྟེ། དེ་ནི་ཕན་ཚུན་མཐོང་བ་ཙམ་གྱིས་ཁོང་ཁྲོ་སྐྱེ་དགོས་པའི་མི་ཞིག་དང༌། རང་གི་གཉེན་གྱི་ནང་ནས་ཕན་ཚུན་འབྲལ་མི་ཕོད་པའི་མི་ཞིག རང་གིས་དགའ་པོ་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པའི་མི་ཞིག་བཅས་མི་གསུམ་པོ་དེ་རང་གི་མདུན་དུ་ཡོད་པ་ལྟ་བུའི་བསམ་བློ་གཏོང་དགོས། དེ་ཡང་གོ་རིམ་བཞིན་ཐོག་མ་ཕན་ཚུན་མཐོང་བ་ཙམ་གྱིས་ཁོང་ཁྲོ་སྐྱེ་བའི་རང་གི་དགྲ་དེ་ལ་བསམ་བློ་བཏང་སྟེ་ང་གཉིས་ཚེ་ད་རེས་ལས་ཀྱི་དབང་གིས་ཕན་ཚུན་དགྲ་ཟླར་གྱུར་ཡང་དེ་སྔ་ཚེ་རབས་དུ་མར་རང་དང་ཕན་ཚུན་ཕ་མ་བུ་ཕྲུག་གི་འབྲེལ་བ་ཆགས་ཏེ་ཁ་འབྲལ་མི་ཕོད་པར་མིག་ཆུ་བཏང་བ་ཁོ་ན་ཡང་རྒྱ་མཚོ་ཆེན་པོ་ཙམ་ཡོད་ལ། ད་དུང་རང་ཉིད་ཉོན་མོངས་དུག་གསུམ་སྤངས་ནས་འཁོར་བ་ལས་མ་ཐར་ན་སླད་སྐྱེ་བ་རྗེས་མར་ཡང་བསྐྱར་ཕ་མ་སྤུན་མཆེད་དམ་གྲོགས་པོ་གྲོགས་མོར་འགྱུར་བ་ཡང་ཡོང་སྲིད་པས་ཕན་ཚུན་ཁོང་ཁྲོ་བྱེད་དགོས་པའི་རྒྱུ་མཚན་མི་འདུག་སྙམ་ནས་ཁོང་ཁྲོ་དང་ཞེ་སྡང་གི་བསམ་བློ་དེ་འགོག་དགོས་པ་དང༌། ཡང་རང་གི་གཉེན་ཉེའི་ནང་ནས་ཕན་ཚུན་འབྲལ་མི་ཕོད་པའི་མི་དེར་བསམ་བློ་བཏང་སྟེ་ཚེ་ད་རེས་ང་གཉིས་ལུས་པོ་གཉིས་ལ་སེམས་གཅིག་ལྟ་བུའི་བརྩེ་སེམས་ཡོད་ནའང་དེ་སྔ་ཚེ་རབས་དུ་མར་ང་གཉིས་ཕན་ཚུན་དགྲ་རུ་ལངས་ནས་གསོད་རེས་ཀྱང་ཐེངས་མང་བྱས་ཟིན་པ་ཡིན་པས་ཚེ་ད་རེས་ཕན་ཚུན་ཆགས་ཞེན་དགོས་དོན་གང་ཡང་མི་འདུག ད་དུང་སོ་སོའི་ཉོན་མོངས་དུག་གསུམ་མ་སྤངས་ཚེ་སྐྱེ་བ་རྗེས་མ་མུ་མཐུད་གསོད་རེས་བྱེད་དགོས་མིན་ཡང་གཏན་འཁེལ་མེད་སྙམ་པའི་བསམ་བློ་བཏང་སྟེ་གཉེན་ལ་ཆགས་ཞེན་བྱེད་པ་དེ་འགོག་དགོས། དེ་རྗེས་རང་དང་དགའ་བོ་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པའི་མི་དེ་ལ་ཡང་གོང་ལྟར་བསམ་བློ་བཏང་ནས་བསམ་བློ་ཁོད་སྙོམས་པོ་བཟོ་དགོས། བསམ་བློ་ཁོད་སྙོམས་པོ་བྱུང་རྗེས་གཞི་ནས་རྒྱུ་འབྲས་མན་ངག་བདུན་གྱི་གཉིས་པ་མར་ཤེས་ཟེར་བ་དེར་སླེབས་ཀྱི་རེད། མར་ཤེས་ཞེས་པར་མ་སླེབས་གོང་རང་གི་ཚེ་འདིའི་ཨ་མ་ལ་བསམ་བློ་གཏོང་དགོས་ཤིང༌། དཔེ་ཆའི་ནང་ཤོད་སྟངས་ལྟར་ན་རང་གི་ཨ་མ་དེ་འདྲ་ཆགས་པོ་ཞིག་ཡོད་ནའང་དེ་ལྟར་འདྲ་ཆགས་པོ་ཡོད་པའི་བསམ་བློ་མ་བཏང་བར་རྒས་མོ་ཉམ་ང་བ་ཞིག་ཡོད་པའི་བསམ་བློ་བཏང་ཐོག་དེ་དང་ཆབས་ཅིག་ཨ་མའི་དྲིན་རྣམས་དྲན་པར་བྱས་ཏེ་ངས་ཨ་མ་ལ་ཟས་ཞིམ་པོ་ཞིག་དང་གོས་དྲོ་པོ་ཞིག་སྦྱིན་སྙམ་པའི་བསམ་བློ་ཞིག་མ་འཁོར་བར་དུ་བསམ་བློ་གཏོང་དགོས། རང་གི་ཨ་མའི་དྲིན་རྣམས་ངོས་བཟུང་ཐུབ་ཚེ་གཞི་ནས་སེམས་ཅན་ཐམས་ཅད་རང་གི་མ་བྱེད་མ་མྱོང་མཁན་མེད་པ་དེའི་སྐོར་བསམ་བློ་གཏོང་དགོས།

༢. མར་ཤེས། ད་ལྟ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྐྱེ་བ་ཡང་ནས་ཡང་དུ་འཕོས་པའི་དབང་གིས་ཕན་ཚུན་ངོ་མ་ཤེས་པ་མ་གཏོགས་གཉེན་གྱི་མཐར་ཐུག་དྲིན་ཅན་གྱི་མ་བྱེད་མྱོང་བ་ཤ་སྟག་ཡིན་པ་དང༌། དེ་ཡང་སྐྱེ་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་རང་གིས་སྐྱེ་བ་གྲངས་མེད་པ་བླངས་ཡོད་པས་རང་གི་སྐྱེ་བ་ལ་ཐོག་མའི་མཐའ་མེད་པ་མ་ཟད། མའི་མངལ་དུ་སྐྱེ་བ་བླངས་པའི་གྲངས་ལ་ཡང་ཐོག་མའི་མཐའ་མེད་ཅིང༌། དེའི་སྐབས་ཀྱི་མ་ལ་ཡང་ཐོག་མའི་མཐའ་མེད་པས་སེམས་ཅན་རེ་རེས་ཀྱང་རང་གི་མ་ཐེངས་མང་པོ་མ་བྱས་ན་མི་འདང་ལ། སེམས་ཅན་རེ་རེས་རང་གི་མ་བྱེད་མྱོང་བ་མ་ཟད། ཐེངས་མང་པོ་བྱེད་མྱོང་བ་ཤ་སྟག་ཡིན་པར་བསམ་པ་དེ་ཡིན། དཔེར་ན་རང་ལ་སྐྱེ་བ་འདིར་ཨ་མ་ཞིག་ཡོད་པ་ལྟར་སྐྱེ་བ་སྔོན་མ་ལའང་ཨ་མ་ཞིག་ཡོད་དགོས་ལ། དེའི་གོང་གི་སྐྱེ་བ་དེ་ཚོ་ཚང་མར་ཨ་མ་རེ་ཡོང་སྲིད་པར་བརྟེན་དེ་ལྟར་གོང་དུ་དེད་ནས་བརྩིས་ཚེ་བགྲངས་ཀྱིས་མི་ལང་བ་ཡིན། རང་གི་བསམ་བློ་དེ་ཡང་རང་གཞོན་ནུའི་སྐབས་ཀྱི་བསམ་བློ་དེ་ཕྲུ་གུའི་སྐབས་ཀྱི་བསམ་བློ་ལས་བྱུང་བ་དང༌། ཕྲུ་གུའི་སྐབས་ཀྱི་བསམ་བློ་དེ་ཨ་མའི་ཁོག་ལ་སྡོད་དུས་ཀྱི་བསམ་བློ་ལས་བྱུང་བ། ཨ་མའི་ཁོག་ཏུ་སྡོད་དུས་ཀྱི་བསམ་བློ་དེ་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་དེ་ལ་རྣམ་ཤེས་སྔོན་མ་ཞིག་གི་རྒྱུ་སྟེ་རང་དང་རིགས་འདྲ་བའི་རྒྱུ་ཞིག་ཡོད་དགོས། དེ་མེད་ན་སྐྱེ་མི་ཐུབ་པར་འབྲུ་ལ་ཆ་བཞག་ནའང་འབྲུ་སྔོན་མའི་རྒྱུ་ལ་བརྟེན་ནས་ད་ལྟའི་འབྲས་བུ་ལས་རྒྱུ་གཞན་ལ་བརྟེན་ནས་ད་ལྟའི་འབྲས་བུ་བྱུང་བ་ཞིག་མིན། དངོས་པོ་སྤྱིར་བཏང་ཞིག་ལ་ཆ་བཞག་ནའང་དེ་ལྟར་ཡིན་པས་རྣམ་ཤེས་ནི་གསོན་པོ་ཞིག་དང༌། ཕྱི་རོལ་ཡུལ་ཤེས་རྟོགས་དང་ངོས་འཛིན་ཐུབ་མཁན་ཞིག འཕེལ་རྒྱས་དང་ནུས་པ་ལ་ཟད་མཐའ་མེད་པ་ཞིག་བཅས་ཡིན་པར་བརྟེན་དམིགས་བསལ་གྱི་དངོས་པོ་དེ་འདྲ་ཞིག་ལ་རྒྱུ་སྔོན་མ་མེད་པར་གློར་བུར་དུ་ཡོང་མི་སྲིད་པས་རང་དང་རིགས་འདྲ་བའི་རྒྱུ་སྔོན་མ་ཞིག་ངེས་པར་ཡོད་དགོས་པ་ཡིན་པས་དེས་ན་སྐྱེ་བ་སྔོན་མ་ཟེར་བ་ངེས་པར་ཡོད་པ་ཁས་ལེན་དགོས་པ་ཡིན། སྐྱེ་བ་སྔོན་མ་ཡོད་ན་དེ་དུས་ཨ་མ་ཞིག་ཀྱང་ཏན་ཏན་ཡོད་དགོས་པ་དང༌། ཨ་མ་ཡོད་ན་ད་རེས་ཀྱི་ཨ་མ་དེ་མ་ཡིན་པར་ཨ་མ་གཞན་ཞིག་ཡོད་ངེས་པར་བརྟེན་རང་གི་སྐྱེ་བ་དེ་ཡང་རྫོགས་མཐའ་མེད་པ་ཞིག་ཡིན། སངས་རྒྱས་ཆོས་ལུགས་ཀྱི་ལྟ་ཚུལ་ལྟར་ན་སེམས་མེད་པའི་དངོས་པོ་ནས་སེམས་ཡོད་པའི་དངོས་པོ་རྩ་བ་ནས་ཡོང་མི་ཤེས་པར་འདོད་པ་ཡིན། རང་གི་ཨ་མ་ལའང་ཨ་མ་ཞིག་ཡོད་པ་དང༌། ཨ་མའི་ཨ་མ་དེ་ལའང་ཨ་མ་ཞིག་ཡོད་པ་དེ་ལྟར་གོང་དུ་དེད་ནས་བརྩིས་ན་ལོ་ངོ་དུ་མ་བརྩི་རྒྱུ་ཡོད་པས་དེ་དག་གི་ཨ་མ་དང་པོ་མི་མིན་ཞེས་བཤད་ན་འགྲིག་གི་ཨེ་ཡོད། མིའི་མེས་པོ་སྤྲ་དང་སྤྲེའུ་ཡིན་ཞེས་འདོད་ཚུལ་དེ་རང་རེ་བོད་དུ་སྤྱི་ལོའི་དུས་རབས་དྲུག་པའི་སྐབས་སུ་བྱུང་བ་དང༌། རྒྱལ་སྤྱིའི་ཐོག་དུས་རབས་བཅོ་བརྒྱད་པའི་ནང་ལྟ་ཚུལ་དེ་ལྟར་འདོད་མཁན་བྱུང་ཡོད། གལ་ཏེ་མིའི་མེས་པོ་སྤྲ་དང་སྤྲེའུ་ཡིན་པའི་དབང་དུ་བཏང་ནའང་སྤྲ་དང་སྤྲེའུ་དེ་དག་རིགས་མཐུན་པའི་སྲོག་ཆགས་ལས་རིགས་མི་མཐུན་པའི་སྲོག་ཆགས་ནས་ཡོང་མི་སྲིད། དེས་ན་མར་ཤེས་ཟེར་བའི་ནང་དོན་དེ་སྐྱེ་བ་སྔ་ཕྱིའི་རིག་པ་དང་སྲོག་ཆགས་བྱུང་སྟངས་ཀྱི་རིག་པ་ཚང་མ་དང་འབྲེལ་བ་དམ་པོ་ཡོད།

༣. དྲིན་དྲན་པ། སེམས་ཅན་ཐམས་ཅད་རང་གི་ཨ་མ་ཡིན་པ་ངོ་ཤེས་པ་ཙམ་མ་ཟད། ད་དུང་དེའི་དྲིན་དྲན་དགོས་པ་དེ་ཡིན། དྲིན་དྲན་ལ་གཉིས་ལས་གནས་སྐབས་ཀྱི་དྲིན་ཆེ་བ་དང་མཐར་ཐུག་གི་དྲིན་ཆེ་བ་སྟེ་གཉིས་ཡོད།

གནས་སྐབས་ཀྱི་དྲིན་ཆེ་བ་ནི་སེམས་ཅན་ཐམས་ཅད་རང་གི་མ་ཡིན་པ་མ་ཟད། རང་ཉིད་ལ་དྲིན་ཤིན་ཏུ་ཆེན་པོ་ཡིན་ཏེ། དཔེར་ན་རང་གི་ལུས་ཀྱི་གྱོན་ཆས་དེ་བཟོ་པས་བཟོས་པ་དང༌། རྒྱུན་དུ་ཟ་རྒྱུའི་འབྲུ་རིགས་དེ་དག་ཞིང་པས་དཀའ་ལས་བརྒྱབ་པའི་འབྲས་བུ་ཡིན་པ། ལྷག་པར་ཤ་མར་སོགས་ནི་སེམས་ཅན་དུད་འགྲོའི་ལུས་སྲོག་ལས་བྱུང་བ་ཞིག་ཡིན་པས་གང་ལྟར་སེམས་ཅན་མང་པོ་ཞིག་གིས་རང་གསོས་ནས་བསྡད་ཡོད། ལྷག་པར་དུ་སེམས་ཅན་དེ་དག་གིས་རང་གི་ཨ་མ་བྱེད་པའི་གནས་སྐབས་ཀྱི་དྲིན་ལ་ཆ་བཞག་ནའང་མི་དང་སེམས་ཅན་གཞན་ཁྱད་པར་རྩ་བ་ནས་མེད་དེ་སོ་སོ་ཚེ་འདིའི་ཨ་མས་རང་ལ་དྲིན་གྱིས་བསྐྱངས་པ་དེ་དང་འདྲ་བར་རང་དུད་འགྲོར་སྐྱེ་བའི་གནས་སྐབས་སུའང་ཨ་མས་དེ་ལྟར་དྲིན་གྱིས་བསྐྱངས་ཡོད་ཅིང༌། དཔེར་ན་དུད་འགྲོའི་ཕྲུ་གུར་གྱོན་ཆས་བཟོ་མི་དགོས་ནའང་བྱ་བྱིའུ་དང༌། རི་དྭགས་དང༌། གཅན་གཟན་སོགས་ཀྱི་ཨ་མས་ཕྲུ་གུ་མ་སྐྱེས་གོང་ས་བཙན་ས་དང་དྲོ་སར་ཕྲུ་གུ་སྡོད་སའི་ཚང་བསོག་པ་དང༌། ཕྲུ་གུ་སྐྱེས་རྗེས་ཉིན་ལྟར་ཆར་རླུང་དང་གྲང་ངར་གྱི་འཇིགས་པར་མ་འཛེམས་པར་ལྟོ་ཆས་འཚོལ་དུ་འགྲོ་བ། ལྷག་པར་རྔོན་པ་དང་འཕྲད་སྐབས་རང་ཉིད་བློས་བཏང་ནས་ཕྲུ་གུ་སྐྱོབ་ཐབས་བྱེད་པ་སོགས་ནི་འཇིག་རྟེན་འདིའི་ཐོག་མཐོང་ཆོས་སུ་གྱུར་པ་ཤ་སྟག་ཡིན་པས་མདོར་ན་རང་ཉིད་མི་དང་དུད་འགྲོ་གང་དུ་སྐྱེ་བ་བླངས་པའི་གནས་སྐབས་སུའང་རང་གི་ཨ་མ་དེ་མི་དང་དུད་འགྲོ་གང་ཡིན་ལ་མ་བལྟོས་པར་ཚེ་འདིའི་ཨ་མ་ལྟར་དྲིན་ཤིན་ཏུ་ཆེ་བ་ཡིན་ཟེར།

མཐར་ཐུག་གི་དྲིན་ཆེ་བ་ནི་དགེ་བ་དང་མི་དགེ་བ་གཉིས་ཀ་ཡུལ་སེམས་ཅན་ལ་བརྟེན་ནས་ཡོང་དགོས་པ་སྟེ། དགེ་བ་བཅུ་ཡང་ཡུལ་སེམས་ཅན་ལ་མ་བརྟེན་པར་བསྒྲུབ་ཐུབ་ཐབས་མེད་པ་དང༌། མི་ལུས་ཐོབ་པའི་དགེ་བ་ཞིག་གསོག་དགོས་ནའང་ཡུལ་སེམས་ཅན་ལ་མ་བརྟེན་པར་བསྒྲུབ་ཐུབ་ཐབས་མེད་དེ་སྦྱིན་པ་ཞིག་གཏོང་དགོས་ན་ཡུལ་སེམས་ཅན་ཞིག་ལ་གཏོང་དགོས་པ་དང༌། ཚུལ་ཁྲིམས་སྲུང་བར་ཡང་ཡུལ་སེམས་ཅན་ལ་བརྟེན་ནས་སྲུང་དགོས་པ། བཟོད་པ་སྒོམ་ན་ཡང་ཡུལ་སེམས་ཅན་ལ་བརྟེན་ནས་སྒོམ་དགོས་པ། གཡོ་སྒྱུ་དང་ཞེ་སྡང་སོགས་ཀྱང་ཡུལ་སེམས་ཅན་ལ་དམིགས་ནས་སྤོང་དགོས་པ། དེ་བཞིན་བྱང་ཆུབ་སེམས་དཔའ་ཞིག་ལ་ཆ་མཚོན་ནའང་སེམས་ཅན་ཞིག་ལ་དམིགས་ནས་སྙིང་རྗེ་དང་བྱམས་པ་བསྒོམ་སྟེ་བྱང་ཆུབ་སེམས་དཔའ་བྱུང་བ་མ་གཏོགས་རང་གིས་རང་ལ་སྙིང་རྗེ་བསྒོམ་ནས་བྱང་ཆུབ་སེམས་དཔའ་བྱུང་བ་ཞིག་མིན། སངས་རྒྱས་ལ་ཆ་བཞག་ནའང་སེམས་ཅན་གྱི་དོན་དུ་ཚོགས་བསགས་སྒྲིབ་སྦྱོང་བྱས་ནས་སངས་རྒྱས་པ་མ་གཏོགས་སེམས་ཅན་ལ་མ་བརྟེན་པར་རང་གི་དོན་དུ་དམིགས་ནས་སངས་རྒྱས་པ་གཏན་ནས་མེད། དེར་བརྟེན་ཆོས་བྱས་པ་ནས་མཐར་ཐུག་སངས་མ་རྒྱས་བར་གྱི་སོ་སོའི་ཆོས་ཀྱི་གནས་ཚད་མཐོ་རུ་འགྲོ་རྒྱུ་ཚང་མ་ཡུལ་སེམས་ཅན་ཞིག་ལ་དམིགས་ནས་བྱུང་བ་ཤ་སྟག་ལས་རང་གིས་རང་ལ་དམིགས་ནས་བྱུང་བ་ཞིག་གཏན་ནས་མེད་པར་འདོད་པ་ཡིན་པར་བརྟེན་མཐར་ཐུག་ལ་བརྟེན་ནས་བཤད་ནའང་སེམས་ཅན་དྲིན་ཆེ་བ་ཡིན་ཟེར།

༤. དྲིན་གཟོ་བ།དྲིན་དྲན་པའི་རྗེས་སུ་ངེས་པར་དྲིན་གཟོ་དགོས་ཤིང༌། ཇི་ལྟར་གཟོ་དགོས་ཤེ་ན། ཁོ་ཚོར་ལྟོ་སྟེར་བ་དང་གོས་སྦྱིན་པ་ཙམ་གྱིས་གནས་སྐབས་ཀྱི་དྲིན་ལས་ཕུགས་ཀྱི་དྲིན་ལམ་འཇལ་མི་ཐུབ། དྲིན་ལན་ངོ་མ་དེ་ཇི་ལྟར་འཇལ་དགོས་ཤེ་ན། སེམས་ཅན་དེ་དག་ཚང་མ་མིག་མེད་པའི་ལོང་བ་དང་འདྲ་བར་དགེ་སྡིག་གི་བླང་དོར་མི་ཤེས་པ་དང༌། བླང་དོར་སྟོན་མཁན་དགེ་བའི་བཤེས་གཉེན་དང་བྲལ་ཞིང༌། ཉོན་མོངས་དུག་གསུམ་གྱིས་ཡིད་མྱོས་ཏེ་སྡིག་པ་མི་དགེ་བ་ལ་དགའ་བཞིན་སྤྲོ་བཞིན་དུ་འཇུག་པས་འཁོར་བ་དང་ངན་སོང་གི་གཡང་དུ་ལྷུང་རྒྱུ་ཉག་ཅིག་ལ་བརྟེན་རང་གིས་མཐོང་བཞིན་དུ་རང་དགར་བཞག་ན་ཧ་ཅང་ཐབས་སྡུག་ཡིན་པས་ངེས་པར་དྲིན་གཟོ་དགོས། དེ་ཡང་གནས་སྐབས་ཀྱི་བདེ་སྐྱིད་ཕྲན་བུ་ཙམ་ཞིག་ལ་བཀོད་ན་ཕུགས་སུ་གནོད་པ་ལས་ཕན་པ་མེད་པར་བརྟེན་དུས་གཏན་དུ་ཕན་ཐོགས་པའི་དྲིན་གཟོ་ཞིག་ངེས་པར་བྱ་དགོས་པས་དེས་ན་ཁོ་ཚོར་ལས་འབྲས་བླང་དོར་དང༌། དགེ་བའི་ཕན་ཡོན། སྡིག་པའི་ཉེས་དམིགས། དེ་བཞིན་ཉོན་མོངས་དུག་གསུམ་གྱི་སྐྱོན་ཆ་སོགས་གསལ་པོ་ཤེས་པ་བཟོས་ཏེ་འཁོར་བ་ནས་ཐར་དུ་བཅུག་ཚེ་གཞི་ནས་མཐར་ཐུག་གི་དྲིན་གཟོ་ཐུབ་པ་ཡིན་པར་འདོད།

༥. ཡིད་འོང་བྱམས་པ། དེ་ནི་ནམ་རྒྱུན་རང་གིས་གཅེས་པོ་བྱེད་སའི་རྟ་དང་ཁྱི་སོགས་ལ་བྱམས་པོ་བྱས་པ་དང་མི་འདྲ་བར་བུ་གཅིག་ལས་མེད་པའི་མ་ཞིག་ལ་ཆ་བཞག་ན་དེས་རང་གི་བུའི་དོན་དུ་སྲོག་གཏོང་བར་ཕངས་སེམས་མེད་པ་ལྟར་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་དྲིན་ལན་གཟོ་བའི་དོན་ཡིན། དྲིན་ལན་གཟོ་བའི་ཐབས་ནི་བདེ་བ་ལ་འགོད་པ་དང༌། སྡུག་བསྔལ་སེལ་བའི་ཐབས་གཉིས་སུ་འདུ་བ་ཡིན། དྲིན་ཆེ་བའི་སེམས་ཅན་དེ་དག་ལ་གཏན་གྱི་བདེ་སྐྱིད་ལྟ་ཞོག གནས་སྐབས་ཟག་བཅས་ཀྱི་བདེ་བ་ཙམ་ཡང་མེད་ཅིང༌། དེ་ཡང་བདེ་བ་འབྱུང་བའི་རྒྱུ་དགེ་བ་བཅུ་དང༌། བསླབ་པ་གསུམ། ཕར་ཕྱིན་སོགས་ཀྱི་ཡོན་ཏན་སྣ་གཅིག་ཙམ་ཡང་མེད་པས། འབྲས་བུ་འབྱུང་བའི་ཐབས་གཏན་ནས་མེད་པ་འདིར་ཐུག་པར་བརྟེན། སེམས་ཅན་བདེ་བ་དང་དེའི་རྒྱུ་ཕུན་སུམ་ཚོགས་པ་ལྡན་ན་ཅི་མ་རུང༌། དེ་ལྟར་ལྡནཔ་ཞིག་བདག་གིས་ངེས་པར་དུ་བྱའོ་སྙམ་ནས་མོས་པ་སྦྱོང་བ་ཡིན། དེ་ལ་བྱམས་པ་ཙམ་དང་ཡིད་འོང་གི་བྱམས་པ་གཉིས་ལ་ཁྱད་པར་ཡོད་དེ་བྱམས་པ་ཙམ་ནི་རང་གི་བཞོན་རྟ་ལ་བྱམས་པོ་བྱེད་རྒྱུ་དང༌། རང་གིས་གཅེས་ཉར་བྱས་པའི་ཁྱི་དང་ཞུམ་བུ་སོགས་ལ་བྱམས་པོ་བྱེད་སྟངས་ཀྱི་བསམ་བློ་དེ་ཡིན། ཡིད་འོང་གི་བྱམས་པ་ཟེར་བ་ནི་བུ་གཅིག་ལས་མེད་པའི་ཨ་མ་ཞིག་གིས་རང་གི་བུ་ལ་ཧ་ཅང་རྩ་ཆེན་བྱེད་པའི་བསམ་བློ་ཞིག་ཡོད་པ་དེ་དང་འདྲ་བའི་བསམ་བློ་ཞིག་ཡོད་དགོས། ཕྲུ་གུ་མང་པོ་ཡོད་པ་དང་གཅིག་ལས་མེད་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། གཅིག་ལས་མེད་ན་གཅིག་པུ་དེ་འཁྱགས་དོགས་དང་ལྟོགས་དོགས་ཀྱི་སྡུག་བསྔལ་དང༌། ཐ་ན་ཕྲུ་གུའི་དོན་དུ་སྲོག་ཀྱང་འབེན་ལ་འཛུགས་ནུས་པ་སྟེ་མདོར་ན་བསམ་རྒྱུ་དང་དྲན་རྒྱུ་བུ་གཅིག་པོ་དེ་རང་ལས་མེད། མདོར་ན་ཨ་མ་གཅིག་ལ་བུ་གཅིག་ལས་མེད་པ་ཞིག་གིས་རང་གི་བུ་ལ་བྱམས་པོ་བྱས་པ་ནང་བཞིན་སེམས་ཅན་ཐམས་ཅད་ལ་བྱམས་སེམས་སྐྱེ་བ་དེ་ལ་ཡིད་འོང་གི་བྱམས་པ་ཞེས་ཟེར། སྔོན་ལ་བཀའ་གདམས་ཀྱི་དགེ་བཤེས་པོ་ཏོ་བ་ཆེན་པོས་ཆོས་གསུངས་སྐབས་དོན་རེར་དཔེ་རེ་སྦྱར་ནས་གསུངས་ཀྱི་ཡོད་ཅིང༌། ཐེངས་ཤིག་རྒས་མོ་ཞིག་གིས་པོ་ཏོ་བའི་སྐུ་མདུན་དུ་བཅར་ནས་ཁྱེད་ཀྱིས་ཡིད་འོང་གི་བྱམས་པ་ཟེར་བ་ཞིག་གསུངས་ཀྱི་འདུག་པས་དེའི་གོ་དོན་གང་ཡིན་ནམ་ཞེས་བཀའ་འདྲི་ཞུ་སྐབས་པོ་ཏོ་བས་ཁྱོད་ལ་ཕྲུ་གུ་ཐོ་ལེ་ཀོ་ཟེར་བ་ཞིག་ཡོད་པ་དེ་ལ་བྱམས་པོ་བྱེད་པའི་བསམ་བློའི་ཚད་གཞི་དེ་གང་འདྲ་ཞིག་ཡོད་དམ་གསུངས་པ་དང༌། རྒས་མོས་རང་གིས་ཕྲུ་གུ་ལ་བྱམས་པོ་བྱེད་སྟངས་རྣམས་དྲངས་པས་པོ་ཏོ་བས་དཔེ་དེ་ནང་བཞིན་ཁྱོད་ཀྱིས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་བྱམས་སེམས་ཀྱི་བསམ་བློ་དེ་འདྲ་ཞིག་བཏང་ཚེ་དེ་ལ་ཡིད་འོང་གི་བྱམས་པ་ཟེར་བ་ཡིན་ཞེས་གསུངས་འཕྲལ་རྒས་མོས་ཡིད་འོང་བྱམས་པའི་གོ་དོན་ཇི་མ་ཇི་བཞིན་རྟོགས་པ་ཡིན་ཟེར། འོན་ཀྱང་ནམ་རྒྱུན་ཨ་མ་གཅིག་ལ་ཕྲུ་གུ་གཅིག་ལས་མེད་ན་དེའི་བྱམས་པོ་བྱེད་སྟངས་དེར་དགེ་ཞིག་དང་སྐྱོན་ཞིག་སྟེ་གཉིས་ཡོད། དགེ་ནི་གོང་དུ་གསལ་བ་ལྟར་དང༌། སྐྱོན་ནི་ཕྲུ་གུ་གཅིག་ལས་མེད་སྟབས་ཟ་འདོད་གང་ཡོད་སྟེར་བ་དང་གྱོན་འདོད་གང་ཡོད་གཡོགས་པ། གང་འདོད་བྱེད་དུ་འཇུག་པ་སོགས་བྱེད་པ་དེ་ནི་བྱམས་པོ་མ་ཡིན་པར་གཅེས་ལང་དུ་བཏང་བ་ཞིག་ཡིན་པས་དེ་ལ་བྱམས་པོ་མགོ་ལོག་ཟེར། བྱམས་པོ་ངོ་མ་ནི་ཕྲུ་གུ་གཟུགས་པོ་ཡག་པོ་དང༌། ཡོན་ཏན་ཡག་པོ། ཀུན་སྤྱོད་བཟང་པོ། མི་ལ་ཕན་ཐོགས་ཐུབ་མཁན་ཞིག་ཡོང་ཐབས་བྱ་དགོས་པ་དེ་ཡིན།

བྱམས་པ་སྙིང་རྗེ་སྒོམ་པའི་སྐབས་སུ་བསམ་བློ་ཇི་ལྟར་གཏོང་དགོས་སམ་ཞེ་ན། ད་ལྟ་སེམས་ཅན་དེ་དག་བདེ་བ་དང་མི་ལྡན་ཞིང༌། བདེ་བ་ཡོད་ན་ཡང་གནས་སྐབས་ཀྱི་བདེ་བ་མ་གཏོགས་མཐར་ཐུག་གི་བདེ་བ་ཡོང་མི་ཐུབ་སྟེ་མཐར་ཐུག་གི་བདེ་བ་ཡོང་རྒྱུའི་རྒྱུ་དེ་ཁོ་ཚོ་ལ་མེད། བདེ་བ་འདོད་ནའང་བདེ་བའི་རྒྱུ་བསྒྲུབ་མི་ཤེས་ཤིང༌། མི་འདོད་པའི་སྡུག་བསྔལ་གྱི་རྒྱུ་དེ་རྟག་ཏུ་བསྒྲུབ་བཞིན་ཡོད་པར་བརྟེན་ངེས་པར་དུ་དགེ་བ་བཅུ་དང༌། བསླབ་པ་གསུམ། ཕར་ཕྱིན་དྲུག་བཅས་ཀྱི་ཡོན་ཏན་དེ་རྣམས་ཁོ་ཚོར་ཚང་བ་བྱས་ནས་ཁོ་ཚོ་འཁོར་བ་ལས་ཐར་ཏེ་མངོན་པར་རྫོགས་པ་འཚང་རྒྱ་བ་ཞིག་ངེས་པར་བྱ་དགོས་པ་འདུག་སྙམ་པའི་བསམ་བློ་ཞིག་གཏོང་དགོས་པ་ཡིན་ཟེར།

༦. སྙིང་རྗེ་ཆེན་པོ། སྙིང་རྗེ་དང་སྙིང་རྗེ་ཆེན་པོ་ཞེས་པར་ཁྱད་པར་ཆེན་པོ་ཡོད་དེ་གཞན་སེམས་ཅན་སྡུག་བསྔལ་གྱིས་མནར་བ་མཐོང་སྐབས་སྙིང་རྗེ་སྐྱེས་ནས་དེ་ལས་ཐར་ན་ཨང་སྙམ་པ་དེ་ལ་སྙིང་རྗེ་ཟེར་བ་དང༌། དངོས་སུ་སྐྱོབ་རྒྱུའི་སེམས་ཐག་ཆོད་པའི་བསམ་བློ་ཡོད་པ་དེ་ལ་སྙིང་རྗེ་ཆེན་པོ་ཟེར། དཔེར་ན་མི་ཞིག་ཆུ་ནང་དུ་ལྷུངས་ཏེ་སྲོག་ཉེན་ཡོད་ཚེ་མི་དེ་ཆུ་ནང་ནས་སྐྱོབ་མཁན་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་བསམ་བློ་དེ་ཆུ་ཁར་ཡོད་པའི་མི་ཚང་མར་ཡོང་སྲིད་པ་དེ་ནི་སྙིང་རྗེ་ཡིན་པ་དང༌། དེའི་ནང་ནས་མི་གཅིག་གིས་རང་ཉིད་བློས་བཏང་ནས་མི་དེ་སྐྱོབ་ཆེད་ཆུའི་ནང་མཆོངས་པར་ཆ་བཞག་ན་བསམ་སྤྱོད་དེ་ལ་སྙིང་རྗེ་ཆེན་པོ་ཞེས་ཟེར། སྙིང་རྗེ་ལ་བྲལ་འདོད་ཀྱི་སྙིང་རྗེ་དང༌། སྙིང་རྗེ་ཆེན་པོ་ལ་སྐྱབས་འདོད་ཀྱི་སྙིང་རྗེ་ཡང་ཟེར། བྲལ་འདོད་ཀྱི་སྙིང་རྗེ་ནི་དགྲ་བཅོམ་པ་ལའང་ཡོད། སྐྱབས་འདོད་ཀྱི་སྙིང་རྗེ་ནི་བྱང་ཆུབ་སེམས་དཔའ་ལ་མ་གཏོགས་མེད། དྲིན་ཆེ་བའི་སེམས་ཅན་དེ་དག་ཐམས་ཅད་བདེ་བ་དང༌། དེའི་རྒྱུ་དང་ལྡན་པ་ཙམ་གྱིས་མི་ཆོག་པར་སྡུག་བསྔལ་དང༌། དེའི་རྒྱུ་མི་དགེ་བ་བཅུ་དང༌། ཉོན་མོངས་དུག་གསུམ་བཅས་དང་བྲལ་བ་ཞིག་མ་བྱུང་ན་སླར་ཡང་ལས་དང་ཉོན་མོངས་པའི་དབང་གིས་འཁོར་བ་དང་ངན་སོང་གི་གནས་སུ་ཡང་ནས་ཡང་དུ་སྐྱེ་བ་བླངས་ཏེ་སྡུག་བསྔལ་ཟད་མཐའ་མེད་པ་ཞིག་མྱོང་དགོས་པ་ཡིན་པས་སྡུག་བསྔལ་དང་དེའི་རྒྱུ་སྡིག་པ་མི་དགེ་བ་བཅུ་དང༌། ཉོན་མོངས་དུག་གསུམ་བཅས་དང་བྲལ་བ་ཞིག་བྱུང་ན་ཅི་མ་རུང༌། དེ་ལྟར་ཡོང་བ་ཞིག་བདག་གིས་བྱའོ་སྙམ་དུ་བསམ་ནས་མོས་པ་སྦྱོང་བ་ཡིན།

༧. ལྷག་བསམ་རྣམ་དག དེ་ལྟར་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་དང༌། སྡུག་བསྔལ་དང་བྲལ་བ་བདག་གིས་བྱའོ་སྙམ་དུ་དམ་བཅའ་ཙམ་ཞིག་བྱས་པས་མི་ཆོག་པར་སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པ་དང་སྡུག་བསྔལ་སེལ་བའི་ཁུར་དེ་རང་ཉིད་གཅིག་པུས་འཁུར་རྒྱུའི་སེམས་ཐག་བཅད་པ་དེ་ལ་ཟེར།

བྱང་ཆུབ་ཀྱི་སེམས་ནི་གཞན་དོན་དོན་གཉེར་གྱི་བསམ་པ་དང་བྱང་ཆུབ་དོན་གཉེར་གྱི་བསམ་པ་གཉིས་ཟུང་དུ་འབྲེལ་བའི་སེམས་ཤིག་སྟེ། ནམ་མཁའ་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་རང་ཉིད་གཅིག་པུས་བྱ་བར་འདོད་པའི་བསམ་པ་ནི་གཞན་དོན་དོན་གཉེར་གྱི་བསམ་པ་ཡིན་ལ། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་པའི་ཆེད་དུ་རང་ཉིད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་བསམ་པ་དེ་བྱང་ཆུབ་དོན་གཉེར་གྱི་བསམ་པ་ཡིན་ཅིང༌། དེ་གཉིས་ཟུང་དུ་འབྲེལ་བ་ལ་བྱང་ཆུབ་ཀྱི་སེམས་ཟེར། སེམས་དེ་ནི་རྒྱུ་འབྲས་མན་ངག་བདུན་དང་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་བའི་མན་ངག་གཉིས་ལ་བརྟེན་ནས་རྒྱུད་ལ་སྐྱེ་དགོས་པ་ཡིན་ཅིང༌། སེམས་དེ་མེད་ན་ཆོས་ཟབ་མོ་གང་འདྲ་ཞིག་བྱས་ཀྱང་ཐེག་པ་ཆེན་པོའི་ཆོས་སུ་མི་འགྲོ་བ་ཡིན། བྱང་ཆུབ་ཀྱི་སེམས་དེ་ལ་དབྱེ་སྒོ་མང་དུ་ཡོད་ཀྱང་ངོ་བོའི་སྒོ་ནས་དབྱེ་ན་བྱང་ཆུབ་ཏུ་སྨོན་པ་སེམས་བསྐྱེད་དང་བྱང་ཆུབ་ཏུ་འཇུག་པའི་སེམས་བསྐྱེད་གཉིས་ཡོད། དང་པོ་སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པ་ལ་ལྟོས་མི་དགོས་པའི་སེམས་བསྐྱེད་དང༌། གཉིས་པ་ནི་སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པ་ལ་ལྟོས་དགོས་པའི་སེམས་བསྐྱེད་དེ་ཡིན། དབྱེ་བ་དེ་གཉིས་དཔེའི་སྒོ་ནས་བསྟན་ན། དཔེར་ན། ལྷ་ས་ལྟ་བུ་ཞིག་ཏུ་འགྲོ་བ་ལ་དང་པོ་ང་ལྷ་སར་གཅིག་འགྲོའོ་སྙམ་པ་ལྟར་དང་པོ་ངས་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་བྱ་སྙམ་པ་སྨོན་པའི་སེམས་བསྐྱེད་དང༌། ལྷ་སར་འགྲོ་ཆེད་དངོས་སུ་འགྲོ་ཆས་དང་ཁལ་རྟ་སྟ་གོན་བྱས་ནས་ལམ་དུ་ཞུགས་པ་ལྟར་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ་སྦྱིན་པ་གཏོང་བ་དང༌། ཚུལ་ཁྲིམས་སྲུང་བ། བཟོད་པ་བསྒོམ་པ། བརྩོན་འགྲུས་བརྩམ་པ། བསམ་གཏན་ལ་མཉམ་པར་འཇོག་པ། ཤེས་རབ་ལ་བློ་སྦྱངས་སྙམ་ནས་ལམ་ཕ་རོལ་ཕྱིན་པ་དྲུག་ལ་དངོས་སུ་སློབ་པ་ནི་འགྲོ་བ་དངོས་ལྟ་བུ་འཇུག་པ་སེམས་བསྐྱེད་ཡིན།

གོང་དུ་བཤད་མ་ཐག་པའི་རྒྱུ་འབྲས་མན་ངག་བདུན་ཞེས་པ་དེ་ནི་གཞན་དོན་དོན་གཉེར་གྱི་བསམ་བློ་སྦྱོང་སྟངས་ཀྱི་ཐབས་ཤེས་ཤིག་ཡིན། གཞན་དོན་དོན་གཉེར་གྱི་བསམ་བློ་དེ་བྱུང་ན་བྱང་ཆུབ་དོན་གཉེར་གྱི་བསམ་བློ་དེ་ཡོང་ཐུབ་ཅིང༌། དེ་གཉིས་ཟུང་དུ་འབྲེལ་ནས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བ་ཡིན། དེས་ན་རང་ཉིད་སྒེར་གྱི་དོན་དུ་མ་ཡིན་པར་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐུབ་པ་བྱ་རྒྱུའི་བསམ་བློ་ཞིག་ཡོད་དགོས། གང་ཡིན་ཞེ་ན། གཞན་དོན་ནི་སངས་རྒྱས་ན་མ་གཏོགས་བྱེད་ཐུབ་ཐབས་མེད། སངས་རྒྱས་ནི་རང་དོན་དང་གཞན་དོན་གཉིས་ཀ་མཐར་ཕྱིན་པ་ཞིག་ཡིན་ཏེ་ཉོན་མོངས་དང་སྒེར་སེམས་སྤངས་ཟིན་པ་དང་འཁོར་བ་ནས་ཐར་ཟིན་པ་ཞིག་ཡིན་ལ། ལྷག་པར་ཉོན་མོངས་རྩ་བ་ནས་སྤངས་ཟིན་པ་མ་ཟད། ཉོན་མོངས་ཀྱི་བག་ཆགས་ཀྱང་སྤངས་ཟིན་པ་ཡིན། ཉོན་མོངས་ནི་དགྲ་བཅོམ་པས་ཀྱང་སྤོང་ཐུབ་ཀྱི་ཡོད་ནའང་ཉོན་མོངས་ཀྱི་བག་ཆགས་དེ་སངས་རྒྱས་ཀྱིས་མ་གཏོགས་སྤོང་ཐུབ་ཀྱི་མེད། དགྲ་བཅོམ་པ་རྣམས་སངས་རྒྱས་མ་ཐུབ་པའི་འགག་རྩ་ཡང་དེར་ཐུག་ཡོད། དཔེར་ན་སྒོག་པ་བླུགས་པའི་སྣོད་ཆས་ཤིག་ལ་ཆ་བཞག་ན་སྒོག་པ་བཏོན་ཚར་ནའང་ད་དུང་དྲི་མ་བསྡད་ཡོད་པའི་དཔེ་ལྟར་དགྲ་བཅོམ་པ་རྣམས་ཉོན་མོངས་སྤངས་ཟིན་ནའང་ཉོན་མོངས་ཀྱི་བག་ཆགས་ད་དུང་བསྡད་ཡོད།

འོ་ན་ཉོན་མོངས་བག་ཆགས་དང་བཅས་པ་སྤོང་བའི་ཐབས་དམ་པ་ནི་གསང་སྔགས་ཀྱི་ཆོས་བྱ་རྒྱུ་དེ་ཡིན། མདོ་སྔགས་ཟུང་འབྲེལ་གྱི་ཐོག་ནས་སངས་རྒྱས་པ་མ་གཏོགས་མདོ་ཕྱོགས་གཅིག་པུས་སངས་རྒྱས་མི་ཐུབ། ཉོན་མོངས་ཀྱི་བག་ཆགས་མེད་པ་བཟོ་བར་སྔོན་ལ་ཉོན་མོངས་སྤོང་དགོས་ཏེ་དེ་ནི་སྒོག་དྲི་མེད་པ་བཟོ་བར་སྔོན་ལ་སྒོག་པ་དེ་བཏོན་དགོས་པ་ལྟ་བུ་ཡིན། མདོ་ཡི་ཆོས་བྱས་ནས་ཉོན་མོངས་མེད་པ་བཟོ་ཐུབ་ནའང་ཉོན་མོངས་ཀྱི་བག་ཆགས་མེད་པ་བཟོ་བར་ངེས་པར་གསང་སྔགས་ཀྱི་ལམ་ལ་ཞུགས་ཏེ་མདོ་སྔགས་ཟུང་འབྲེལ་བྱེད་དགོས། དེར་བརྟེན་ཐེག་པ་ཆེན་པོའི་ལམ་ལ་ཞུགས་ནས་སྒེར་སེམས་སྤོང་དགོས་པ་མ་ཟད། དེའི་བག་ཆགས་དང་འབྱུང་ཁུངས་འཚོལ་དགོས། དེའི་འབྱུང་ཁུངས་གང་ཞེ་ན། རླུང་ཡིན་ཏེ་ཉོན་མོངས་དུག་གསུམ་ལ་རླུང་རེ་རེ་ཡོད། དེ་ནི་འདོད་ཆགས་སྐྱེ་བྱེད་ཀྱི་རླུང་གཅིག་དང༌། ཞེ་སྡང་སྐྱེ་བྱེད་ཀྱི་རླུང་གཅིག གཏི་མུག་སྐྱེ་བྱེད་ཀྱི་རླུང་གཅིག་བཅས་ཡོད་པས་ནམ་རྒྱུན་རང་རེའི་སྐད་ཆའི་ནང་ཁྱོད་ཁོང་ཁྲོ་མ་ལངས་ཨང་ཟེར་བར་ཁྱོད་རླུང་མ་ལངས་ཨང་ཞེས་བརྗོད་སྲོལ་ཡོད་པ་དེ་ཡང་ཁོང་ཁྲོ་དེ་རླུང་ལ་བརྟེན་ནས་བྱུང་བ་ཡིན་པ་གསལ་བཤད་བྱུང་ཡོད་ལ། ཁོང་ཁྲོ་ལངས་བྱེད་ཀྱི་རྩ་དེ་མིའི་གཟུགས་པོའི་གཞོགས་གཡོན་དང་འདོད་ཆགས་ལངས་བྱེད་ཀྱི་རྩ་དེ་མིའི་གཟུགས་པོའི་གཞོགས་གཡས་སུ་ཡོད། དེར་བརྟེན་གསང་སྔགས་ཀྱི་ཆོས་ལ་བརྟེན་ནས་རླུང་དེ་གཉིས་བརྟུལ་ཚེ་སེམས་ལ་བྱེད་རྒྱུ་གང་ཡང་མེད། དེ་ཡང་སེམས་དེ་མིག་ཡོད་པའི་ཞ་རིལ་ལྟ་བུ་ཞིག་དང༌། རླུང་དེ་རྐང་པ་ཡོད་པ་ལ་ལོང་བ་ལྟ་བུ་ཞིག་ཡོད་པས་ཉོན་མོངས་དུག་གསུམ་གྱི་མིག་ཡོད་པའི་ཞ་རིལ་ལྟ་བུའི་སེམས་དེས་རྐང་པ་ཡོད་ལ་ལོང་བ་ཡིན་པའི་རླུང་དེ་ལ་བཞོན་ནས་རླུང་སེམས་གཉིས་ཟུང་འབྲེལ་གྱིས་འདོད་ཆགས་ཞེ་སྡང་གཏི་མུག་བཅས་སྐྱེ་བར་བརྟེན་རླུང་དེ་མེད་པ་བཟོ་དགོས།

སངས་རྒྱས་ཞེས་པ་དེ་གང་སངས་དགོས་སམ་ཞེ་ན་ཉོན་མོངས་དང་དེའི་བག་ཆགས་རྣམས་སངས་དགོས་པ་དང༌། གང་རྒྱས་དགོས་སམ་ཞེ་ན་ཡོན་ཏན་ཚང་མ་རང་གིས་ཁོང་དུ་ཆུད་དེ་རྒྱས་དགོས་པ་ཡིན་ལ། སངས་རྒྱས་དང་བྱང་ཆུབ་ནི་གོ་དོན་གཅིག་ཡིན་ཏེ་སངས་སམ་བྱང་ནི་མེད་པ་བཟོས་པའི་དོན་དང༌། རྒྱས་སམ་ཆུབ་ནི་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད་པའམ་རྟོགས་པ་དང་ཤེས་པའི་དོན་ཡིན། སངས་རྒྱས་ལ་ཡོན་ཏན་ཕུན་སུམ་ཚོགས་པ་གང་དང་གང་ལྡན་ཡོད་དམ་ཞེ་ན། སངས་རྒྱས་ལ་སྐུའི་ཡོན་ཏན་དང༌། གསུང་གི་ཡོན་ཏན། ཐུགས་ཀྱི་ཡོན་ཏན་བཅས་ཕུན་སུམ་ཚོགས་པ་ལྡན་ཡོད་དེ། སྐུའི་ཡོན་ཏན་ལ་ཆ་བཞག་ན་མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ཚང་ཡོད་ཅིང༌། མཚན་བཟང་སོ་གཉིས་ནི་ཕྱག་དང་ཞབས་ལ་འཁོར་ལོའི་རི་མོ་ཡོད་པ་དང་ཞབས་མཐིལ་ཁོད་སྙོམས་པོ་ཡོད་པ། ཕྱག་དང་ཞབས་དྲ་བ་(དྲ་བ་ནི་མཛུབ་མོ་གཉིས་བར་པགས་པ་འབྲེལ་བསྡད་ཡོད་པ་དཔེར་ན་སྦལ་ལྕོང་གི་ལག་པ་ལྟ་བུ་)ཡོད་པ། ཕྱག་ངར་ལ་ཕྲ་སྦོམ་མེད་པ། ལྗགས་བརྐྱངས་ཚེ་དབུ་སྐྲའི་མཚམས་བར་སླེབས་པ་ཟེར་བ་སོགས་མང་པོ་ལུང་འདྲེན་བྱ་རྒྱུ་ཡོད་པ་དེ་དག་མི་དགེ་བཅུ་སྤོང་བ་དང་དགེ་བ་བཅུ་བསྒྲུབ་པའི་འབྲས་རྟགས་ཡིན་ཟེར། གསུང་གི་ཡོན་ཏན་ནི་སངས་རྒྱས་ཀྱི་གསུང་དེ་ཐག་རིང་ཐུང་གང་ནས་ཉན་ཀྱང་སྒྲ་ཤུགས་ཆེ་ཆུང་དབྱེ་བ་མེད་པ་མ་ཟད། ཧ་ཅང་སྙན་པོ་ཡོད་སྟབས་བྱ་དང་རི་དྭགས་སོགས་ཀྱིས་གོ་བའི་སྐབས་སུའང་སངས་རྒྱས་ཀྱི་སྐུ་མདུན་དུ་ཚུར་རང་བཞིན་གྱིས་འཁོར་དགོས་པ་དེ་ལྟ་བུའི་ནུས་པ་ལྡན་ཞིང༌། གསུང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པ་ཞིག་ཡིན། ཐུགས་ཀྱི་ཡོན་ཏན་ལ་ཟག་མེད་ཡེ་ཤེས་ཉེར་གཅིག་ལྡན་པར་གསུངས་ཀྱང་འདིར་གྲངས་འདྲེན་ཙམ་མཁྱེན་ན་འགྲིག འཕྲིན་ལས་ཀྱི་ཡོན་ཏན་ནི་སེམས་ཅན་སོ་སོའི་བསམ་བློ་དང༌། ཆུ་ཚད། འདོད་པ་སོགས་སངས་རྒྱས་ཀྱིས་གསལ་ཐག་ཆོད་མཁྱེན་པ་མ་ཟད། སོ་སོའི་དད་པ་དང་མཐུན་པའི་སྤྲུལ་པ་བསྟན་ནའང་འདྲ། ཆོས་གསུངས་ནའང་འདྲ་ཚང་མ་དཀའ་ངལ་མེད་པར་བདེ་བླག་ཏུ་སྒྲུབ་ཐུབ་པ་ཡིན། དེ་ལ་འཕྲིན་ལས་འབད་མེད་ལྷུན་གྲུབ་ཀྱི་ཡོན་ཏན་ཟེར། དེ་བྱུང་ན་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་ཐུབ་ཟེར།

བྱང་ཆུབ་ཀྱི་སེམས་ལ་སྨོན་པའི་སེམས་དང་འཇུག་པའི་སེམས་ཏེ་གཉིས་ཡོད་ཅིང༌། སྨོན་པའི་སེམས་ནི་ངས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་ཞིག་བྱེད་ཀྱི་ཡིན་སྙམ་ནས་བསྡད་པ་ལས་ལག་ལེན་བསྟར་བྱེད་ཀྱི་ཆུ་ཚད་དང་ནུས་པ་མེད་སྟབས་དངོས་སུ་བྱེད་ཐུབ་མེད་པས་དེ་ལ་སྨོན་པའི་སེམས་ཟེར་བ་དང༌། རང་གིས་དངོས་སུ་སེམས་ཅན་གྱི་དོན་བྱེད་ཐུབ་པའི་ཆུ་ཚད་དེ་ལ་སླེབས་ཏེ་ལག་ལེན་བྱས་པ་དེ་ལ་འཇུག་པའི་སེམས་ཟེར། སྨོན་པའི་སེམས་ཀྱི་སྐབས་སུ་ངས་སྦྱིན་པ་གཏོང་གི་ཡིན་བསམ་པའི་བསམ་བློ་བཏང་བ་ཙམ་ལས་དངོས་སུ་སྦྱིན་པ་གཏོང་ཐུབ་ཀྱི་མ་རེད། དེ་ནས་རང་གི་མགོ་ལུས་དངོས་སུ་སྦྱིན་པ་གཏོང་ཕོད་པའི་ཆུ་ཚད་ལ་སླེབས་ཚེ་སྐབས་དེ་དུས་རང་གི་སྐེ་བཅད་ནའང་ལ་ཕུག་གཏུབ་པ་ཙམ་གྱི་མཐོང་ལས་མེད་པ་དང༌། རང་གི་མགོ་ལུས་གཞན་གྱིས་ཁྱེར་ཤོག་ཟེར་ནའང་རང་ལ་དངོས་པོ་རྩ་ཆེན་ཞིག་སྟེར་བ་ལྟ་བུའི་དགའ་ཚོར་ཆེན་པོས་དང་ལེན་བྱེད་པའི་ཆུ་ཚད་དེ་འདྲ་ཞིག་ལ་སླེབས་པ་དེ་ལ་འཇུག་པའི་སེམས་ཞེས་ཟེར།

བྱང་ཆུབ་སེམས་ཀྱི་སྡོམ་པ་ཞུ་སྟངས་སྐོར། བྱང་ཆུབ་སེམས་ཀྱི་སྡོམ་པ་དེ་ཐོག་མ་སློབ་དཔོན་གྱི་སྐུ་མདུན་ནས་ཞུས་ཐོག དེ་རྗེས་ཉིན་རེ་བཞིན་རྟེན་གྱི་མདུན་ནས་ཞུས་ན་འགྲིག བྱང་ཆུབ་སེམས་ཀྱི་སྡོམ་པ་དེ་ཡོད་ན་སྡོམ་པ་ཞུས་པའི་ཉིན་ནས་བཟུང་རང་གཉིད་ཁུག་པའམ་ས་ཆ་གཞན་དུ་བསྐྱོད་རུང་དེའི་རིང་བྱང་ཆུབ་སེམས་ཀྱི་བསོད་ནམས་དེ་རྒྱུན་མི་ཆད་པར་ཐོབ་པ་མ་ཟད། སྐྱེ་བ་རྗེས་མ་དུད་འགྲོ་རིགས་གང་འདྲ་ཞིག་ལ་སྐྱེས་ནའང་རང་སྐྱེ་བ་སྔོན་མ་བྱང་ཆུབ་སེམས་ཀྱི་སྡོམ་པ་ཡོད་པའི་བག་ཆགས་ལ་བརྟེན་ནས་རང་གི་བསམ་བློ་དེ་གཞན་དང་མི་འདྲ་བ་ཞིག་ཡོང་བར་འདོད་ལ། བྱང་ཆུབ་སེམས་ཀྱི་སྡོམ་པ་དེ་དང་འགལ་ཚེ་ཉེས་པ་ཧ་ཅང་ཆེན་པོ་ཡི་ཏེ། དཔེར་ན། རང་བསྟོད་གཞན་སྨད་དང༌། གཞན་ལ་དགོས་པ་དེ་རང་གིས་མ་སྟེར་བ། གཞན་གྱིས་རང་ལ་དགོངས་དག་ཐུགས་བདེན་ཞུས་ནའང་ད་དུང་རང་ཉིད་ཁྲོས་ནས་སྡོད་པ། ཐེག་པ་ཆེན་པོ་ཆོས་ཡིན་པར་ཁས་མ་བླངས་པ། ལྷ་ཁང་དང་གཙུག་ལག་ཁང་གི་རྒྱུ་དངོས་བེད་སྤྱོད་བཏང་བ། ཆོས་ལུགས་གཞན་ལ་དམའ་འབེབས་བྱེད་པ། དགེ་འདུན་གྱི་དཀོར་འཕྲོག་པ། གྲྭ་པ་ཡིན་བཞིན་དུ་སྐྱ་བབས་སུ་བཅུག་པ། ཡུལ་མི་ཁྱིམ་མཚེས་ལ་གནོད་བསྐྱལ་བ། དམག་ལ་འགྲོ་བ། ཐེག་པ་ཆེན་པོའི་ཆོས་ལ་དད་པ་མེད་པའི་མི་ལ་ཐེག་པ་ཆེན་པོའི་ཆོས་ཤོད་པ་སོགས་བྱང་ཆུབ་སེམས་ཀྱི་སྡོམ་པ་དང་འགལ་བའི་རྩ་བའི་ཉེས་པ་བཅོ་བརྒྱད་དང་འགལ་ཚེ་ཉེས་པ་ཤིན་ཏུ་ཆེ་བ་ཡིན་ལ། དེའི་ནང་ནས་ད་དུང་ད་ནས་བཟུང་ང་སེམས་ཅན་གྱི་དོན་བྱེད་ཀྱི་མིན་ཟེར་བ་དང༌། ང་ལ་བྱང་ཆུབ་ཀྱི་སེམས་མི་དགོས་ཟེར་བ། སངས་རྒྱས་ཀྱིས་ཉེས་པ་ཡོད་པར་གསུངས་པ་རྣམས་རང་གིས་ཉེས་པ་མེད་ཅེས་སངས་རྒྱས་ཀྱིས་གསུངས་པ་དེ་ཁས་མི་ལེན་པ་སོགས་བྱས་ཚེ་ཉེས་པ་དེ་བས་ཆེ་བ་ཡིན། བྱང་ཆུབ་སེམས་ཀྱི་སྡོམ་པ་དེ་ཞུས་རྗེས་རང་འཇགས་ཡར་ཕུལ་བ་ཡིན་ནའང་ཉེས་པ་ཧ་ཅང་ཆེན་པོ་ཡིན་པ་དང༌། དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ཡར་ཕུལ་ནའང་བསྐྱར་དུ་ཚུར་ཞུ་ཆོག་རུང་བྱང་ཆུབ་སེམས་ཀྱི་སྡོམ་པ་དེ་ཡར་ཕུལ་ཟིན་རྗེས་ཉུང་ཤོས་ལའང་སྐྱེ་བ་ལྔ་བརྒྱའི་བར་ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་ཆད་པ་ཡིན་ཟེར། ཉེས་པ་གཞན་རྣམས་བཤགས་པ་བྱས་ཆོག་ཀྱང་དེ་དག་ལ་བཤགས་པ་བྱེད་རྒྱུ་མེད།

༢. བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་ཚུལ།

བྱང་ཆུབ་ཀྱི་སེམས་བསྐྱེད་ཟིན་རྗེས་སྤྱོད་པ་ལ་སློབ་དགོས། སྤྱོད་པ་ལ་སློབ་པ་ཞེས་པ་ནི་བྱ་སྤྱོད་ངོ་མའི་ཐོག་ལག་ལེན་བསྟར་བའི་དོན་ཡིན། བྱ་སྤྱོད་ངོ་མའི་ཐོག་ལག་ལེན་བསྟར་སྟངས་དེ་ལ་ཕར་ཕྱིན་དྲུག་ཟེར། ཕར་ཕྱིན་ཞེས་པ་ནི་འཁོར་བ་དང་ངན་སོང་གི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་ཏེ་ཕ་རོལ་ཏུ་ཕྱིན་པའི་དོན་ཡིན་ལ། ཕ་རོལ་སླེབས་ས་དེ་སངས་རྒྱས་ཀྱི་ས་ཡིན་ཅིང༌། སངས་རྒྱས་ཀྱི་གོ་འཕང་དེར་སླེབས་པའི་ཐབས་ནི་ཕར་ཕྱིན་དྲུག་སྟེ། (༡) སྦྱིན་པ། (༢) ཚུལ་ཁྲིམས། (༣) བཟོད་པ། (༤) བརྩོན་འགྲུས། (༥) བསམ་གཏན། (༦) ཤེས་རབ་བཅས་ཡིན།

(༡) སྦྱིན་པ། རང་ཉིད་ཀྱི་ལུས་དང་ལོངས་སྤྱོད་སོགས་ལ་ཆགས་ཞེན་མེད་པར་གཞན་ལ་གཏོང་བའི་སེམས་པ་ལ་ཟེར་ཞིང༌། དེ་ལ་ནང་གསེས་དབྱེ་ན། ཟང་ཟིང་གི་སྦྱིན་པ་དང༌། ཆོས་ཀྱི་སྦྱིན་པ། མི་འཇིགས་པའི་སྦྱིན་པ་བཅས་གསུམ་ཡོད།

ཟང་ཟང་གི་སྦྱིན་པ། རང་ལ་བྱུང་བའི་དངོས་པོ་གང་དང༌། གང་ཡིན་ཀྱང་ཕངས་མེད་དུ་གཞན་ལ་སྦྱིན་པ།

ཆོས་ཀྱི་སྦྱིན་པ། ལྷག་བསམ་རྣམ་དག་གིས་གཞན་ལ་ཆོས་བཤད་པའམ་ཤེས་ཡོན་སློབ་པ།

མི་འཇིགས་པའི་སྦྱིན་པ། གཞན་ལ་སྡུག་བསྔལ་དང་ཉེན་ཁ་ཅི་བྱུང་ཡང་དེ་ལས་དངོས་སུ་སྐྱོབ་པ།

(༢) ཚུལ་ཁྲིམས། ལུས་ངག་གི་ཉེས་སྤྱོད་ངན་པ་རྣམས་བཙན་ཐབས་སུ་སྤོང་བའམ་རང་སྟོབས་ཀྱིས་སྤོང་བ་དེ་ཡིན། དེ་ལ་ནང་གསེས་ཀྱི་དབྱེ་བ་གསུམ་ཡོད།

ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། ཚུལ་ཁྲིམས་དག་པའི་རྒྱུ་དྲན་པ་དང༌། ཤེས་བཞིན། བག་ཡོད་གསུམ་ལ་བརྟེན་ནས་ལུས་ངག་གི་ཉེས་སྤྱོད་ངན་པ་རྣམས་སྤོང་བ།

དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། ཚུལ་ཁྲིམས་དེ་རང་ལ་ཕར་ཕྱིན་དྲུག་ཚང་བ་བྱས་པ་སྟེ། མི་གཞན་ཚུལ་ཁྲིམས་སྲུང་དུ་འཇུག་པ་དང་སྡོམ་པ་མེད་པར་སྡོམ་པ་སྟེར་བ་ལྟ་བུ་ཚུལ་ཁྲིམས་ཀྱི་སྦྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཚུལ་ཁྲིམས་ནི་སྨོས་མི་དགོས་ལ། ཚུལ་ཁྲིམས་དང་འགལ་བའི་སྐྱོན་ཆ་ཡོང་སྐབས་བཟོད་སྒོམ་བྱས་པར་ཚུལ་ཁྲིམས་ཀྱི་བཟོད་པ། ཚུལ་ཁྲིམས་སྲུང་ཆེད་བརྩོན་འགྲུས་བྱས་པར་ཚུལ་ཁྲིམས་ཀྱི་བརྩོན་འགྲུས། ཚུལ་ཁྲིམས་སྲུང་བའི་ནང་དོན་དེ་བློ་མ་གཡེང་བར་སེམས་རྩེ་གཅིག་ཏུ་གཞོལ་བ་ལ་ཚུལ་ཁྲིམས་ཀྱི་བསམ་གཏན། ཚུལ་ཁྲིམས་དང་འགལ་བའི་ཉེས་པ་དང་ཚུལ་ཁྲིམས་སྲུང་བའི་ཕན་ཡོན། སྲུང་བྱ་གང་དང་གང་ཡོད་སོགས་ཞིབ་ཕྲ་ཤེས་པ་ལ་ཚུལ་ཁྲིམས་ཀྱི་ཤེས་རབ་བཅས་སྟེ་ཕར་ཕྱིན་དྲུག་ཆ་ཚང་ཚུལ་ཁྲིམས་ལ་ཚང་བ་བྱས་པ་ལའོ།།

སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས། ཚུལ་ཁྲིམས་དང་མི་ལྡན་པའམ་ཚུལ་ཁྲིམས་ཉམས་པའི་སེམས་ཅན་རྣམས་ཚུལ་ཁྲིམས་སྲུང་དུ་བཅུག་པ།

(༣) བཟོད་པ། རང་ལ་གནོད་སྐྱེལ་མཁན་མེད་ན་བཟོད་པ་སྒོམ་དགོས་དོན་མེད་པར་བརྟེན་བཟོད་པ་བསྒོམ་སའི་ཡུལ་ཞིག་དགོས་ལ་ཡུལ་དེས་གནོད་གང་འདྲ་ཞིག་བྱས་ནའང་དེ་ལ་ཁོང་ཁྲོ་དང་འཁོན་ལན་མ་འཇལ་བར་དང་ལེན་བྱས་པ་དེ་ལ་ཟེར་ཞིང༌། ནང་གསེས་ཀྱི་དབྱེ་བ་གསུམ་ཡོད།

གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ། རང་ལ་གཞན་གྱིས་གནོད་པ་གང་བྱས་ཀྱང་དེ་ལ་གནོད་ལན་དང་ཁོང་ཁྲོ་མི་བྱེད་པར་བཟོད་ནུས་པ་སྟེ་ནམ་རྒྱུན་འཚོ་བའི་ནང་རྟག་ཏུ་འཕྲད་པའི་བཟོད་པ་དེ་ཡིན།

སྡུག་བསྔལ་དང་ལེན་གྱི་བཟོད་པ། ཆོས་ཀྱི་ཆེད་དུའམ་ཡོན་ཏན་སློབ་པ་སོགས་ཀྱི་ཆེད་དུ་ལུས་སེམས་ལ་མི་འདོད་པའི་སྡུག་བསྔལ་ཅི་བྱུང་ཡང་དང་དུ་ལེན་པ་སྟེ། སྤྱིར་ན་རང་གཞན་ཚང་མའི་དོན་དུ་དཀའ་བ་སྤྱད་ཚེ་རང་གི་ལུས་སེམས་གཉིས་ཀར་སྡུག་བསྔལ་ཆེན་པོ་ཡོང་ངེས་ཡིན་ཀྱང་སྡུག་བསྔལ་དེ་ཁུར་དུ་མ་སོང་བར་རྒྱན་དུ་ཁྱེར་བ་དེ་ལ་སྡུག་བསྔལ་དང་ལེན་གྱི་བཟོད་པ་ཟེར།

ཆོས་ལ་ངེས་སེམས་ཀྱི་བཟོད་པ། རང་གི་བློར་མི་ཤོང་བའི་དཀའ་སྤྱད་དང་ཡོན་ཏན་སོགས་རང་ཐོག་ཏུ་བབས་ན་དང་དུ་ལེན་ནུས་པ་སྟེ། མི་སུ་གཅིག་གིས་བྱེད་མ་ཐུབ་པའི་དཀའ་སྤྱད་འབད་བརྩོན་བྱེད་དགོས་བྱུང་ཡང་དེ་རང་གིས་བྱེད་ཐུབ་བསམ་པའི་སེམས་ཐག་བཅད་དེ་མཐའ་བསྐྱལ་བ་དེ་ལ་ཟེར།

(༤) བརྩོན་འགྲུས། བྱ་བ་གང་དང་གང་ཞིག་ཡིན་ནའང་འགོ་བཙུགས་ནས་མཇུག་མ་འཁྱོལ་བར་དུ་མཐའ་འཁྱོལ་བ་བྱས་པ་དེ་ལ་ཟེར། འདིར་ང་ཚོས་བརྩོན་འགྲུས་ཀྱིས་ནུས་པ་ག་རེ་བཏོན་གྱི་ཡོད་མིན་སྐོར་རྒྱས་ཙམ་བཤད་ན། བརྩོན་འགྲུས་ནི་འབད་བརྩོན་བྱས་པ་དང་ཆུ་བོའི་རྒྱུན་བཞིན་བར་མ་ཆད་པ་བྱས་པ་དེ་ལ་ཟེར། བརྩོན་འགྲུས་ཟེར་བ་ནི་ཡོན་ཏན་ཀུན་གྱི་རྩ་བ་ཞིག་རེད། གང་ལགས་ཤེ་ན། བརྩོན་འགྲུས་དང་ལྡན་ན་ཡོན་ཏན་ཚང་མ་ཡོང་ཐུབ་པ་དང༌། བརྩོན་འགྲུས་མེད་ན་ཡོན་ཏན་གང་ཡང་ཡོང་མི་ཐུབ། བརྩོན་འགྲུས་ཡོད་ན་རིག་པ་དེ་ཙམ་མེད་ནའང་ཡོན་ཏན་ཡག་པོ་ཤེས་ཐུབ་ལ། བརྩོན་འགྲུས་མེད་ན་རིག་པ་ཡག་རུང་ཡོན་ཏན་གང་ཡང་ཤེས་མི་ཐུབ། དེ་བཞིན་བརྩོན་འགྲུས་ཟེར་བ་དེ་ཡོན་ཏན་གྱི་རྩ་བ་རེད་ཟེར་དགོས་པའི་རྒྱུ་མཚན་ནི། ཡོན་ཏན་སྔོན་མ་མེད་པ་གསར་དུ་ཡོང་བ་བྱེད་དགོས་ན་བརྩོན་འགྲུས་ལ་བརྟེན་དགོས་ལ། དེ་བཞིན་ཡོན་ཏན་སྔོན་མ་ཡོད་པ་དེ་གོང་འཕེལ་གཏོང་བར་ཡང་བརྩོན་འགྲུས་ལ་རག་ལས་ཡོད། བརྩོན་འགྲུས་མེད་ན་སྔོན་མ་མེད་པའི་ཡོན་ཏན་གསར་དུ་ཡོང་མི་ཐུབ་ལ། སྔར་ཡོད་པ་རྣམས་ཀྱང་གོང་འཕེལ་གཏོང་མི་ཐུབ།

བརྩོན་འགྲུས་ལ་ནང་གསེས་ཀྱིས་དབྱེ་ན་གསུམ་ཡོད་དེ། གོ་ཆའི་བརྩོན་འགྲུས། དགེ་བ་ཆོས་སྡུད་ཀྱི་བརྩོན་འགྲུས། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་བཅས་ཡིན།

གོ་ཆའི་བརྩོན་འགྲུས་ཟེར་བ་ནི། ཆོས་ཀྱི་ནང་དུ་བཤད་སྟངས་བྱས་ན། སེམསཅན་རེ་རེ་ཡི་བསམ་བློའི་ནང་དུ་ཡོན་ཏན་སྣེ་གཅིག་དང་དགེ་བའི་སེམས་སྣེ་གཅིག་སྐྱེ་བའི་དོན་དུ་བསྐལ་པ་མང་པོའི་བར་དུ་དམྱལ་བ་ལ་སྡོད་དགོས་བྱུང་རུང་རང་ཉིད་སྡོད་ཐུབ་བསམ་པའི་ཆོད་སེམས་ལྡན་པ་དེ་ལ་གོ་ཆའི་བརྩོན་འགྲུས་ཟེར། ང་རང་ཚོ་སློབ་སྦྱོང་བྱེད་མཁན་ཞིག་གི་ངོས་ནས་བཤད་ན་སོ་སོ་རང་གི་བསམ་བློའི་ནང་དུ་ཡོན་ཏན་སྣེ་གཅིག་ཤེས་པའི་ཕྱིར་ཟླ་བ་མང་པོ་དཀའ་བ་སྤྱོད་དགོས་བྱུང་ན་ཡང་སྤྱོད་ཐུབ་བསམ་པའི་ཆོད་སེམས་ཡོད་པ་དེ་ལ་ཟེར། དཔེར་ན། སངས་རྒྱས་ཤཱཀྱ་མུ་ནེ་དང་དེ་བཞིན་བྱང་ཆུབ་སེམས་དཔའ་དེ་དག་སྔོན་མ་ང་ཚོ་དང་མཉམ་དུ་གསང་སྤྱོད་ནང་གི་འབུ་ལའང་མཉམ་དུ་སྐྱེ་མྱོང་བ་དང་དེ་བཞིན་དམྱལ་བ་ལའང་མཉམ་དུ་སྐྱེ་མྱོང་བ་ཞིག་ཡིན་ཀྱང་ཁོང་ཚོས་སྔོན་ལ་རང་གི་སྒེར་སེམས་སྤངས་ཐོག བསམ་བློའི་ཐོག་ལ་དཀའ་བ་སྤྱད་ནས་ཕར་ཕྱིན་དྲུག་ལ་སློབ་སྦྱོང་བྱས་སྟབས་ད་ལྟ་སངས་རྒྱས་ཚར་བ་ཞིག་རེད། ང་རང་ཚོ་ད་དུང་འཁོར་བ་འདི་རུ་ལྷག་དགོས་པ་ནི་གང་ལ་བརྟེན་ནས་མ་བྱུང་བ་རེད་དམ་ཟེར་ན། རང་གིས་བརྩོན་འགྲུས་བྱེད་ཀྱིས་མ་ལྡེང་བ་རེད་ཅེས་ཆོས་ཀྱི་ནང་དུ་དེ་ལྟར་བཤད་སྲོལ་ཡོད། འོན་ཏེ་ང་རང་ཚོར་ཆ་བཞག་ན་སྔོན་མ་རང་ཉིད་དང་འཛིན་གྲྭ་གཅིག་དང༌། ལུང་པ་གཅིག དགེ་རྒན་གཅིག་གི་དགེ་ཕྲུག་བཅས་ཡིན་པའི་སློབ་གྲོགས་ནང་ལའང་དེང་སང་ཁག་གཅིག་རང་ལས་ཡོན་ཏན་ཆེ་བ་དང༌། གྲུབ་འབྲས་ཆེ་བ་བྱུང་ཡོད། ཡིན་ནའང་རང་ད་ལྟ་དེ་འདྲ་མ་བྱུང་བ་དེ་དགེ་རྒན་གྱིས་མ་ལྡེང་བ་མིན་ལ། སློབ་སྦྱོང་བྱེད་ཡུལ་གྱི་ཆ་རྐྱེན་གྱིས་མ་ལྡེང་བ་མིན་པར་སོ་སོ་རང་གི་བརྩོན་འགྲུས་ཀྱིས་མ་ལྡེང་བ་རེད་ཟེར། བརྩོན་འགྲུས་ཟེར་བ་དེ་གང་འདྲ་ཞིག་དགོས་སམ་ཞེ་ན། སོ་སོའི་ཡོན་ཏན་སློབ་འདོད་ཀྱི་དམིགས་ཡུལ་གང་ཡིན་ནའང་དེ་མ་བསྒྲུབ་བར་དུ་བརྩོན་འགྲུས་མཐའ་སྐྱེལ་ཐུབ་པའི་བསམ་བློ་ཞིག་དགོས། དཔེར་ན། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་རྒྱལ་བ་བྱམས་པའི་ཞལ་གཟིགས་ཐོབ་ཆེད་ཐོག་མ་བྲག་ཕུག་ནང་ལོ་གསུམ་སྒོམ་སྒྲུབ་མཛད་ཀྱང་རྟགས་དང་མཚན་མ་གང་ཡང་མ་བྱུང་བར་བྲག་ཕུག་ནས་ཕྱིར་ཕེབས་སྐབས་ལམ་བར་དུ་རྒས་པོ་ཞིག་གིས་ལྕགས་ཧྲེང་ཞིག་བརྡར་བཞིན་ཡོད་པ་གཟིགས་ནས་དེས་ཅི་བྱེད་ཅེས་དྲིས་གནང་བར་རྒས་པོས་ཁབ་བཟོ་རྩིས་ཡོད་ཅེས་ལན་བཏབ་པར་བརྟེན་འཕགས་པ་ཐོགས་མེད་ཀྱི་ཐུགས་ལ་རྒས་པོ་དེར་སྙིང་རུས་དེ་ལྟ་བུ་ཡོད་ན་ང་སྙིང་རུས་ཆུང་ཐག་ཆོད་འདུག་དགོངས་ནས་བྲག་ཕུག་ནང་བསྐྱར་དུ་ལོ་གསུམ་སྒོམ་སྒྲུབ་མཛད་པ་དང༌། ལོ་གསུམ་དེའི་རིང་ལའང་རྟགས་དང་མཚན་མ་གང་ཡང་མ་བྱུང་བར་ཕྱིར་ཕེབས་སྐབས་ལམ་བར་བྲག་ཕུག་གཅིག་ནང་ཕུག་རོན་གྱི་ཚང་བསགས་ཏེ་ཕུན་རོན་བྲག་ཕུག་ནང་ཡར་མར་འཕུར་སྐབས་བྲག་ལ་གཤོག་པ་བརྡར་ནས་ཟད་འབྲས་ཐོན་ཡོད་པ་གཟིགས་ནས་ཡང་བསྐྱར་བྲག་ཕུག་ནང་ཕྱིར་ལོག་ཕེབས་ཏེ་ལོ་གསུམ་སྒོམ་སྒྲུབ་མཛད་ཀྱང་ད་དུང་རྟགས་མཚན་གང་ཡང་མ་བྱུང་བར་ཕྱིར་ཕེབས་སྐབས་ལམ་བར་བྲག་གི་སྟེང་ནས་ཆུ་ཐིགས་མ་སྐམ་མ་ཆད་ཙམ་ཞིག་རྒྱུག་གི་ཡོད་པ་དེས་འོག་གི་བྲག་རྡོ་ཀོང་ཀོང་བཟོས་ཡོད་པས་འཕགས་པ་ཐོགས་མེད་ཀྱིས་དེ་གཟིགས་རྗེས་རང་ཉིད་སྙིང་རུས་བྱ་རྒྱུ་མི་ལྡེང་བ་མཁྱེན་ནས་བསྐྱར་དུ་བྲག་ཕུག་ནང་ཕེབས་ཏེ་ལོ་གསུམ་སྒོམ་སྒྲུབ་མཛད་དེ་ཁྱོན་ལོ་བཅུ་གཉིས་སྒོམ་སྒྲུབ་མཛད་རྗེས་རྒྱལ་བ་བྱམས་པའི་ཞལ་གཟིགས་དངོས་སུ་ཐོབ་པ་ཡིན་ཟེར། དེ་བཞིན་མི་ལ་རས་པས་ཁོང་གི་བླ་མ་མར་པ་ལོ་ཙཱ་བའི་སྐུ་མདུན་ནས་ཆོས་ཞུ་ཆེད་མར་པའི་བཀའ་ལྟར་ཁོ་རང་གཅིག་པུས་སྲས་མཁར་དགུ་ཐོག་བཞེངས་ཏེ་ཐོག་བརྩེགས་བརྒྱད་བར་བཞེངས་ཟིན་རྗེས་དགུ་པ་རྒྱག་ཁར་བྲོས་བྱོལ་ཕེབས་པ་རེད་ཅེས་ཟེར་སྲོལ་ཡོད། དེར་བརྟེན་ཡོན་ཏན་གྱི་རྩ་བ་བརྩོན་འགྲུས་ལ་ཐུག་ཡོད་པ་དང༌། འཚོང་རྒྱག་པར་མ་རྩ་མེད་ན་མི་འགྲིག་པ་ལྟར་ཡོན་ཏན་ནི་མི་ཚེ་གཅིག་ལས་ཀ་བྱ་རྒྱུའི་མ་རྩ་ཡིན།

དགེ་བ་ཆོས་སྡུད་ཀྱི་བརྩོན་འགྲུས། གོང་གི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་འདྲ་བར་བརྩོན་འགྲུས་ལ་ཕར་ཕྱིན་དྲུག་ཚང་བར་བྱས་པ།

སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས། བརྩོན་འགྲུས་དང་མི་ལྡན་པའི་སེམས་ཅན་གཞན་རྣམས་ལ་བརྩོན་འགྲུས་བྱེད་ཐབས་བསླབ་ནས་ཁོ་ཚོ་བརྩོན་འགྲུས་དང་ལྡན་པར་བྱས་པ།

བརྩོན་འགྲུས་ལ་བྱེད་ཐབས་དགུ་ཡོད་པ་སྟེ།

ཕྱི་བཤོལ་གྱི་ལེ་ལོ་འགོག་དགོས། ཕྱི་བཤོལ་གྱི་ལེ་ལོ་ནི་དེ་རིང་གི་ལས་ཀ་སང་ཉིན་ལ་དུས་ཚོད་ནར་འགྱངས་བྱེད་པའི་བསམ་པ་དེ་ཡིན། དེ་ནི་རང་ལ་མགོ་སྐོར་གཏོང་མཁན་གྱི་དགྲ་ཞིག་ཡིན།

བྱ་བ་ངན་པ་ལ་ཞེན་པའི་ལེ་ལོ་འགོག་དགོས། དེ་ནི་བྱ་བ་ངན་པ་སྟེ་ཆང་འཐུང་རྒྱག་པ་དང་ཁ་བརྡར་གློད་ནས་སྡོད་པ་སོགས་ལ་ཆགས་ཞེན་བྱེད་པའི་ལེ་ལོ་ལ་ཟེར།

སྒྱིད་ལུག་གི་ལེ་ལོ་སྤོང་དགོས། དེ་ནི་ཡོན་ཏན་ལ་དཀའ་ངལ་ཆེ་བར་བརྩིས་ནས་མ་སྦྱངས་པ་དེ་ལ་ཟེར། ཡོན་ཏན་སྦྱངས་ནས་དུས་རིམ་གང་མཚམས་ཤིག་སོང་རྗེས་ཡོན་ཏན་དེ་ངས་ཤེས་ཐུབ་པ་མི་འདུག་བསམ་པའི་ཚོར་སྣང་དེ་མི་ཚང་མ་ལ་ཡོང་སྲིད་པ་ཞིག་ཡིན། འོན་ཀྱང་དེ་བཀག་ནས་ཡོན་ཏན་དེ་སློབ་ཐུབ་པའི་ཆོད་སེམས་འཛུགས་དགོས། ཡོན་ཏན་དེ་སོ་སོས་ངེས་པར་དུ་ཤེས་ཐུབ་པའི་རྒྱུ་མཚན་གང་ལགས་ཟེར་ན། སོ་སོ་རང་དང་རྒྱུན་དུ་གཤིབ་ནས་སྡོད་པའི་རི་དྭགས་དང༌། བྱ་དང༌། ཁྱི་སོགས་ཀྱིས་ཀྱང་མི་དང་མཉམ་དུ་འཚོ་བ་ཡུན་རིང་བསྐྱལ་བའི་རྗེས་སུ་ཁོང་ཚོས་མིའི་ལད་མོ་བྱེད་ཐུབ་ཀྱི་ཡོད་པར་བརྟེན་ང་རང་ཚོ་མི་ཡིན་སྟབས་ཡོན་ཏན་བསླབ་ནས་མི་ཤེས་པ་ཡོང་མི་སྲིད། དཔེར་ན་རང་ཉིད་སློབ་གྲྭ་ཆུང་བ་དང་འབྲིང་བར་སློབ་སྦྱོང་བྱེད་པའི་སྐབས་ལས་སློབ་གྲྭ་ཆེན་མོར་སླེབས་རྗེས་ཡོན་ཏན་ཏོག་ཙམ་ཆེ་རུ་ཕྱིན་ཡོད་པས་ད་དུང་ངས་མུ་མཐུད་འབད་བརྩོན་བྱས་ན་ཡོན་ཏན་ཏན་ཏན་ཤེས་ཐུབ་ཀྱི་རེད་བསམ་པའི་བསམ་བློ་དེ་ཡོད་དགོས། དེ་བཞིན་རང་དང་རྒྱུན་དུ་མཉམ་དུ་ཡོད་པའི་གཡས་གཡོན་གྱི་བློ་མཐུན་ཚོ་དང་ཕན་ཚུན་བསྡུར་ནས་རང་གི་ཡོན་ཏན་དེ་བས་ཆེ་རུ་འགྲོ་ཐབས་བྱེད་པ་དེ་ཡང་སྒྱིད་ལུག་གི་ལེ་ལོ་འགོག་ཐབས་ཤིག་ཡིན།

mདོན་གཉེར་སྐྱེད་པའི་ཐབས་ཤེས་བྱ་དགོས་པ། དོན་གཉེར་སྐྱེད་པའི་ཐབས་ཤེས་ཟེར་བ་ནི། ཡོན་ཏན་བསླབས་ནས་ཕན་ཐོགས་ཡོད་མེད་ལ་བསམ་བློ་གཏོང་དགོས། དཔེར་ན། ལོ་རྒྱུས་བསླབས་ན་ཕན་པ་གང་ཡོད་མེད་དང༌། སུམ་རྟགས་བསླབས་ན་ཕན་པ་གང་ཡོད་མེད་སོགས་གནས་ཚུལ་དེ་ཚོ་ལ་བསམ་བློ་བཏང་སྟེ་སོ་སོའི་སློབ་བཞིན་པའི་ཡོན་ཏན་དེ་ལ་དོན་གཉེར་ཆེ་རུ་འགྲོ་ཐབས་བྱེད་དགོས་པ་དེ་ཡིན།

nདོན་གཉེར་འདི་བྱུང་ན་དེའི་རྗེས་སུ་འདུན་པ་ཟེར་བ་ཡོང་གི་རེད། འདུན་པ་ཟེར་བ་དེ་གང་ཡིན་ནམ་ཟེར་ན། ཡོན་ཏན་སློབ་རྒྱུའི་འདོད་པ་སྟེ། ཡོན་ཏན་སློབ་འདོད་ཀྱི་བསམ་བློ་མཐའ་འཁྱོལ་བ་གཏོང་དགོས་པ་དེ་ལ་འདུན་པ་ཟེར།

oདོར་བའི་སྟོབས་ཟེར་བ་ནི། ངལ་གསོ་རྒྱག་དགོས་པ་ལ་ཟེར། བརྩོན་འགྲུས་བྱེད་པའི་སྐབས་སུ་ངལ་གསོ་རྒྱག་དགོས་ཟེར་བ་སྟེ། ངལ་གསོ་རྒྱག་པ་ནི་བརྩོན་འགྲུས་བྱེད་མཚམས་བཞག་པ་མ་ཡིན་པར་བརྩོན་འགྲུས་སྔར་ལས་ལྷག་པ་ཡོང་བའི་ཆེད་དུ་ངལ་གསོ་རྒྱག་པ་ཞིག་ཡིན། བརྩོན་འགྲུས་བྱེད་དུས་བརྩོན་འགྲུས་བྱེད་པ་དང༌། ངལ་གསོ་རྒྱག་དུས་ངལ་གསོ་རྒྱག་དགོས་པ་ལས་བརྩོན་འགྲུས་བྱེད་སྐབས་གཉིད་ཀྱང་མ་ཉལ་བར་བྱེད་པ་ལྟ་བུ་དང༌། མཚམས་བཞག་དུས་རང་གི་དཔེ་ཆ་དེ་ཡང་ཧ་ལམ་བརྗེད་ཕྱིན་པ་ལྟ་བུ་བྱེད་མི་རུང༌། ངལ་གསོ་མ་བརྒྱབ་ན་སོ་སོའི་དཔེ་ཆ་མཐོང་དུས་མགོ་ན་དགོས་པ་དང༌། སོ་སོ་སྡོད་སའི་གདན་དེ་མཐོང་བ་ཙམ་གྱིས་རྐུབ་ན་དགོས་རྒྱུའི་བསམ་པ་བསྐྱེད་ཀྱི་རེད་ཟེར། མདོར་ན་བརྩོན་འགྲུས་བྱས་པའི་གོ་རིམ་ནང་མ་ཤེས་ན་ཨུ་ཚུགས་མ་བརྒྱབ་པར་ངལ་གསོ་རྒྱག་དགོས་པ་དང༌། བརྩོན་འགྲུས་བྱེད་པའི་ཐབས་ཤེས་ལ་མཁས་པ་ཞིག་དགོས་ཟེར་བ་དེ་ཡིན།

pམིག་རྒྱང་སེམས་ཀྱི་སྐོར། དེ་ནི་གནས་སྐབས་ཀྱི་འཆར་གཞི་དང༌། རྒྱང་རིང་གི་འཆར་གཞི་ཡོད་པ་དེ་ལ་མིག་རྒྱང་སེམས་ཟེར། དཔེར་ན་ང་རང་ཚོ་སློབ་སྦྱོང་བྱེད་པའི་སྐབས་སུ་མ་གཞི་སུམ་རྟགས་དང༌། སྙན་ངག ལོ་རྒྱུས་སོགས་ཚང་མ་བསླབ་དགོས་ནའང་གོ་རིམ་འཆར་གཞི་ཞིག་ངེས་པར་དགོས་པ་ལས་སྡེབ་གཅིག་ལ་ཚང་མར་ལག་པ་འཆང་བ་ཡིན་ན་མཐར་སོན་པའི་འབྲས་བུ་ཞིག་ཡོང་བར་དཀའ་ངལ་ཆེ་བ་ཡིན་པས་སློབ་སྦྱོང་ཐད་རིམ་པ་ནས་རིམ་པ་བརྒྱུད་པའི་འཆར་གཞི་ཞིག་ཡོད་དགོས།

qཡིད་རྒྱ་བསྐྱེད་ཟེར་བ་ནི། ཡིད་ནི་སེམས་ཀྱི་དོན་ཡིན། རྒྱ་བསྐྱེད་ནི་བློ་རྒྱ་ཆེན་པོ་བྱེད་དགོས་པར་ཟེར། ཆོས་ཀྱི་ནང་དུ་བཤད་ན། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་ཅན་རེ་རེ་སྡུག་བསྔལ་ལས་ཐར་བ་བྱས་ཏེ་རིམ་པས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་བསམ་བློ་གཏོང་དགོས་ཟེར། ང་རང་ཚོ་སློབ་མ་ཞིག་གི་ངོས་ནས་བཤད་ན། བློ་རྒྱ་ཆེན་པོ་བྱས་ཏེ་ཡོན་ཏན་ག་རེ་ཡིན་ནའང་ངས་ཤེས་པ་བྱེད་བསམ་པའི་བསམ་བློ་དེ་དགོས་པ་ཡིན་ཟེར། དཔེར་ན་ལོ་རྒྱུས་དང༌། ཆོས་ལུགས། སུམ་རྟགས། སྙན་ངག་སོགས་ཚང་མ་ངས་ཤེས་པ་བྱེད་ཐུབ་ཀྱི་རེད། ངེས་པར་དུ་ཤེས་ཐུབ་པ་བྱེད་ཀྱི་ཡིན་བསམ་པའི་བརྩོན་འགྲུས་བསྐྱེད་དགོས་པ་དེ་ཡིན།

rཁོང་དུ་གློད། ཁོང་དུ་གློད་ཟེར་བ་ནི་བྱ་བ་གང་ཞིག་ཡིན་རུང་འཚབ་འཚུབ་མེད་པར་དལ་པོའི་ངང་སེམས་ལྷོད་ལྷོད་ཀྱིས་བྱེད་དགོས་པར་ཟེར། བརྩོན་འགྲུས་ཡོད་པ་ལ་སེམས་དེ་ལྷོད་ལྷོད་ཡིན་པ་དེ་འདྲ་ཞིག་ཡིན་དགོས།

གོང་གསལ་དེ་རྣམས་ནི་བརྩོན་འགྲུས་ཀྱི་ཐབས་ཤེས་དགུའི་སྐོར་ཡིན། དེ་ནས་བརྩོན་འགྲུས་ཀྱི་ནང་གསེས་གཉིས་པ་དགེ་བ་ཆོས་སྡུད་ཀྱི་བརྩོན་འགྲུས་དང་སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་ཟེར་བ་དེ་གཉིས་གོང་དུ་ང་ཚོས་ཚུལ་ཁྲིམས་ནང་བཤད་པ་དང་གཅིག་མཚུངས་ཡིན། བརྩོན་འགྲུས་ཀྱི་ནང་དུ་ཕར་ཕྱིན་དྲུག་ཚང་བ་བྱེད་པ་དེ་ལ་དགེ་བ་ཆོས་སྡུད་ཀྱི་བརྩོན་འགྲུས་ཟེར། བརྩོན་འགྲུས་དང་མི་ལྡན་པའི་སེམས་ཅན་གཞན་རྣམས་ལ་བརྩོན་འགྲུས་བྱེད་སྟངས་སོགས་བསླབས་ཏེ་ཁོང་ཚོ་བརྩོན་འགྲུས་དང་ལྡན་པར་འགྱུར་བར་བྱས་པ་དེ་ལ་སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་ཟེར།

(༥) བསམ་གཏན། བསམ་གཏན་གྱི་ནང་དོན་ནི་ཅུང་རྒྱ་ཆེ་ཙམ་དང་དོན་གཏིང་ཟབ་ཙམ་ཡོད། ནམ་རྒྱུན་ང་ཚོས་བསམ་གཏན་ཟེར་བའི་ཚིག་དེ་རྟག་ཏུ་བེད་སྤྱོད་གཏོང་བ་མ་ཟད། བལྟས་ན་ལས་སླ་པོ་ལྟ་བུ་ཞིག་ཡོད། ཡིན་ནའང་བསམ་གཏན་གྱི་སྐོར་ནང་དོན་ཧ་ཅང་རྒྱ་ཆེན་པོ་ཡོད་པས་དེའི་ནང་གི་མིང་དང་ཚིག་དེ་རྣམས་ལ་འགྲེལ་པ་གོ་བདེ་ཙམ་ཞིག་ཞུ་རྒྱུ་ཡིན།

བསམ་གཏན་ཟེར་བའི་གོ་དོན་ནི། རང་གི་སེམས་དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་མ་ཡེངས་པར་གནས་པ་ལ་ཟེར། འདིའི་ནང་དུ་ཚིག་ཆ་ཚང་ཞིག་ཡོད་པ་དེ་དག་ཚིག་རེ་རེ་བཞིན་དུ་དོན་སྟོན་རྒྱུ་ཡོད་པ་སྟེ། རང་གི་སེམས་དགེ་བའི་དམིགས་པ་ལ་ཟེར་བ་འདི་ནི་དགེ་བའི་དམིགས་པ་ལ་ཟེར་བ་ལས་དམིགས་པ་གང་བྱུང་མ་བྱུང་ལ་ཟེར་གྱི་མེད་པས་དེ་ནི་དགེ་བའི་དམིགས་པ་ཁོ་ན་ལ་གོ་དགོས། ཁ་ཅིག་དཔེར་ན་བསམ་གཏན་འདི་ལྟ་སྟེ། རང་ཉིད་སྟོད་ཐུང་ཡག་པོ་ཞིག་གྱོན་འདོད་པས་དེ་རིང་ཁྲོམ་ནས་སྟོད་ཐུང་ཡག་པོ་ཞིག་མཐོང་ན་ཡང་རང་གིས་དངུལ་འཁྱེར་མེད་པ་དང༌། རང་གི་བསམ་པར་སྟོད་ཐུང་དེའི་ཚོས་གཞི་དང༌། བཟོ་ལྟ། ཆེ་ཆུང་སོགས་ཚང་མ་མིག་གི་མདུན་དུ་ཡོད་པ་ནང་བཞིན་ཁྲ་ལྷེམ་ལྷེམ་འཁོར་བ་ཞིག་ཡོད་པ་དེ་ནི་ལུང་མ་བསྟན་གྱི་དམིགས་པ་ཡིན་པ་དང༌། ད་འདི་མ་བྱུང་ན་ཐབས་མི་འདུག་བསམ་པ་དེ་ནི་འདོད་ཆགས་ཀྱི་དམིགས་པ་ཡིན་པས། དམིགས་པ་དེ་འདྲ་མིན་པར་དགེ་བའི་དམིགས་པ་ཡིན་པ་ཞིག་དགོས་ཟེར། དགེ་བའི་དམིགས་པ་དེ་གང་རེད་ཟེར་ན་དགེ་བ་བཅུ་ཡིན་པ་ཞིག་སྟེ། རང་གི་སེམས་ཀྱི་དད་པ་ཡིན་ནའང་འདྲ། བརྩོན་འགྲུས་ཡིན་ནའང་འདྲ། ཚུལ་ཁྲིམས་དང་སྦྱིན་པ་སོགས་གང་ཡིན་ནའང་འདྲ། སོ་སོའི་བསམ་བློ་གཏོང་བའི་སྐབས་ཀྱི་དགེ་བའི་དམིགས་པ་ཞིག་ཡོད་པ་དེའི་ཐོག་ལ་སེམས་མ་ཡེངས་པར་རྩེ་གཅིག་ཏུ་གནས་པ་སྟེ་དེའང་བསམ་བློ་འཇོག་ས་གཏན་འཁེལ་བ་ཞིག་ཡོད་པ་དེ་ལ་བསམ་གཏན་ཟེར་བ་ལས། བློ་རྩེ་གཅིག་སྒྲིམ་མེད་པར་བསམ་བློ་ག་ས་ག་ལ་གཏོང་བ་དེར་བསམ་གཏན་ཟེར་བ་མིན། བསམ་གཏན་གྱི་གོ་བ་དེ་གོ་བདེ་ཙམ་བཤད་ན་དེ་ལྟར་ཡིན།

བསམ་གཏན་ལ་ནང་གསེས་དབྱེ་བ་གསུམ་ཡོད་པ་སྟེ། jམཐོང་ཆོས་བདེ་བར་གནས་པའི་བསམ་གཏན། kཡོན་ཏན་གྱི་རྟེན་བྱེད་པའི་བསམ་གཏན། lསེམས་ཅན་དོན་བྱེད་ཀྱི་བསམ་གཏན་བཅས་ཡིན།

jམཐོང་ཆོས་ལ་བདེ་བར་གནས་པའི་བསམ་གཏན་ཟེར་བ་དེ་གང་ལགས་ཤེ་ན། བསམ་གཏན་ཟེར་བ་དེ་ཐོབ་པ་ཡིན་ན་རང་གི་སེམས་རང་གིས་རང་དབང་ཐོབ། རང་གི་སེམསལ་རང་གིས་བཀོད་འདོམས་བྱེད་ཐུབ་པ་ཞིག་བྱུང་ཚེ་སེམས་དེ་གང་དུ་བཞག་ན་ཡང་རང་གི་སེམས་དེ་མ་ཡེངས་པར་སྡོད་ཐུབ་པ་ཡིན་སྟབས་སློབ་སྦྱོང་བྱས་ནའང་འདྲ་སྒོམ་རྒྱབ་ནའང་འདྲ་དཀའ་ངལ་ལ་འཚེར་སྣང་རྩ་བ་ནས་མེད་པ་དང༌། དེ་བཞིན་རང་གི་ལུས་པོ་དེ་ཡང་སྔར་དང་མི་འདྲ་བའི་བདེ་ཐང་ཡོང་བ། རང་ཉིད་གང་དུ་ཕྱིན་ནའང་ཧ་ཅང་མགྱོགས་པོ་འགྲོ་ཐུབ་པ་དང༌། དེ་བཞིན་ཉི་མ་མང་པོ་ལྟོ་ཆས་མ་ཟས་ཀྱང་རང་གི་ལུས་ལ་ཤུགས་རྐྱེན་གང་ཡང་མི་ཐེབས་པར་གཟུགས་པོ་མི་བདེ་བའི་གནས་ཚུལ་རྩ་བ་ནས་མེད་པ་དེ་འདྲ་ཡོང་གི་ཡོད་པ་དེ་ལ་ནི་མཐོང་ཆོས་ལ་བདེ་བར་གནས་པའི་བསམ་གཏན་ཟེར།

kཡོན་ཏན་གྱི་རྟེན་བྱེད་པའི་བསམ་གཏན་ནི། ཡོན་ཏན་གང་འདྲ་ཞིག་བསླབ་ནའང་མགྱོགས་པོ་ཤེས་ཐུབ་པ་དང༌། སྒོམ་གང་འདྲ་ཞིག་བརྒྱབ་ནའང་རང་གི་ཆུ་ཚད་དེ་མགྱོགས་མྱུར་མཐོ་རུ་ཕྱིན་ནས་ཆོས་ཀྱི་གནས་ཚད་དེ་མགྱོགས་པོ་མཐོ་རུ་ཕྱིན་ཏེ་བསམ་གཏན་མི་ཐོབ་པ་ཞིག་དང་བསམ་གཏན་ཐོབ་པ་ཞིག་གིས་ཆོས་བྱས་པ་གཉིས་ཀྱི་མགྱོགས་ཚད་དེ་རྩ་བ་ནས་མི་འདྲ་བ་ཞིག་ཡོད་ཟེར།

lསེམས་ཅན་དོན་བྱེད་ཀྱི་བསམ་གཏན་ནི། རང་བསམ་གཏན་དུ་གནས་ནས་གཞན་ཡང་བསམ་གཏན་ལ་འགོད་པ་ལ་ཟེར།

(༦) ཤེས་རབ། ཤེས་རབ་ཅེས་པ་ནི་བླང་དོར་གྱི་ལེགས་ཉེས་མ་འདྲེས་པར་དབྱེ་བ་གསལ་པོ་ཕྱེ་ཐུབ་པ་དེ་ལ་ཟེར། བླང་བྱ་ནི་སོ་སོས་བྱས་ཆོག་པའམ་དང་དུ་ལེན་འོས་པ་དེ་དང༌། དོར་བྱ་ནི་སོ་སོས་སྤངས་དགོས་པའི་གནས། སྐྱོན་ནི་དོར་བྱའམ་སྤང་བྱ། དགེ་ནི་བླང་བྱའམ་དང་དུ་ལེན་འོས་པ་དེ་བཅས་ཡིན། དེར་བརྟེན་དགེ་སྐྱོན་དང་བླང་དོར་གྱི་དབྱེ་བ་མ་འདྲེས་པར་གསལ་པོ་ཕྱེ་ཐུབ་པ་དེ་ལ་ཤེས་རབ་ཟེར། ཤེས་རབ་ལ་ ཤེས་རབ་ཆེ་བ། ཤེས་རབ་གསལ་བ། ཤེས་རབ་མྱུར་བ། ཤེས་རབ་ཟབ་པ་བཅས་བཞི་ཡོད་པ་དང༌། དེ་བཞི་ཀར་ཁྱད་ཆོས་མི་འདྲ་བ་རེ་རེ་ཡོད་དེ། མི་ཁ་ཤས་ཤེས་རབ་ཆེན་པོ་ཡོད་ཀྱང་གསལ་པོ་མེད་པ་དང༌། ཁ་ཤས་ཤེས་རབ་ཆེན་པོ་དང་གསལ་པོ་ཡོད་ནའང་གཏིང་ཟབ་པོ་མེད་པ། ཁ་ཤས་ནི་ཤེས་རབ་ཆེན་པོ་དང༌། གསལ་པོ། ཟབ་པོ་ཡོད་རུང༌། མགྱོགས་པོ་མེད་པ་དེ་འདྲ་ཞིག་ཡོད། མི་གཅིག་ལ་རིག་པ་དེ་རྣམས་ཚང་མ་འཛོམས་པ་དེ་ཁག་པོ་ཡོད། ཤེས་རབ་ཆེན་པོ་ཞེས་པ་ནི་ལེགས་ཉེས་དང༌། དགེ་སྐྱོན་གང་ཡིན་རུང་སོ་སོ་རང་རྟོགས་ཀྱིས་དབྱེ་ཞིབ་བྱེད་ཐུབ་མཁན་དེ་ལ་ཟེར་བ་ལས་མི་ཡིས་བསླབས་ནས་དབྱེ་ཞིབ་བྱས་པར་ཟེར་བ་མིན། བླང་དོར་ལ་རང་རྟོགས་ཀྱིས་དབྱེ་ཞིབ་བྱེད་ཐུབ་པ་དེ་ལ་ཤེས་རབ་ཆེ་བ་ཟེར། ཤེས་རབ་གསལ་བ་ནི། དགེ་སྐྱོན་གང་ཡིན་རུང་ཚང་མ་ཆེ་ཆུང་ལ་མ་བལྟོས་པར་ཤེས་ཐུབ་པ་དེ་ཡིན། ཁ་ཤས་ཀྱིས་ཆེན་པོ་ཤེས་ནའང་ཆུང་ཆུང་མི་ཤེས་པ་དེ་ལ་ཤེས་རབ་མི་གསལ་བ་ཟེར། ཤེས་རབ་གསལ་བ་ནི། དགེ་སྐྱོན་གང་ཡིན་རུང་ཆ་ཕྲ་མོ་ཞིག་ཡིན་ནའང་མ་འདྲེས་པར་དབྱེ་ཞིབ་བྱེད་ཐུབ་པ་དེ་ལ་ཟེར། ཤེས་རབ་ཟབ་པ་ནི། གནད་དོན་གཅིག་ལ་བསམ་བློ་བཏང་བ་བརྒྱུད་ནས་གནད་དོན་མང་པོ་ཤེས་རྟོགས་བྱེད་ཐུབ་པ་དེ་ལ་གོ་དགོས་ཏེ། དཔེར་ན། ཁོ་བསམ་བློ་ཞེ་དྲག་གཏིང་ཟབ་པོ་ཡོད་ཅེས་ཤོད་དུས་མི་དེས་གནད་དོན་གཅིག་བརྒྱུད་ནས་གནད་དོན་མང་པོ་བསམ་བློ་འཁོར་ཐུབ་པའམ་ཤེས་རྟོགས་བྱེད་ཐུབ་པ་དེ་ལ་ཟེར། ཤེས་རབ་མྱུར་བ་ནི་བསམ་བློ་བཏང་མ་ཐག་ཏུ་གནད་དོན་དེ་ལམ་སང་དྲན་ཐུབ་པ་དེ་ལ་ཟེར།

ཤེས་རབ་ལ་ནང་གསེས་དབྱེ་ན་གཉིས་ཡོད་པ་སྟེ། གནས་ལྔ་རིག་པ་ཀུན་རྫོབ་རྟོགས་པའི་ཤེས་རབ་དང༌། གནས་ལུགས་རིག་པ་དོན་དམ་རྟོགས་པའི་ཤེས་རབ་གཉིས་སོ།། གནས་ལྔ་རིག་པ་ཀུན་རྫོབ་རྟོགས་པའི་ཤེས་རབ། དེ་ལ་གནས་ལྔ་རིག་པ་ནི་རིག་པའི་གནས་ལྔ་ཡིན་ལ། རིག་པའི་གནས་ལྔ་ཤེས་པ་དེ་ཀུན་རྫོབ་རྟོགས་པའི་ཤེས་རབ་ཡིན་པ་ལས་དོན་དམ་རྟོགས་པའི་ཤེས་རབ་མིན། ཀུན་རྫོབ་ཅེས་པ་ནི། དངོས་པོ་དེའི་ཕྱི་ཚུལ་ལམ་སྣང་ཚུལ་རྫུན་མ་དེ་མ་གཏོགས་ངོ་བོ་ངོ་མ་དེ་ཤེས་ཐུབ་མེད་པར་བརྟེན་རིག་པའི་གནས་ལྔ་ཤེས་པ་ནི་དངོས་པོ་དེ་ཡི་སྣང་ཚུལ་རྫུན་མ་ཙམ་ཞིག་ཤེས་པ་ཙམ་ལས་དོན་དམ་ངོ་མ་ཤེས་པ་དེ་མིན་པས་འདིར་གནས་ལྔ་རིག་པ་ཀུན་རྫོབ་རྟོགས་པའི་ཤེས་རབ་ཅེས་བརྗོད་པ་ཡིན།

གནས་ལུགས་རིག་པ་དོན་དམ་རྟོགས་པའི་ཤེས་རབ། དོན་དམ་ངོ་མ་དེ་གང་ཡིན་ནམ་ཞེ་ན། དངོས་པོ་ཁོ་རང་གི་ངོ་བོ་ངོ་མ་དེ་ཤེས་ཐུབ་པ་དགོས་པ་དེ་རེད། དངོས་པོ་ཁོ་རང་གི་ངོ་བོ་ངོ་མ་དེ་ཤེས་ན། གནས་ལུགས་རིག་པ་དོན་དམ་རྟོགས་པའི་ཤེས་རབ་ཟེར་བ་དེ་ཡིན། གནས་ལུགས་ངོ་མ་དེ་ནི་སྟོང་པ་ཉིད་ཡིན། དེ་ཚང་མ་གཅིག་མཚུངས་ཡིན། རིག་པའི་གནས་ལྔའམ་ཡང་ན་ཕྱི་རོལ་ཡུལ་གྱི་དངོས་པོ་གང་འདྲ་ཞིག་ཡིན་ནའང་འདྲ་མི་འདྲ་བ་མང་པོ་ཡོད་དེ། ཁ་ཤས་ཤིང་ངམ། ཁ་ཤས་ཆུ། ཁ་ཤས་མེ་སོགས་ཕྱི་ཚུལ་མི་འདྲ་བ་ཧ་ཅང་མང་པོ་ཡོད་པ་དང༌། ནུས་པ་ཡང་འདྲ་མིན་མང་པོ་ཡོད། སྣང་ཚུལ་ཡང་ཧ་ཅང་མང་པོ་ཡོད། འོན་ཀྱང་དོན་དམ་གྱི་ངོ་བོ་ཚང་མ་གཅིག་མཚུངས་ཡིན་པ་དང༌། ཚང་མ་སྟོང་པ་ཉིད་ཀྱི་ངོ་བོ་ཤ་སྟག་རེད། འདིར་སྟོང་པ་ཉིད་ནི་སྟོང་པ་སྟོང་རྐྱང་གི་སྟོང་པ་ཟེར་བ་དེ་མིན་པར་རང་བཞིན་དུ་བྱུང་བ་མ་ཡིན་པའི་སྟོང་པ་དེ་ལ་ཟེར་བ་ཡིན། དེའི་ཐད་ཚང་མ་གཅིག་མཚུངས་རེད། དེ་ཤེས་ན་དངོས་པོ་ཚང་མའི་ཕྱི་ཚུལ་ཙམ་མ་ཡིན་པའི་ཁོའི་དོན་དམ་གྱི་ངོ་བོ་ངོ་མ་དེ་ཤེས་རྟོགས་བྱུང་བ་ཡིན་པས་འདིར་གནས་ལུགས་རིག་པ་ལ་དོན་དམ་རྟོགས་པའི་ཤེས་རབ་ཅེས་བརྗོད་པ་ཡིན་ནོ།།

གནས་ལྔ་རིག་པ་ཀུན་རྫོབ་རྟོགས་པའི་ཤེས་རབ་སྐོར་རྒྱས་པོ་ཞུ་མི་དགོས་པར་གནས་ལྔ་སྟེ་རིག་པའི་གནས་ལྔ་ཤེས་དགོས། སྙན་ངག་ལ་སོགས་པའི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་དེ་ཚོ་ཚང་མ་ཤེས་དགོས་པ་ཤ་སྟག་ཡིན། དེ་ཚོ་ཤེས་རྟོགས་བྱུང་བ་དེ་ལ་ཀུན་རྫོབ་རྟོགས་པའི་ཤེས་རབ་ཟེར། དེ་ནས་དོན་དམ་རྟོགས་པའི་ཤེས་རབ་ལ་སླེབས་སོང་ན་སྟོང་པ་ཉིད་ཀྱི་ལྟ་བའི་ཐོག་ཏུ་སླེབས་པ་རེད། སྟོང་པ་ཉིད་ཀྱི་ལྟ་བའི་ཐོག་ཏུ་སླེབས་ཚེ། རྒྱ་གར་ལ་གྲུབ་མཐའ་སྨྲ་བ་བཞི། བོད་ལ་རྙིང་མ། བཀའ་བརྒྱུད། ས་སྐྱ། དགེ་ལུགས་སོགས་ཀྱི་ལྟ་བ་མི་འདྲ་བའི་ཐོག་ཏུ་སླེབས་ཀྱི་ཡོད། ཁ་ཤས་ཟེར་ན་ངའི་ལྟ་བ་འདི་སྟོང་པ་ཉིད་ངོ་མ་ཡིན་ཟེར་བ་དང༌། ཁ་ཤས་ཟེར་ན་ངའི་དེ་ཡིན་ཞེས་སྟོང་པ་ཉིད་ཀྱི་ལྟ་བའི་མཚམས་སུ་སླེབས་སྐབས་གྲུབ་མཐའ་མི་འདྲ་བ་མང་པོ་ཆགས་པ་རེད། སྟོང་པ་ཉིད་ཀྱི་སྐོར་ལ་རྒྱས་པ་གཤམ་དུ་གྲུབ་མཐའ་སོ་སོའི་ལྟ་བ་བཤད་སྐབས་སླེབས་ཡོང་གི་རེད།

དེ་ནས་ཕར་ཕྱིན་དྲུག་པོ་དེ་ས་བཅུ་དང་སྦྱར་བ་ཞིག་ཡིན། ས་དང་པོ་ལ་སླེབས་དུས་སྦྱིན་པའི་ཕར་ཕྱིན་གྱི་ཆུ་ཚད་མཐོ་པོ་ལ་སླེབས་ཡོད་པ་དང༌། ས་གཉིས་པ་ལ་སླེབས་དུས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་དེ་ཚད་མཐོ་པོ་ལ་སླེབས་པ། ས་གསུམ་པ་ལ་སླེབས་དུས་བཟོད་པའི་ཕར་ཕྱིན་གྱི་ཚད་མཐོ་པོ་ལ་སླེབས་པ། ས་བཞི་པ་ལ་སླེབས་དུས་བརྩོན་འགྲུས་ཀྱི་ཕར་ཕྱིན་ཚད་མཐོ་པོ་ལ་སླེབས་པ། ས་ལྔ་པ་ལ་སླེབས་དུས་བསམ་གཏན་གྱི་ཕར་ཕྱིན་ཚད་མཐོ་པོ་ལ་སླེབས་པ། ས་དྲུག་པ་ལ་སླེབས་དུས་ཤེས་རབ་ཀྱི་ཕར་ཕྱིན་ཚད་མཐོ་པོ་ལ་སླེབས་ཡོད། དེ་ནས་ས་བདུན་པ། བརྒྱད་པ། དགུ་པ། བཅུ་པ་དེ་ཚོ་ལ་ད་དུང་ཕར་ཕྱིན་བཞི་ཡོད་པ་སྟེ། jཐབས་མཁས་ཀྱི་ཕར་ཕྱིན། kསྨོན་ལམ་གྱི་ཕར་ཕྱིན། lསྟོབས་ཀྱི་ཕར་ཕྱིན། mཡེ་ཤེས་ཀྱི་ཕར་ཕྱིན་བཅས་བཞི་བསྣན་པས་ཕར་ཕྱིན་བཅུ་ཟེར་ཞིང༌། ས་བདུན་པ་ལ་སླེབས་སྐབས་ཐབས་མཁས་ཀྱི་ཕར་ཕྱིན་གྱི་ཚད་མཐོ་པོར་སླེབས་པ་དང༌། ས་བརྒྱད་པ་ལ་སླེབས་ན་སྨོན་ལམ་གྱི་ཕར་ཕྱིན་ཚད་མཐོ་པོར་སླེབས་པ། ས་དགུ་པ་ལ་སླེབས་ན་སྟོབས་ཀྱི་ཕར་ཕྱིན་ཚད་མཐོ་པོར་སླེབས་པ། ས་བཅུ་པ་ལ་སླེབས་ན་ཡེ་ཤེས་ཀྱི་ཕར་ཕྱིན་ཚད་མཐོ་པོར་སླེབས་པ་རེད། དེ་བཞིན་ད་རེས་སྐྱེ་བ་དེ་ལ་ས་བཅུ་ཐ་མ་ཡིན་ན་སྐྱེ་བ་རྗེས་མ་འཚང་རྒྱ་རྒྱུར་གཏན་འཁེལ་བ་ཡིན་ཟེར། གོང་གསལ་ནི་ཕར་ཕྱིན་དྲུག་དང་ས་བཅུའི་འབྲེལ་བ་དེ་རེད།

དེ་ནས་གཤམ་དུ་བསྡུ་བའི་དངོས་པོ་བཞི་ཟེར་བ་ཞིག་ཡོད། གོང་གི་ཕར་ཕྱིན་དྲུག་ནི། རང་གིས་རྒྱུད་སྨིན་པར་བྱེད་སྟངས་ཀྱི་ཐབས་ཤེས་ཤིག་རེད། རང་རྒྱུད་སྨིན་པར་བྱེད་སྟངས་དེ་ཕར་ཕྱིན་དྲུག་ཡིན། དེ་རྗེས་གཞན་གྱི་རྒྱུད་སྨིན་པར་བྱེད་དགོས་ན་གཞན་དོན་བྱེད་དགོས་ཏེ། གཞན་རྒྱུད་སྨིན་པར་བྱེད་པ་ལ་བསྡུ་བའི་དངོས་པོ་བཞི་དགོས་པ་ཡིན། དེ་ལ་བསྡུ་བ་བཞི་ཡང་ཟེར། དེ་ནི་ jམཁོ་བ་སྦྱིན་པ། kསྙན་པར་སྨྲ་བ། lདོན་སྤྱོད་པ། mདོན་མཐུན་པ་བཅས་སོ། །དང་པོ། མཁོ་བ་སྦྱིན་པ་ཟེར་བ་དེ་ནི་གཞན་གྱི་དོན་བྱེད་དགོས་བྱུང་ན། སྔོན་ལ་གཞན་དེ་རང་གི་ཕྱོགས་སུ་ཚུར་འཁོར་བ་བཟོ་དགོས། འཁོར་བར་བྱེད་པར་ཁོ་ལ་ཕན་ཐོགས་ཡོད་པའི་ལས་ཀ་ཏོག་ཙམ་མ་བྱས་ན་རང་གི་ཕྱོགས་སུ་ཚུར་འཁོར་མི་སྲིད་པར་བརྟེན་ཁོ་ལ་དཀའ་ངལ་གང་ཡོད་ནའང་རོགས་རམ་བྱས་ཏེ་རང་གི་དོན་དུ་ཚུར་འཁོར་ཐུབ་པ་བྱེད་དགོས། ཆོས་ཀྱི་ནང་དུ་དེ་འདྲ་ཡིན་པ་མ་ཟད་སྲིད་ཀྱི་ནང་དུའང་དེ་འདྲ་རེད། དཔེར་ན་སྔོན་མ་སོག་པོ་ཇུན་གར་གྱིས་བོད་ལ་དམག་དྲངས་སྐབས་ཕྱོགས་གཅིག་ནས་དངོས་པོའི་ཐོག་ནས་མགོ་སྐོར་བསླུ་བྲིད་བཏང་བ་དང༌། ཕྱོགས་གཅིག་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐུ་འབུམ་དུ་བཞུགས་པ་དེ་བོད་ལ་གདན་འདྲེན་ཞུ་མཁན་ཡིན་ཟེར་བ་སོགས་དྲིལ་བསྒྲགས་སྣ་ཚོགས་བྱས་སྟབས་མང་ཚོགས་མགོ་འཁོར་ནས་ཇུན་གར་བ་བོད་ལ་ཤོར་བ་དང༌། བོད་ཀྱི་སྲིད་དབང་དེ་སོག་པོ་ཇུན་གར་བས་ལོ་གསུམ་གྱི་རིང་བཟུང་བ་རེད། དེར་བརྟེན་སྲིད་ཀྱི་ཐོག་ཏུ་ཡང་མཁོ་བ་སྦྱིན་པ་ཟེར་བ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་མང་ཚོགས་ལ་ཆ་བཞག་ནའང་ཆབ་སྲིད་ཀྱི་སློབ་གསོ་ག་ཚོད་བརྒྱབ་རུང་དངོས་པོའི་ཐོག་ནས་ཕན་ཐོགས་ཡོད་པའི་ལས་ཀ་ཏོག་ཙམ་མ་བྱས་ན་འགྲིག་ཐབས་མེད་པས་དངོས་པོ་དང་ཆབ་སྲིད་ཟུང་འབྲེལ་བྱས་ཏེ་སློབ་གསོ་རྒྱག་དགོས་པ་ཡིན། དཔེ་དེ་ནང་བཞིན་ཆོས་ཀྱི་ནང་དུའང་དེ་དང་མཚུངས་པ་ཡིན་ཏེ། མཁོ་བ་སྦྱིན་པ་ཟེར་བ་ནི་གཞན་ལ་དངོས་པོའི་ཐོག་རོགས་རམ་བྱེད་པ་དེ་ལ་ཟེར། དེ་ནས་གཉིས་པ་སྙན་པར་སྨྲ་བ་ནི་སྐད་ཆ་འཇམ་པོ་བཤད་ནས་སློབ་གསོ་རྒྱག་པ་དེ་ལ་ཟེར། ག་དུས་ཡིན་ནའང་སྐྱོན་བརྗོད་ཀྱི་ཐོག་ནས་སློབ་གསོ་གཏོང་བ་མིན་པར་བསྟོད་བསྔགས་དང་སློབ་གསོ་གཙོ་བྱས་པའི་རྨང་གཞིའི་སྟེང་སྐྱོན་བརྗོད་བྱས་ཏེ་སློབ་གསོ་རྒྱག་རྒྱུ་དེ་ཡིན། གསུམ་པ་དོན་སྤྱོད་པ་ནི། མི་གཞན་ལ་རང་གིས་བསླབ་དགོས་པ་དེ་ཚོ་ཚང་མ་བྱེད་དུ་འཇུག་པ་དེ་ལ་ཟེར། སློབ་སྦྱོང་བྱེད་པ་ཡིན་ནའང་འདྲ། ཆོས་བྱེད་པ་ཡིན་ནའང་འདྲ། གང་ལྟར་སོ་སོའི་དམིགས་ཡུལ་འགྲུབ་ཐབས་ཀྱི་ལས་ཀ་གང་ཡིན་ན་ཡང་གཅིག་ཡོད་པ་དེ་བྱེད་དུ་འཇུག་པ་དེ་ལ་ཟེར། བཞི་པ་དོན་མཐུན་པ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། མི་ལ་བྱེད་དུ་འཇུག་པར་སྔོན་ལ་རང་གིས་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། མི་ལ་བྱེད་དགོས་པའི་བཀའ་ཁོ་ན་ཕབ། རང་གིས་རྩ་བ་ནས་ལག་ལེན་མ་བསྟར་ན་མི་འགྲིག་པར་བརྟེན་རང་གིས་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཟེར། གཞན་ལ་བྱེད་དུ་བཅུག་པ་ལྟར་རང་གིས་ཀྱང་དེ་ལྟར་བྱེད་ཐུབ་པ་བྱེད་དགོས་པ་དེ་ལ་དོན་མཐུན་པ་ཟེར། མི་གཞན་ལ་བཤད་པ་ལས་རང་གིས་བྱས་པ་དེ་ནུས་པ་ཆེ་བ་ཡོད་པས་བསྡུ་བ་ནི་མི་གཞན་རང་གི་ཉེ་འཁོར་དུ་བསྡུ་བར་བྱེད་པའི་ཐབས་ཤེས་བཞི་པོ་དེ་ལ་བསྡུ་བའི་དངོས་པོ་བཞི་ཟེར།

དེ་ནས་གནས་ལུགས་དོན་དམ་རྟོགས་པའི་ཤེས་རབ་ཟེར་བ་དེར་དོན་དམ་སྟོང་པ་ཉིད་ཡོད་པ་དེ་ལ་རྒྱ་གར་བའི་གྲུབ་མཐའ་སྨྲ་བ་བཞི་ལྟ་བ་མི་འདྲ་བ་ཡིན། བོད་ལ་རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས་སོགས་ལྟ་བ་མི་འདྲ་བ་ཡིན། དེ་བཞིན་བོན་པོས་སྟོང་པ་ཉིད་ལ་ཁོ་ཚོ་རང་གིས་མིང་གཞན་འ་མེ་ཉིད་ཟེར་བ་ལས་སྟོང་པ་ཉིད་མི་ཟེར། གང་ལྟར་སྟོང་པ་ཉིད་ཡིན་ན་ཡང་འདྲ། འ་མེ་ཉིད་ཡིནའང་འདྲ། སོ་སོའི་ལྟ་བ་མི་འདྲ་བ་མཐའ་འཁྱོངས་བྱས་ཏེ་ཚང་མས་སོ་སོས་བཤད་པ་དེ་གནས་ལུགས་ངོ་མ་ཡིན་པར་འདོད་པས་ལྟ་བ་མི་མཐུན་པ་ཐུག་ས་གཙོ་བོ་དེ་རེད།

༣. ཞི་གནས་དང་ལྷག་མཐོང༌།

བསམ་གཏན་ལ་ཞི་གནས་དང༌། ལྷག་མཐོང་(ལྷག་པར་མཐོང་བའི་དོན་)ཟེར་བ་གཉིས་སུ་དབྱེ་ནས་བཤད་ཀྱི་ཡོད། ཞི་གནས་ཟེར་བ་ནི་སྤྱིར་ན་རང་སེམས་ཞི་བར་གནས་པའི་དོན་ཡིན་ཏེ། རང་གི་སེམས་ཕྱི་རོལ་ཡུལ་ལ་གཡེངས་བསྡད་པ་དེ་བཀག་ནས་ཉོན་མོངས་དུག་གསུམ་དེ་དག་མེད་པ་ཆགས་ཏེ་རང་གི་བསམ་བློ་གཏོང་ས་དེ་དགེ་བའི་དམིགས་པ་ལས་བསམ་བློ་གང་འདྲ་ཞིག་གཏོང་གི་ཡོད་ནའང་དེའི་སྟེང་དུ་རང་གི་སེམས་ཞི་བར་གནས་ཐུབ་པ་དེ་ལ་ཟེར་ཞིང༌། བོད་དུ་གྲུབ་མཐའ་ཁག་གི་གསུང་ཚུལ་འདྲ་མིན་ཡོད་ཀྱང༌། རྗེ་བླ་མ་ཙོང་ཁ་པའི་གསུང་སྲོལ་ལྟར་བཀོད་ན། རང་སེམས་ལ་གང་འཕྲོད་པའི་དམིགས་རྟེན་གཅིག་ལ་སེམས་རྩེ་གཅིག་ཏུ་གཏོད་པ་ལ་བརྟེན་ནས་ལུས་སེམས་དགེ་བའི་ཕྱོགས་ལ་ཇི་ལྟར་འདོད་འདོད་དུ་བཀོལ་དུ་རུང་བའི་ཤིན་སྦྱངས་ཀྱི་བདེ་བ་ཁྱད་པར་ཅན་དང་ལྡན་པའི་ཏིང་ངེ་འཛིན་ཞིག་ལ་ཟེར་བ་དང༌། དེ་ལ་ཡང་སེམས་གནས་པའི་ཐབས་དགུ་དང༌། སྟོབས་དྲུག དེ་ལ་ཡིད་བྱེད་བཞི་ཚང་ཚུལ་སོགས་བྱང་ཆུབ་ལམ་རིམ་ཆེ་ཆུང་གཉིས་ཀྱི་ནང་གསལ་ཞིང༌། འདིར་གོ་བདེ་ཙམ་མདོར་བསྡུས་ཞུས་ན་འདིར་ལྟ་སྟེ། ཞི་གནས་ཀྱི་ཚོགས་ཞེས་པ་དེ་ནི་ཞི་གནས་སྒྲུབ་བྱེད་ཀྱི་ཆ་རྐྱེན་ཡིན་ཏེ། ཚོགས་དེ་ལ་ཡང་གནས་བཟང་པོ་དང༌། ས་བཟང་པོ། གྲོགས་བཟང་པོ། ཡོ་བྱད་བཟང་པོ་བཅས་བཞི་ཡོད། jགནས་བཟང་པོ་ཞེས་པ་ནི། ས་ཆ་དེ་ལ་དམག་འཁྲུག་གཞི་རྒྱ་ཆེན་པོ་བྱུང་ནས་མི་མང་པོ་བསད་མྱོང་བ་མ་ཡིན་པ། ཕ་མ་སྤུན་མཆེད་ཕན་ཚུན་གསོད་རེས་སོགས་ནང་འཁྲུག་སྡུག་པོ་བྱུང་མྱོང་བ་མ་ཡིན་པ། ལུང་པ་ཕན་ཚུན་འཐབ་འཁྲུག་བྱུང་མྱོང་བ་མ་ཡིན་པ། གྲྭ་པ་ནང་ཁུལ་ཕན་ཚུན་འཐབ་འཁྲུག་བྱུང་མྱོང་བའི་ས་ཆ་མ་ཡིན་པ་དེ་འདྲ་ཞིག་དགོས་ཟེར། ས་བཟང་པོ་ཞེས་པ་ནི། ས་ཆ་དེ་ལ་ས་ཆུ་དང་ཤིང་སྣ་འཛོམས་པོ་ཡོད་པ། སོ་སོའི་འཚོ་བ་བཙལ་ནའང་འཚོལ་བདེ་པོ་ཡོད་པ། ཨེམ་རྗེ་འདྲ་བཙལ་དགོས་ནའང་འཚོལ་བདེ་པོ་ཡིན་པ། དེ་བཞིན་ས་ཆ་དེའི་ཆུ་ཡང་གཟུགས་པོར་འཕྲོད་པོ་ཡོད་པ་དེ་འདྲ་ཞིག་དགོས་ཟེར། གྲོགས་བཟང་པོ་ཞེས་པ་ནི། རང་དང་ལྟ་སྤྱོད་མཐུན་པའི་གྲོགས་གཅིག་དགོས་པ་དེ་ཡིན། དེ་མཐུན་པོ་གང་འདྲ་ཞིག་དགོས་སམ་ཞེ་ན། དགེ་བའི་ཕྱོགས་ལ་ལྟ་བ་དང་སྤྱོད་པ་མཐུན་པོ་ཞིག་དགོས་པ་ཡིན། དེ་ནི་རང་ལ་དགེ་རྒན་ཡག་པོ་ཞིག་དང་གྲོགས་བཟང་པོ་ཞིག་དགོས་ཤིང༌། གྲོགས་བཟང་པོ་དེ་ཡང་རང་གི་མིག་ཟུར་དུ་འཇིགས་པ་ཆེ་ཙམ་ཡོད་པ་ཞིག་དང་རང་གིས་ཁོ་ལ་འཚེར་སྣང་དང་ངོ་ཚ་སྐྱེས་དགོས་པ་ཞིག་དགོས་པ་ལས། ལས་ཀ་སྡུག་ཅག་བྱེད་སྟངས་ཐོག་ལ་རང་དང་ལྟ་སྤྱོད་མཐུན་པ་ཡིན་ན་དེ་གྲོགས་བཟང་པོ་མིན་ཟེར། ཡོ་བྱད་བཟང་པོ་ཞེས་པ་ནི། རང་གི་ཟས་གོས་རྣམས་ལྡེང་ངེས་ཞིག་ལས་དཔེར་ན་སོ་སོ་དགེ་རྒན་མདུན་དུ་འགྲོ་སྐབས་རྒྱབ་ཏུ་རྡོག་ཁྲེས་རང་གིས་འཁྱོག་ཚོད་ཙམ་ཞིག་ལས་རྟ་ལ་འགེལ་རྒྱུ་དང་སྒམ་ནང་བླུགས་རྒྱུ་སོགས་ཀྱི་རྒྱས་སྤྲོས་དེ་འདྲ་མིན་པ་ཞིག་དགོས། ཚོགས་བཞིའི་སྐོར་རོམ་ཙམ་ཞུས་ན་དེ་ལྟར་ཡིན།

སྒོམ་རྒྱག་སྐབས་སྡོད་སྟངས་གང་བྱུང་གིས་མི་འགྲིག་པར་ངེས་པར་དུ་སྒོམ་རིམ་བར་པ་དང་ཐ་མ་ལས་གསུངས་པ་ལྟར་སྟན་ཤིན་ཏུ་འཇམ་པོ་བདེ་བ་ལ་ལུས་ཀྱི་ཀུན་སྤྱོད་ཆོས་བརྒྱད་དང་ལྡན་པར་བྱ་དགོས་པ་སྟེ། དེ་ལ་རྐང་པ་ནི་རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་སྐྱིལ་མོ་ཀྲུང་ལྟ་བུ་སྐྱིལ་མོ་ཀྲུང་ཡོངས་སུ་རྫོགས་པའམ་ཡང་ན་སྐྱིལ་ཀྲུང་ཕྱེད་པའམ་རུང་སྟེ་དེ་ལྟར་བྱའོ།། མིག་ནི་ཧ་ཅང་ཡང་མི་དབྱེ་ཧ་ཅང་ཡང་མི་གཟུམ་པར་སྣའི་རྩེ་མོར་གཏད་དགོས་ཤིང༌། ལ་ལས་སྒོམ་རྒྱག་སྐབས་མིག་བཙུམ་ནས་སྡོད་དགོས་པའི་ངོས་འཛིན་བྱེད་པ་དང༌། ལ་ལས་མིག་གནམ་ལ་གདངས་ནས་ཤི་གྲབས་ཡོད་པ་ལྟ་བུ་བྱེད་ཀྱི་ཡོད་པས་དེ་གཉིས་ཀ་མ་ཡིན་པར་མིག་སྣ་རྩེ་ལ་ཕབ་སྟེ་སོ་སོའི་སྣ་ཁུག་གི་རྩེ་དེ་རང་ལ་བལྟས་ནས་སྡོད་དགོས་པ། ལུས་ནི་ཧ་ཅང་ཡང་རྒྱབ་ཏུ་མི་དགྱེ་ཧ་ཅང་མདུན་དུ་མི་སྒུར་བར་དྲང་པོར་བསྲངས་ལ་དྲན་པ་ནང་དུ་བཞག་སྟེ་འདུག་དགོས་ཤིང༌། ལུས་འདྲོང་པོར་གནས་པའི་ཚད་གཞི་ནི་སྒལ་ཚིགས་ཕྱིར་མ་དོན་པ་ཞིག་དགོས། ཕྲག་པ་ནི་ཐད་ཀར་མཉམ་པར་བཞག་དགོས་པ་སྟེ་རྒོད་གཤོག་ལྟར་བརྐྱངས་པ་ཞིག་དགོས། མགོ་ནི་མི་མཐོ་མི་དམའ་ཞིང་ཕྱོགས་གཅིག་ཏུ་མ་ཡོ་བར་བཞག་སྟེ་སྣ་ནས་ལྟེ་བར་དྲང་པོར་བཞག་དགོས་ཤིང༌། མགོ་མ་ཡོ་བའི་ཚད་གཞི་ནི་རང་གི་སྣ་ཁུག་གི་རྩེ་ནས་རྡོ་ཞིག་དབྱུགས་ཚེ་རྡོ་དེ་རང་གི་ལྟེ་བའི་ཨི་ཁུང་ལ་ཕོག་པ་ཞིག་དགོས་པ། སོ་དང་མཆུ་ནི་རང་ལུགས་སུ་ཐ་མལ་བར་བཞག་པ་སྟེ། སོ་སྟེང་འོག་གཉིས་ཀྱི་བར་མཚམས་སུ་ལྕེ་ཐར་ཙམ་གྱི་བར་སེང་འཇོག་དགོས་པ་དང༌། མཆུ་ཏོ་ཡང་རང་བབ་ཏུ་འཇོག་དགོས་པ། ལྕེ་ནི་ཡ་སོའི་དྲུང་དུ་གཞར་བ་སྟེ། ལྕེ་རྐན་ལ་སྦྱར་དགོས་ཤིང་གང་ལགས་ཤེ་ན་ཁོག་ནང་གི་དྲོད་དེ་ཡར་སླེབས་ནས་ཁྲག་ཤེད་རྒྱས་ཏེ་མིད་པ་སྐམ་སྲིད་པས་ལྕེ་རྐན་ལ་སྦྱར་ཚེ་མིད་པའི་ནང་གི་རླན་གཤེར་རྣམས་སྐམ་མི་སྲིད་པར་བརྟེན་ཁྲག་ཤེད་རྒྱས་མི་ཐུབ་ལ་ལྕེ་ཡང་སྐམ་པོ་ཆགས་མི་སྲིད། དབུགས་ནི་ཕྱི་ནང་དུ་རྒྱུ་བ་སྒྲ་ཅན་དང་རྔམ་པ་དང་རྒོད་བག་ཅན་དུ་མི་གཏང་གི ཅི་ནས་ཀྱང་ཕར་རྒྱུ་ཚུར་རྒྱུ་མི་ཚོར་བར་དལ་བུ་དལ་བུས་འབད་པ་མེད་པ་འཇུག་པ་དེ་ལྟར་བྱ་དགོས་པ་བཅས་སོ།།

སྒོམ་དངོས་གཞིར་ཞི་གནས་ཐོག་མ་སྒོམ་པ་ནས་གནས་ཚད་གོམ་པ་རིམ་བརྩེགས་ཀྱིས་མཐར་རང་གི་སེམས་ལ་རང་དབང་ཐོབ་པའི་ཚད་གཞིར་མ་སླེབས་བར་རིམ་པ་དགུ་ཡོད་ཅིང༌། དེ་ལ་སེམས་གནས་པའི་ཐབས་དགུ་ཡང་ཟེར།

ནང་ཉིད་དུ་འཇོག་པ་ནི། སེམས་དམིགས་པ་ལ་ཐོག་མར་བལྟོས་པ། དེ་ནི་དང་པོ་སེམས་དེ་དམིགས་པའི་སྒང་དུ་བཞག་ཙམ་ཞིག་སྟེ། དཔེར་ན། མེ་ཏོག་གི་སྟེང་དུ་སྦྲང་བུ་བབས་པ་ལྟར་བབ་ཙམ་བབ་ཙམ་བྱས་པ་ལས་རྒྱུན་རིང་སྡོད་མི་ཐུབ་པ་ལྟར་དམིགས་པའི་སྒང་དུ་སླེབས་ཙམ་བྱས་མ་ཐག་གཡེངས་འགྲོ་བ་དང༌། ཡང་སླེབས་ཙམ་བྱས་འཕྲལ་སེམས་གཡེངས་འགྲོ་བ་ལྟ་བུ་ཡིན། དེ་ནི་ཐོག་མར་ནང་ཉིད་དུ་འཇོག་པ་ཟེར་བ་དེ་ཡིན།

རྒྱུན་དུ་འཇོག་པ་ནི། ཐོག་མ་རྒྱུན་མཐུད་མ་ཐུབ་པ་ནས་ད་ལྟ་རྒྱུན་ཅུང་ཟད་མཐུད་ཐུབ་པ་ལ་ཟེར་ཞིང༌། དེ་ནི་སེམས་དེ་མེ་ཏོག་གི་སྟེང་དུ་སྦྲང་བུ་བབས་པ་ལྟ་བུ་མིན་པར་སེམས་དེ་དམིགས་པའི་སྒང་དུ་རྒྱུན་ཅུང་ཟད་མཐུད་ནས་སྡོད་ཐུབ་སྟབས་རྒྱུན་ཅུང་ཟད་མཐུད་པ་དེ་ལ་རྒྱུན་དུ་འཇོག་པ་ཟེར།

lགླན་ཏེ་འཇོག་པ། དེ་ནི་སེམས་དེ་གཡེང་ཚེ་ལམ་སང་སོ་སོས་ཧ་གོ་ནས་སེམས་དེ་དམིགས་པའི་སྟེང་དུ་ཚུར་འགུགས་ཐུབ་པ་ལ་ཟེར། དཔེར་ན། རྟ་ཁ་ཤོར་སྐབས་རྟ་ཁ་ཚུར་འགུགས་ཐུབ་པ་ལྟ་བུ་ལ་ཟེར། སྐབས་འདིར་སླེབས་དུས་གོང་དང་མི་འདྲ་བར་ཚད་གཞི་མཐོ་ཙམ་ལ་སླེབས་ཟིན་པ་རེད།

mཉེ་བར་འཇོག་པ། དེ་ནི་བྱིང་རྒོད་གཉིས་ལ་མ་ཤོར་བར་བཟུང་བ། བྱིང་རྒོད་ནི་བྱིང་བ་དང་རྒོད་པ་སྟེ། བྱིང་བ་ལ་ཕྲ་མོ་དང་རགས་པ་གཉིས་ཡོད་ལ་རྒོད་པ་ལའང་ཕྲ་མོ་དང་རགས་པ་གཉིས་རེ་ཡོད། བྱིང་བ་རགས་པ་ནི། རང་གི་དམིགས་པ་དེ་རྦད་དེ་ཤོར་ནས་བརླག་པ་ནང་བཞིན་ཉོབ་སྟེ་བསམ་རྒྱུ་དྲན་རྒྱུ་མེད་པ་ལྟ་བུ་དང་གཉིད་ཁུག་པ་ལྟ་བུར་འགྱུར་བ་དེ་ལ་བྱིང་བ་རགས་པ་ཞེས་དང༌། བྱིང་བ་ཕྲ་མོ་ནི། སོ་སོའི་དམིགས་པ་དེ་རྦད་དེ་ཤོར་མེད་ནའང་གསལ་ལ་མི་གསལ་ཞིག་ལས་མེད་པ་དེ་ཡིན། སེམས་དེ་གཡེངས་ལ་ཁད་ལ་སླེབས་ནས་དམིགས་པ་དེ་ཤོར་གྲབས་བྱེད་པའི་དུས་ལ་སླེབས་ཡོད། དེ་ལ་བྱིང་བ་ཕྲ་མོ་ཟེར། རྒོད་པ་ལའང་ཕྲ་མོ་དང་རགས་པ་ཞེས་ཁག་གཉིས་ཡོད་ཅིང༌། རྒོད་པ་རགས་པ་ཟེར་བ་ནི་རང་གི་སེམས་དེ་ཉོན་མོངས་དུག་གསུམ་སྐྱེ་ཡུལ་དང་དེ་བཞིན་ང་རྒྱལ་དང༌། ཕྲག་དོག ཁོང་ཁྲོ་སོགས་ལ་སེམས་གཡེང་བ་དེ་ལ་རྒོད་པ་རགས་པ་ཟེར། རྒོད་པ་ཕྲ་མོ་ནི། རང་གི་སེམས་དེ་འདོད་ཆགས་སྐྱེ་བའི་ཡུལ་དུ་གཡེངས་པ་སྟེ། དཔེར་ན། གཞས་ཞབས་བྲོ་དང༌། གླིང་ཁ་གཏོང་བ། དེ་བཞིན་ཁྱིམ་གྱི་ལས་ཀ་སོགས་ལ་སེམས་གཡེང་ནས་ཤོར་འགྲོ་བ་དེ་ལ་རྒོད་པ་ཕྲ་མོ་ཟེར། གཞན་ཡང་ད་དུང་འཕྲོ་བ་ཞེས་པ་ནི། རང་གི་སེམས་དེ་བསམ་བློ་གཏོང་ས་ལྟེ་བ་དེའི་སྟེང་དུ་མ་གནས་པར་དཔེར་ན་དད་པ་སྒོམ་གྱི་ཡོད་པ་ལ་ཆ་བཞག་ན། དད་པ་སྒོམ་པའི་སྐབས་སུ་སེམས་དེ་དད་པའི་སྟེང་དུ་མ་གནས་པར། ལས་འབྲས་དང༌། འཁོར་བའི་སྡུག་བསྔལ། ངན་སོང༌། མི་རྟག་པ། སྟོང་པ་ཉིད་སོགས་གང་སར་བསམ་བློ་བཏང་ནས་སེམས་གཡེང་འགྲོ་བ་དེ་ལ་འཕྲོ་བ་ཟེར།

nདུལ་བར་བྱེད་པ། བྱིང་ན་ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་པ། བྱིང་བ་སྐྱེས་ཚེ་བྱིང་བ་ཕྲ་རགས་གང་ཡིན་ལ་མ་ལྟོས་པར་ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་ནས་སེམས་ཀྱི་དམིགས་པ་དེ་གསལ་པོ་ཡོང་བའི་ཐབས་ཤེས་བྱས་པ་དེ་ལ་བྱིང་ན་ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་པ་ཟེར།

oཞི་བར་བྱེད་པ། རྒོད་ན་རྣམ་གཡེང་གི་ཉེས་དམིགས་དྲན་པ། རྒོད་པ་སྐྱེས་ནས་སེམས་དེ་ཉོན་མོངས་མ་ཡིན་པའི་སེམས་གཞན་དག་ལ་གཡེངས་ཚེ་རྣམ་གཡེང་སྟེ། ཉོན་མོངས་མིན་པའི་གཡེང་བ་གླིང་ཁར་འགྲོ་བ། ངལ་གསོ་རྒྱག་པ་སོགས་ལ་སེམས་གཡེང་ཚེ་རྣམ་གཡེང་གི་ཉེས་དམིགས་དྲན་དགོས་ཟེར། རྣམ་གཡེང་ཟེར་བ་ནི། ཏིང་ངེ་འཛིན་སྐྱེ་སྟངས་ལ་ཤུགས་རྐྱེན་ཧ་ཅང་སྡུག་པོ་ཡོད་པ་དང༌། རང་གི་སེམས་ལ་རང་དབང་མ་ཐོབ་པའི་རྐྱེན་དེ་གཙོ་བོ་རྣམ་གཡེང་ཡིན་པས་རྣམ་གཡེང་གི་ཉེས་པ་དེ་དྲན་ནས་སེམས་དེ་ཚུར་འདུ་དགོས་ཟེར། དེར་བརྟེན་འདིར་རྒོད་ན་རྣམ་གཡེང་གི་ཉེས་དམིགས་དྲན་པ་ཟེར།

རྣམ་པར་ཞི་བའི་བྱེད་པ། དེ་ནི་རྒོད་པ་གོང་གསལ་ལས་སྡུག་པ། འདོད་ཆགས། ཞེ་སྡང༌། གཏི་མུག་སོགས་སྐྱེས་ཏེ་རྒོད་པ་རགས་པ་བྱུང་སྟེ་ཉོན་མོངས་སྐྱེས་ན་ཉོན་མོངས་ཀྱི་ཉེས་དམིགས་དྲན། འདོད་ཆགས་སྐྱེས་ན་འདོད་ཆགས་ཀྱི་ཉེས་དམིགས་དྲན། ཞེ་སྡང་དང་གཏི་མུག་སྐྱེས་ན་ཞེ་སྡང་དང་གཏི་མུག་གི་ཉེས་དམིགས་དྲན་པ། དེ་བཞིན་ཕྲག་དོག ང་རྒྱལ། སེར་སྣ་གང་སྐྱེས་ནའང་དེ་ཚོ་སོ་སོའི་ཉེས་དམིགས་དྲན་ནས་སེམས་དེ་དམིགས་པའི་ཐོག་ཏུ་ཚུར་འཐེན་དགོས་ཟེར། དེར་བརྟེན་འདིར་ཉོན་མོངས་སྐྱེས་ན་དེའི་ཉེས་དམིགས་དྲན་པ་ཟེར།

རྩེ་གཅིག་ཏུ་བྱེད་པ། དེ་ནི་ཉིན་མོའི་ཆ་གསུམ་བར་དུ་རྒྱུན་བརྐྱངས་པ་ལ་ཟེར། ཉི་མ་གཅིག་ལ་ཆ་བཞི་བྱས་པ་ཡིན་ན་ཆ་གསུམ་བར་དུ་ཏིང་ངེ་འཛིན་སྒོམ་སྟེ་སྡོད་པའམ་རྒྱུན་བརྐྱངས་པ་དེ་ལ་རྩེ་གཅིག་ཏུ་བྱས་པ་ཟེར།

མཉམ་པར་འཇོག་པ། དེ་ནི་རྩོལ་བ་མེད་པར་རང་བབས་སུ་འཇོག་པ་ལ་ཟེར། དེ་དུས་ཉོན་མོངས་སྐྱེ་མི་སྲིད་ལ་སེམས་ཀྱང་གཡེང་མི་སྲིད་པར། རང་གི་སེམས་ལ་རང་དབང་ཐོབ་ཟིན། རང་དབང་ཐོབ་ཟིན་རྗེས་སུའང་བྱིང་བ་དང་རྒོད་པས་སྐྱེས་ཀྱི་མི་འདུག་གམ་སྙམ་སྟེ་འབད་བརྩོན་བྱེད་མི་དགོས་པར་དེ་དུས་སེམས་དེ་རང་བབས་སུ་ཡག་པོ་བྱས་ནས་འཇོག་དགོས། བསམ་བློ་མང་པོ་བཏང་དྲགས་ན་བྱིང་བའམ་རྒོད་པ་ཆགས་ཉེན་ཡོད་པས་སེམས་དེ་ཡག་པོ་བྱས་ཏེ་སྡོད་སྐབས་སུ་འགུལ་སྐྱོད་མ་བཏང་བར་ཙོག་པུར་འཇོག་དགོས། དེ་ལ་མཉམ་པར་འཇོག་པ་ཟེར། གོང་གསལ་རྣམས་ནི་སེམས་གནས་པའི་དོན་རྣམས་རྡོག་རྡོག་བྱས་ནས་ཚུར་བསྡུས་ཏེ་བཤད་པ་ལས་ཞིབ་ཕྲ་ཤོད་དགོས་བྱུང་ན་དུས་ཚོད་ཧ་ཅང་རིང་པོ་འགོར་རྒྱུ་རེད། ལྷག་པར་དུ་ང་རང་ཚོ་སྒོམ་རྒྱག་མཁན་མིན་སྟབས། དེ་དག་སོ་སོའི་ནང་དོན་རོབ་ཙམ་ཤེས་རྟོགས་བྱུང་ན་འགྲིག་པ་ཡིན་ནོ།།

སེམས་གནས་པའི་ཐབས་དགུ་པོ་དེ་ལ་སྟོབས་དྲུག་ཞེས་བཤད་སྲོལ་ཡོད་ཅིང༌། དེའི་རྒྱུ་མཚན་གང་ཡིན་ཞེ་ན། སེམས་གནས་པའི་ཐབས་དགུ་པོ་དེ་སྟོབས་དྲུག་ལ་བརྟེན་ནས་ཡོང་དགོས་པ་ཞིག་ཡིན་པས་འདིར་སྟོབས་དྲུག་ཅེས་བཤད་པ་རེད། སྟོབས་དྲུག་སྟེ། ཐོས་པའི་སྟོབས། བསམ་པའི་སྟོབས། དྲན་པའི་སྟོབས། ཤེས་བཞིན་གྱི་སྟོབས། བརྩོན་འགྲུས་ཀྱི་སྟོབས། འདྲེས་པའི་སྟོབས་བཅས་སོ།།

དང་པོ། སེམ་གནས་པའི་ཐབས་དགུའི་ནང་གི་ཐོག་མ་ནང་ཉིད་དུ་འཇོག་པ་ཟེར་བ་དེ་ཐོས་པའི་སྟོབས་ལ་བརྟེན་ནས་ཡོང་དགོས་པ་ཡིན་པས་ཐོག་མར་སེམས་དམིགས་པ་ལ་དང་པོ་འཇོག་པའི་སྐབས་སུ་སེམས་དེ་མེ་ཏོག་སྟེང་གི་སྦྲང་བུ་ལྟར་དམིགས་པའི་སྒང་དུ་སྡོད་མི་ཐུབ་པ་ཞིག་ཡིན། སྐབས་དེ་དུས་བླ་མའི་མདུན་ནས་ཏིང་ངེ་འཛིན་སྒོམ་སྟངས་ཀྱི་མན་ངག་རྣམས་ཡང་ནས་ཡང་དུ་ཐོས་པ་དང་ཡང་ནས་ཡང་དུ་དོགས་པ་བཅད་དེ་བྱེད་དགོས་པ་ཡིན་སྟབས། སྐབས་དེ་དུས་ཐོས་པ་དེ་གཙོ་ཆེ་བ་ཡོད་པས་སྐབས་འདིར་ཐོས་པའི་སྟོབས་ལ་བརྟེན་དགོས་པ་ཡིན།

གཉིས་པ། སེམས་གནས་པའི་ཐབས་དགུའི་ནང་གི་རྒྱུན་དུ་འཇོག་པ་ནི་བསམ་པའི་སྟོབས་ལ་བརྟེན་ནས་ཡོང་དགོས་པ་ཡིན། སྐབས་དེ་དུས་གཙོ་བོ་རང་གི་བསམ་བློ་གཏོང་སྟངས་དེ་གཙོ་ཆེ་བ་ཡིན། ཏིང་ངེ་འཛིན་སྒོམ་སྟངས་སོགས་དེ་ཚོའི་ཐོག་ཏུ་རང་གི་བསམ་བློ་གཏོང་སྟངས་དེ་གཙོ་བོ་རེད། སྐབས་དེ་དུས་ཏིང་ངེ་འཛིན་དེ་རྒྱུན་ཕྲན་བུ་མཐུད་ཐུབ་ཀྱི་ཡོད་ལ་རང་གི་བསམ་བློ་གཏོང་སྟངས་དེ་གཙོ་བོ་ཡིན་པས་འདིར་བསམ་པའི་སྟོབས་ལ་བརྟེན་དགོས་པ་དེ་བྱུང་ངོ༌།།

གསུམ་པ། སེམས་གནས་པའི་ཐབས་དགུའི་ནང་གི་ཐབས་གསུམ་པ་བཞི་པ་སྟེ་གླན་ཏེ་འཇོག་པ་དང༌། ཉེ་བར་འཇོག་པ་གཉིས་ནི་དྲན་པའི་སྟོབས་ལ་བརྟེན་ནས་ཡོང་དགོས་པ་ཡིན། དེ་ནི་སྐབས་དེ་དུས་རང་གི་བསམ་བློ་དེ་དམིགས་པ་འཇོག་སའི་བསམ་བློ་དེ་ཡང་ནས་ཡང་དུ་དྲན་དགོས་པ་ཡིན་པས་ན་དྲན་པ་དེ་གཙོ་ཆེ་བར་བཞག་པ་ཡིན།

བཞི་པ། སེམས་གནས་པའི་ཐབས་དགུ་ཡི་ནང་གི་ལྔ་པ་དང་དྲུག་པ་སྟེ། དུལ་བར་བྱེད་པ་དང་ཞི་བར་བྱེད་པ་ནི་ཤེས་བཞིན་གྱི་སྟོབས་ལ་བརྟེན་ནས་ཡོང་དགོས་པ་ཡིན། གང་ལགས་ཤེ་ན། དུལ་བར་བྱེད་པ་དང་ཞི་བར་བྱེད་པའི་སྐབས་སུ་ཤེས་བཞིན་གྱི་སྟོབས་དེ་ཤུགས་ཆེ་བ་ཡོད། སེམས་གཡེང་མིན་དང་དམིགས་པ་ཤོར་ཡོད་མིན་ལ་སེམས་ཀྱི་ཟུར་གཅིག་གི་བྱ་ར་བྱེད་པའམ་སོ་ལྟ་བྱེད་སྟངས་དེ་ཤུགས་ཆེ་བ་ཡོད་པས་ཡིན།

ལྔ་པ། ཐབས་དགུའི་ནང་གི་བདུན་པ་དང་བརྒྱད་པ་གཉིས་ཏེ། རྣམ་པར་ཞི་བར་བྱེད་པ་དང་རྩེ་གཅིག་ཏུ་བྱེད་པ་དེ་ནི་བརྩོན་འགྲུས་ཀྱི་སྟོབས་ལ་བརྟེན་ནས་ཡོང་དགོས་པ་ཡིན། གང་ཡིན་ཟེར་ན། སྐབས་དེ་དུས་ཏིང་ངེ་འཛིན་སྒོམ་སྟངས་ཐད་ལ་འབད་བརྩོན་བྱེད་རྒྱུ་དེ་གཙོ་ཆེ་བ་ཡིན་པས་ན་བརྩོན་འགྲུས་ཀྱི་སྟོབས་ལ་བཞག་པའོ།།

དྲུག་པ། ཐབས་དགུའི་ནང་གི་དགུ་པ་སྟེ། མཉམ་པར་འཇོག་པ་ནི་འདྲེས་པའི་སྟོབས་ལ་བརྟེན་ནས་ཡོང་དགོས་པ་ཡིན། འདྲེས་པའི་སྟོབས་ལ་འཇོག་སྐབས་རང་གི་སེམས་དང་དམིགས་པ་གཉིས་པོ་ཆུ་དང་འོ་མ་འདྲེས་པ་ནང་བཞིན་འདྲེས་པ་དང༌། རང་གི་སེམས་ལ་རང་གིས་རང་དབང་ཐོབ་པ། རང་གི་སེམས་དེ་དམིགས་པའི་སྟེང་དུ་རྒྱུན་རིང་ཐུང་ག་ཚོད་བཞག་ནའང་སྡོད་ཐུབ་པ། རང་གི་སེམས་ལ་རང་གིས་བཀོད་འདོམས་བྱེད་ཐུབ་པའི་ཆུ་ཚད་ཞིག་ཏུ་སླེབས་པ་དེ་ཡིན། རང་གི་སེམས་དང་དམིགས་པ་གཉིས་ཆུ་དང་འོ་མ་འདྲེས་པ་ལྟ་བུ་ཆགས་ཡོད་པས་ན། འདིར་འདྲེས་པའི་སྟོབས་ཞེས་བཞག་པ་ཡིན་ནོ།།

གོང་དུ་སྟོབས་དྲུག་གི་ནང་དོན་བཤད་ཟིན་ཅིང༌། འོ་ན་སེམས་གནས་པའི་ཐབས་དགུ་དང་སྟོབས་དྲུག་པོ་དེ་ལ་ཁྱད་ཆོས་གང་ཡོད་དམ་ཞེ་ན། ཁྱད་ཆོས་ནི་ཡིད་བྱེད་བཞི་དང་ལྡན་པ་ཞིག་ཡིན་པ་སྟེ། སེམས་གནས་པའི་ཐབས་དང་པོ་གཉིས་པ་ཟུང་གི་སྐབས་སུ་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་ཟེར། དེ་ནས་གསུམ་པ་བཞི་པ་ལྔ་པ་དྲུག་པ་བདུན་པ་དེ་ལྔའི་སྐབས་སུ་ཆད་ཅིང་འཇུག་པའི་ཡིད་བྱེད་ཟེར། དེ་ནས་བརྒྱད་པ་དེ་ལ་ཆད་པ་མེད་པར་འཇུག་པའི་ཡིད་བྱེད་ཟེར། དེ་ནས་སེམས་གནས་པའི་ཐབས་དགུ་པའི་སྐབས་སུ་ལྷུན་གྱིས་གྲུབ་པའི་ཡིད་བྱེད་ཟེར་བ་བཅས་ཡིད་བྱེད་བཞི་དང་ལྡན་པ་ཞིག་ཡིན། དེར་བརྟེན་སེམས་གནས་པའི་ཐབས་དགུ་པོ་དེ་ཇི་ལྟར་བྱས་ནས་ཡོང་དགོས་སམ་ཞེ་ན། སྟོབས་དྲུག་ལ་བརྟེན་ནས་ཡོང་དགོས། དེ་དགུ་པོ་ལ་ཁྱད་ཆོས་གང་ཡོད་དམ་ཟེར་ན་ཡིད་བྱེད་བཞི་ཡོད་པ་ཞིག་ཡིན་ཏེ།

དང་པོ། བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་ནི། བསམ་བློ་དེ་ཤུགས་ཧ་ཅང་ཆེན་པོ་བསྒྲིམས་ན་མ་གཏོགས་སེམས་དེ་དམིགས་པའི་སྒང་དུ་སྡོད་མི་ཐུབ་པར་བརྟེན་རིག་པ་ཧ་ཅང་ཆེན་པོ་བསྒྲིམས་དགོས། དེར་བརྟེན་སེམས་གནས་པའི་ཐབས་དང་པོ་དང་གཉིས་པ་ཟུང་ལ་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་ཅེས་མིང་དེ་བཏགས་དགོས་པའི་རྒྱུ་མཚན་དེ་ཡིན།

གཉིས་པ། ཆད་ཅིང་འཇུག་པའི་ཡིད་བྱེད་ནི། ཐབས་གསུམ་པ་ནས་བདུན་པ་བར་ལ་སེམས་དེ་དམིགས་པའི་སྟེང་དུ་ཕྲན་བུ་བསྡད་ཀྱང་ཡང་ཡུད་ཙམ་ལས་མ་སོང་བར་བར་ཆད་ཡང་ཡང་ཡོང་གི་ཡོད་པས་སྐབས་དེ་དུས་སེམས་དེ་དམིགས་པའི་སྟེང་དུ་སྡོད་མ་ཐུབ་པར་ཡང་ནས་ཡང་དུ་ཆད་ཐབས་ཀྱི་དུས་སྐབས་ཡིན། མ་གཞི་དམིགས་པའི་ཐོག་ཏུ་རྒྱུན་རིང་ཙམ་སྡོད་ཐུབ་ནའང་བར་ཆད་མང་པོ་ཡོང་གི་ཡོད་པས་དེ་ལྔ་པོའི་སྐབས་ཀྱི་ཁྱད་ཆོས་དེ་ནི་ཆད་ཅིང་འཇུག་པའི་ཡིད་བྱེད་ཟེར་བ་དེ་ཡིན། དེ་ནི་སྐབས་དེ་དུས་དམིགས་པ་དེ་རྒྱུན་ཕྲན་ཙམ་མཐུད་ཐུབ་ཀྱི་ཡོད་ལ་བར་ཆད་ཀྱང་ཕྲན་ཙམ་ཡོང་གི་ཡོད་པ་དེ་ལ་ཟེར།

གསུམ་པ། ཆད་པ་མེད་པར་འཇུག་པའི་ཡིད་བྱེད་ནི། སེམས་གནས་པའི་ཐབས་བརྒྱད་པ་ལ་སླེབས་སྐབས་སུ་སོ་སོས་བསམ་བློ་ཞིག་བཏང་ནས་སེམས་དམིགས་པ་དེའི་སྟེང་དུ་བཞག་པ་ནས་སོ་སོས་རང་འགུལ་གྱིས་མཚམས་མ་བཞག་བར་དུ་བསམ་བློ་དེ་དམིགས་པའི་ཐོག་ཏུ་སྡོད་པ་ལས་དེ་ནས་རྒྱུན་ནམ་བར་ཆད་རྩ་བ་ནས་ཡོང་གི་མེད་པས་སེམས་གནས་བརྒྱད་པའི་ཁྱད་ཆོས་ནི་ཆད་པ་མེད་པའི་ཡིད་བྱེད་ཅེས་བརྗོད་པ་ཡིན།

བཞི་པ། ལྷུན་གྱིས་གྲུབ་པའི་ཡིད་བྱེད་ནི། སེམས་གནས་པའི་ཐབས་དགུ་པའི་སྐབས་སུ་སེམས་དང་དམིགས་པ་གཉིས་ཆུ་དང་འོ་མ་འདྲེས་པ་ལྟར་འདྲེས་ནས་དབྱེ་བ་རྩ་བ་ནས་ཕྱེ་མི་ཐུབ་པར་གྱུར་པ་རང་གི་སེམས་ལ་རང་གིས་རང་དབང་ཐོབ་པའི་དུས་སྐབས་ནི། སེམས་གནས་དགུ་པའི་སྐབས་སུ་སླེབས་པ་ཡིན་པར་འདོད། སྐབས་དེ་དུས་དངོས་འབྲེལ་ཞི་གནས་ཐོབ་ཡོད་པས་ཞི་གནས་སྒོམ་སྟངས་ཀྱི་ཐབས་ཤེས་དེ་ལ་སེམས་གནས་ཐབས་ཤེས་དགུ་དང༌། སེམས་དགུ་པོ་དེ་སྐབས་སོ་སོར་གཙོ་བོ་གང་གི་ཐད་ལ་འབད་བརྩོན་བྱེད་དགོས་ཀྱི་ཡོད་པ་དེ་སྟོབས་དྲུག་དང༌། སེམས་གནས་དགུ་པོ་དེ་དག་སོ་སོ་སོ་སོར་དམིགས་བསལ་གྱི་ཁྱད་ཆོས་གང་འདྲ་ཡོད་མིན་དེ་ལ་ཡིད་བྱེད་བཞི་ཞེས་བརྗོད་པ་ཡིན།

དེ་ནས་དམིགས་པ་འཇོག་སྟངས་ཀྱི་ཐོག་ལ་མདོ་དང་སྔགས་གཉིས་བར་ཅུང་མི་འདྲ་བ་ཡོད། སོ་སོའི་དམིགས་པ་འཇོག་ས་དེ་དཔེར་ན་རང་གི་བླ་མ་དང༌། ཡི་དམ། དེ་བཞིན་ཡི་གེ་ཞིག་སོགས་གང་རུང་སྒོམ་ཆོག་ཅིང༌། སྤྱིར་ན་གསང་སྔགས་ཀྱི་སྐབས་སུ་རང་གི་ཡི་དམ་སྒོམ་གྱི་ཡོད་པ་དང༌། མདོ་ཡི་སྐབས་སུ་རྒྱལ་བ་ཤཱཀྱ་མུ་ནེ་སྒོམ་གྱི་ཡོད། ཤཱཀྱ་མུ་ནེ་དེ་ཡང་སྔོན་མ་རྒྱ་གར་དུ་བྱུང་བའི་ཤཱཀྱ་མུ་ནེ་དེ་ཁོ་ན་སྒོམ་པ་མིན་པར་ཤཱཀྱ་མུ་ནེ་དེ་དང་རང་གི་བླ་མ་གཉིས་ཁྱད་རྩ་བ་ནས་མེད་པ། ཕྱིའི་རྣམ་པ་དེ་ཤཱཀྱ་མུ་ནེ་ཡིན་པ་ལ་ངོ་བོ་དེ་རང་གི་བླ་མ་ཡིན་པ་དེ་འདྲ་ཞིག་ལ་བསམ་བློ་བཏང་སྟེ་སྒོམ་རྒྱག་གི་ཡོད། སྒོམ་རྒྱག་སྐབས་མཐོ་དམན་དེ་གང་འདྲ་ཞིག་རེད་ཟེར་ན། མིག་གིས་ཡར་ལྟ་དགོས་པ་མ་ཡིན་ལ་མར་ལྟ་དགོས་པ་ཡང་མ་ཡིན་པར་རང་གི་སྣ་ཁུག་ལ་བསམ་བློ་གཏོང་དགོས་པ་ཡིན། དང་པོ་ཐོག་མར་མི་གཅིག་གི་ཚད་ལོངས་ཙམ་ཞིག་ལ་བསམ་བློ་བཏང་ན་འགྲིག དེ་ནས་རིམ་པས་ཆུང་དུ་བཏང་ནས་གང་མཚམས་ནས་ཆེ་ཆུང་སྲན་མ་ཙམ་ལ་བསམ་བློ་བཏང་སྟེ་སྲན་མ་དེའི་སྟེང་དུ་སྐུ་གཟུགས་དང་ཞལ་རས་ཚང་མ་ཆ་ཚང་ཡོད་པ་ཞིག་དགོས་པ་དང༌། སྐུ་གཟུགས་དེའང་ནག་རིལ་རིལ་དེ་འདྲ་མིན་པར་ཕྱི་གསལ་ནང་གསལ་འོད་དང་ལྡན་པ་ཞིག་ཡིན་དགོས། བསམ་བློ་གཏོང་ས་དེ་ཆེ་དྲགས་ན་སེམས་གཡེངས་འགྲོ་ཉེན་ཡོད་པ་དང་ཆུང་དྲགས་ན་གཉིད་ཁུག་ཉེན་ཡོད་པས་ཆེ་ཆུང་གི་ཚད་དེ་སྲན་མ་ཞིག་གི་ཚད་ཙམ་ཡིན། དེ་ཡང་མཐོ་དམན་འཚམས་པོ་དང་ཆེ་ཆུང་འཚམས་པོ་ཞིག་བསམ་བློ་བཏང་ན་གཉིད་སངས་ཐུབ་པ་དང་སེམས་གཡེངས་འགྲོ་བ་དེ་ཡང་འགོག་ཐུབ་པ་བཅས་ཀྱི་ཁྱད་ཆོས་ཡོད།

ཞི་གནས་ཐོབ་མཁན་ལ་མུ་སྟེགས་པ་དང༌། ནང་པ། དེ་བཞིན་བོན་པོ་ཡང་ཡོད་པས་ཞི་གནས་ནི་ཕྱི་ནང་གཉིས་ཀ་ཐུན་མོང་གི་ཡིན། འོན་ཀྱང་ཞི་གནས་སྒོམ་པའི་སྐབས་སུ་བསམ་བློ་གཏོང་སྟངས་དེ་ཕྲན་ཙམ་མི་འདྲ་བ་ཡོད། སོ་སོའི་དད་པ་ཡོད་པའི་ལྷ་ཡིན་ནའང་འདྲ། དེ་བཞིན་བསམ་བློ་གཏོང་ས་ཞིག་ཡོད་ན་འགྲིག་གི་ཡོད།

གསང་སྔགས་ཀྱི་སྐབས་སུ། ཞི་གནས་མ་ཐོབ་གོང་ལ་གསང་སྔགས་ཀྱི་ལམ་ལ་མ་ཞུགས་པར་ཐེག་པ་ཆེན་པོའི་ལམ་ལ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་བསྐྱེད། བྱང་ཆུབ་ཀྱི་སེམས་བསྐྱེད་ཚར་ནས་གསང་སྔགས་ཀྱི་ལམ་ལ་ཞུགས། གསང་སྔགས་ཀྱི་ལམ་ལ་ཞུགས་ཚར་རྗེས་གཞི་ནས་གསང་སྔགས་ཀྱི་ཆོས་བྱེད་སྟངས་དང་མཉམ་དུ་ཞི་གནས་སྒོམ་གྱི་ཡོད། མདོར་ན་གསང་སྔགས་ཀྱི་ཆོས་བྱས་ཚེ་ཞི་གནས་མེད་ཐབས་མེད། གསང་སྔགས་ཀྱི་ཆོས་དངོས་འབྲེལ་བྱེད་མཁན་ཡིན་ན་ཞི་གནས་དེ་ངེས་པར་དུ་ཐོབ་དགོས། ཞི་གནས་ཐོབ་ནས་གསང་སྔགས་ཀྱི་ཆོས་བྱས་ཚེ་སངས་རྒྱས་པ་ལ་ལོ་བཅུ་གཉིས་མ་གཏོགས་འགོར་གྱི་མེད་ཟེར། ཞི་གནས་མ་ཐོབ་པར་གསང་སྔགས་ཀྱི་ཆོས་བྱས་ཚེ་སངས་རྒྱས་པར་རྒྱུན་ཐུང་ཤོས་ལའང་སྐྱེ་བ་བཅུ་དྲུག་སྡོད་དགོས་པར་འདོད། ཞི་གནས་ཀྱི་སྐོར་ལ་ཤོད་སྟངས་དེ་ཙམ་ཡིན། དེའི་ནང་བྱིང་བ་དང་རྒོད་པ་ཟེར་བ་དེ་གོང་དུ་ང་ཚོས་བཤད་ཟིན་ཅིང༌། དེ་མིན་དྲན་པའི་སྟོབས་དང་ཤེས་བཞིན་གྱི་སྟོབས་ཀྱི་སྐོར་ཚད་མ་རིག་པ་སློབ་ཁྲིད་བྱེད་སྐབས་བཤད་ཟིན་པ་དེ་རྣམས་དང་མཚུངས་སོ།།

དེ་ནས་ཡང་བྱིང་བ་ཟེར་བ་དེའི་ནང་དུ་རྨུགས་པ་དང་བྱིང་བ་ཟེར་བའི་ཁྱད་པར་ཞིག་ཡོད། བྱིང་བ་དང་རྨུགས་པ་ཟེར་བར་ཁྱད་པར་གང་ཡོད་ཅེ་ན། བྱིང་བ་རང་གི་དམིགས་པ་དེ་མ་ཤོར་ནའང་གསལ་པོ་མེད་པ་དེ་ལ་ཟེར་བ་དང༌། རྨུགས་པ་ནི་སེམས་ཀྱི་ནང་དུ་བསམ་རྒྱུ་དྲན་རྒྱུ་གང་ཡང་མེད་པར་གཉིད་ཁུག་ནས་ཐིབ་བསྡད་པ་ལྟ་བུ་ཞིག་ཡོད་པ་དེ་ལ་ཟེར། བྱིང་བ་དེ་རྒྱུན་རིང་པོ་བསགས་པ་ཡིན་ན་སྔོན་མ་ཏིང་ངེ་འཛིན་སྒོམ་པ་ཚང་མ་བརྗེད་ནས་རང་ཉིད་མཇུག་ཏུ་ལྐུགས་པ་ལྟ་བུར་འགྱུར་ཉེན་ཡོད།

ལྷག་མཐོང་ལ་བོད་ཀྱི་གྲུབ་མཐའ་ཁག་གི་བླ་མ་གོང་མ་ཚོའི་གསུང་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་རྗེ་བླ་མ་ཙོང་ཁ་པའི་བཞེད་པ་ལྟར་བཀོད་ན། ཕུང་པོ་ལྔ་ཡི་སྟེང་དུ་ངར་འཛིན་ལྷན་སྐྱེས་ཀྱིས་ཇི་ལྟར་བཟུང་བ་ལྟར་གྱི་དགག་བྱའི་ངོས་འཛིན་བྱེད་ཚུལ་མ་འཕྱུགས་པ་གཞིར་བཟུང་དེ་ལ་གནད་བཞི་དང་ལྡན་པའི་རིགས་པ་ཡང་དག་གི་སྒོ་ནས་དཔྱད་པ་བྱས་པ་ལ་བརྟེན་རང་བཞིན་གྲུབ་པ་གཏན་ནས་མེད་པའི་ངེས་ཤེས་བརྟན་པོ་རྙེད་པ་དང༌། དཔྱད་པ་དེ་ཉིད་ལ་བརྟེན་ནས་སྔར་ཞི་གནས་ཀྱི་སྐབས་སུ་ཐོབ་པ་ལས་ལྷག་པའི་ཤིན་སྦྱངས་ཀྱི་བདེ་བ་ཁྱད་པར་ཅན་ཐོབ་པ་ན་ལྷག་མཐོང་ཐོབ་པ་དང༌། དབུ་མའི་ལྟ་བ་རྙེད་པ་ཟེར། འདི་ལ་གནད་བཞི་ཚང་དགོས་ཚུལ་དང༌། མཉམ་བཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་དང༌། རྗེས་ཐོབ་སྒྱུ་མ་ལྟ་བུའི་སྐྱོང་ཚུལ་སོགས་ཞིབ་པར་རྗེ་བླ་མའི་གསུང་ལམ་རིམ་ཆེ་ཆུང་གཉིས་ཀྱི་ནང་གསལ།

 

བརྒྱུད་སྐུལ།

མཆན་སྤེལ།